གོ་ལའི་ཁྱོན་དུ་རྡུལ་ཕྲན་མཚོན་ཆའི་ཉེན་ཚབས།

སྤྱིར་འཛམ་གླིང་གི་མི་རྣམས་འབྱུང་བཞིའི་གནོད་འཚེ་དང༌། སྲིན་འབུས་གྲུབ་པའི་ནད་ཡམས། སྐྲན་ནད། དུག་སྦྲང་གིས་སོ་བརྒྱབ་པ་ལས་བྱུང་བའི་ནད། ཁྱིམ་བྱ་སོགས་ལས་མཆེད་པའི་ནད་ཡམས། དེ་བཞིན་བཀྲེས་ལྟོགས་དང༌། དམག་འཁྲུག ནང་འཁྲུག་སོགས་ཆེས་གནོད་ཚབས་དང་འཇིགས་སྣང་གི་འོག་གནས་ཡོད་པ་དང༌། ལྷག་པར་དུ་འཛམ་གླིང་ནང་ཆེས་ནུས་རྡུལ་ཕྲན་མཚོན་ཆ་ཤིན་ཏུ་མང་བ་དང༌། དེ་དག་ཁ་ཤས་ཀྱིས་སའི་གོ་ལ་སྐད་ཅིག་ཙམ་ལ་གཏོར་བཤིག་གཏོང་ཐུབ་པ་དང༌། རྡུལ་རྫས་དུག་རླངས་གིས་སྐར་ཆ་གཅིག་གི་ནང་སེམས་ཅན་ས་ཡ་མང་པོའི་ཚེ་སྲོག་ཀྱང་འཕྲོག་ཐུབ་ཀྱི་ཡོད་པ་རེད།

དེ་སྔ་ཨུ་རུ་སུས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་འཛུལ་བྱས་པ་མ་ཟད། རྒྱལ་ཁབ་དེ་དག་ཕལ་ཆེ་བར་རྡུལ་ཕྲན་གྱི་རྟེན་གཞི་བཟོ་སྐྲུན་བྱས་པར་བརྟེན་ད་ལྟ་དེ་དག་མེད་པ་བཟོ་རྒྱུ་ཁག་པོ་ཆགས་ཡོད་པ་དང༌། དེ་དག་གི་རླངས་རྫས་ཤོར་ཏེ་ད་དུང་ཡང་མི་བརྒྱ་ཚོ་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད། དེ་བཞིན་རྒྱ་མིས་བོད་ཀྱི་ས་ཁུལ་མང་པོར་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་འཇོག་དང༌། རྡུལ་ཕྲན་མཚོན་ཆའི་རྟེན་གཞི་ཁག་མང་པོ་བཙུགས་པར་བརྟེན་འཛམ་གླིང་ཐོག་གི་ཆུའི་འབྱུང་ཁོངས་ཆེ་ཤོས་ཤིག་མི་གཙང་བ་བཟོས་པ་དང༌། བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་གཏོང་བཞིན་ཡོད་པ་རེད།

འཛམ་གླིང་གི་ཚན་རྩལ་ཡར་རྒྱས་ཀྱི་འགྲན་སྡུར་ཁྲོད་རྒྱལ་ཁབ་ཕལ་ཆེ་བའི་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་དང༌། དགྲ་ཡར་རྒོལ་རྡུང་ཆེད་རྡུལ་ཕྲན་མཚོན་ཆའི་ལས་རིམ་ཁྱབ་སྤེལ་དང་ནུས་རྩལ་གོང་མཐོར་གཏོང་བ༑ ཁྲིམས་འགལ་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་ཏུ་རྡུལ་ཕྲན་མཚོན་ཆ་དང་དེའི་ཡིག་ཆ་གསང་བས་རྐུ་འཁྱེར་དང་ཚོང་འགྲེམས། རྡུལ་ཕྲན་གྱི་རྟེན་གཞི་བཟོ་སྐྲུན་དང་དེའི་ལས་རིམ་བཅས་ཀྱི་ཐོག་རོགས་སྐྱོར་བྱེད་བཞིན་པ་དེས་སའི་གོ་ལ་འདི་ཉིན་རེ་བཞིན་ཉེན་ཚབས་ཆེ་རུ་གྱུར་ཏེ་ཧ་ཅང་སེལ་ཐབས་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད།

སྟོབས་ཤུགས་ཅན་དང་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཕལ་མོ་ཆེར་རྡུལ་ཕྲན་མཚོན་ཆའི་གྲངས་འབོར་ཧ་ཅང་མང་བ་དང༌། དེ་དག་རེ་རེས་གླིང་ཕྲན་རེའམ་ཡང་ན་རྒྱལ་ཁབ་རེ་གཏོར་ཐུབ་པའི་ཚད་གཞི་བཟོས་པ་དང། ཡང་ཁ་ཤས་རྒྱལ་ཁབ་གང་དེས་སོ་སོའི་ཁ་གཏད་དམ་དགྲ་བོ་དེའི་རྒྱལ་ས་སོགས་ས་ཁྱོན་ཆེ་ཆུང་ལ་གཞིགས་པའི་ནུས་ཤུགས་ཆེ་ཆུང་གི་ཚད་གཞི་བཟོས་ནས་ཁ་ཡང་དེ་ཕྱོགས་སུ་གཏད་དེ་བེད་སྤྱོད་གཏོང་རྒྱུར་གྲ་སྒྲིག་ཆ་ཚང་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས། དེ་བཞིན་འཛམ་གླིང་རྒྱལ་ཁབ་མང་པོས་སྔར་བཟོས་ཟིན་པའི་རྡུལ་ཕྲན་མཚོན་ཆ་རྣམས་མེད་པའམ་ཇེ་ཉུང་གཏོང་རྒྱུ་དང༌། བཟོ་སྐྲུན་བྱེད་བཞིན་པའི་ལས་རིམ་དེ་དག་མཚམས་འཇོག་ཡོང་བར་ད་བར་ལས་འགུལ་ཇི་ཙམ་སྤེལ་ཡང་ཕན་ནུས་ཐོན་རྒྱུ་ཕར་ཟད། ད་དུང་གོ་ལ་འདིར་རྡུལ་ཕྲན་མཚོན་ཆ་ཇེ་མང་དང་ནུས་རྩལ་གོང་མཐོར་འགྲོ་བཞིན་ཡོད།

མི་ལོ་༥༠ སྔོན་ནས་རྒྱལ་ཚོགས་ཀྱིས་རྡུལ་ཕྲན་རྟོགས་ཞིབ་ཁང་ཆེད་འཛུགས་ཀྱིས་དེའི་ཐོག་གྲོས་མོལ་རབ་དང་རིམ་པ་བྱས་ཏེ་གྲོས་ཆོད་ཀྱང་བཞག་ཡོད། ༢༠༠༥ ལོའི་ཟླ་༥ ནང་སླར་ཡང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང༌། ལས་རིམ་ཁྱབ་སྤེལ་ལ་བཀག་སྡོམ། དེ་བཞིན་ལྷན་ཚོགས་དེའི་གྲོས་ཆོད་ཀྱི་སྒྲིག་གཞི་ལྟར་ཆིངས་ཡིག་བཞག་པའི་ཚོགས་མིའི་རྒྱལ་ཁབ་༡༨༩ ཡིས་འདས་པ་དང་ད་ལྟའི་རྡུལ་ཕྲན་མཚོན་ཆའི་ལས་དོན་ཇི་བྱས་བཅས་ཀྱི་ཐོག་བསྐྱར་ཞིབ་བྱས་ཡོད།

འདི་སྔོན་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆའི་ལས་རིམ་མུ་མཐུད་ཁྱབ་སྤེལ་བྱེད་ཀྱི་མེད་ཚུལ་ཕྱིར་བསྒྲགས་བྱས་ཀྱང༌། དོན་དངོས་ཐོག་ད་དུང་མུ་མཐུད་ཁྲིམས་འགལ་གྱིས་རྡུལ་ཕྲན་མཚོན་ཆའི་ལས་རིམ་གོང་མཐོར་གཏོང་བཞིན་ཡོད། དེ་བཞིན་ཨེ་རན་ཡང་དེ་དང་གནས་སྟངས་གཅིག་མཚུངས་ཆགས་ཡོད་ཅིང༌། རྒྱ་གར། པ་ཀི་སི་ཐན། ཨི་སི་རེལ་སོགས་ནས་ཀྱང་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ཆིངས་དོན་ལྷན་ཚོགས་ཀྱི་སྒྲིག་གཞིའི་ཁྱབ་ཁོངས་སུ་འཛུལ་ཞུགས་བྱེད་ཀྱི་མེད་པ་བཅས་ལ་བརྟེན། འབྱུང་འགྱུར་གོ་ལ་འདིར་རྡུལ་ཕྲན་བཀག་སྡོམ་བྱེད་རྒྱུར་དེ་ལས་དཀའ་ངལ་ཆེ་བ་ཞིག་བཟོས་ཡོད་པ་རེད།

ཨ་རིས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་དང༌། དཔལ་འབྱོར་རོགས་སྐྱོར། བྱང་ཀོ་རི་ཡར་དགྲ་བོའི་འདུ་ཤེས་དོར་ཏེ་ཚོང་འབྲེལ་ལ་སོགས་པའི་ཐོག་གུ་ཡངས་ཀྱི་བསམ་བློ་ཞིག་བཏང་ཚེ། བཟོས་ཟིན་པའི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་མིན་རུང༌། སླར་ཡང་མུ་མཐུད་ཁྱབ་སྤེལ་བྱེད་མིན་གྱི་ཐོག་རྒྱལ་ཁབ་དྲུག་གི་གྲོས་མོས་འགོ་འཛུགས་ཀྱིས་གནད་ལ་ཁེལ་བའི་ཕན་ཐོགས་ཞིག་ཡོང་རྒྱུ་ཡིན་ལུགས་བྱང་ཀོ་རི་ཡས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

རྡུལ་ཕྲན་མཚོན་ཆ་དང་དེའི་དུག་རྫས་རིགས་ཀྱིས་ས་དང་ཆུ། རླུང་ཁམས་དང་བཅས་པ་མི་གཙང་བ་བཟོ་ཞིང༌། གནམ་གཤིས་ལ་འགྱུར་བ་ཆེན་པོ་གཏོང་གི་ཡོད་པ་ཚན་རིག་དང་སྐར་རྩིས་མཁས་པ་ཚོས་ཁོངས་སྐྱེལ་ར་སྤྲོད་ཐེངས་མང་བྱས་ཡོད། སྔར་ཞུ་མྱོང་མེད་པའི་བོད་ཀྱི་གངས་རིའི་འཁྱགས་རོམ་རྣམས་ད་ཆ་རིམ་བཞིན་ཞུ་འགྲོ་ཡི་ཡོད་པ་དང༌། སྔར་ཁ་བ་བབས་མྱོང་མེད་པའི་ཨ་རབ་ཀྱི་ཡུལ་གྲུ་ཞིག་ཏུ་ལོ་སྔོན་མར་ཁ་བ་བབས། ད་དུང་འཛམ་གླིང་ནང་དེ་དང་དེ་འདྲ་བའི་འགྱུར་ལྡོག་མང་པོ་ཞིག་འབྱུང་བཞིན་ཡོད་པ་ནི་མངོན་སུམ་གྱི་ཡུལ་དུ་གྱུར་ཡོད། ཡིན་ཡང་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་དང༌། ཨ་རི་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་གཙོས། ར་ཤི་ཡ་དང་རྒྱ་ནག་བཅས་ནས་ཀྱང་གནད་དོན་དེར་སྔར་དང་མི་འདྲ་བའི་སེམས་ཁུར་ཆེན་པོ་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་ཀྱང༌། དོན་དངོས་ཐོག་ནམ་ཞིག་རྡུལ་ཕྲན་མཚོན་ཆ་དེ་དག་བེད་སྤྱོད་ཀྱིས་དམག་ཆེན་གསུམ་པ་ལངས་རྒྱུ་དང༌། ཡང་ན་ནམ་ཞིག་འཛམ་གླིང་འདི་ཞི་བདེའི་ངོ་བོར་གྱུར་ཏེ་རྡུལ་ཕྲན་དེ་དག་མེད་པ་ཆགས་མིན་གྱི་གནད་དོན་དེ་ཧ་ཅང་ཚོད་དཔག་དཀའ་བ་ཞིག་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།