བོད་ཀྱི་ཁོར་ཡུག་གཉེར་སྲུང་ནི་འཚེ་མེད་ཞི་བདེའི་འཛུཌ་སྐྲུནཡིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༡ཚེས་༡༢ཉིན་སྤེལ། བོད་ཀྱི་གདོད་མའི་རང་བྱུང་ཁོར་ཡུག བོད་ཀྱི་རང་བྱུང་ཁོར་ཡུག བོད་ཀྱི་གངས་རི། གཡའ་རི། རྫ་རི། ནགས་ཚལ། སྔས་ལྗོངས་སོགས་ཀྱི་སྟེང་ན། རི་དྭགས་ཤ་བ། དགོ་བ། འབྲོང༌། གཙོད། སྟག དོམ། གཟིག སྤྲ་དང་སྤྲེའུ་སོགས་དང་དེ་བཞིན་འདབ་ཆགས་སྣ་ཚོགས་ཀྱིས་ཁེངས་ནས་ཡོད། རིམ་པས་རང་རིགས་གངས་ཅན་པ་རྣམས་བྱུང་ཞིང༌། བོན་ཆོས་དར་ཁྱབ་བྱུང་བའི་རྗེས་བོད་མིས་དམར་ཟས་དང་དམར་མཆོད་བྱས། རིམ་པས་བོན་ཆོས་སུ་མི་འཚེ་བའམ་སྲོག་གཅོད་སྤོང་ཆེད་ཟན་དཔར་གྱི་སྲོལ་གཏོད་པ་དང༌། དུས་རབས་༧ པར་ནང་ཆོས་དར་རྒྱས་ཀྱིས་འཚེ་བའི་ལས་དོན་དེ་ལས་ཀྱང་ཆེས་ཉུང་དུ་ཕྱིན།

བོད་སིལ་བུར་ཐོར་རྗེས་སྡེ་སྲིད་བསྟན་སྐྱོང་མཆོག་དང་ྋགོང་ས་ལྔ་པ་ཆེན་པོ་མཆོག་བཅས་ནས་རི་སྐྱེས་སྲོག་ཆགས་གང་བྱུང་བསད་མི་ཆོག་པའི་བཀའ་རྒྱ་དང་པོ་གཏན་ལ་ཕབ། དེ་བཞིན་ཕག་གྲུ་བྱང་ཆུབ་རྒྱལ་མཚན་མཆོག་གིས་ནགས་ཚལ་སྲུང་སྐྱོབ་ཆེད་བཀའ་ཡིག་གཏན་འབེབས་གནང་བ་སོགས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་བོད་ཀྱི་མེས་པོ་དམ་པ་རྣམས་དང་དཔོན་རབས་རྣམ་པས་ཆེས་གལ་ཆེན་དུ་བརྩིས་པ་ལྟར་ཤུགས་རྐྱེན་བཟང་པོ་ཡང་ཇི་ཙམ་ཐེབས་ཡོད་མེད་དེ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། ྋགོང་ས་སྐུ་ཕྲེང་རིམ་བྱོན་རྣམ་པས་ཀྱང་དེ་ལྟར་མུ་མཐུད་རྒྱུན་སྐྱོང་གནང་ཡོད་པས་༡༩༩༥༩ ལོ་བར་མཛེས་སྡུག་ལྡན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་དེ་འཛམ་གླིང་གི་ཡང་རྩེར་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ཆོས་རིག་དང་ཡུལ་ལུང་གོམས་གཤིས་བཟང་པོ། གནའ་བོའི་སྲོལ་རྒྱུན་གྱི་ཤེས་ཡོན་བཅས་ལ་འབྲེལ་འདྲིས་ཆེན་པོའི་ངང་ནས་གཉེར་སྲུང་གིས་ཉར་ཚགས་བྱས་ཐུབ་ཡོད་པ་ནི་ང་ཚོས་སླར་ཡང་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟ་དགོས་པ་རེད།

བོད་མི་དང་བོད་ཀྱི་རང་བྱུང་ཁོར་ཡུག

༡༩༦༢ ལོ་ནས་རྒྱ་མིས་རྙིང་བཞི་རྩ་གཏོར་དང་རིག་གནས་གསར་བརྗེ་ཟེར་བ་བཅས་ཀྱི་སྐབས་ནས་བོད་ཀྱི་རྩ་ཆེའི་རིག་དངོས་དང་གཏེར་དངོས་འབོར་ཆེན་དབོར་འདྲེན་དང་རྐུ་འཁྱེར་བྱས་ཡོད་པས་མི་ཚད། མི་ལོ་༤༧ རིང་བོད་མི་ཚོ་བསམ་ཡུལ་ལས་འདས་པའི་སྡུག་རྩུབ་དང༌། ཆེས་བཟོད་ཐབས་བྲལ་བའི་ཉིན་དང་མཚན། ཟླ་ནས་ཟླ་དང་ལོ་ནས་ལོ་བསྟུད་མར་བརྒྱུད་དཀའ་སྡུག་འོག་གནས་དགོས་བྱུང་ཡོད། སྤྱིར་༡༩༥༩ ལོ་ནས་ད་བར་རྒྱ་མིས་བོད་ཁམས་ཡོངས་སུ་རི་ལུང་གྲངས་ལས་རྒལ་བའི་ཤིང་ནགས་གཅོད་འདྲེག་དང་བདག་མེད་སྲོག་ཆགས་རྔོན་རྒྱག་གིས་བྱ་སྤྱོད་བཅས་ནི་ཚད་ལས་རྒལ་བར་བརྟེན། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་བཏང་བས་ཧ་ཅང་ཉམས་གསོ་དཀའ་བའི་གནས་སྟངས་འོག་མུ་མཐུད་ལུས་ཡོད་པ་མ་ཟད། ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་ཆེན་པོའི་འོག་བོད་དང་བོད་མི་ཙམ་དུ་མ་ཟད། རྒྱ་མི་རིགས་ས་ཡ་མང་པོས་ཀྱང་དཀའ་སྡུག་མྱངས་ཡོད་ཅིང༌། བོད་ཀྱི་ཁྱིམ་མཚེ་རྒྱ་གར་དང་པ་ཀི་སི་ཐན། འབར་མ། བལ་ཡུལ་སོགས་ལའང་དེ་འདྲའི་ཛ་དྲག་གི་གནས་སྟངས་འོག་མུ་མཐུད་གནས་ཡོད་པ་རེད།

བར་སྐབས་ཤིག་ནས་བོད་མི་ཚོས་ཀྱང་དམར་ཟས་ལ་དགའ་དྲགས་པ་དང་པགས་རིགས་ཀྱི་གྱོན་ཆས་ལ་དང་འདོད་ཆེ་དྲགས་པས་ད་ལྟ་བོད་ཀྱི་རང་བྱུང་ཁོར་ཡུག་དང་མིའི་སྤྱི་ཚོགས་དེ་གནས་སྐབས་འཛམ་གླིང་ནང་རྣམ་པ་མི་འདྲ་བ་ཞིག་ཆགས་ཡོད་ཀྱང༌། ྋགོང་ས་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀྱང་སྔ་ཕྱི་བར་གསུམ་དུ་འཛམ་གླིང་གི་ཁོར་ཡུག་སྤྱི་དང་བྱེ་བྲག་བོད་ཀྱི་ཁོར་ཡུག་སྐོར་བཀའ་སློབ་རིམ་པ་ཕེབས་ཡོད་ཅིང། སྒོས་སུ་འཕགས་ཡུལ་གྱི་གནས་མཆོག་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་༢༠༠༦ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་སུ་ཁོར་ཡུག་དང་པགས་རིགས་ཐོག་དམིགས་བསལ་བཀའ་སློབ་གཟབ་གནང་མཛད་པར་བརྟེན། དམར་ཟས་དང་གཅན་གཟན་པགས་རིགས་ཀྱི་གནད་དོན་དེ་གཞིས་བྱེས་གཉིས་སུ་གལ་གནད་ཆེན་པོ་ཞིག་ཏུ་བཟུང་བ་དང༌། དེར་ཡང་རྒྱ་མིས་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་མཐོང་སྟེ་གཞིས་ལུས་བོད་མི་ཡོངས་ལ་གནོན་ཤུགས་ཇི་ཙམ་སྤྲད་མིན་ལ་མ་ལྟོས་པར་བདག་མེད་སེམས་ཅན་སྲུང་སྐྱོབ་བྱེད་རྒྱུའི་གཙོས། གཅན་གཟན་པགས་རིགས་བཅས་ཀྱི་རྒྱན་གོས་རྣམས་དུས་ཆེན་ཁག་ཏུ་གཟབ་འཕྱོར་མི་བྱེད་པའི་དམ་བཅའ་འཇོག་བཞིན་པ་དང༌། དེ་དག་མེར་བསྲེགས་བཏང་བའི་ལས་འགུལ་སྤེལ་བ་སོགས་ནི་ཕྱོགས་གཅིག་ནས་ང་ཚོའི་ཁོར་ཡུག་ཐད་སླར་ཡང་རེ་བ་དང་རྒྱུ་མཚན་ལྡན་པའི་འགྱུར་བ་བཟང་པོ་ཞིག་བརྩི་ཆོག་པ་དང༌། ཕྱོགས་གཞན་ནས་ྋགོང་ས་མཆོག་གིས་བཀའ་སློབ་རིམ་པ་ཕེབས་པའི་མཐུ་བྱིན་དང༌། རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཚོགས་པ་དང་རྒྱ་གར་གྱི་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་བཅས་ནས་གནོན་ཤུགས་དང་ལས་འགུལ། དེ་བཞིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་༦ ལྷག་ནས་རྒྱ་གར་ལྷོ་ཕྱོགས་སུ་དུས་དབང་སྐབས་ལྷག་བསམ་བཟང་པོའི་ལས་འགུལ་ཤུགས་ཆེན་སྤེལ་བ་བཅས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན།

ད་དུང་བོད་ནང་ལས་འགུལ་དེ་དག་ལས་གཞིས་ལུས་མི་མང་གིས་རང་མི་རིགས་ཀྱི་ལ་རྒྱ་ཡིད་ལ་བཟུང༌། རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ལྷག་བསམ་དང་སེམས་ཤུགས་བརྟན་པོར་གནས་པ་མ་ཟད། ཁོང་རྣམ་པས་ྋགོང་ས་མཆོག་ལ་དད་གུས་དང་ཡིད་ཆེས་ཇི་ཙམ་ཞུ་ཡི་ཡོད་མེད་ཀྱང་འཛམ་གླིང་ཡོངས་ལ་གསལ་སྟོན་བྱས་པའི་མཚོན་རྟགས་ཤིག་ཡིན་པས། ལས་འགུལ་འདིའི་རིགས་བོད་ཀྱི་རང་བྱུང་གཏེར་མཛོད་སོགས་ཕྱོགས་ཡོངས་ལ་ངེས་པར་དུ་ཁྱབ་ཐུབ་པ་ཞིག་དང༌། དེ་ལྟར་བྱུང་ཚེ་འཛམ་གླིང་ཞི་བདེ་དང་ཤིན་ཏུ་འབྲེལ་ཆགས་ལྡན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་གི་གཏེར་མཛོད་དེ་དག་གཉེར་སྲུང་གིས་འཛམ་གླིང་ཞི་བདེ་དར་རྒྱས་དང་སྦྲགས་བོད་ཀྱི་སྤྱི་ཚོགས་འདི་ཉིད་བཟང་སྤྱོད་ཀྱི་ལམ་དུ་འཁྲིད་ཅིང༌། བོད་འབངས་ཀྱི་དཔལ་འབྱོར་ལོག་འཚོ་དང་མ་འབྲེལ་བར་བཟང་སྤྱོད་ཀྱི་འཕེལ་རྒྱས་ཤིག་གཞི་ནས་ཡོང་ཐུབ་རྒྱུ་གདོན་མི་ཟ་བ་རེད།

བོད་ཀྱི་རང་བྱུང་ཆུ་བོ་རྣམས་དང་དེའི་ཁྱབ་ཚད།

འཛམ་གླིང་སྤྱི་དང་བྱེ་བྲག་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་རང་བྱུང་ཁོར་ཡུག་ནི་ཧ་ཅང་གལ་འགངས་ཆེ་བ་སྟེ། གངས་ལྗོངས་ཀྱི་ས་ཁམས་གཙང་ཆུ་རྣམས་དག་གཙང་ཞིག་བྱུང་ཐུབ་ན་བོད་མིའི་ཁེ་ཕན་ཙམ་དུ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཐུང་ཆུ་དང་ཞིང་ཆུ། འབར་མ་པུ་ཏི་རའམ་ཡར་ལུག་གཙང་པོ་ནས་བཟུང༌། ཆུ་མོ་གངྒཱ༌། ད་དུང་སིནྡྷ་དེ་པ་ཀི་སི་ཐན་ནས་མར་འགྲོ་བའི་ཆུ་བོ་བཅས་ནི་གངས་ཅན་ལྗོངས་ནས་མར་འབབ་ཀྱི་ཡོད་པས་རང་རིགས་གངས་ཅན་བོད་ཀྱི་སྲིད་པའི་གངས་རི་རྣམས་དང་འབྲེལ་བ་དམ་ཟབ་ཡོད་ཅིང༌། ད་ལྟ་སྲིད་པའི་གངས་རི་རྣམས་བཞུར་བའི་མགྱོགས་ཚད་ཤིན་ཏུ་ཆེ་ལ། དེར་བོད་མིས་རྣམ་རྟོག་ཚ་བོའི་ངང་དུས་མཐའ་རུ་བརྩིས་ཡོད་ཀྱང་གོ་དོན་ལྷག་པ་མེད་དོ་སྙམ།

སྤྱིར་འཛམ་གླིང་ཧྲིལ་པོ་གྱི་འགྱུར་འགྲོས་དང་དེའི་འཁོར་ཕྱོགས་ཀྱི་འགྱུར་འགྲོས། ཡང་སྒོས་མགོ་ནག་མིའི་བྱེད་ཆོས་ཀྱི་ཐོག་ནས་འཛམ་གླིང་སྲུང་སྐྱོབ་བྱེད་རྒྱུའི་རྡུལ་ཕྲན་རིགས་ཇི་ཉུང་དུ་སོང༌། ཉི་མའི་འོད་རླབས་དང་ཚ་ཤུགས། དྲོད་ཚད་རྣམས་འཛམ་གླིང་འདིའི་ཐོག་ཏུ་ནུས་ཤུགས་ཀྱི་ཁྱབ་ཚད་ཇེ་ཆེར་ཕྱིན། བར་དུ་འགེབས་རྒྱུའི་ནུས་པ་དང་རྡུལ་ཕྲ་རབ་རྣམས་ཉུང་བར་གྱུར་ནས་འཛམ་གླིང་གི་ཁྱགས་རུམ་དེ་ཚོའི་བཞུར་ཚད་ཤིན་ཏུ་མྱུར་བ་དང༌། མཐར་གནའ་བོའི་གྲང་བཤེར་ཅན་གྱི་ཁྱགས་རུམ་ཡོད་བསྡད་པ་དེ་དག་ཚ་བོ་འགྱུར་ཏེ་བཞུར་བ་དང༌། ཚ་དྲོ་ཅན་གྱི་རི་ལུང་དེ་ཚོ་བསིལ་པོར་འགྱུར་བ་ཡོད་ཀྱང༌། འགྱུར་བ་དེའི་ལོ་དུས་དང་བྱུང་རིམ། རྒྱུ་རྐྱེན་ཇི་མ་ཇི་བཞིན་ད་དུང་ཡང་ཚོད་འཛིན་དཀའ་བ་ཞིག་ཡིན།

གང་ལྟར་བོད་ཀྱི་ཁོར་ཡུག་བདག་གཉེར་དང་སྲུང་སྐྱོབ་བརྒྱུད་ཤིང་ནགས་གཅོད་དྲེག་གཏན་ནས་འགོག་ཐབས་དགོས་པ་ཞིག་དང༌། ས་བསྐོ་རྡོ་སློག་གང་བྱུང་བྱས་ནས་ཆུ་ལོག་གང་བྱུང་རྒྱུགས་ཏེ་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དེ་ཚོ་མ་ཡོང་བའི་བྱ་ཐབས་དེ་དག་ནི་ཁ་བ་ཅན་གྱི་མ་འོངས་པའི་མི་རབས་ནས་མི་རབས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་རེད་ལ། རྒྱ་གར་བྱང་རྒྱུད་ཀྱི་ས་ཆ། ཝེ་ཊི་ནམ་མ་ཟད། ད་དུང་ཉག་ཆུ་དང་འབྲི་ཆུ། དམར་ཆུ་དེ་ཚོ་རྒྱ་ནག་ཏུ་འགྲོ་བཞིན་པར་བརྟེན། རྒྱ་ནག་གི་མི་མང་དུང་ཕྱུར་མང་པོ་གཙང་པོ་དེ་དག་དང་འབྲེལ་ཆགས་སུ་གནས་པར་བརྟེན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་ཀྱི་ཁེ་ཕན་ཙམ་མ་ཡིན་པར་རྒྱ་དཀར་ནག་གི་མི་མང་དུང་ཕྱུར་མང་པོའི་ཚེ་སྲོག་ལ་ཐུག་བསྡད་པ་ཞིག་དང༌། དེ་ནི་འཛམ་གླིང་གི་མི་འབོར་ཕྱེད་ཙམ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།

སྤྱིར་འཐུང་ཆུ་ཞེས་པ་དེ་ཡང་འགྲོ་བ་མི་དང་སྲོག་ཆགས་ཡོངས་ཀྱི་སྲོག་རྩ་ཞིག་ཏུ་གྱུར་ཡོད་པས་འཐུང་ཆུ་མེད་ན་འགྲོ་བ་མི་ཙམ་མ་ཟད་སེམས་ཅན་ཀུན་ཡང་འཚོ་ཐབས་བྲལ་བ་རེད། དེར་བརྟེན་བོད་ཀྱི་ཁོར་ཡུག་གི་ཐོག་ལ་དོ་སྣང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དགོས་དམིགས་དང་རྒྱུ་མཚན་ཡང་དེ་ནས་ཤེས་རྟོགས་ཐུབ། ༡༩༤༥ ནས་༡༩༦༢ ལོ་དང་མི་འདྲ་བར་དེང་སང་རྒྱ་ནག་ནང་དུའང་ཁོར་ཡུག་ཐོག་དོ་སྣང་བྱེད་མཁན་སྒེར་གྱི་ཚོགས་པ་མི་ཉུང་ཞིག་ཡོང་བཞིན་པ་དང་དེ་འབྲེལ་གྱི་ལས་འགུལ་ཡང་གང་འཚམ་སྤེལ་བཞིན་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དེ་སྔ་དེ་འདྲ་དོ་སྣང་བྱེད་མཁན་མེད་པ་དང༌། ད་ལྟ་གཞི་ནས་དོ་སྣང་སླེབས་འགོ་བཙུགས་པ་ནི་རྣམ་འགྱུར་ནང་གི་རྣམ་འགྱུར་ཁ་ཡོད་ལག་ཡོད་ཅིག་ཡིན།

ད་ལྟ་རྒྱ་ནག་ནི་སྤྱིར་དམར་པོའི་ལམ་ལུགས་དང་རྒྱང་ཐག་རིང་དུ་སོང་བ། མང་གཙོ་ལམ་ལུགས་ཆ་ཚང་མི་ལྡན་ཡང་སྲིད་དོན་ཚོགས་པ་གཅིག་གིས་ཆབ་སྲིད་དང་དཔལ་འབྱོར་སྣེ་ཁྲིད་པའི་རྒྱལ་ཁབ་གཅིག་ཏུ་བསྒྱུར་ཟིན་པས་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགན་ཁུར་ཁག་ལ་དོ་སྣང་བྱེད་པའི་དུས་ལ་སླེབས་ཡོད་པར་བརྟེན། བོད་མི་ཚོས་ཀྱང་གཞུང་སྒེར་གྱི་ཁོར་ཡུག་གི་ཚོགས་པ་གང་ཡོད་པ་དེ་དག་ལ་འབྲེལ་འདྲིས་དང༌། དེ་ཚོ་དང་ཐུན་མོང་གི་ཐོག་ནས་ཁོར་ཡུག་གཉེར་སྲུང་བྱེད་ཐུབ་རྒྱུར་ཤིན་ཏུ་གལ་འགངས་ཅན་ཞིག་ཏུ་གྱུར། ཡིན་ཡང་གཞིས་ལུས་སྤུན་ཟླ་མང་པོ་ཁོར་ཡུག་གཉེར་སྲུང་ལ་དོ་སྣང་ཞན་པ་དང༌། དེའི་ཐོག་ཤེས་ཡོན་ཡང་ཤིན་ཏུ་དམན་པོ་ཡོད་པས་ཕྱོགས་གཅིག་ནས་གྱོང་གུན་ཆེན་པོ་ཐེབས་ཡོད། དེས་ན་ཁོར་ཡུག་དང་འབྲེལ་བའི་གཞུང་སྒེར་ཚོགས་སྡེ་གང་ཡིན་རུང་གཞིས་བྱེས་གཉིས་ཀའི་མི་མང་ལ་ཁོར་ཡུག་ཐོག་གོ་རྟོགས་ལས་འགུལ་སྤེལ་དགོས་པ་དེ་ད་ལྟ་ཁ་ཚ་དགོས་གཏུགས་ཆགས་ཡོད།

བོད་ཀྱི་རང་བྱུང་ཁོར་ཡུག་གཉེར་སྲུང་ལ་འགལ་རྐྱེན།

སྤྱིར་༡༩༥༩ ལོར་རྒྱ་མིས་དངོས་སུ་བོད་བཙན་བཟུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་རྒྱབ་ཏུ་བཞག་ནས་མི་གསོད་ཁྲག་སྦྱོར་དང་མི་རྒྱུ་འཕྲོག་བཅོམས་བཅས་ལས་བོད་ཀྱི་ཁོར་ཡུག་གཏོར་བཅོམས་ཚད་མེད་བྱུང་བ་དང༌། ༡༩༦༠ ནས་བོད་ཀྱི་ཁོར་ཡུག་གཉེར་སྲུང་གི་ཚབ་ཏུ་རྙིང་བཞི་རྩ་གཏོར་དང་རིག་གནས་གསར་བརྗེ་སོགས་བརྗོད་དེ་ཆེས་རིན་ཐང་ཆེ་བའི་བོད་ཀྱི་གནའ་དངོས་རྩ་མེད་བཏང་བ་རེད།

༡༩༩༠ ནས་བོད་མིར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་བརྗོད་དེ་བོད་ཀྱི་ཤིང་ནགས་དང་རི་སྐྱེས་སྲོག་ཆགས། བོད་ཀྱི་གནའ་དངོས་སོགས་དང་འབྲེལ་ཡོད་ཀྱི་མི་སྣ་བཙོན་འཇུག་དང་ལྐོགས་གསོད་བྱས་པ། བོད་ཁམས་ཀྱི་རི་ལུང་མང་པོར་ལྕགས་ལམ་འཛུགས་སྐྲུན་གྱིས་ས་གཞི་དམར་བརྗེན་དུ་བཏང་བ། ༢༠༠༠ ལོ་ནས་བོད་ཀྱི་གཙང་ཆུ་ཆེ་ཁག་ཏུ་གང་བྱུང་གློག་ཁང་དང་ཆུ་རག་བརྒྱབ་པས་བོད་ཀྱི་ཆུ་བོ་རྣམས་འབགས་ཙོག་བཟོ་བ། བོད་ཀྱི་དཔལ་འབྱོར་ཡར་རྒྱས་དང་བོད་ཀྱི་འཛུགས་སྐྲུན་ཞེས་མིང་མང་ལ་འགྲོ་རྒྱུ་མེད་པའི་འཕེལ་རྒྱས། འགྲུབ་མི་ཐུབ་པ་དང་བོད་མིར་ཁེ་ཕན་མེད་པའི་ལས་གཞི་དང་ལས་འཆར་རྣམ་མང༌། དོན་དངོས་ཐོག་བོད་དེ་ཕྱེད་རྒྱ་ཡུལ་དུ་བསྒྱུར་ཟིན་པ་དང༌། ཡོངས་རྫོགས་རྒྱ་ཡུལ་ཅན་དུ་འགྱུར་བཞིན་པ།

ད་དུང་རྒྱ་རིགས་འབོར་ཆེན་ཞིག་གིས་བོད་ཀྱི་རིགས་དྭགས་གཅན་གཟན་རིགས་རྔོན་རྒྱག་གི་བྱ་སྤྱོད་དང༌། གཙང་ཆུ་ཁག་ཏུ་འབར་རྫས་བེད་སྤྱད་དེ་བོད་ཀྱི་ཉ་རིགས་རྩ་མེད་བཏང་དང་གཏོང་བཞིན་པ། བདག་མེད་སེམས་ཅན་རིགས་ཀྱི་པགས་རུས་སོགས་ནག་ཚོང་དང་ལྐོགས་ཚོང་བཅས་ཀྱི་གནད་དོན་ད་ལྟའང་དོ་སྣང་དང་བསམ་གཞིགས་ཡལ་ནས་ཧ་ཅང་ཐབས་སྐྱོ་བོའི་གནས་སྟངས་འོག་ཡོད་པར་བརྟེན་བོད་ཀྱི་ཁོར་ཡུག་གི་འགལ་རྐྱེན་ནི་ད་ལྟའང་ཤིན་ཏུ་ཉེན་ཚབས་ཅན་ཞིག་གི་གནས་སུ་ཡོད་པ་རེད།

བོད་ཀྱི་རང་བྱུང་ཁོར་ཡུག་གཉེར་སྲུང་ཇི་ལྟར་དགོས། དེས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཇི་ཐེབས།

སྤྱིར་བོད་མི་ཚོས་ཡོད་ཚད་ཆབ་སྲིད་ཀྱི་གནད་དོན་དུ་བསྒྱུར་མི་དགོས་པ་ཞིག་དང་སྒོས་སུ་ཁོར་ཡུག་གཉེར་སྲུང་དང་བདག་མེད་སེམས་ཅན་སྲུང་སྐྱོབ། དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་གནད་དོན་རིགས་དེ་ལས་ཀྱང་ཆབ་སྲིད་ཅན་དུ་གཏན་ནས་བསྒྱུར་མི་རུང༌། ད་ལྟའི་བོད་མི་མང་གི་མངོན་འདོད་དང་རྒྱ་བོད་དབར་གྱི་འབྲེལ་བ། རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་བཅས་ལ་ཞིབ་ལྟ་ཞིག་བྱས་ཚེ་བོད་མི་རིགས་ཀྱི་གནས་སྐབས་དང་མཐར་ཐུག་གི་དཔལ་འབྱོར་ཁེ་ཕན་དང་སྒོས་སུ་བོད་ཀྱི་ཁོར་ཡུག་གཉེར་སྲུང་དང་རྩ་ཆེའི་བདག་མེད་སེམས་ཅན་སྲུང་སྐྱོབ། ཆོས་རིག་དང་ཤེས་ཡོན་བཅས་ཀྱི་ཐོག་ང་ཚོས་ལས་འགུལ་གང་སྤེལ་ཡང་ཐབས་བརྒྱ་བྱུས་སྟོང་ཡོད་པ་ཞིག་བྱུང་ན་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་འགྲུབ་ཐུབ་པ་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: