སྡེ་སྲིད་གཙང་པའི་དུས་སྐབས།

བརྒྱད་པ། སྡེ་སྲིད་གཙང་པའི་དུས་སྐབས།

སྤྱི་ལོ་ ༡༥༦༥ ནས་ ༡༦༤༢ བར་ལོ་ ༧༧། 

    ༦༨༽ དྲི་བ། གཙང་པ་སྡེ་སྲིད་ཀྱི་མི་རྒྱུད་ཇི་ལྟར་ཡིན་དང༌། གཙང་པས་སྲིད་དབང་བཙུགས་ཚུལ། མངའ་དབང་བསྒྱུར་ཐུབ་པའི་རྒྱུ་མཚན་ཅི།

    ལན། གཙང་པ་སྡེ་སྲིད་ཀྱི་གདུང་རབས་ལ་གཙང་སྟོད་སྡེ་པའམ་གཙང་པ་རྒྱལ་པོ་ཞེས་ཟེར་ཞིང༌། འདི་ནི་ཐོག་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རྡོ་རྗེ་ཐེག་པ་ལ་གྲུབ་པ་ཐོབ་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ནས་གཉགས་ཛྙ་ན་ཀུ་མ་ར་ལས་རིམ་བཞིན་བརྒྱུད་པར་གྲགས་པའི་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཡིན་ལ། གཙང་རྒྱལ་གྱི་ཐོག་མའང་འདི་ཉིད་ཡིན། ཁོང་ལ་འཚོ་རྟེན་ཞིང་གཅིག་དང༌། སྡོད་ཁང་ཤག་གཅིག་ལས་མེད་པས་མཚན་ལའང་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཞེས་ཐོགས་པ་ཡིན།

    ཁོང་ནི་རིན་སྤུངས་པའི་གཉེན་ཚན་དུ་གཏོགས་ལ་སྣེ་གདོང་དང༌། རིན་སྤུངས་གཉིས་ཀྱི་ཞབས་འབྲིང་བ་ཡང་ཡིན། དེ་ཡང་རིན་སྤུངས་པས་བོད་ལ་མངའ་དབང་བསྒྱུར་བའི་དུས་ཙམ་ནས་བཟུང་རིན་སྤུངས་པས་ཕྱི་ལ་དམག་འཁྲུག་བསླངས་པ་དང༌། ནང་ཁུལ་དུ་མཚོན་ན་དམེ་བྱུང་བ་སོགས་ཕྱི་ནང་གི་འགལ་བ་ཛ་དྲག་རྣོ་ངར་ཅན་མང་དུ་བྱུང་བ་དང༌། རིན་སྤུངས་པ་རང་གི་མངའ་ཞབས་པ་ཆིབས་དཔོན་དུ་གཏོགས་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་བསམ་གྲུབ་རྩེའི་རྫོང་དཔོན་ཡིན་སྟབས་ཁོང་གིས་གཙང་ཁུལ་གྱི་དཔོན་རིགས་འགའ་ཞིག་དང་མནའ་སྦྲེལ་བགྱིས་ཤིང་རིན་སྤུངས་པར་རྒོལ་བའི་འབངས་གྱེན་ལོག་བྱེད་པའི་གྲབ་བགྱིས་ཤིང༌། ཞིང་ཤག་པས་སྙིང་སྟོབས་དང་འཇོན་ཐང་ལ་བརྟེན་ནས་རིམ་གྱིས་སྟོབས་འབྱོར་དང་དབང་ཤུགས་ཇེ་ཆེར་སོང་སྟེ་རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་དུས་སུ་སླེབས་སྐབས་རིན་སྤུངས་པའི་ཁ་གཏད་དུ་ལངས་ཏེ། སྲས་པདྨ་དཀར་པོ་ཞིང་ཤག་པས་བཀྲོངས་ཏེ་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་གྲགས་པ་དེ་བྱུང་ཞིང༌། ངག་དབང་འཇིག་གྲགས་ཀྱིས་འཁོན་ལན་སློག་རྩིས་གནང་བ་ལམ་དུ་མ་སོང་བར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ཚུལ་རྒོལ་གྱེན་ལོག་བྱས་ནས་རིན་སྤུངས་པའི་མངའ་ཞབས་ནས་བུད་པ་ཡིན།

    རིན་སྤུངས་པ་དང་ངག་དབང་རྣམ་རྒྱལ་གྱི་སྐབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་རིན་སྤུངས་པའི་ཆིབས་དཔོན་གྱི་ལས་ཀ་དང༌། དེ་ནས་རིམ་བཞིན་ལས་ཚན་དུ་སླེབས་ཏེ་ལོ་མང་རིང་ཤངས་དང༌། མྱང་སྨད་ཀྱི་ཡོང་འབབ་སྡུད་མཁན་བྱས། ས་སྤྲེལ་སྤྱི་ལོ་ ༡༥༤༨ ལོར་བསམ་གྲུབ་རྩེའི་རྫོང་དཔོན་དུ་བསྐོ་བཞག་བྱས། ཤིང་གླང་སྤྱི་ལོ་ ༡༥༦༥ ལོར་རང་ཉིད་དམག་དཔོན་བྱས་ཏེ་པ་སྣམ་ལྷུན་འགྲུབ་འཁྱུང་རྩེ་དང༌། རྫོང་གསར་ཕག་མོ་རི་སོགས་བླངས། ཕྱི་ལོ་གཙང་པ་དང་རིན་སྤུངས་གཉིས་དམག་འཁྲུག་ལངས་མཐར་རྫོང་གཞིས་རྣམས་གཙང་པར་ཐོབ་སྟེ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཙང་གི་རྒྱལ་པོར་གྱུར་པ་ཡིན།

    དེ་ཡང་གཡུ་ཡི་ཕྲེང་བ་ཁུངས་སུ་བྱས་ན། ཐོག་མར་སྟོབས་ཤུགས་ཀྱི་ཆར་གཞིགས་ན་ཕག་གྲུའི་སྡེ་སྲིད་ཀྱི་སྲིད་དབང་མིང་ཙམ་དུ་གྱུར་ཏེ་རིན་སྤུངས་པས་བོད་དབུས་གཙང་ལ་རིམ་པས་དབང་བསྒྱུར་ནས་རྒྱུན་རིང་ཙམ་སོང་བ་དང༌། རིན་སྤུངས་པའི་སྲིད་དབང་འཛིན་སྟངས་ཀྱང་མི་རྣམས་ཀྱི་བློ་ལ་འབབ་ཅིང་ལྷིང་ཆགས་པོ་ཞིག་བྱུང་མེད་པ་མ་ཟད། ལྷག་པར་རིན་སྤུངས་ངག་དབང་འཇིག་གྲགས་ནི་རྒྱལ་པོ་པཌཎི་ཏའི་སྤྱོད་ཚུལ་ལྷུར་བཞེས་པ་ཞིག་ཡིན་པའི་རྐྱེན་གྱིས་ཁོང་གི་དུས་རྒྱུན་རིག་གནས་གསན་བསམ་དང༌། གཞན་ལ་འཆད་སྤེལ་བྱེད་པའི་བརྟུལ་ཞུགས་བཟུང་བ་ལས་སྲིད་འབྱོར་དར་སྤེལ་གྱི་ཕྱོགས་ལ་ཐུགས་ཆེན་ཆེར་མེད་པ་སོགས་ཀྱིས་རིམ་བཞིན་བག་ལ་ཞ་བ་ལྟ་བུར་གྱུར་པ་དེ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་རྒྱུད་པ་དང་བཅས་པས་ལྐོག་ནས་རང་གི་སྲིད་འབྱོར་འཕེལ་རྒྱས་གཏོང་བར་ཕན་ཡོད་ཀྱི་ཆ་རྐྱེན་ཐོབ་པ་ཡིན།

    ལྷག་པར་དུ་དེ་བས་གལ་ཆེ་བ་ཞིག་ནི་ཆབ་སྲིད་ཐོག་ཀརྨ་ཆོས་དབྱིངས་རྡོ་རྗེས་གཙང་པ་ཕུན་ཚོགས་རྣམ་རྒྱལ་ལ་དབུས་གཙང་བདག་པོའི་ལུང་གནང་སྟེ་ཤེལ་དམ་དམར་ནག སྐྱ་དར་རྒྱ་གླིང་སོགས་ཆེ་བ་མཚོན་པའི་རྟགས་ཅན་དང་བཅས་དབུས་གཙང་གི་བདག་པོར་ཤེས་སུ་བཅུག་པ་དང༌། ཀརྨ་བསྟན་སྐྱོང་དབང་པོར་ཡང་དེ་ལྟ་བུའི་ལུང་ཐོབ་པར་བརྟེན་དུས་སྐབས་དེའི་ཚེ་ཆབ་སྲིད་ཐོག་ནས་གཙང་པར་སུས་ཀྱང་འགྲན་མི་ཕོད་པར་གྱུར་ཅིང༌། དེ་བཞིན་གཙང་པས་སྲིད་དབང་སྐྱོང་ལུགས་ཀྱི་སྟེང་སྔར་ཕག་མོ་གྲུ་པ་དང༌། ཚལ་པ་སྡེ་སྲིད་སོགས་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔའི་ཐོག་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བསྣན་པས་ཞལ་ལྕེ་བཅུ་དྲུག་ཏུ་གཏན་ལ་ཕབ་དང༌། འབྲུ་རིགས་གཤོལ་འཇལ་གྱི་ཚད་གཞི་བར་སྐབས་གཅིག་གྱུར་མེད་པ་དེ་གཏན་ཚིགས་ཁ་རུ་ཟེར་བའི་མཁར་འབོའི་ཚད་གཞི་གཅིག་གྱུར་བཟོས་པ་དང༌། གཞན་ཡང་གཙང་པའི་མཛད་ཆེན་ལྔ་ཞེས་སྒྲིག་སྲོལ་དོན་ཚན་ལྔ་གཏན་ལ་ཕབ་པ་སོགས་སྲིད་སྐྱོང་ཐབས་ཀྱི་བྱ་བ་མང་པོ་ལག་བསྟར་དུ་བཞེས་པ་བཅས་གཙང་པ་སྡེ་སྲིད་ཀྱིས་བོད་ཁམས་ཡོངས་ལ་དབང་མཛད་ཐུབ་པ་ཡིན་སྙམ་མོ།།       ༦༩༽ དྲི་བ། ཞིང་པ་ཤག་པར་སྲས་ཇི་ཡོད་དེ་དག་གིས་བོད་ལ་མངའ་དབང་བསྒྱུར་ཚུལ་དང༌། གཙང་པའི་མཛད་ཆེན་ལྔར་གྲགས་པ་གང་ཡིན་ནམ།

    ལན། གཙང་པ་རྒྱལ་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་སྲས་དགུ་ཡོད་པའི་ནང་གི་ཀརྨ་མཐུན་སྟོབས་རྣམ་རྒྱལ་དང༌། ཀརྨ་ཀུན་སྤངས་ལྷ་དབང་རྡོ་རྗེ། ཀརྨ་བསྟན་སྲུང་དབང་པོ་གསུམ་གྱིས་གཙང་ཕྱོགས་ལ་མངའ་དབང་བསྒྱུར་བ་ཡིན། དེ་ཡང་ལྷ་དབང་རྡོ་རྗེས་བསམ་འགྲུབ་རྩེ་བཟུང་བ་དང༌། ཀརྨ་བསྟན་སྲུང་དབང་པོས་པ་སྣམ་ནོར་བུ་ཁྱུང་རྩེ་བཟུང༌། ལྷ་དབང་རྡོ་རྗེ་འདས་རྗེས་བསྟན་སྲུང་གི་ཚབ་མཛད་ཅིང་དེ་དག་གིས་གཙང་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་མངའ་འོག་ཏུ་ཚུད་པར་མཛད་པ་ཡིན།

    ལྕགས་ཕག་སྤྱི་ལོ་ ༡༦༡༡ ལོར་ཀརྨ་བསྟན་སྲུང་དབང་པོའི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་གཙང་གི་སྡེ་སྲིད་དུ་བསྡད་པ་ནས་སྡེ་སྲིད་གཙང་པ་ཞེས་གྲགས། དེ་ནས་བྱི་གླང་སྡེ་གཟར་ཞེས་བྱ་བ་སྟེ་སྤྱི་ལོ་ ༡༦༡༢ ཆུ་བྱི་ལོ་དང༌། སྤྱི་ལོ་ ༡༦༡༣ ཆུ་གླང་ལོར་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་གི་སྦྱོར་བར་བརྟེན་ནས་དབུས་ཕྱོགས་འཕན་པོ་དང༌། གཞིས་ཀ་སྣེའུ་སོགས་བླངས་ཏེ་གཙང་པས་དབུས་གཙང་ཡོངས་ལ་གཞི་རྩའི་ཐོག་ནས་དབང་བསྒྱུར་བྱས་ཤིང༌། སྤྱི་ལོ་ ༡༦༡༢ དང༌། ༡༦༡༣ ལོར་ཁོང་གིས་མངའ་རིས་རྒྱལ་པོ་དང༌། ལྷོ་པ་དང་བྱང་པ་རྣམས་ལ་དམག་དྲངས་ནས་མངའ་འོག་ཏུ་བཅུག་པ་དེ་ལ་བྱི་གླང་སྡེ་གཟར་ཞེས་གྲགས། ཁོང་ཀརྨ་པར་ཤིན་ཏུ་དད་ཅིང་ཀརྨ་ཆོས་དབྱིངས་རྡོ་རྗེར་དབུས་གཙང་གི་བདག་པོའི་བཀའ་ཤོག་དང་ཐམ་ག་གནང༌། ཇོ་ནང་ཏ་ར་ན་ཐཱ་ཡང་བླ་མར་བརྟེན། ས་རྟ་སྤྱི་ལོ་ ༡༦༡༨ ལོར་དཔུང་དམག་ཁྲི་ལྷག་དྲངས་ཏེ་དབུས་སུ་སླེབས་ནས་གྲོང་སྡེ་མང་པོ་བླངས། ལྕགས་སྤྲེལ་སྤྱི་ལོ་ ༡༦༢༠ ལོར་ཀརྨ་བསྟན་སྐྱོང་དབང་པོས་བོད་ཀྱི་སྲིད་ལ་མངའ་དབང་བསྒྱུར་ཏོ།།

    གཙང་སྟོད་རྒྱལ་པོའི་རྣམ་ཐར་དུ་གཙང་པའི་མཛད་ཆེན་ལྔར་གྲགས་པ་ནི་གཡུ་ཡི་ཕྲེང་བ་ལྟར་བཀོད་ན། སངས་རྒྱས་བསྟན་པའི་ཆེ་བ་འདེགས་པའི་ཕྱིར་སྡེ་སྲིད་ཀྱི་སེར་མོ་བའི་ཕྱག་འཚལ་མི་བཞེས་པ་དང༌། གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་རྣམས་གཞིས་ཀ་བསམ་གྲུབ་རྩེར་གདན་དྲངས་ནས་ལོ་རེ་སེར་ཚོགས་ཐེངས་གསུམ་རེ་འཚོགས་པར་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུ་བ་དང་གཅིག མངའ་འབངས་ཀྱི་འཚོ་ཚིས་ཆེད་ཁྲིམས་སྲོལ་གའུ་ལི་ཆེན་མོ་བསྒྲིགས་ཏེ་ཆབ་འབངས་བདེ་བར་འཁོད་ཐུབ་པའི་ཐབས་ལམ་ལག་བསྟར་བྱེད་པ་དང་གཉིས། མངའ་འབངས་དབུགས་ངལ་གསོ་བའི་ཕྱིར་བརྒྱ་ཚོ་ཁག་ལོ་རེས་བསྐོར་གྱིས་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་སྒྲུབ་རྒྱུགས་མ་དགོས་པའི་དར་རྒན་གྱི་ལུང་བཏང་སྟེ་ཁྲལ་འུལ་ཡང་བཟོས་གཏོང་བ་དང་གསུམ། ཆོ་འཕྲུལ་དུས་ཆེན་ནས་ཟླ་བཅུའི་བར་རི་དྭགས་རྔོན་རྒྱག་བྱེད་མི་ཆོག་པའི་རི་རྒྱ་ཀླུང་རྒྱ་བསྡོམས་པ་དང་བཞི། ས་ཐག་རིང་པོ་ནས་ལྷ་སར་ཇོ་ཤག་རྣམ་གཉིས་ཀྱིས་མཚོན་པའི་གནས་རྟེན་མཇལ་དུ་ཡོང་མི་བཟང་འགྲུལ་བ་རྣམས་ཀྱི་མི་ཁལ་ལ་སྲུང་སྐྱོབ་དང༌། རྫོང་གཞིས་ཁག་ནས་གསོ་ཆས་སྦྱིན་པ་དང༌། ཁོང་ཚོར་གནོད་འཚེ་མི་ཆོག་པ་བྱམས་བརྩེས་སྐྱོང་དགོས་པ་བཅས་ཡིག་ལམ་དུ་གཏན་འབེབས་གསལ་པོར་བྱས་པ་དང་ལྔ་རྣམས་སོ།།

    ༧༠༽ དྲི་བ། ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་གཙང་པ་དང་རི་བོ་དགེ་ལུགས་པའི་བར་མི་མཐུན་པའི་འཐབ་རྩོད་བྱུང་ཚུལ་ཇི་ལྟར་ཡིན་ནམ།

    ལན། ཕག་གྲུའི་སྲིད་དབང་ཉམས་རྗེས་བོད་དབུས་གཙང་གཉིས་སུ་དེ་སྐབས་ཡར་སྐུ་གཙང་གསུམ་མངའ་ཐང་རྒྱས་སྐབས་ཡིན་ལ། དེའི་ནང་ནས་ཀྱང་གཙང་པ་ནི་འགྲན་ཟླ་མེད་ཅིང༌། འདི་དག་ཚང་མ་བཀའ་བརྒྱུད་པའི་སྦྱིན་བདག་ཡིན་ལ། དེ་ལས་གཞན་ཅུང་སྟོབས་ཆེ་བ་སྡེ་པ་ལྷ་རྒྱ་རི་བ་དང་སྡེ་པ་སྐྱིད་ཤོད་པ་གཉིས་ནི་དགེ་ལུགས་པའི་སྦྱིན་བདག་གི་གཙོ་བོ་ཡིན་སྟབས་རབ་བྱུང་བཅུ་པའི་ཤིང་སྦྲུལ་སྤྱི་ལོ་ ༡༦༠༥ ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་འབྲི་གུང་པ་མཉམ་འབྲེལ་གྱིས་དམག་བསྐུལ་ནས་དགེ་ལུགས་པའི་སྦྱིན་བདག་སྡེ་པ་སྐྱིད་ཤོད་པ་བཅོམ་ཞིང་དཔོན་དམག་མང་པོ་བསད།

     དུས་ཕྱིས་བསྟན་སྲུང་དབང་པོའི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་རིང་སྟེ་ཆུ་བྱ་སྤྱི་ལོ་ ༡༦༡༢ ལོར་ྋརྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་མི་ཆོག་པ་སོགས་མི་འོས་པ་སྣ་ཚོགས་བཟོས་ལ། དེའི་ལན་དུ་དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་སྡེ་པ་བསོད་ནམས་རྣམ་རྒྱལ་ཕྱོགས་གཏོགས་དང་བཅས་པས་ཁལ་ཁ་ཆོ་ཁར་དཔོན་དང་འབྲེལ་ནས་མེ་སྦྲུལ་སྤྱི་ལོ་ ༡༦༡༧ ལོར་དབུས་དམག་དང་ལྷན་དུ་ཀརྨ་ཕུན་ཚོགས་རྣམ་རྒྱལ་སོགས་ལ་ཕར་རྒོལ་གང་ཐུབ་བྱས་ཤིང༌། དེའི་ཕྱི་ལོ་ས་རྟ་སྤྱི་ལོ་ ༡༦༡༨ ལོར་གཙང་པ་སྡེ་སྲིད་ཕུན་ཚོགས་རྒྱལ་གྱིས་དཔུང་དམག་ཆིག་ཁྲི་ལྷག་འཁྲིད་ནས་དབུས་ཕྱོགས་ཀྱི་གྲོང་སྡེ་གལ་ཆེ་བ་མང་པོ་བླངས། སྐབས་འདི་དུས་ཤིག་ཏུ་བོད་ཡོངས་ལ་དབང་བསྒྱུར་ཐུབ་པའི་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་ཡང་དངོས་སུ་བཙུགས་པ་ཡིན།

    དེ་ནས་ལོ་འདི་གའི་ཧོར་ཟླ་བདུན་པའི་ནང་སེར་དམག་དང་དབུས་དམག་གིས་གཙང་རྒྱལ་གྱི་དམག་དང་འཐབ་འཁྲུག་དྲག་པོ་བྱས་མཐར་སེར་དམག་རྣམས་ཕམ་ནས་སེ་འབྲས་ཀྱི་གྲྭ་པ་ཚང་མ་མཚོ་སྔོན་ཕྱོགས་སུ་བྲོས་རྩིས་ཀྱིས་སྟག་ལུང་དུ་འབྱོར་མཚམས་སྟག་ལུང་ཁྲི་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་གཙང་པ་རྒྱལ་པོར་སེ་འབྲས་རང་འཇགས་སུ་གནས་ཆོག་པར་ཞུས་པ་ལྟར་ཁས་བླངས་རྗེས་གྲྭ་པ་རྣམས་སླར་ལོག དེ་ནས་སེ་འབྲས་གཉིས་ཀྱིས་གཙང་པ་སྡེ་སྲིད་ལ་ཆིངས་དངུལ་འབོར་ཆེན་སྤྲོད་དགོས་བྱུང་བར། ྋགོང་ས་ལྔ་པ་ཆེན་པོའི་ཕྱག་མཛོད་བསོད་ནམས་རབ་བརྟན་ནམ་སྡེ་སྲིད་བསོད་ནམས་ཆོས་འཕེལ་གཙང་པ་རྒྱལ་པོའི་སར་སོང་ནས་འདིར་ཆིངས་དངུལ་འབུལ་རྒྱུ་མི་འདང་བས་ཆོས་འཁོར་རྒྱལ་དུ་སྐུ་གོང་མའི་མཛོད་ཁང་མཆིས་པས་དེར་འགྲོ་དགོས་ཞུས་པ་ལྟར་དགོངས་འཁྲོལ་བྱུང་བ་དང་བསྟུན་གསང་ཐབས་ཀྱིས་མཚོ་སྔོན་ཕྱོགས་སུ་ཕེབས་ཤིང༌། གནས་བབ་དེར་མཚོ་སྔོན་གྱི་དཔོན་རིགས་གུ་རུ་ཧོང་ཐའི་ཇི་དང༌། ཧོང་ཇིང་གིར་རྒྱལ་པོའི་གདུང་རྒྱུད་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་ལ་གཙང་པ་རྒྱལ་པོས་དགེ་ལུགས་པའི་གདན་ས་དང༌། ཆོས་བྱེད་སྐྱེས་བུ་རྣམས་ལ་གནོད་འཚེ་གཏོང་ལུགས་སྐོར་སྙན་སྒྲོན་ཞུས་ནས་དགེ་ལུགས་པའི་དོན་དུ་དམག་རོགས་ཞུས། དེ་ནས་ཅུང་མ་འགོར་བར་གཙང་རྒྱལ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་འདས།

    རབ་བྱུང་བཅུ་པའི་ཆུ་བྱི་སྤྱི་ལོ་ ༡༦༡༢ ལོ་དང༌། དེའི་ཕྱི་ལོ་སྟེ་ཆུ་གླང་སྤྱི་ལོ་ ༡༦༡༣ ལོ་གཉིས་ཀར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་སྟོབས་ལ་བརྟེན་ནས་དབུས་ཕྱོགས་ཀྱི་འཕན་པོ་དང་གཞིས་ཀ་སྣེའུ་སོགས་བླངས་ཏེ་དབུས་གཙང་གི་ཡུལ་གྲུ་སྤྱི་ལ་གཞི་རྩའི་ཐོག་ནས་དབང་བསྒྱུར་ཐུབ་པ་བྱུང་ཞིང༌། ྋརྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་བཟོས་པ་སོགས་ལ་བོད་ཀྱི་ལོ་རྒྱུས་ཐོག་བྱི་གླང་སྡེ་གཟར་ཟེར་རོ།།

    ༧༡༽ དྲི་བ། གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོའི་སྐབས་རིམ་བཞིན་དགེ་ལྡན་པ་དང་མི་མཐུན་པའི་དམག་འཁྲུག་བྱུང་ཚུལ་ཇི་ལྟར་ཡིན།

    ལན། སྲས་ཀརྨ་བསྟན་སྐྱོང་དབང་པོ་ལྕགས་སྤྲེལ་སྤྱི་ལོ་ ༡༦༢༠ ལོར་བོད་ཡོངས་ཀྱི་བདག་པོར་བསྐོས་ཤིང༌། ཕྱི་ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། བློ་བཟང་བསྟན་འཛིན་གཉིས་ཀྱིས་སོག་དམག་གཉིས་སྟོང་ལྷག་འཁྲིད་ནས་དབུས་སུ་འབྱོར་བ་དང་སྡེ་པ་སྐྱིད་ཤོད་པའི་དམག་དང་ལྷན་དུ་བསྡེབས་ཏེ་གཙང་པ་རྒྱལ་པོར་རྒོལ་ལན་སྤྲད་པར་གཙང་དམག་ཕམ་ཞིང་ཆུ་བཀག་བཏང༌། སྐབས་འདི་དུས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། དགའ་ལྡན་ཁྲི་པ་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་ཀྱིས་ཞི་ཆིངས་མཛད་དེ་སྔར་གཙང་པ་སྡེ་སྲིད་ཀྱིས་འཕྲོགས་པའི་སེ་འབྲས་དགའ་གསུམ་གྱི་མཆོད་གཞིས་རྣམས་སླར་སྤྲོད་རྒྱུ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་འབྲས་སྤུངས་ཕོ་བྲང་དུ་སྡོད་ཆོག་པ། སྡེ་པ་སྐྱིད་ཤོད་པར་འཕན་མཁར་རྩེ་རྫོང་སྤྲོད་རྒྱུ། བདེ་ཆེན་གསང་སྔགས་མཁར་སོགས་དབུས་གཙང་གི་དགེ་ལུགས་པའི་དགོན་པ་དག་ཏུ་ཆོས་ལུགས་བསྒྱུར་བ་སྐྱར་གསོ་བྱེད་པ་དང༌། ྋརྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་ཆོག་པ་སོགས་མཛད་དོ།།

    གནས་བབ་དེ་དུས་ཤིག་ཏུ་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་སླར་ཡང་རང་གི་སྲིད་བརྟན་པའི་ཕྱིར་དུ་དགེ་ལུགས་པའི་ཆོས་ལ་མི་མོས་པ་ཆ་ཧར་ཚོ་པ་བརྒྱད་ཀྱི་འགོ་དཔོན་ལེན་ཏན་རྒྱལ་པོ་དང༌། ཁམས་ཁུལ་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་གཉིས་ལ་འབྲེལ་བ་བཙུགས་ཤིང༌། དེ་གཉིས་ཀྱིས་སྐབས་དེར་མཚོ་སྔོན་དང་ཁམས་ཁུལ་གྱི་དགེ་ལུགས་པ་སོགས་ཀྱི་བླ་མ་ཆེ་ཁག་མང་པོ་དམར་གསོད་གཏོང་བ་དང༌། དཔུང་དམག་ལྷ་སར་ཡོང་བ་ཤེས་རྗེས་རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ་ ༡༦༣༤ ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་དེ་འཕྲལ་ཕོ་ཉ་མངགས་ནས་གོ་ཤྲི་ཧན་ལ་དམག་རོགས་བཅོལ། ལོ་འདི་གར་ཆ་ཧར་ལེན་ཏན་རྒྱལ་པོས་གཙང་པ་སྡེ་སྲིད་ཀྱི་གྲོགས་སུ་དམག་བཏེགས་ནའང་ལམ་བར་ནས་རྒྱལ་པོ་འདས་པས་གཙང་པར་ཕན་ཐོགས་མ་བྱུང་ངོ༌།།

    དེ་ནས་ཕྱི་ལོ་ཤིང་ཕག་སྤྱི་ལོ་ ༡༦༣༥ ལོར་ཧལ་ཧ་ཚོ་བདུན་གྱི་དཔོན་པོ་ཆོག་ཐུ་བྱ་བ་ཧལ་ཧ་ནང་འཁྲུག་གི་རྐྱེན་གྱིས་མཚོ་སྔོན་དུ་ཐོན་པ་དགེ་ལུགས་པའི་ཕྱོགས་ལ་ཧ་ཅང་སྡང་བ་ཞིག་ཡོད་པ་དེའི་སྲས་ཨར་ས་ལང་གིས་གཙང་རྒྱལ་གྱི་གདན་ཞུས་ལྟར་དམག་ཁྲི་གཅིག་ཙམ་འཁྲིད་ནས་བོད་དུ་བསྐྱོད་པའི་གནས་ཚུལ་གུ་ཤྲི་ཧན་གྱིས་ཐོས་རྗེས་དཔོན་གཡོག་ཉུང་བསྡུས་ཚོང་པའི་ཚུལ་གྱིས་འོང་བ་ཨར་ས་ལང་དང་འཕྲད་དེ་དགེ་ལུགས་པར་གནོད་པ་བྱེད་མི་རུང་བའི་རྒྱུ་མཚན་བཤད་པས། ཨར་ས་ལང་གིས་གཙང་ལ་རོགས་མ་བྱས་པ་མ་ཟད། ྋརྒྱལ་དབང་ལྔ་པ་ཆེན་པོར་མཇལ་ནས་ཆོས་འབྲེལ་ཞུས། དེའི་རྐྱེན་གྱིས་ཀརྨ་ཞྭ་དམར་པས་ཆོག་ཐུ་ལ་བུའི་གནས་ཚུལ་ཡིག་ལམ་ནས་ཞུས་པའི་མཐར་ཨར་ས་ལང་རང་ཉིད་ཀྱི་བློན་པོ་ཐའི་ཆང་གིས་ལྐོག་གསོད་བཏང་བ་ཡིན།

    དུས་ཕྱིས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ལྐོག་ནས་གུ་ཤྲི་ཧན་དང་དམག་སྲིད་ཀྱི་གྲོས་བསྡུར་བྱས་ཤིང༌། རིམ་གྱི་གུ་ཤྲི་ཧན་རང་ཉིད་ཕྱིར་ལོག་སྟེ་དཔུང་འབོར་ཆེན་ཞིག་མཚོ་སྔོན་དུ་དྲངས་ནས་ཆོག་ཐུའི་དམག་ཕལ་མོ་ཆེ་རྩ་མེད་དུ་བཏང༌། ས་ཡོས་སྤྱི་ལོ་ ༡༦༣༩ ལོར་བེ་རི་བཅོམ་ཞིང་ས་འགོ་དོན་ཡོད་རྡོ་རྗེ་བསད་ནས་ཡུལ་གྲུ་མང་པོ་བཟུང༌། དེ་ལྟར་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོ་ནས་སོག་དམག་གིས་གཙང་པ་སྡེ་སྲིད་ཆམ་ལ་ཕབ་སྟེ་བོད་སྲིད་དབང་ྋརྒྱལ་མཆོག་ལྔ་པ་ཆེན་པོར་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་སོ།།        སྤྱིར་གཙང་རྒྱལ་གྱི་ཐོག་མ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང༌། གཉིས་པ་ཕུན་ཚོགས་རྣམ་རྒྱལ། གསུམ་པ་ཀརྨ་བསྟན་སྐྱོང་དབང་པོ་ཡིན་པར་བཤད་ཀྱང༌། དེང་དུས་ཡོངས་གྲགས་སུ་རྒྱུགས་ཆེ་བ་ནི་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་རིང་སྟེ་རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་ ༡༦༡༨ ལོ་ནི་བོད་ཁམས་ལ་དབང་མཛད་པའི་ཐོག་མར་བགྲང་བཞིན་ཡོད་པའི་ལུགས་གཞིར་བྱས་ན། ལོ་ངོ་ཉེར་བཞི་ཙམ་ལ་མཛད་པར་གྲགས་སོ།།

    ༧༢༽ དྲི་བ། གཙང་པའི་སྲིད་དབང་ཉམས་ཚུལ་ཇི་ལྟར་ཡིན་དང༌། དབུས་སོག་གཙང་པའི་དབར་དམག་འཐབ་བྱུང་ཚུལ་བཅས་ཇི་ལྟར་ཡིན་ནམ།

    ལན། སྡེ་པ་ཕུན་ཚོགས་རྣམ་རྒྱལ་གྲོངས་རྗེས་ཁོང་གི་སྲས་ཀརྨ་བསྟན་སྐྱོང་དབང་པོས་ཕ་ཤུལ་བུ་འཛིན་གྱི་ལས་འཁུར་བླངས། ཁོང་ནི་ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་བར་གྲགས་ཤིང༌། དགོན་སྡེ་འགའ་ཤས་ལ་ཆོས་གཞིས་དང་སྐུ་གསུང་ཐུགས་རྟེན་མང་ཙམ་བཞེངས་པར་མཛད། འོན་ཀྱང་ཆོས་ལུགས་ཀྱི་འཐེན་འཁྱེར་དབང་གིས་རི་བོ་དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་སྡང་ཞིང༌། ཁྱད་པར་བཀྲ་ཤིས་ལྷུན་པོ་ས་ཐག་ཉེ་བས་གནོད་ཚབ་ཆེ༑ ྋརྒྱལ་མཆོག་ལྔ་པ་ཆེན་པོའི་ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་བཙོན་དུ་བཟུང་ནས་བཙོན་ཞབས་སུ་སྐུ་གཤེགས། སེ་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་རྩིས་དང༌། ལྷ་ལྡན་སྨོན་ལམ་ཆེན་མོ་འགོག་ཐབས་བྱས་ཤིང༌། གཞིས་ཀ་བསམ་གྲུབ་རྩེར་བཀྲ་ཤིས་ལྷུན་པོའི་ཁ་གནོན་དུ་བཀར་དགོན་ཁམས་གསུམ་བཀྲ་ཤིས་ཟིལ་གནོན་བྱ་བ་གསར་དུ་བཏབ་མོད་ཀྱང་ཡུན་རིང་དུ་གནས་པ་མ་བྱུང༌། སྐབས་དེར་དབུས་ཕྱོགས་སུ་སོག་པོ་ཆོ་འཁུར་བའི་འགྲུལ་པ་ཁྱོན་ཆེ་འབྱོར་པ་དེ་ཚོས་ཀརྨ་པའི་མཛོ་ཁྱུ་ཇག་འདེད་བྱས་པའི་རྐྱེན་གྱིས། སྤྱི་ལོ་ ༡༦༡༨ ལོར་གཙང་དམག་ཁྱོན་ཆེ་དབུས་ཕྱོགས་སུ་ལྷགས་ཏེ། སེ་འབྲས་སོགས་ཡུལ་སྡེ་ལ་གཏོར་བཅོམ་ཚད་མེད་བྱས། ལྷག་པར་དུ་སྡེ་པ་གཙང་པས་སོག་པོ་ཆོག་ཐུ་དཔོན་དང་མདོ་སྟོད་བེ་རི་དཔོན་ལ་འབྲེལ་བ་བྱས་པའི་གླེང་འཕྲོས་བཅས་ཀྱིས། ནམ་ཞིག་ན་ྋརྒྱལ་དབང་ལྔ་པའི་ཕྱག་མཛོད་སྡེ་སྲིད་བསོད་ནམས་ཆོས་འཕེལ་དུ་གྲགས་པ་དེ་ཉིད་དགེ་ལྡན་པའི་ཕྱོགས་ལ་སྡང་ཟུག་ཆེ་དྲགས་པ་མ་བཟོད་པར་རི་བོ་དགེ་ལུགས་པའི་སྦྱིན་བདག་སྟག་རྩེ་པ་ཡབ་སྲས་བཀའ་འགྲོས་ཀྱིས་སོག་པོ་ཨོ་རོད་ཚོ་པ་བཞི་ལ་སྐྱབས་རོགས་ཞུས་ཏེ་སྨད་ནས་སོག་དམག་བསྐུལ་བས། རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་སྤྱི་ལོ་ ༡༦༤༡ པར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དཔུང་དམག་སྨད་ནས་གཡོས་ཏེ་ཐོག་མར་མདོ་ཁམས་ཀྱི་ཕྱོགས་ཐམས་ཅད་དབང་དུ་བསྡུས་ཤིང༌། བོན་ལུགས་བེ་རི་རྒྱལ་པོ་བཟུང་ནས་བསད་པ་སོགས་བྱས་སོ།།

    དེ་ནས་རིམ་པར་གཙང་པའི་མངའ་ཐང་ལྷག་མེད་དུ་བཅོམ། དེ་སྐབས་ཀརྨ་པའི་ཞབས་འབྲིང་ལས་བྱེད་པས་གཙང་པའི་དཔུང་གྲོགས་སུ་ཀོང་དམག་བཏང་ནས་གཙང་པར་ནང་ཡིག་བསྐུར་བའི་ཡིག་ཁྱེར་བ་སོག་པོས་རྩད་ཆོད་ནས་འཛིན་བཟུང་བྱས། དེས་སོག་པོའི་དམག་དཔོན་ཁྲོས་ཏེ་བཀའ་བརྒྱུད་པའི་རིགས་མིག་གིས་མཐོང་སར་འཇོག་རེ་ཞེས་གནའ་བོར་ཏེ། ཤར་ཕྱོགས་དྭགས་ཀོང་ནས་བྱང་བརྒྱུད་ཚུན་ཆད་ཀྱི་བཀའ་བརྒྱུད་པ་ཡོད་དོ་ཅོག་གི་བསྟན་སྲིད་ལ་གནོད་སྐྱོན་ཆེན་པོ་བྱུང་ཞིང༌། བཀའ་བརྒྱུད་པའི་དགོན་པ་ཕལ་ཆེར་དགེ་དགོན་དུ་བསྒྱུར་བ་སོགས་བྱས་པས་ཀརྨ་པའང་རེ་ཞིག་ཕྱོགས་མཐར་བྱོལ་དགོས་བྱུང་ངོ༌།།

    དེ་ལྟར་གུ་ཤྲིར་ཁཱང་གི་དམག་གིས་སྤྱི་ལོ་ ༡༦༤༢ ལོར་སྡེ་པ་གཙང་པའི་སྲིད་དབང་ཡོངས་སུ་འཕྲོག་ནས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་རྫོགས་སོག་པོས་དབང་དུ་བསྡུས། ྋརྒྱལ་མཆོག་སྐུ་ཕྲེང་ལྔ་པ་བོད་ཡུལ་ཧྲིལ་པོའི་ཆོས་སྲིད་ཀྱི་བདག་པོར་མངའ་གསོལ་ནས། གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཐོག་མར་དབུ་བརྙེས། གུ་ཤྲིར་ཁཱང་ལ་ྋརྒྱལ་མཆོག་ལྔ་པ་ཆེན་པོས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཆོ་ལོ་དང༌། ཐམ་ག་བཅས་སྩལ། དེ་ལྟར་རབ་བྱུང་དགུ་པའི་ཤིང་གླང་སྤྱི་ལོ་ ༡༥༦༥ ནས་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲུལ་སྤྱི་ལོ་ ༡༦༤༡ བར་ལོ་གྲངས་བདུན་ཅུ་དོན་བདུན་རིང་གཙང་པ་མི་རབས་གསུམ་གྱིས་བོད་ཁམས་ཀྱི་སྲིད་བསྐྱངས་ཤིང་དེ་ནས་གཙང་པའི་སྲིད་དབང་རིམ་བཞིན་ཉམས་ཏེ་དགའ་ལྡན་ཕོ་བྲང་གིས་བོད་ཁམས་ཡོངས་ལ་དབང་བསྒྱུར་ཏོ།།

    ༧༣༽ དྲི་བ། བོད་ཀྱི་ལོ་རྒྱུས་ཐོག་བྱི་གླང་སྡེ་གཟར་ཞེས་གྲགས་པའི་ནང་དོན་གང་ཡིན་དང༌། བྱི་གླང་སྡེ་གཟར་ལ་མཐའ་འབྲས་གང་ཞིག་བྱུང་ངམ།

    ལན། དེ་ཡང༌། རབ་བྱུང་བཅུ་པའི་ཆུ་བྱི་སྤྱི་ལོ་ ༡༦༡༢ ལོ་དང༌། དེའི་ཕྱི་ལོ་སྟེ་ཆུ་གླང་སྤྱི་ལོ་ ༡༦༡༣ ལོ་གཉིས་ཀར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་དམག་དཔུང་བཏང་སྟེ་འཕན་པོ་དང༌། གཞིས་ཀ་སྣེའུ་སོགས་བླངས་ནས་བོད་ཡོངས་ལ་དབང་བསྒྱུར་རྗེས་ྋརྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་མི་ཆོག་པ་བཟོས་པ་སོགས་ལ་བོད་ཀྱི་ལོ་རྒྱུས་སྟེང་བྱི་གླང་སྡེ་གཟར་ཞེས་གྲགས་སོ།།

    དེའི་ལན་དུ་དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་སྡེ་པ་བསོད་ནམས་རྣམ་རྒྱལ་གྱིས་ཁལ་ཁ་ཆོ་ཁུར་དཔོན་པོ་སྤུན་མཆེད་གཉིས་ལ་དགེ་ལུགས་པར་རྒྱབ་སྐྱོར་གྱིས་གཙང་པར་དམག་རྒྱག་དགོས་པའི་རེ་སྐུལ་ལྟར་མེ་སྦྲུལ་སྤྱི་ལོ་ ༡༦༡༧ ལོར་ཁལ་ཁ་ཆོ་ཁུར་དཔོན་གྱི་དམག་དཔུང་ཆིག་ཁྲི་ཙམ་ལྷ་སར་བཏང་ནས་རྒོལ་ལན་བསློགས་ཏེ་སེ་འབྲས་གཉིས་དམག་གིས་གཏོར་ཞིང༌། རྒྱབ་རིའི་ངོས་མི་གྲངས་ལྔ་སྟོང་ཙམ་བསད། སེ་འབྲས་གཉིས་ཀྱི་གྲྭ་པ་ཚང་མ་མཚོ་སྔོན་དུ་བྲོས་རྩིས་ཀྱིས་སྟག་ལུང་དུ་འབྱོར་སྐབས་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་སེ་འབྲས་ཀྱི་གྲྭ་པ་སྟོང་ཚོ་ཁ་ཤས་ལ་ཟླ་བ་བཞི་ཙམ་འཚོ་བ་སྦྱར་ཐོག་གཙང་པ་རྒྱལ་པོར་སེར་འབྲས་ཀྱི་ཀྱི་གྲྭ་པ་རྣམས་རང་གནས་སུ་བསྡད་ཆོག་པའི་རྒྱུ་མཚན་གསུངས་པ་གཙང་པ་རྒྱལ་པོས་ཁས་བླངས་པས་སེ་འབྲས་ཀྱི་གྲྭ་པ་རྣམས་རང་གནས་སུ་ལོག་གོ།

    དབུས་སོག་ཕམ་ཐོག་སེ་འབྲས་ནས་གཙང་པ་རྒྱལ་པོར་ཆིངས་དངུལ་འབོར་ཆེན་སྤྲོད་དགོས་སྟབས། དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་ཆོས་འཁོར་རྒྱལ་དུ་འགྲོ་ཁུལ་གྱིས་མཚོ་སྔོན་གྱི་གུ་རུ་ཧོན་ཐའི་ཇི་དང་བློ་བཟང་བསྟན་འཛིན་སྤུན་མཆེད་གཉིས་ལ་དམག་རོགས་ཞུས། རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་སྤྱི་ལོ་ ༡༦༣༡ ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྲོངས་ཤིང༌། ཆུ་སྤྲེལ་སྤྱི་ལོ་ ༡༦༣༢ ལོར་ཀརྨ་བསྟན་སྐྱོང་དབང་པོས་གཙང་པ་རྒྱལ་པོའི་སྲིད་དབང་བཟུང༌། ཆུ་བྱ་སྤྱི་ལོ་ ༡༦༣༣ ལོར་ཕྱག་མཛོད་བསོད་ནམས་ཆོས་འཕེལ་དང་སོག་པོ་ལྷ་བཙུན་ཆུང་བ་བློ་བཟང་བསྟན་འཛིན་གཉིས་ཀྱི་སོག་པོའི་རྟ་དམག་ཉིས་སྟོང་ཙམ་ཁྲིད་ནས་དབུས་ཀྱི་སྡེ་པ་སྐྱིད་ཤོད་པའི་དམག་དཔུང་དང་མཉམ་འབྲེལ་གྱིས་གཙང་པ་རྒྱལ་པོར་རྒོལ་ལན་སྤྲོད་སྐབས་གཙང་དམག་ཕམ་ནས་རྐྱང་ཐང་སྒང་དང་ལྕགས་པོ་རིར་བྲོས་པར་ཆུ་བཀག་བཏང༌། སོག་པོའི་རྟ་དམག་གིས་གཙང་དམག་སྟེང་དུ་རྒྱུགས་ནས་མི་སྟོང་ཕྲག་མང་པོ་བསད། སླར་ཡང་རྟ་དམག་རྒྱུགས་གྲབས་བྱེད་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བཅས་ནས་འདུམ་འགྲིག་གནང་འབྲས་གཙང་དམག་ཁྲི་ཁྲག་གི་སྲོག་ཐར་བ་དང༌། དགའ་ལྡན་ཕོ་བྲང་ལ་ལྷ་ས་དང༌། ལྷ་སའི་ཤར་ངོས་རགས་མན་ཆད་ཀྱི་མཆོད་གཞིས་བདག་དབང་དང༌། ཕྱག་མཛོད་བསོད་ནམས་ཆོས་འཕེལ་འབྲས་སྤུངས་སུ་བཞུགས་ཆོག་པ། སེ་འབྲས་དགའ་གསུམ་གྱི་ཆོས་གཞི་སྔར་གཙང་པས་འཕྲོག་པ་རྣམས་རང་འཇགས་སོགས་བྱུང་ངོ༌།།

    རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་སྤྱི་ལོ་ ༡༦༤༡ ལོར་གོ་ཤྲི་ཧན་གྱི་དམག་དཔུང་མཚོ་སྔོན་ནས་ཐོན་ཏེ་བར་ཁམས་སུ་གཙང་པ་རྒྱལ་པོའི་མནའ་བཞག་བེ་རེ་ཚོ་པ་རྩ་གཏོར་བཏང༌། ཕྱག་མཛོད་བསོད་ནམས་ཆོས་འཕེལ་ནས་གོ་ཤྲི་ཧན་ལ་དམག་དཔུང་དབུས་སུ་ཡོང་དགོས་པའི་གསང་ཡིག་བཏང་དོན་བཞིན་གོ་ཤྲི་ཧན་གྱིས་སྨར་ཁམས་ནས་མཚོ་སྔོན་དུ་ལོག་ཁུལ་བྱས་པར་གཙང་པ་རྒྱལ་པོ་ལྷོད་གཡེང་སོང་བའི་སྐབས་དང་བསྟུན་ཏེ་གློ་བུར་དུ་དམག་དཔུང་དབུས་སུ་དྲངས་ཏེ་གཙང་པ་རྒྱལ་པོའི་དབང་བསྒྱུར་གཏོར། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་བཟུང་ནས་གཞིས་ཀ་སྣེའུར་བཙོན་བཅུག་སྟེ་འཚོ་རྟེན་ཞིག་སྤྲད་ནས་འཇོག་པ་ལས་སྲོག་སྐྱོན་གཏོང་རྩིས་མེད་ཀྱང༌། ཀརྨ་པའི་བླ་བྲང་གི་ཇ་མ་ཆོས་དབྱིངས་ཀྱི་ཨམ་ཕྲག་ནས་དགེ་ལུགས་པ་མེད་པ་བཟོ་རྒྱུའི་འཆར་གཞིའི་ཡི་གེ་ཞིག་ཐོན་པར་བརྟེན་གཙང་པ་རྒྱལ་པོ་ཀོ་བཏུམས་བརྒྱབ་སྟེ་གཞིས་ཀ་སྣེའུ་ནས་སྐྱིད་ཆུར་བསྐྱུར། ཆུ་རྟ་སྤྱི་ལོ་   ༡༦༤༢ ལོར་གུ་ཤྲི་ཧན་གྱིས་བོད་ཡོངས་ལ་དབང་བསྒྱུར་ཏེ་ྋརྒྱལ་དབང་ལྔ་པ་ཆེན་པོ་གཞིས་ཀ་རྩེར་གདན་དྲངས། བོད་ཀྱི་སྲིད་དབང་ཡོངས་རྫོགས་དང་གཙང་པ་རྒྱལ་པོའི་རྒྱུ་ནོར་རིན་ཅན་མང་པོ་ཕུལ་བ་དེ་ནས་བཟུང་དགའ་ལྡན་ཕོ་བྲང་གིས་བོད་ཁམས་ལ་མངའ་དབང་བསྒྱུར་བ་བཅས་དུང་དཀར་ཚིག་མཛོད་གཞིར་བཟུང་ནས་བཀོད་པའོ།།   །།

གཙང་པ་རྒྱལ་པོའི་བརྒྱུད་པས་བོད་ཁམས་ལ། །

མངའ་དབང་བསྒྱུར་ཅིང་མཛད་ཆེན་རྣམ་ལྔ་དང༌།  །

དབུས་དང་དགེ་ལྡན་གཉིས་ལ་དམག་སྣ་དྲངས། །

བྱི་གླང་སྡེ་གཟར་ལ་སོགས་མདོར་བསྡུས་སོ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།