བོད་ཞི་བའི་བསྟི་གནས་སུ་འགྱུར་བར་འགོག་རྐྱེན།

སྤྱིར་གནའ་བོའི་མི་ལ་གྱོན་ཆས་མེད་ཅིང་མཁར་དབང་སོགས་ལ་འགྲན་སྡུར་དང་བདག་དབང་བྱེད་པ་དེ་ལས་ཀྱང་མེད། སྤྱི་ཚོགས་རིམ་གྱི་འགྱུར་བ་ལ་བརྟེན་ནས་མི་རྣམས་ཀྱིས་གཞན་གསོད་པ་མཁར་དབང་གི་ཆེད་འགྲན་བསྡུར་གྱིས་ས་ཆ་བདག་ཉར་བྱེད་ཅིང་སྲིད་དོན་གྲིབ་འོག་ནས་མིའི་སྤྱི་ཚོགས་བྱུང་བ་དང༌། ཕྱིས་སུ་རྒྱལ་ཁབ་དང་མངའ་འབངས་རྣམས་ཀྱང་རིམ་པས་བྱུང་ཡང༌། ད་ལྟ་དང་དེ་དུས་ཀྱི་སྤྱི་ཚོགས་དབར་དཀར་ཟས་དང་དམར་ཟས་བེད་སྤྱོད་ཇི་ལྟར་གཏོང་དགོས་མིན་གྱི་ཐོག་ཐབས་ལམ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་ཞིག་རེད།

དེང་འཛམ་གླིང་ཐོག་པགས་པའི་གྱོན་ཆས་ཤིན་ཏུ་མང་པོ་ཡོད་པ་དང༌། བེད་སྤྱོད་མི་བྱེད་པའི་མི་སུ་ཡང་མེད་ཅེས་བརྗོད་ཆོག་པ་རེད། བོད་ནང་དུ་མཚོན་ནའང་ལྷམ་དང་ཚ་རུ། ཞྭ་མོ། ཐ་ན་རྩམ་པ་དང་འབྲུ་རིགས་བླུག་ས་སོགས་བེད་སྤྱོད་སྣ་ཚོགས་གཏོང་གི་ཡོད་པ་དེ་ནི་འཛམ་གླིང་སྤྱིའི་བེད་སྤྱོད་བྱེད་ཚུལ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་མེད། ཡིན་ཡང་སྟག་དང་གཟིག སྲམ། ཝྺ་སོགས་སེམས་ཅན་དེའི་རིགས་ཀྱི་པགས་པ་རིན་གོང་ཧ་ཅང་མཐོ་པོ་སྤྲད་དེ་གྱོན་ཆས་སུ་བེད་སྤྱོད་མང་ཤོས་གཏོང་མཁན་གྱི་གྲས་སུ་བོད་མི་ཡོད་ཅེས་བརྗོད་ཆོག སྔོན་བོད་སྟོབས་ཤུགས་རྒྱས་པའི་སྐབས་རྩེད་ཕུད་ཅན་གྱི་དམག་གི་དཔའ་བོ་ཚོར་བྱ་དགའི་ཚུལ་དུ་སྟག་གཟིག་གི་པགས་པ་དང་རྡར་མར་ཝ་མོའི་པགས་པ་སྤྲད་སྲོལ་ཡོད་པ་དང༌། ལྷག་པར་དུ་དམག་འཁྲུག་སྐབས་མཚོན་བཀག་ཐབས་ཀྱི་ཆེད་དུ་གོན་སྲོལ་ཡོད་པ་ཙམ་ལས་གྱོན་ཆས་རྒྱན་སྤྲོས་ཀྱི་སྲོལ་རྒྱུན་མིན་པ་མཁས་དབང་ཚོའི་གསུང་སྒྲོས་སུ་ཡོད་པ་ཞིག་རེད།

དེང་སང་རིན་གོང་མཐོ་བའི་སྟག་གཟིག་སྲམ་བཅས་ཀྱི་གྱོན་གོས་ཤན་མ་རྣམས་ཀྱང་རྒྱན་ལྟ་བུར་རྒྱུ་མཚན་ཆུང་བ་ཞིག་མཐོང་སྟེ་བེད་སྤྱོད་བྱས་པ་ཞིག་ལས་དམིགས་བསལ་གྱིས་བོད་མིའི་ཆོས་རིག་དང་གོམས་གཤིས་བཅས་ལ་འབྲེལ་བ་ཆེན་པོ་དེ་ཙམ་མེད་པ་མ་ཟད། བདེ་སྡུག་གཅིག་མཚུངས་ལྡན་པའི་སེམས་ཅན་དེ་དག་གི་ཚེ་སྲོག་འཕྲོག་བཅོམ་གྱིས་དེར་རིན་ཐང་གང་ཡང་བརྩིས་མེད་པ་དང༌། བོད་ནང་རྩ་ཆེའི་སྲོག་ཆགས་དེ་རིགས་ད་ལྟ་སྟོངས་ལ་ཉེ་ཡོད། འཛམ་གླིང་ནང་པགས་རིགས་བེད་སྤྱོད་བྱེད་མཁན་ནི་ཤིན་ཏུ་མང་སྟེ་མི་ཕལ་ཆེ་བས་དེང་རབས་གསར་གཏོད་ཅན་གྱི་ཀོ་བའི་ལྷམ་དང་སྐ་རགས། སྟོད་ཐུང༌། གོས་ཐུང༌། ཁུག་མ། སྒམ། རྐུབ་སྟེགས་ཀྱི་རྒྱབ་ཤ། གཞན་ཡང་རྩེད་རིགས་ཀྱི་ཡོ་ཆས་སུའང་བེད་སྤྱོད་གཏོང་བཞིན་ཡོད།

ཡང་པགས་པ་གཅིག་པུར་དམིགས་ནས་ཚད་མེད་ཀྱི་བྱ་སྤྱོད་དེ་རྣམས་ནང་ཆོས་དང་འགལ་ཟླ་ཆེན་པོ་ཇི་ལྟར་ཡོད་ཅེས་བརྗོད་ན། ང་ཚོ་བོད་རིགས་ནི་སྤྱིར་འཚེ་མེད་ཞི་བའི་ལྟ་གྲུབ་ལ་བརྩི་འཇོག་དང༌། གཞན་ལ་མ་ཕན་ཡང་གནོད་མི་སྐྱེལ་རྒྱུར་དེ་བས་གལ་ཆེན་ནང་གི་ཨ་མ་བརྩི་ཡི་ཡོད།

འོན་ཀྱང་དགེ་སྡིག་སྤང་བླང་ཤེས་བཞིན་དུ་སེམས་ཅན་བརྒྱ་ཕྲག་མང་པོའི་ཚེ་སྲོག་འཕྲོག་བཅོམ་དང་ངོ་ཚ་ཁྲེལ་མེད་ཀྱིས་བག་ཕེབས་དང་གཟི་བརྗིད་ཡོད་ཁུལ་བྱས་ཏེ་རྒྱན་གོས་དང་སྲོལ་རྒྱུན་ལྟ་བུར་འདུ་ཤེས་བཟུང་བ། པགས་རིགས་གྱོན་གོས་དེ་དག་འཛམ་གླིང་མི་མང་ནས་ཆེས་དོ་སྣང་ཆེ་བའི་ཆབ་སྲིད་ཀྱི་དུས་སྟོན་ཁག་མ་ཟད། ཆོས་རིག་དང་འབྲེལ་བའི་དུས་ཆེན་ཁག་གི་སྐབས་ཀྱང་རྒྱས་སྤྲོས་བྱེད་པ་ནི་ཕྱོགས་གཅིག་ནས་གོམས་གཤིས་ངན་པ་ཞིག་གསལ་བསྒྲགས་བྱས་པ་དང༌། སྒོས་སུ་གཙུག་ལག་ཁང་གིས་གཙོས་མཆོད་གནས་ཁག་ཏུ་དེ་བཞིན་རྒྱས་སྤྲོས་ཀྱིས་ཕྱག་དང་མཆོད་འབུལ་བྱས་པ་ནི་རྩ་བ་བོར་པའི་ཡལ་ག་ལ་འཐམ་པ་ལྟ་བུ་མ་རེད་དམ་ཞེས་ཤོད་མཁན་མང་པོ་ཡོད་ཅིང༌། དེང་སང་འཛམ་གླིང་ནང་གྱོན་གོས་བཟོ་ལྟ་གསར་པ་འདྲ་མིན་ཁྱབ་བསྒྲགས་བྱེད་སྐབས་སུ་བོད་ནང་པགས་པའི་གྱོན་གོས་ཁྱབ་བསྒྲགས་བྱས་པ་དེ་འདྲ་འཛམ་གླིང་གསར་ལམ་ཁག་ཏུ་ཐོན་པ་དངོས་སུ་མཐོང་བྱུང༌། ཆོས་སྐྱོང་སྲུང་མ་དང་ཡི་དམ་ལྷ་རྣམས་ཀྱིས་སྟག་ལྤགས་ཀྱི་ཤམ་ཐབ་ནབས་པ་ནི་དགོས་དོན་གཞན་གྱི་འགྲེལ་བརྗོད་ཡོད་པ་ཞིག་ཡིན་པས་མིག་དཔེ་ལྟ་ས་ཞིག་གཏན་ནས་མིན། སྒོས་སུ་ྋགོང་ས་མཆོག་གིས་ཟླ་༨ ཚེས་༡༦ ཉིན་ལྡི་ལིའི་བསམ་ཡས་གླིང་དུ་བོད་མི་ཚོར་བདག་མེད་སེམས་ཅན་དང་དེའི་པགས་རིགས་ཉོ་ཚོང་བཀག་འདོམས་དགོས་པའི་བཀའ་སློབ་གཟབ་ནན་ཕེབས་གནང་ཡོད་པ་རེད།

དེང་འཛམ་གླིང་ཡོངས་ནས་རང་གི་རྒྱལ་ཁབ་ཏུ་སེམས་ཅན་སྲུང་སྐྱོབ་ཚོགས་པ་མང་པོ་ཆེད་འཛུགས་ཀྱིས་རི་དྭགས་དང་གཅན་གཟན་ལྷག་མ་རྣམས་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ཧ་ཅང་གལ་གནད་ཅན་ཞིག་ཏུ་བརྩིས་ཏེ་ཛ་དྲག་གིས་མྱུར་སྐྱོབ་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། རྒྱ་གར་ལ་མཚོན་ན་ས་གནས་ཁ་ཤས་སུ་སྟག་དང་གླང་ཆེན་ཇེ་ཉུང་དུ་ཕྱིན་ཡོད་པ་དང༌། ས་གནས་མང་པོར་སྟག་གཟིག་སྲམ་སོགས་ཀྱི་པགས་པ་དང་གླང་ཆེན་གྱི་བ་སོར་ཆགས་ཏེ་གྲངས་ལས་འདས་པ་ཁྲིམས་འགལ་གྱིས་བསད་ནས་ཡུལ་གྲུ་གཞན་དུ་ནག་ཚོང་བྱས་པ་ཉམས་ཞིབ་བརྒྱུད་ཤེས་རྟོགས་བྱུང་ཡོད་པ་ཉེ་དུས་རྒྱ་གར་གྱི་གསར་ལམ་ཁག་ནས་མཐོང་ཐུབ།

སྤྱིར་རྒྱ་མཚོའི་ཁུལ་གྱི་ས་གནས་བརྒྱ་ཕྲག་མང་པོར་ཉ་སོགས་ཆུའི་སེམས་ཅན་གྲངས་ལས་འདས་པ་བསད་དེ་ཟ་བ་མ་ཟད། ཟ་སྟངས་ཧ་ཅང་ཐབས་སྐྱོ་བོ་ཞིག་ཡོད་པ་ནི་ཉ་དང་འབུ་དེ་རྣམས་སྨན་སྣ་ཡིན་པས་ལུས་སེམས་ལ་འཚོ་བཅུད་དང་སྟོབས་ཤུགས་སྦྱིན་ལུགས་ཀྱིས་ཟ་ཐེངས་གཅིག་ལ་ཚེ་སྲོག་བརྒྱ་ལྷག་འཕྲོག་གི་ཡོད། དེ་ནི་རྒྱ་གར་ཙམ་མིན་པར་རྒྱ་མཚོའི་འགྲམ་གྱི་རྒྱལ་ཁབ་ཕལ་ཆེ་བ་གོང་ལྟར་ཡིན་ཞིང༌། གྲགས་ཅན་གྱི་ཟ་ཁང་དང་ཚོང་ཁང་ཕལ་ཆེ་བར་ཐབས་སྡུག་གི་བྱ་སྤྱོད་དེ་རིགས་ང་ཚོས་དངོས་སུ་མཐོང་ཐུབ། ཡིན་ཡང་བོད་མི་ཚོས་ཐབས་སྡུག་དེ་འདྲ་བྱས་པ་ཤིན་ཏུ་དཀོན་པོ་ཡིན། ཉེ་དུས་ལྡི་ལིར་པགས་པའི་ནག་ཚོང་བྱེད་མཁན་གྱི་རྒྱ་གར་བ་དང་བོད་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཧིན་སྒོར་འབུམ་ཚོ་མང་པོའི་སྟག་ལྤགས་དང་གཟིག་ལྤགས། དེ་བཞིན་སྲམ་སོགས་ཀྱི་པགས་པ་གཞུང་བཞེས་བཏང་ཡོད་པ་དང༌། དེ་བཞིན་འདི་ལོའི་ཟླ་༨ པར་བལ་ཡུལ་ནང་བལ་པོ་༢ དང་བོད་མི་༡ འཛིན་བཟུང་གིས་སྟག་གཟིག་སྲམ་གསུམ་གྱི་པགས་པ་དང་དེ་དག་གི་རུས་པ་ཉེན་རྟོག་པའི་ལག་པར་ཐེབས་ཡོད་ཅིང་ཚོང་དངོས་དེ་དག་བོད་མིར་བདག་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཆོས་ཀྱི་ཐོག་ནས་མ་ཟད། རྒྱལ་ཁབ་སོ་སོའི་ཁྲིམས་ཐོག་ནས་ཀྱང་བྱ་སྤྱོད་དེར་ཉེས་པ་ཧ་ཅང་ལྕི་པོ་ཡོད་པ་ཞིག་རེད།

ཉེ་དུས་གྲོས་ཚོགས་ལ་བོད་མིས་དཀར་ཟས་རྒྱུན་སྐྱོང་དང་དམར་ཟས་སྤོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་དང་དེར་དམིགས་བསལ་ལས་དོན་སྤེལ་མཁན་རྣམས་ལས་རྩེ་ཕུད་གཅིག་ལ་ཆེད་བསྟོད་གཟེངས་རྟགས་འབུལ་རྒྱུའི་གྲོས་གཞི་ལམ་ལྷོངས་བྱུང་མེད་པ་མ་ཟད། སྤྱི་འཐུས་ཤིག་ནས་བོད་ནང་འབྲོག་པ་ཚོས་གཙོས་བོད་མི་མང་པོས་སྒོ་སོག་སྟོང་ཕྲག་མང་པོ་བཤས་ཚོང་གིས་འཚོ་བར་བརྟེན་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད། བོད་ལ་མཚོན་ན་བོད་མི་རྣམས་སྤྱིར་ཆོས་སེམས་ཆེན་པོ་ཡོད་རུང་རྒྱ་མིས་བཙན་འཛུལ་བྱས་པ་ནས་ད་བར་པགས་རིགས་ཀྱི་རྒྱས་སྤྲོས་དེ་མངོན་གསལ་དོད་པོའི་སྒོ་ནས་འགྲན་སྡུར་ཆེན་པོ་ཞིག་གི་ངོ་བོར་གྱུར་པ་དང༌། ཕྱོགས་གཅིག་ནས་བོད་པས་སེམས་ཅན་དེ་དག་གི་པགས་པ་སོགས་ལ་ཚད་ལས་བརྒལ་བའི་རིན་གོང་སྤྲད་དེ་ཉོ་ཚོང་བྱེད་ཀྱི་ཡོད་ཅིང༌། ཕྱོགས་གཞན་ནས་བོད་མི་ཚོས་ལོ་༤༥ ལྷག་རིང་རྒྱ་མིས་ཤིང་ནགས་གཅོད་འབྲེག གཏེར་ཁ་སྔོག་འདོན། གཞན་ཡང་ར་ཅོ་དང་ཤ། པགས་པ་དང་རུས་པ་སོགས་ལ་དམིགས་ཏེ་རི་དྭགས་དང་གཅན་གཟན་གྲངས་ལས་འདས་པ་བསད་སྐྱོན་བཏང་བར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང༌། འཛམ་གླིང་ཕྱོགས་ཡོངས་ནས་རྒྱ་ནག་ལ་ཁོར་ཡུག་དང་གཅན་གཟན་རི་དྭགས་སྲུང་སྐྱོབ་ཐད་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན་རྒྱ་ནག་གིས་ཀྱང་དེའི་སྐོར་ཐེ་གཏོགས་བྱེད་ཁུལ་བྱས་ཡོད་པ་རེད།

ཉེ་དུས་བོད་དུ་རྒྱ་གཞུང་གིས་བོད་པའི་ཚོང་པ་ཁ་ཤས་ནས་ཨ་སྒོར་འབུམ་མང་པོའི་མ་གནས་ཅན་གྱི་སྟག་གཟིག་སྲམ་བཅས་ཀྱི་པགས་པ་སྟོང་ཚོ་མང་པོ་གཞུང་ལེན་བཏང་ཡོད་པ་བཅས་ཀྱི་གནས་སྟངས་ལ་གཞིགས་ན། བོད་མི་ཚོས་ད་དུང་རྒྱུ་མཚན་ཆུང་ཚགས་རིགས་ཆེན་པོར་བརྩི་བའམ་ཡང་ན་གནའ་བོའི་སྲོལ་རྒྱུན་ལྟ་བུར་གོ་ནོར་ཐེབས་ཏེ་པགས་རིགས་དེ་དག་ལ་ཚད་ལས་བརྒལ་བའི་རིན་གོང་སྤྲད་དེ་འཛམ་གླིང་མི་མང་གི་མིག་མདུན་དུ་ཚུལ་མིན་གྱི་གོམས་གཤིས་ངན་པ་ཞིག་སྟོན་བཞིན་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་གནས་ལུགས་དང་ཧ་ཅང་འགལ་བ། བོད་ཞི་བའི་བསྟི་གནས་སུ་འགྱུར་བར་འགོག་རྐྱེན་བཟོ་བ། ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་དགོངས་གཞི་དང་མི་མཐུན་པ་མ་ཟད། དེ་ནི་བོད་ཙམ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྩ་ཆེའི་གཅན་གཟན་རི་དྭགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཐོག་བརྩི་མེད་རྡོག་རོལ་བཏང་བ་ཞིག་དང༌། ༡༩༥༩ ནས་རྒྱ་མིས་བོད་ཀྱི་ས་ཁུལ་སྟོད་སྨད་གང་སར་དམྱལ་བ་འདྲ་བའི་འཕྲུལ་ཆས་ཀྱི་བཤས་རྭ་ཧ་ཅང་མང་པོ་ཞིག་བཙུགས་ཏེ་བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཡག ལུག མཛོ། བ་གླང་སོགས་སྟོང་ཚོ་མང་པོ་གདུག་རྩུབ་ཆེན་པོས་འོག་གསོད་སྟངས་སྣ་ཚོགས་བྱེད་བཞིན་པར་བརྟེན་བོད་ཀྱི་གཅན་གཟན་རི་དྭགས། སྒོ་ཕྱུགས་སེམས་ཅན་ཚོའི་ཐོབ་ཐང་དང་གནས་སྟངས་ཀྱང་ཤིན་ཏུ་ཡ་ང་བ་ཡོད་པ་གོ་རྟོགས་ཐུབ་པས་དེ་ལུགས་དགོངས་བཞེས་ཀྱིས་དུད་འགྲོའི་ཐོབ་ཐང་ཐོག་དྲན་ཤེས་ཙམ་མིན་པར་དངོས་སུ་ལག་བསྟར་གནང་སྐྱོང་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།