གོ་ལ་སྤྱིའི་ཚ་དྲོད་དང་དེའི་ཁྲོད་བོད་ཁམས་ཀྱི་འཇིགས་ཉེན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༧ཉིན་སྤེལ། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང༌། བོད་ཁམས་ཡོངས་སུ་དྲག་ཤུགས་བཙན་གནོན་གྱི་སྲིད་བྱུས་ལག་བསྟར། བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་བཏང་དང་གཏོང་བཞིན་ཡོད་ཅིང༌། དེས་མི་ཚད་ད་ལྟའང་གོ་ལ་སྤྱིའི་ཚ་དྲོད་ཀྱིས་འཛམ་གླིང་སྤྱི་དང་ནང་སྒོས་སུ་བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་ཉེན་ཚབས་འཕར་མ་ཞིག་སྤྲོད་ཀྱིན་མཆིས།
རྒྱ་ནག་གི་ཞིན་ཧྭ་གཞུང་འབྲེལ་གསར་ལམ་ནས་གནས་ཚུལ་ཐོན་གསལ། ཟླ་འདིའི་ཕྱི་ཚེས༦ཉིན་རྒྱ་ནག་གནམ་གཤིས་རྟོགས་དཔྱོད་ཁང་གི་འགན་འཛིན་ཀྲུན་ཀོང་ལགས་ཀྱིས། བོད་ནང་གི་གནམ་གཤིས་ཀྱི་དྲོད་ཚད་དེ་ཕྱི་ལོ༡༩༦༡ལོ་ནས་བཟུང་ལོ་བཅུ་ཕྲག་རེའི་བར་ཧྲེ་ཧྲི་ཏུའུ༠་༣༢ལྷག་ཟེར་བ་ཇེ་མཐོར་འགྲོ་ཡི་ཡོད་ཅིང༌། དེ་ནི་རྒྱལ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཀྱི་འཕར་ཚད་༠་༠༥ནས་༠་༠༨ལས་རབ་ཏུ་བརྒལ་ཡོད་འདུག་ལ། གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བ་དང་བསྟུན་བོད་ནང་གི་བོད་མི་ས་ཡ་འགའ་ཐན་པ་དང་ཆུ་ལོག་གི་འཇིགས་ཉེན་ཁྲོད་འཚོ་དགོས་ཚུལ་གྱི་ཉེན་བརྡའང་བཏང་ཡོད་འདུག
ཀྲུན་ཀང་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། གོ་ལ་སྤྱིའི་ཚ་དྲོད་ཇེ་ཆེར་འགྲོ་བ་དང་སྦྲགས་བོད་ནང་གི་འཁྱགས་རོམ་གྱི་བཞུ་ཚད་ཧ་ཅང་ཇེ་མགྱོགས་སུ་ཕྱིན་ཡོད་ཅིང༌། མཚོ་དང་རྒྱུགས་ཆུ་དག་གི་ཆུའི་འཕར་ཚད་ཀྱང་ཇེ་མཐོར་ཕྱིན་ཡོད་འདུག དེ་བས་བོད་ཀྱི་ས་ཁུལ་དག་གིས་མཚམས་ཆད་མེད་པའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་འདྲིས་ཐབས་དང་འགོག་རྒོལ་བྱེད་དགོས་ཞེས་ཟེར།
ཚེ་དབང་འགྱུར་མེད་ཞུ་བའི་བོད་མི་ལུག་རྫི་ཞིག་གིས་གློག་འཕྲིན་གསར་ལམ་གྱི་གསར་ འགོད་པར་བརྗོད་རྒྱུར། བོད་ནང་གི་གནམ་གཤིས་ཚ་རུ་ཏག་ཏག་འགྲོ་བཞིན་འདུག། གང་ཡིན་ཞེ་ན། ལོ་གཞན་དང་མ་འདྲ་བར་ད་ལོའི་དགུན་ཁར་ངའི་ཕྱུགས་ཟོག་ཉུང་ཤས་ཤིག་མ་གཏོགས་འཁྱགས་ཤི་ཐེབས་མ་སོང་ཞེས་ཟེར། གཞན་བཀྲ་ཤིས་ཞེས་འབོད་པའི་ལུག་རྫི་ཞིག་གིས་བརྗོད་དོན། ངས་གོ་ལའི་ཚ་དྲོད་འཕེལ་རྒྱས་ཞེས་པ་རྣ་ཐོས་བྱུང་མྱོང་ཡོད་ཀྱང༌། དེའི་གོ་དོན་གང་ཡིན་ཧ་མི་གོ འོན་ཀྱང་རིའི་སྒང་གི་ཁ་བ་ལོ་རེ་ནས་ལོ་རེར་བཞུ་གིན་ཡོད་པ་ཧ་ཅང་མངོན་གསལ་རེད། སྔོན་ཆད་རི་རྣམས་ཁ་བས་གཡོགས་ཡོད་པས་ངས་ལུག་ཁྱི་ཐག་ཅུང་རིང་བའྀ་རྩྭ་སར་འདེད་དགོས་མོད། ད་ལྟ་རི་སྟེང་གི་རྩྭ་ལུག་རྣམས་ནས་ཟ་ཐུབ་ཀྱི་འདུག་ཅེས་ཟེར།
མདོ་དབུས་མཐོ་སྒང་དུ་དབྱར་ཉིན་རིང་བ་དང་ཚ་དྲོད་ཇེ་ཆེར་སོང་བར་བརྟེན། ཧི་མ་ལ་ཡ་རི་རྒྱུད་ཀྱི་འཁྱགས་དར་གྱི་བཞུ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད། རྒྱ་ནག་གི་རྨ་ཆུ་དང་འབྲི་ཆུ་གཉིས་ཀྱི་ཆུའི་འགོ་ཁུངས་ནི་རི་བོ་ཧི་མ་ལ་ཡ་ཡིན་ཞིང༌། བོད་ཀྱི་རྒྱལ་མོ་རྔུལ་ཆུ། རྫ་ཆུ། རྟ་མཆོག་ཁ་འབབ་བམ་ཡར་ཀླུང་གཙང་པོ་སོགས་ཀྱང་རྒྱ་གར་དང་ལྷོ་ཤར་ཨེ་ཤེ་ཡ་ཁུལ་དུ་ཤར་རྒྱུུགས་བྱེད་ཀྱིན་ཡོད། དེ་བས་གལ་སྲིད་བོད་ཀྱི་གངས་རིའི་འཁྱགས་དར་ནམ་ཞིག་བཞུས་ཚར་ཚེ། འཛམ་གླིང་ཐོག་གི་མི་འབོར་ཆེས་མང་པོའི་རྒྱ་དཀར་ནག་གཉིས་ལ་ཆུའི་ཐོན་ཁུངས་མེད་པའི་དཀའ་ཉེན་ཞིག་ཏན་ཏན་འཕྲད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།