འགྲོ་གྲོན་མེད་པའི་སེམས་ཀྱི་འཕྲོད་བསྟེན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༩ཉིན་སྤེལ། དེང་སྣོད་ཀྱི་ཁོར་ཡུག་ཉམས་ཆགས་དང་བཅུད་ཀྱི་སྐྱེ་འགྲོའི་ཀུན་སྤྱོད་ཆེས་མྱུར་བུས་ཉམས་ཞན་དུ་འགྲོ་བའི་ཛ་དྲག་ཤིན་ཏུ་ཆེ་བའི་དུས་རབས་འདིའི་ནང་ཀུན་གྱིས་འཛམ་གླིང་འདི་ཉིད་ཞི་བདེར་གནས་ཐབས་ལ་སྒོ་ཀུན་ནས་འབད་དགོས་པ་ལྟར་འདི་སྤྱི་དགེར་ཞི་བདེ་གནས་ཐབས་ཀྱི་ཐབས་མཆོག་ཉུང་ངུ་ཞིག་གསན་མིན་ལ་མ་ལྟོས་པར་ཕན་འདོད་ཀྱི་བསམ་པ་ཀུན་ནས་བསླངས་ཏེ་ཀུན་ལ་ཐལ་མོ་སྦྱར་ཏེ་ཞུ་རྒྱུར། དེ་ཡང་འཛམ་གླིང་འདིའི་སྟེང་གི་སྐྱེ་འགྲོ་མི་ལོ་སོན་བསམ་ཤེས་ཐུབ་པ་ཡན་ཀྱིས་ཞོག་ལྟར་མལ་ནས་གཉིད་སད་མ་ཐག་སྒོམ་སྐར་ཆ་བཅུ་གནང་རྒྱུ་གལ་གནས་ཤིན་ཏུ་ཆེ་བ་ཡིན་སྙམ། དེ་གང་ཡིན་ཞེས་ན། ཞོག་ལྟར་མལ་ནང་དབུགས་འབྱིན་རྔུབ་ལ་སེམས་གཏད་དེ་མ་ཡེང་བར་དབུགས་གྲངས་ཉེར་གཅིག་ཡན་བསྒྲངས་བའི་རྗེས་སུ། དངོས་གཞིའི་དཔྱད་སྒོམ་ངོ་མ་ནི། དེ་རིང་གི་ཉི་མོ་གང་པོ་འདིའི་རིང་ལ་བདག་གི་འདོད་དོན་སྒྲུབ་པའི་འགེགས་སམ་བར་ཆད་བྱས་པ་དང་སྡུག་བསྔལ་་སྣོན་མ་བཟོ་མཁན་ཐ་ན་གདོང་ནག་པོ་སྟོན་མཁན་ཞིག་ལས་མ་བྱུང་རུང། རང་བཞིན་གྱིས་བདག་མི་དགའ་ཞིང་ཆེ་སར་ཡང་ཕར་རྒོལ་བྱེད་སྲིད་པ་དེ་བཞིན། བདག་གི་ཡང་གཞན་ལ་བདེ་བའི་འགེགས་བྱས་པ་དང་སྡུག་བསྔལ་བར་བྱས་ཤིང་ཐ་ན་གདོང་ནག་པོ་ཞིག་སྟོན་རུང་ཚུར་རྒོལ་བྱེད་སྲིད་པ་འདི་ནི་བདག་དང་ཕ་རོལ་པོ་སྡུག་དྲགས་པ་མ་ཡིན་པར་གཉིས་གའི་ལུས་སེམས་ལ་ཚོར་སྣང་ཡོད་པའི་དབང་ལས་རང་དབང་མེད་པ་ཡིན་པས་ དེ་ན་བདག་གིས་དེ་རིང་གི་ཉི་མ་འདིར་སུ་ལ་ཡང་གནོད་པ་མི་བྱེད་ཅིང་སུའི་ཡང་དགྲ་བོར་མི་འགྱུར་བ་བྱའོ་སྙམ་པའི་སྒོམ་སྐར་ཆ་བཅུ་ཙམ་ངེས་པར་བྱས་ན་ འཛམ་གླིང་གི་སའི་ཆ་ཤས་རང་གནས་ཡུལ་གྱི་འཁོར་ཡུག་དེའི་ནང་ཉིན་རེ་རང་ངོས་ནས་དང་ཏུ་བསླངས་ཏེ་གནོད་པ་ཆེན་པོ་མི་བྱེད་པ་བརྒྱ་ཆ་བརྒྱད་བཅུ་ཙམ་ཐག་ཆོད་ཅིང་དེ་ལྟར་བྱུང་ན། དཔེར་ན་ཚོང་པ་ཞིག་གིས་ཞོགས་པ་དེ་རིང་ཁེ་སང་ཆེན་པོ་ཞིག་རག་པར་བྱའོ་སྙམ་པ་ནང་བཞིན་དེ་ཉིན་ཁེ་སང་བློ་ཁེངས་པ་བྱུང་ན་དགོང་དྲོ་དགའ་བཞིན་དུ་གཉིད་ལོག་པ་ནང་བཞིན་ཞོགས་པ་སྒོམ་བྱས་པ་ནང་བཞིན་བྱུང་ཡོད་ན་ཞོགས་པའི་བསམ་པ་བཞིན་བསྒྲུབས་འདུག་སྙམ་པའི་སྤྲོ་སྣང་ཉིན་ལྟར་སྟེར་བ་ཡིན་པས་ཀུན་གྱིས་ཐ་ན་ཉིན་བཅུ་ལས་་མ་བྱུང་རུང་རང་གཞན་ལ་ཕན་ཐོག་འདུག་མི་འདུག་རྟགས་དཔྱད་ཤིག་མཛོད་དང་མཁྱེན་ཡོང་ཞུ། སླར་སྨྲས་པ། ས་སྟེང་ལོ་སོན་བསམ་ཞིག་ཐུབ་པ་ཡིས། །སྐྱེ་བོ་ཡོངས་ནས་ཞོགས་ལྟར་སྐར་ཆ་བཅུར། །རང་གཞན་ཚོར་སྣང་བདེ་སྡུག་འདོར་ལེན་ལ། །རྣམ་ཀུན་མཚུངས་པར་གཏིང་ནས་བསམ་རྒྱུ་གཅེས། འདི་ནི་ཞིང་འབྲོག་བཟོ་ཚོང་ལས་མི་དང། །གཞུང་ཞབས་སློབ་གྲྭ་ཆོས་ལུགས་མི་སྣ་སོགས། །སྐྱེ་བོ་ཡོངས་ནས་རང་རང་རྒན་འཁུར་གྱིས། །འཛམ་གླིང་ཞི་བདེར་སྐྲུན་ཐབས་འཁྲུལ་མེད་ཡིན། །རང་གནས་འཛམ་གླིང་འཁོར་ཡུག་བསྲུང་བ་དང། །རང་གྲོགས་སྐྱེ་བོ་ཞི་བདེར་འཚོ་བའི་སླད། །ཞོགས་ལྟར་སྐར་བཅུར་རང་ཀླད་ཁྲུས་རྒྱབ་ན། །འགྲོ་གྲོན་མེད་པར་ཞི་བདེར་བསྐྲུན་ཐབས་གཅིག །འདི་ནི་སེམས་ཀྱི་འའཕྲོད་བསྟེན་སྨན་ཆེན་དང། །སེམས་བཟང་བློ་བརྒྱ་འབྱེད་པའི་སྒོ་མོ་དང། །ཕན་ཚུན་མཛའ་གྲོགས་བཟོ་བའི་རིན་བྲལ་སྐྱེས། །ཡིན་པས་ཀུན་གྱིས་ཐུགས་སྣང་བྱ་འོས་ལགས། །འདི་ལ་ལྷ་མེད་འདི་ལ་སྟོན་པ་མེད། །འདི་ལ་ལྟ་བ་ཆོས་ལུགས་སྒྲུབ་མཐའ་མེད། །འདི་ནི་ཚོར་ལྡན་ཀུན་གྱི་་གཤིས་ཡིན་པས། །རང་གཞན་ཞི་བདེར་དགའ་ན་འདི་ལ་འབུངས། །རྣག་ཤོག་དོ་པོ་ཟད་ཟད་སྦྱང་སྦྱང་ཀྱང། །འདི་ལྟའི་ཚུལ་ལ་སློབ་སྦྱོང་མ་བས་ན༌། །ཤེས་ཡོན་དེ་ཡིས་གང་ལ་ཕན་དང་གནོད། །ངེས་པ་མེད་པས་ཚུལ་འདིར་འབད་ན་ལེགས། །གཉིས་ཙམ་འཁྲུག་པས་ཕྱོགས་ཕྱོགས་རྒྱབ་ལངས་ནས། །ཡུལ་ལུང་རྒྱལ་ཁབ་བར་དུ་འཁྲུགས་པ་འདི། །འདི་ལྟའི་ཚུལ་ལ་སློབ་སྦྱོང་མ་བྱས་ལན། །དེ་ཕྱིར་ཀུན་ལ་ཐལ་མོ་སྦྱར་ཏེ་ཕུལ། །ཞེས་ཞི་བདེའི་འོད་སྣང་སྦྱིན་པའི་ཐབས་མཆོག་དང་པོ་ཞེས་བྱ་བ་འདི་བཞིན་༧གོང་ས་ཡིད་བཞིན་ནོར་བུའི་ཞལ་སློབ་ཐེར་འབུམ་མང་པོའི་གྲལ་མཐར་གནས་པ་ཞིག་ནས་ཕན་སེམས་ཀྱི་ཀུན་ནས་བསླངས་ཏེ་རང་སྣང་གང་ཤར་ཚུལ་དུ་སྤེལ། ཀུན་ལ་བཀྲིས་བདེ་ལེགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།