དགའ་ལྡན་ཕོ་བྲང་པའི་སྐབས།

དགུ་པ། དགའ་ལྡན་ཕོ་བྲང་པའི་སྐབས།

སྤྱི་ལོ་ ༡༦༤༢ ནས་ ༢༠༡༠ བར་ལོ་ ༣༦༨། 

    ༧༤༽དྲི་བ། ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་ནས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་བཙུགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གང་དང་གང་ཡིན་ནམ།

    ལན། དེ་ཡང་ ༵༵བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ་ཀཀ གཞིར་བཟུང་ན། ཕག་གྲུའི་སྐབས་སུ་དགེ་ལུགས་པའི་བསྟན་པ་དར་བ་ནས་བཟུང་འདི་དུས་གཙང་པས་བོད་ལ་དབང་བསྒྱུར་མཛད་པ་ནས་བཀའ་བརྒྱུད་དང་དགེ་ལུགས་པའི་གྲུབ་མཐའི་བར་གྱི་འགལ་བ་ཇེ་ཆེར་གྱུར་ཅིང༌། ལྷག་པར་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་སྲིད་ཁྲིར་བཞུགས་རིང༌། གཙང་པ་སྡེ་སྲིད་དང་ཀརྨ་པ་མཆོད་ཡོན་དུ་འབྲེལ་ཏེ་ཆབ་སྲིད་ཐོག་ཞྭ་སེར་བསྟན་པར་དེ་བས་སྡང་ཟུག་དང་གཉའ་གནོན་གང་ཐུབ་བྱས་ཀྱང༌། སྤྱིར་སྐབས་དེར་མཚོན་ན་དགེ་ལུགས་པའི་བསྟན་པ་ནི་སྟོད་མངའ་རིས་དང༌། བར་དབུས་གཙང༌། སྨད་མདོ་ཁམས། སོག་ཡུལ་བཅས་ྋརྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་དང་ནང་སོག་ཨལ་ཐན་ཆོས་ཀྱི་རྒྱལ་པོ་མཆོད་ཡོན་དུ་འབྲེལ་ནས་ཨལ་ཐན་རྒྱལ་པོས་ྋརྒྱལ་དབང་མཆོག་ལ་བ¿་དྷ་ར་ཞེས་པའི་མཚན་གྱི་གཟེངས་བསྟོད་དང་འབྲེལ་བའི་གསེར་ཐམ་ཧོར་ཡིག་མ་དང༌། རྒྱ་དམ་བ¿་དྷ་ར་ཕུལ་ཏེ་སྤྱི་བོར་བཀུར་ནས་བཟུང་ཕྱི་ནང་གི་སོག་པོ་དང༌། རྒྱ་ནག་ཏུའང་སྙན་གྲགས་ཆེན་པོ་བྱུང༌། འོན་ཀྱང་གནས་བབ་དེར་སོག་པོ་ཚོ་ཆེན་ཞེ་དགུའི་ནང་གསེས་ཧལ་ཧ་ཚོ་པ་བདུན་གྱི་དཔོན་པོ་ཆོག་ཐུ་ཞེས་པ་ཧལ་ཧ་ནང་འཁྲུག་གི་རྐྱེན་གྱིས་སྡོད་མ་ནུས་པར་མཚོ་སྔོན་ཕྱོགས་ཡོང་ནས་དེར་དབང་བསྒྱུར་བྱེད་བཞིན་པ་དང༌། བར་ཁམས་ཁུལ་གྱི་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་གཉིས་སྔར་ནས་བོན་ཆོས་ཀྱི་སྦྱིན་བདག་ཡིན་པས་ཕན་ཚུན་གཞོགས་འདེགས་ཀྱིས་ནང་བསྟན་སྤྱི་དང༌། ལྷག་པར་དགེ་ལུགས་པར་ཤིན་ཏུ་མི་དགའ་བ་ཞིག་ལགས་སྟབས། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་བོད་ཁྱི་སྟེ་སྤྱི་ལོ་ ༡༦༣༤ ལོར་ཆོག་ཐུ་དང༌། བེ་རི་རྒྱལ་པོར་འབྲེལ་བ་ཆེས་ཟབ་བཙུགས་པས་གཙང་པར་རྒྱབ་སྐྱོར་གྱི་དཔུང་དམག་བོད་དུ་འབྱོར་རྒྱུའི་གྲོས་བཏབ་པ་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སྐྱིད་ཤོད་སྡེ་པ་གཉིས་ཀྱིས་གསན་རྗེས་འབྲས་སྤུངས་བསམ་བློ་ཁང་ཚན་གྱི་གྲྭ་པ་འགའ་རུ་ལོ་ཙཱ་བ་སྣ་ཆེན་དང་སེམས་ཉིད་ཁ་ཆེན་ཟེར་བ་གཉིས་ལ་གསང་བའི་ཡི་གེ་བསྐུར་ཏེ་བརྫུན་ཆས་སྤྲས་ནས་མཚོ་སྔོན་དུ་ཆོག་ཐུའི་སྟེང་གཡུལ་བཤམས་པའི་དམག་རོགས་པཱ་ཐུར་ཧུང་ཇིས་མཛད་པས་ཨོ་རོད་ཀྱི་དམག་ཁྲི་ལྷག་ཙམ་ཞིག་གིས་ཆོག་ཐུ་རྒྱལ་པོ་ཁྲི་དམག་གསུམ་དུ་ཉེ་བ་དུས་གཅིག་ཏུ་བཅོམ་ཞིང་ཇུན་གར་དུ་མཆིས་པའི་གུ་ཤྲི་ཧན་གྱི་རུ་སྡེ་ཚང་མ་མཚོ་སྔོན་དུ་སྤོས།

    ལོ་དེའི་སྟོན་མཇུག་གུ་ཤྲི་ཧན་གྱིས་ཚོང་པའི་ཆས་སྤྲས་ཏེ་པཱ་ཐུར་ཐའི་ཇི་སོགས་འཁོར་ཉུང་བསྡུས་ཤིག་ཁྲིད་ཅིང་ཚོང་འགྲུལ་གྱི་ཟོལ་ལ་བརྟེན་ནས་དབུས་གཙང་གི་གནས་ཚུལ་རྟོག་ཞིབ་བྱེད་པར་འོང་བ་ལྷ་སར་འབྱོར། ྋརྒྱལ་དབང་ལྔ་པ་མཆོག་དང་པཎ་ཆེན་རིན་པོ་ཆེར་དད་གུས་ཆེན་པོས་མཇལ་ཁ་ཞུས་ཤིང་འབུལ་ཆེན་བཏེགས། ྋརྒྱལ་དབང་རིན་པོ་ཆེར་གུ་ཤྲི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཆོ་ལོ་དང་དམ་ཁ་གནང་ངོ༌།།

    དེའི་རྗེས་གུ་ཤྲི་ཧན་དཔུང་དམག་དང་བཅས་ཕྱིར་ལོག་ཅིང་རབ་བྱུང་བཅུ་གཅིག་པའི་ས་ཡོས་ལོ་སྟེ་སྤྱི་ལོ་ ༡༦༣༩ ལོར་དཔུང་ཆེན་གྱི་སྣ་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་མཆིས་པའི་གཙང་པའི་རྒྱབ་རོགས་བེ་རི་རྒྱལ་པོའི་ཐོག་ཏུ་དཔུང་འཇུག་གནང་ནས་སྡེ་དགེ་དང༌། དཀར་མཛེས། ལྡན་ཁོག་སོགས་ཡུལ་སྡེ་མང་པོ་བླངས་པ་མ་ཟད་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་གཏོར་ཕམ་བཏང༌། དེ་ནས་ྋརྒྱལ་དབང་མཆོག་ལ་དེ་དག་འཕྲིན་སྙན་གསོལ་བར་ྋརྒྱལ་དབང་ཁོང་ཉིད་ཀྱི་ཕྱག་མཛོད་བསོད་ནམས་རབ་བརྟན་ལ་བེ་རིའི་དམག་གཏོར་ནས་རྩ་བ་ཆོད་པ་བྱུང་མཚམས་རྒྱལ་པོ་རང་མཚོ་སྔོན་དུ་ཕྱིར་ལོག་གནང་ལ་ལེགས་ཚུལ་དང༌། གཙང་པ་སྡེ་སྲིད་ཀྱི་སྟེང་དམག་འདྲེན་མི་དགོས་པའི་འཆར་འདོན་བསྩལ་ཡོད་ནའང༌། ཕྱག་མཛོད་རང་ཉིད་ཀྱིས་ལྐོག་ནས་གསང་བའི་འཕྲིན་ལན་བསྐུར་ནས་སོག་དམག་གཙང་དུ་དྲངས་ཏེ་གཙང་པ་སྡེ་སྲིད་ཚར་གཅོད་དགོས་པའི་སྐོར་གུ་ཤྲི་ཧན་ལ་ནན་ཏན་གྱིས་ཞུས་པ་དང་བཅས་ཁམས་ཁུལ་ནས་མཚོ་སྔོན་དུ་ཁ་གཏད་དེ་ཕྱིར་ལོག་པའི་ཚུལ་བསྟན་པ་དེ་གཙང་པས་ཐོས་ཤིང་གཡོ་ཐབས་ཡིན་པ་མ་ཤེས་པར་མཚོ་སྔོན་དུ་ཐོན་ཤག་ཡིན་སྙམ་ནས་དོགས་ཟོན་མེད་པར་གནས་པའི་གོ་སྐབས་དང་བསྟུན་ནས་གུ་ཤྲི་ཧན་གྱིས་གློ་བུར་དུ་དམག་དཔུང་རྣམས་བྱང་ལམ་ནས་ཁ་བསྒྱུར་ཏེ་གཙང་པར་དཔུང་འཇུག་བགྱིས་ཤིང༌། གཙང་རྒྱལ་ཀརྨ་བསྟན་སྐྱོང་དབང་པོ་དང་གཡུལ་འཐབ་དྲག་པོ་བྱས་མཐར་གཙང་པ་ཆམ་ལ་ཕབ་བོ།།

    དེ་ལྟར་གུ་ཤྲི་ཧན་གྱིས་ཐོག་མར་མདོ་ཁམས་བཟུང་ཞིང་དེ་ནས་རིམ་གྱིས་གཙང་པ་སྡེ་སྲིད་མངའ་དབང་དུ་བཅུག་སྟེ། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་ ༡༦༤༢ ལོའི་ཟླ་བ་གསུམ་པའི་ནང་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་མཆོག་དཔལ་ལྡན་འབྲས་སྤུངས་ནས་གཞིས་ཀ་བསམ་གྲུབ་རྩེར་གདན་དྲངས། བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་དབང་ཆ་ཡོངས་རྫོགས་དང་གཙང་རྒྱལ་གྱི་ཕོ་བྲང་གཞིས་ཀ་བསམ་གྲུབ་རྩེ་ནས་བླངས་པའི་རྒྱུ་ནོར་རིན་ཐང་ཅན་ཆེས་མང་ཕུལ་བ་མ་ཟད། གུ་ཤྲི་ཧན་རང་ཉིད་རིགས་རྒྱུད་དང་བཅས་པ་ྋརྒྱལ་དབང་མཆོག་གི་ཆོས་འབངས་སུ་འབུལ་སྦྱོར་མཛད་དེ། ལོ་འདི་གའི་ནང་མདོར་ན་གཙོ་བོ་སོག་པོའི་སྟོབས་ཤུགས་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་རིམ་གྱིས་ྋརྒྱལ་དབང་མཆོག་གི་བཞུགས་གནས་ཀྱི་མཚན་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་ཞེས་པའི་སྲིད་དབང་འདི་དངོས་སུ་བཙུགས་ཐུབ་པ་བྱུང་བར་མངོན་ནོ།།

    ༧༥༽ དྲི་བ། མན་ཇུ་གོང་མ་ཤིན་ཀྲི་ཐབས་སྐྱོང་རྒྱལ་པོས་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་རྒྱ་ནག་ཏུ་གདན་དྲངས་པའི་ཚུལ་ཇི་ལྟར་ཡིན་ནམ།

    ལན། དེ་ཡང་མན་ཇུའི་རྒྱལ་རབས་དང་པོ་སྲིད་ཁྲིར་བཞུགས་ཕྱིན། ཆིང་རྒྱལ་རབས་ལ་མཚོན་ན་རྒྱ་ནག་ཁྱོན་དུ་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་འགོ་ཚུགས་ཙམ་ཡིན་པས་སྲིད་དབང་སྲ་བརྟན་གཏོང་བ་དང༌། ལྷག་པར་མཐའ་མཚམས་ཀྱི་བོད་སོག་ལ་མངའ་མཛད་ཐུབ་པའི་ཆ་རྐྱེན་གལ་འགངས་ཆེ་བ་ཞིག་ཏུ་མཐོང་སྟེ་ྋགོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་པེ་ཅིང་ཕོ་བྲང་དུ་གདན་ཞུའི་མི་སྣ་སྔ་ཕྱི་རིམ་པར་བརྫང་འབྱོར་བྱུང་དོན་བཞིན། མཐར་ྋརྒྱལ་དབང་རང་ཉིད་ལའང་རང་ཉིད་ཀྱི་དམིགས་བྱ་ཡོད་པ་བཅས་དགུང་གྲངས་སོ་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་ ༡༦༥༢ ཧོར་ཟླ་གསུམ་པའི་ནང་བོད་སོག་གི་དཔོན་རིགས་སེར་སྐྱ་སྐུ་འཁོར་སྟོང་ཕྲག་གསུམ་ཙམ་དང་བཅས་དཔལ་ལྡན་འབྲས་སྤུངས་ནས་པེ་ཅིང་ཕྱོགས་སུ་ཆིབས་ཞལ་བསྒྱུར་བར་མཛད་དོ།།

    དེ་ནས་ྋརྒྱལ་དབང་མཆོག་མཚོ་སྔོན་དུ་ཕེབས་སྐབས་གོང་མ་ཐབས་སྐྱོང་རྒྱལ་པོས་ནང་བློན་སོགས་དཔོན་རིགས་དུ་མ་མངགས་ཏེ་ཕེབས་བསུ་དང་བཀུར་བསྟི་གཟབ་རྒྱས་ཞུས། ཀེན་ཞེ་ཞེས་པའི་ཡུལ་དུ་འབྱོར་བའི་ཚེ་ཆིང་གོང་མས་ྋརྒྱལ་མཆོག་རིན་པོ་ཆེར་ཕེབས་བྱམས་སེར་པོ་གསེར་ཏོག་ཅན་ཞིག་ཕུལ་བའི་ནང་བཞུགས་ནས་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་པེ་ཅིང་དུ་ྋཞབས་སོར་བཀྲ་ཤིས་ཀྱི་འཁོར་ལོ་ལེགས་པར་འཁོད།

    དེ་ནས་ལྕགས་རིའི་ནང་དུ་ཕེབས་སྐབས་རྒྱལ་སྲིད་སྣ་བདུན་གྱིས་མདུན་སྟར་དང་བཅས་བསུ་བ་སེར་ཕྲེང་གང་རྒྱས་བསྒྲིགས། མདའ་རྒྱང་བཞི་ཙམ་གྱི་བར་ཕེབས་མཚམས་ྋརྒྱལ་དབང་མཆོག་ཕེབས་བྱམས་ལས་གཞོལ་སྟེ་ཕེབས་པ་ན། གོང་མ་ཐབས་སྐྱོང་རྒྱལ་པོ་ཁྲི་ལས་བབས་ཤིང་གཞུང་འདོམ་བཅུའི་སར་ཕེབས་ནས་ཕྱག་འཇུ་དང་བཅས་བསུ་བ་མཛད་ཅིང་གོང་མ་དང་ཐོག་མའི་མཇལ་འཕྲད་བྱུང་ཞིང༌། མཇལ་དར་རྩེ་སྤྲོད་གནང༌། ཟླ་བ་གཉིས་པར་སླར་ཡང་གོང་མའི་ཕོ་བྲང་དུ་གདན་ཞུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་གདན་དྲངས་ནས་གོང་མ་རང་ཉིད་གུས་པ་ཆེན་པོས་ཁྲི་ལས་བབས་ཏེ་ཕེབས་བསུ་མཛད་ཅིང་ཕྱག་འཇུས་མཛད་ཅིང་ལོ་ཙཱ་བ་བརྒྱུད་ཕན་ཚུན་འཚམས་འདྲི་དང་བཅས་ཞལ་བརྡ་མཛད། ཁོང་གཉིས་ཀྱི་ལྷན་དུ་དབུས་སུ་བྱོན་ནས་གཡས་གཡོན་གྱི་ཁྲི་ལ་བཞུགས་ནས་ཕན་ཚུན་ཟང་ཟིང་གི་མཆོད་པ་རྒྱ་ཆེར་ཕུལ་ཐོག་ཆོས་སྲིད་ཀྱི་བྱ་བའི་སྐོར་ལ་གླེང་མོལ་ཡུན་རིང་མཛད་པ་དང༌། གོང་མ་ཆེན་པོས་དབུའི་མཆོད་གནས་སུ་བཀུར་ཏེ་ཐུན་མིན་མཆོད་ཡོན་གྱི་འབྲེལ་བ་ཚུགས།

    དེའི་ཕྱི་ལོ་ཆུ་སྦྲུལ་སྤྱི་ལོ་ ༡༦༥༣ ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་ྋརྒྱལ་དབང་མཆོག་སྐུ་འཁོར་སྐྱེལ་མ་དང་བཅས་པ་པེ་ཅིང་ནས་བོད་དུ་ཕྱིར་ཆིབས་ཁ་བསྒྱུར། ཕེབས་ལམ་ཏའི་ཁའི་ཡུལ་དུ་ཕེབས་འབྱོར་སྐབས་གོང་མ་མཆོག་ནས་ཕོ་ཉའི་མདུན་གསེར་ཡིག་དང༌། གསེར་ཐམ་མ་རྒྱ་བོད་སོག་བཅས་སྐད་རིགས་བཞིའི་ཡི་གེ་ཤན་སྦྱར་བའི་འབྲུ་དོན་དུ། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་པའི་འཇའ་ས་ཕུལ། དེ་ལྟར་རིམ་གྱིས་ཕེབས་ཤིང་ཕེབས་ལམ་ཀུན་ཏུ་ལུགས་གཉིས་ཀྱི་མཛད་འཕྲིན་བཟང་པོས་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཕན་བདེའི་ས་ལ་འགོད་བཞིན་ཆུ་སྦྲུལ་ལོའི་ལྔ་མཆོད་ཀྱི་དུས་སུ་སླར་ལྷ་སར་ཕྱག་ཕེབས་ཤིང༌། དེ་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང༌། གུ་ཤྲི་བསྟན་འཛིན་ཆོས་རྒྱལ། པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་སོགས་ཀྱིས་གཙོས་པའི་དཔོན་རིགས་སེར་སྐྱ་ཡོངས་ནས་ཕེབས་བསུ་བླ་མེད་དང་བཅས་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གསེར་ཁྲིར་ཞབས་སོར་ལེགས་པར་འཁོད་པའོ།།

    ༧༦༽ དྲི་བ། ྋརྒྱལ་དབང་ལྔ་པ་ཆེན་པོས་སྡེ་སྲིད་བསྐོ་བཞག་མཛད་ཚུལ་དང༌། སྡེ་སྲིད་རྣམ་པའི་ལོ་རྒྱུས་དང་མཛད་རྗེས་ཇི་ལྟར་ཡིན་ནམ།

    ལན།  དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་དངོས་སུ་བཙུགས་རྗེས་སྤྱིར་ྋརྒྱལ་མཆོག་ལྔ་པ་ཆེན་པོས་ཆོས་ཕྱོགས་ལས་སྲིད་ཕྱོགས་ཀྱི་ལས་དོན་ཐུགས་འགན་གཙོ་བཞེས་མ་གནང་བར་སྡེ་སྲིད་ཀྱི་ལམ་ལུགས་སྔར་མུས་བཞིན་བསྐྱངས་ལ། དེའང་ྋརྒྱལ་དབང་མཆོག་གིས་སྡེ་སྲིད་ཀྱི་ཐོག་མ་བསོད་ནམས་ཆོས་འཕེལ་བསྐོ་བཞག་མཛད་ཅིང༌། འདི་དང་གུ་ཤྲི་ཧན་སྐུ་མ་གཤེགས་བར་གྱི་ལོ་ངོ་བཅུ་གཉིས་ལ་ཁོང་རྣམ་གཉིས་ལྷན་འབྲེལ་སྒོས་སྲིད་གཉེར་སྐབས་གུ་ཤྲིའི་དམར་ཐམ་གྱི་འགྲམ་དུ་སྡེ་སྲིད་རང་ཉིད་ཀྱི་ནག་ཐམ་གཤིབ་ནས་བསྩལ་བའི་བཀའ་ཤོག་ལ་ཕྱིས་སུ་མཆོད་ཡོན་གོང་མའི་གཏན་ཚིགས་དམར་ནག་ཟེར་ཞིང༌། ལྷག་པར་སྡེ་སྲྀད་འདིའི་རིང་ྋརྒྱལ་དབང་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་ཤིང་བྱ་སྤྱི་ལོ་ ༡༦༤༥ ལོའི་ཟླ་བ་བཞི་པའི་ཚེས་གཅིག་ཉིན་ནས་རྩེ་ཕོ་བྲང་དཀར་པོའི་རྨང་གཞི་བཏིང་སྟེ་ས་བྱི་བར་ལོ་ངོ་བཞིའི་ཁོངས་སུ་བཞེངས་གྲུབ་པ་དང༌། སྔོན་ཕག་གྲུ་དང་གཙང་པ་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་ལ་འཕྲི་སྣོན་དང་འབྲེལ་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་དུ་འབོད་པ་གཏན་ལ་ཕབ། གཙུག་ལག་ཁང་ཉམས་གསོ་རྒྱ་བསྐྱེད་མཛད་པ་སོགས་དགའ་ལྡན་ཕོ་བྲང་གསར་ཚུགས་ཀྱི་བྱ་རིམ་ནང་ཕྱག་རྗེས་ཤིན་ཏུ་ཆེའོ།།

    ྋརྒྱལ་དབང་མཆོག་གི་བཀའ་ལྟར་ས་གནས་ཁག་ལ་བསྐོར་ཞིབ་ཏུ་བསྐྱོད་ནས་ཁྲལ་རིགས་ཞིབ་གཞུང་གསར་དུ་བཀོད། དུས་མཚུངས་སུ་དགའ་ལྡན་ཕོ་བྲང་ནས་རྒྱལ་རོང་དར་ལྕགས་ལ་སོགས་མདོ་སྨད་དུ་དུད་ཚང་གྲངས་ལེན་དང༌། གཞུང་ཁྲལ་སོགས་ཀྱི་ཡིག་ཁྲ་དམ་ཅན་དེབ་ལྔ་བཅུ་ང་དྲུག་བཟོས། དེ་ལྟར་ས་ཁྱི་སྤྱི་ལོ་ ༡༦༥༨ བར་ལོ་བཅུ་བདུན་རིང་སྲིད་བསྐྱངས་ཤིང་ལོ་དེའི་ཟླ་གསུམ་པའི་ཚེས་གསུམ་ཉིན་ལྷ་ལྡན་ཕོ་བྲང་དུ་སྐུ་འདས། སྐབས་དེར་བོད་ཀྱི་སྤྱི་ཚོགས་རྙོག་རྫོང་ཆེ་སྟབས་ྋརྒྱལ་དབང་ཉིད་ཀྱིས་དེ་འཕྲལ་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་བསྐྱངས་ཤིང༌། དེ་ནས་ལྕགས་བྱི་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ཉིན་སྡེ་སྲིད་གཉིས་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྲིད་ཁྲིར་བསྐོས། ཆབ་སྲིད་ལོ་དགུ་མཛད་མཐར་ས་སྤྲེལ་སྤྱི་ལོ་ ༡༦༦༨ ལོའི་ཧོར་ཟླ་ལྔ་པའི་ཚེས་ཉེར་བདུན་ལ་རྩེའི་ཕོ་བྲང་དུ་གྲོངས་ཤིང༌། དེ་ནས་སླར་ཡང་ྋརྒྱལ་དབང་མཆོག་གིས་ལོ་གཅིག་ཙམ་གྱི་རིང་ཆོས་སྲིད་ཐུགས་འགན་བདག་གིར་བཞེས། ས་བྱ་སྤྱི་ལོ་ ༡༦༦༩ ལོའི་ཟླ་བ་བརྒྱད་པའི་ཚེས་གཅིག་ལ་སྔར་མུས་ལྟར་སྡེ་སྲིད་གསུམ་པ་མཆོད་དཔོན་བློ་བཟང་མཐུ་སྟོབས་སྲིད་སྐྱོང་དུ་བསྐོ་བཞག་གནང༌། འདི་པའི་རིང་བོད་གནའ་རབས་ཀྱི་རྒྱལ་པོའི་ཆས་གོས་རྒྱན་ཆ་ཁུངས་སྒྲིག་འདུ་འགོད་དང༌། ར་མོ་ཆེའི་གཙུག་ལག་ཁང་ཉམས་གསོ། འབྲུག་པས་དཔུང་འཇུག་ཐེངས་གཉིས་བྱས་ཀྱང་ཆམ་ལ་ཕབ་པ་སོགས་ལེགས་མཛད་མང་དུ་གནང་ངོ༌།།

    ཤིང་སྟག་སྤྱི་ལོ་ ༡༦༧༤ ལོའི་ཟླ་བ་གསུམ་པར་ས་སྐྱ་བཀྲ་ཤིས་ལགས་ཀྱིས་གླེང་བརྗོད་ལ་བརྟེན་ཁོང་ཁྲི་ལས་ཕབ་སྟེ་ལྷོ་ཁ་གོང་དཀར་དུ་འཇོག་གནང་མཛད། སེ་འབྲས་དྲུང་སྤྱི་སོགས་ཀྱིས་ངོ་ཆེན་ཞུས་ངོར་སྡེ་སྲིད་ཟུར་པའི་གོ་གནས་སྩལ། ཕྱིས་སུ་ཟངས་རིར་བཞུགས་པས་སྡེ་སྲིད་ཟངས་རི་བ་ཡང་ཟེར། ཤིང་ཡོས་སྤྱི་ལོ་ ༡༦༧༥ ལོར་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ནའང་སྐུ་ན་ཕྲ་བས་ལོ་འདིའི་ཟླ་བ་བརྒྱད་པར་སྡེ་སྲིད་བཞི་པ་རྩེ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པར་སྡེ་སྲིད་ཀྱི་གོ་གནས་བསྩལ། ས་ལུག་སྤྱི་ལོ་ ༡༦༧༩ ལོའི་ཟླ་བ་ལྔ་པར་ལས་འཁུར་གྱི་དགོངས་ཞུས་ལྟར་ཐུགས་འདོད་བཞིན་མཛད་ཅིང་སྐུ་སྐལ་དུ་སྣེའུ་གདོང་གནང་ནས་སྡེ་སྲིད་ཟུར་པའི་གོ་གནས་བཞེས། རྗེས་སུ་འདི་པར་སྡེ་སྲིད་སྣེ་གདོང་བ་ཞེས་གྲགས་སོ།།

    དེ་ནས་འདི་ལོའི་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་ྋརྒྱལ་དབང་ལྔ་པའི་རིང་བསྐོ་བཞག་མཛད་པའི་སྡེ་སྲིད་ཀྱི་ཐ་མ་སྟེ་སྡེ་སྲིད་ལྔ་པ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་སྡེ་སྲིད་ཀྱི་ཐུགས་འགན་བཞེས་ཤིང༌། འདི་པས་སྲིད་མཛད་དུས་ད་རུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་ཡུན་རིང་མ་སོང་བའི་རྐྱེན་གྱིས་སྲིད་འཛིན་གྱི་སྒྲིག་གཞི་དང༌། སྒྲིག་སྲོལ་སོགས་ཕྱོགས་གང་ཐད་ནས་ཀྱང་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བའི་དུས་རིམ་ནང་ཁོང་གིས་གཙོ་བོ་ྋརྒྱལ་མཆོག་ལྔ་པ་རིན་པོ་ཆེའི་སློབ་སྟོན་དང༌། སྐུ་ངོ་མ་དབུས་གཙང་དྭགས་ཀོང་སོགས་ཡུལ་གྲུ་མང་པོར་ཐ་མལ་གྱི་ཆས་སུ་ཞུགས་ཏེ་དངོས་སུ་གཟིགས་རྟོགས་སུ་ཕེབས་པ་སོགས་ལ་བརྟེན་ནས་སྲིད་དབང་འཛིན་སྐྱོང་སྤེལ་གསུམ་དང༌། ལྷག་པར་ཡིག་ལམ་དང་ལག་ལེན་གྱི་སྒྲིག་གཞི་སོགས་འཐུས་སྒོ་ཇེ་ཚང་སུ་གཏོང་གནང་མཛད་དོ།།

    སྔར་ཚལ་པ་ཁྲི་དཔོན་དགའ་བདེ་དཔལ་དང༌། སྡེ་སྲིད་ཕག་གྲུ། དེའི་ཕྱིས་གཙང་པ་སྡེ་པ་བཅས་ཀྱིས་ལག་ཏུ་བསྟར་བའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་པ་དང༌། ཞལ་ལྕེ་བཅུ་གསུམ་པ་སོགས་ལ་དེ་གོང་གི་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་གུ་ཤྲི་ཧན་གྱི་སྐབས་སྣོན་འཕྲི་བྱས་པའི་ཞལ་ལྕེ་བཅུ་གསུམ་པར་བཅོས་སྒྲིག་དང་དག་ཐེར་གྱིས་གཏན་ལ་ཕབ་པ་དང༌། ས་སྐྱ་འཕགས་པ་རིན་པོ་ཆེས་གསར་སྒྲིག་གནང་བའི་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་དུ་འབོད་པ་དེ་འཕེལ་རྒྱས་སུ་བཏང་ཞིང་སྔར་མ་ཚུད་པ་རྣམས་གསར་འཛུགས་སོགས་སོ་སོའི་བྱེད་སྒོ་གསལ་བར་མཛད་ཅིང༌། སྡེ་སྲིད་འདི་ཉིད་ནས་བཟུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཕྱོགས་ཡོངས་ནས་ཅུང་འཐུས་སྒོ་ཚང་བའི་གནས་སུ་སོན་པ་དང་ལྷན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་དང་བོད་ཀྱི་དབང་འཛིན་པའི་བར་འགལ་བ་སྔར་བས་ཛ་དྲག་དང་རྣོ་ངར་ཅན་དུ་འགྱུར་བར་མངོན་ནོ།།

    ༧༧༽ དྲི་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་དབར་འགལ་ཟླའི་འཐབ་རྩོད་བྱུང་ཚུལ་ཇི་ལྟར་ཡིན།

    ལན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་ཉེར་དྲུག་སྟེང་སྡེ་སྲིད་ཀྱི་ཐུགས་འགན་བཞེས་ཤིང༌། ཁོང་གིས་མན་ཇུ་གོང་མར་ྋརྒྱལ་དབང་ལྔ་པའི་མཚན་ཐོག་ནས་ཞུ་འཕྲིན་བསྐུར་ཞིང་མན་ཇུ་གོང་མས་ཀྱང་སྡེ་སྲིད་ཝང་ཞེས་རྒྱལ་པོའི་ཆོ་ལོ་དང༌། རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ་ཞེས་པའི་ཐམ་ག་སོགས་གནང༌། ཆབ་སྲིད་བསྐྱངས་ཏེ་ལོ་གསུམ་འདས་རྗེས་ྋརྒྱལ་དབང་ལྔ་པ་ཆེན་པོ་སྐུ་གཤེགས་བོད་ཀྱི་ཆོས་སྲིད་ཀྱི་དབང་ཆ་གཙོ་བོ་ཁོང་གིས་བཞེས་གནང་མཛད་ཡོད།

    དེ་ནས་ཅུང་མ་འགོར་བར་ྋརྒྱལ་དབང་ལྔ་པ་སྐུ་གཤེགས་ཟིན་པ་གོང་མ་ཁང་ཤིས་སོགས་ཕྱོགས་གཞན་ནས་ཅུང་ཙམ་ཤེས་པ་དང་ཡང་སྤྲུལ་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་འགོད་རན་སྟབས་མེ་བྱི་སྤྱི་ལོ་ ༡༦༩༦ ལོར་ྋརྒྱལ་དབང་ལྔ་པ་གཤེགས་པ་དང་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲིར་འགོད་རན་པའི་གནས་ཚུལ་དང་གསང་རྒྱ་བྱེད་དགོས་དོན་སོགས་གོང་མ་ཁང་ཤིས་ལ་སྙན་ཞུ་དང་བོད་ཡོངས་ལ་ཁྱབ་བསྒྲགས་མཛད་པས་བོད་སེར་སྐྱ་ཡོངས་དགའ་སྐྱོ་ཅིག་ཅར་དུ་སྐྱེས། ཡིན་ཀྱང་བོད་ཀྱི་མཐོ་རིམ་མི་སྣ་ལ་ལས་མི་དགའ་བའི་རྣམ་འགྱུར་བསྟན་ཡང་ཁང་ཤིས་ཀྱིས་གནས་ལུགས་ཡོད་པར་གོ མེ་གླང་སྤྱི་ལོ་ ༡༦༩༧ ལོར་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། སྡེ་སྲིད་ཉིད་ཀྱིས་མདོ་སྔགས་རིག་གནས་སོགས་བཀའ་ཁྲིད་གནང་བ་དང༌། དེ་མཚུངས་ཆབ་སྲིད་ཀྱི་བྱེད་སྒོའི་སྐོར་ལའང་སྦྱངས་པ་མཛད་ནས་ལེགས་པར་བསྐྱངས་སོ།།

    ལོ་དེར་དཀོན་མཆོག་དཱ་ལའི་ཧན་འདས་ནས་དེའི་བུ་ལྷ་བསངས་ཧན་ཁྲིར་བསྐོས། དེ་ཉིད་ཁེངས་དྲེགས་གདུག་རྩུབ་ཆེ་བ་དང་གཡོ་སྒྱུ་ཧམ་སེམས་ཅན་ཞིག་ཡིན་པས་ཁྲིར་འཁོད་མ་ཐག་ཁོ་ཚོས་བོད་ལ་འཛིན་པའི་དམིགས་བསལ་དབང་ཆ་བློས་གཏོང་འདོད་མེད་པ་མ་ཟད། བོད་ཀྱི་སྲིད་དབང་འཕྲོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པར་བསམ་སྟེ་ཕྱི་ནང་གི་བྱ་བར་ཐེ་བྱུས་དང༌། ལྷག་པར་དུ་སྡེ་སྲིད་ཀྱིས་མན་ཇུ་གོང་མར་བརྩི་བཀུར་མེད་ལུགས་དང༌། ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོར་ཚུལ་མིན་གྱི་བྱ་སྤྱོད་མང་ལུགས་སོགས་འཆལ་གཏམ་གང་མང་བསྒྲགས་ཏེ་དཔུང་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་བསམས་ནའང་སྡེ་སྲིད་ཀྱི་མཚན་སྙན་མཐོ་ལ་མན་ཇུ་དང་འབྲེལ་བ་ཟབ་པས་ལག་བསྟར་བྱེད་དཀའ་བ་བྱུང༌། སྡེ་སྲིད་ཀྱིས་བོད་རང་གི་དབང་ཆར་གཞན་ལ་ཐེ་བྱུས་བྱེད་དུ་འཇུག་འདོད་མེད་ཀྱང་རང་ལ་དམག་གི་དཔུང་ཤུགས་མེད་པས་མཐར་སྐྲོད་ཐབས་བྲལ།

    དེ་ལྟར་བོད་སོག་བར་གྱི་འགལ་བ་ཉིན་བཞིན་ཛ་དྲག་རྣོ་ངར་ཅན་དུ་གྱུར་མཐར་ཆུ་ལུག་སྤྱི་ལོ་ ༡༧༠༣ ལོའི་སྨོན་ལམ་ཆེན་མོའི་སྐབས་ལྷ་བསངས་ཧན་གྱི་ངན་བཀོད་ལྟར་སྡེ་སྲིད་ཀྱིས་དམག་བསྐོངས་ནས་བོད་སོག་བར་དམག་འཁྲུག་ཆེན་པོ་ལངས། དུས་དེར་སེ་འབྲས་དགའ་གསུམ་གྱི་འཐུས་མི་དང༌། ལྷ་བསངས་ཧན་གྱི་རྩ་བའི་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་བར་འདུམ་མཛད། ཤིང་བྱ་སྤྱི་ལོ་ ༡༧༠༥ ལོར་སླར་ཡང་འཁྲུགས་པས་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་སོགས་གོང་གསལ་མི་སྣ་མང་པོས་འདུམ་མཛད་ཅིང་མནའ་བསྐྱལ་དུ་བཅུག་པ་དང༌། སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཟུར་པ་བྱས་ཏེ་ཚབ་ཏུ་ཁོང་གི་སྲས་ངག་དབང་རིན་ཆེན་བྱ་རྒྱུ་དང༌། ལྷ་བསངས་ཧན་ཕྱིར་མཚོ་སྔོན་ལ་ལོག་རྒྱུ་གཏན་འབེབས་མཛད་མོད། འོན་ཀྱང་གཡོ་ཅན་ལྷ་བསངས་ཧན་ཕྱིར་འགྲོ་ཁུལ་གྱིས་ནག་ཆུར་སླེབས་ནས་སོག་དམག་བསྐྱར་བསྒྲིགས་བྱས་ཏེ་འཕན་པོ་དང་སྟོད་ལུང་གཉིས་ནས་ཕྱིར་ལྷ་སར་དམག་དྲངས་སྐབས་བོད་དམག་སྟོབས་ཞན་སྟབས་འགོག་རྒོལ་ཕམ་ཉེས་བྱུང༌། སྡེ་སྲིད་བྱ་ཐབས་བྲལ་ནས་མྱུར་དུ་སྟོད་ལུང་གི་ལྷ་བསངས་ཧན་གྱི་ཆུང་མ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་ཁྲིད་པའི་དཔུང་གི་སར་ཕེབས། མོ་བོད་མི་ཞིག་ཡིན་པ་དང་སྡེ་སྲིད་རང་གིས་བོད་ཀྱི་དོན་དུ་བྱ་བ་མི་ཉུང་བ་ཞིག་བསྒྲུབས་ཡོད་པ་ཤེས་པས། མོ་བརྒྱུད་ནས་ལྷ་བསངས་ལ་སྐད་ཆ་འདྲ་བཤད་ཐུབ་བམ་སྙམ་སྟེ་ཕེབས་གནང་མཛད། བློ་ཡུལ་འདས་པ་ཞིག་ནི་མོས་ཐེ་ཚོམ་སྤུ་ཙམ་མེད་པར་བཀའ་བབས་ནས་སྡེ་སྲིད་མཆོག་སྤྱི་ལོ་ ༡༧༠༥ ལོར་བཀྲོངས་ཤིང་བོད་འབངས་ལ་སྡུག་བསྔལ་ཚད་མེད་བཟོས།

    དེ་ནས་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་སྤྱི་ལོ་ ༡༧༠༦ ལོའི་ཟླ་བ་ ༥ ཚེས་ ༡ ཉིན་ལྷ་བསངས་ཧན་གྱིས་ྋརྒྱལ་དབང་དྲུག་པ་པོ་ཏཱ་ལའི་ཁྲི་ལས་ཕབ་སྟེ་གོང་མ་ཁང་ཤིས་ལ་ྋརྒྱལ་དབང་གི་ཚུལ་དང་མི་མཐུན་པའི་འཆལ་གཏམ་རྫུན་བཟོ་བྱས་ནས་དབྱེན་སྦྱོར་མང་ཙམ་ཞུས་པས་གོང་མས་གདན་འདྲེན་སྐུ་ཚབ་མངགས་ཤིང་ལོ་དེའི་ཟླ་བ་ ༥ ཚེས་ ༢༧ ཉིན་སོག་དམག་གིས་ལྷ་ཀླུ་དགའ་ཚལ་ནས་པེ་ཅིང་ལ་གདན་དྲངས་པའི་ལམ་བར་མཚོ་སྔོན་གྱི་ཉེ་འགྲམ་དུ་སླེབས་སྐབས་གོང་མར་ྋརྒྱལ་དབང་ལ་གློ་བུར་སྙུང་གཞི་ཕོག་ནས་དགོངས་པ་རྫོགས་ཞེས་ཞུས་ཏེ་ྋརྒྱལ་དབང་མཆོག་བྲོས་བྱོལ་ལ་ཕེབས་སུ་འཇུག་པའི་བྱ་ཐབས་སྤྱད། དེའི་རྗེས་ལྷ་བསངས་ཧན་གྱིས་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་པ་ྋརྒྱལ་དབང་དྲུག་པ་སྐུ་ངོ་མ་ཡིན་ཞེས་ཁྲིར་མངའ་གསོལ། འོན་ཀྱང་བོད་འབངས་ཀྱིས་གཡོ་སྒྱུའི་མཐིལ་རྟོགས་ནས་ཁས་ལེན་བྱས་མ་མྱོང༌། སྐབས་དེར་བོད་ཀྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཡིན་པས་གོང་མ་ཁང་ཤིས་ཀྱིས་ཏས་ལང་ཧོ་ཧྲའུ་སོགས་དཔོན་རིགས་བོད་དུ་བཏང་བ་མ་ཟད། ཆུ་སྦྲུལ་སྤྱི་ལོ་ ༡༧༡༣ ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་པཎ་ཆེན་ཨེར་ཏི་ནི་སྟེ་པཌཎི་ཏ་ཆེན་པོ་རིན་པོ་ཆེ་ཞེས་པའི་མཚན་བསྟོད་ཆོ་ལོ་དང་གསེར་གྱི་ཐམ་ག་གནང་ནས་ལུགས་གཉིས་ཀྱི་བྱ་བ་སྐྱོང་དགོས་ཚུལ་བསྟན་མོད། འོན་ཀྱང་ལྷ་བསངས་ཧན་གྱིས་སྡེ་སྲིད་བཀྲོངས་ཤིང་ྋརྒྱལ་དབང་མཐར་བསྐྲད་དེ། རྫུན་དང་ཕྲ་མ། གཡོ་ཐབས་ཀྱིས་བོད་ཀྱི་ལུགས་གཉིས་དབང་ཆ་ཡོངས་སུ་འཕྲོག་པས་བོད་འབངས་སྡུག་བསྔལ་གྱི་གནས་སུ་ལྷུང༌། ཡིན་ཡང་བོད་འབངས་དང་ལྷག་པར་སྡེ་སྲིད་ཀྱི་རྗེས་འབྲངས་པ་ཚོས་ཕམ་ཁ་མྱོང་མི་འདོད་པར་ཐབས་མཁས་ལ་བརྟེན་ནས་སོག་སྡེ་བར་གྱི་འགལ་བ་བེད་སྤྱད་དེ། སོག་པོ་ཇུན་གར་བའི་སྟོབས་ཤུགས་ལ་བརྟེན་ནས་ལྷ་བསངས་ཧན་འཁོར་བཅས་པ་རྩ་མེད་བཏང་བའོ།།

    ༧༨༽ དྲི་བ། ཁང་ཆེན་པ་བསོད་ནམས་རྒྱལ་པོ་དང་ང་ལུམ་སྦྱར་གསུམ་བར་འགལ་བ་བྱུང་རྐྱེན་དང་ཁང་ཆེན་པ་བཀྲོངས་ཚུལ་བཅས་ཇི་ལྟར་ཡིན་ནམ།

    ལན། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་སྤྱི་ལོ་ ༡༧༢༠ ལོའི་ཟླ་ ༩ ཚེས་ ༡༥ ཉིན་ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གསེར་ཁྲིར་མངའ་གསོལ། ལོ་འདིར་སྟག་རྩེ་སྡེ་པ་བཀྲོངས་པའི་འོག་ཏུ་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང༌། གུང་ལུམ་པ་བཀྲ་ཤིས་རྒྱལ་པོ་ནས་དབུ་འཁྲིད་ཐོག་ལྷ་མིའི་ཚོགས་འདུ་གྲོས་བསྡུར་གྱིས་ཆབ་སྲིད་ལོ་གཅིག་ཙམ་བསྐྱངས་ཤིང༌།

ལྕགས་གླང་སྤྱི་ལོ་ ༡༧༢༡ ལོར་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་བསོད་ནམས་རྒྱལ་པོ་ ༼དའི་ཆིང་བཱ་དུར།༽ བཀའ་བློན་གྱི་གཙོ་བོ་དང༌། དེའི་ལས་རོགས་སུ་ང་ཕོད་རྡོ་རྗེ་རྒྱལ་པོ་དང༌། ལུམ་པ་བཀྲ་ཤིས་རྒྱལ་པོ་བསྐོ་གཞག་གིས་ཁོང་གསུམ་ནས་ལོ་གསུམ་རིང་སྲིད་དབང་བཟུང་མུས་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་ ༡༧༧༤ ལོར་སླར་ཡང་བཀའ་བློན་གསར་པ་སྦྱར་ར་བ་བློ་གྲོས་རྒྱལ་པོ་དང༌། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་བཀའ་བློན་དུ་བསྐོས་པའི་གཙོ་བོ་དའི་ཆིང་བཱ་དུར་གྱིས་མཛད་དོ།།

    བཀའ་བློན་ཐུན་མོང་ནས་སྲིད་འགན་བླངས་ཏེ་མེ་ལུག་སྤྱི་ལོ་ ༡༧༢༧ བར་ཆབ་སྲིད་ལོ་བདུན་བསྐྱངས། དེའི་རིང་ཁང་ཆེན་ནས་ཁེངས་དྲེགས་ཆེ་ཞིང་བརྒྱ་ཁ་གཅིག་གཅོད་བྱེད་པ་སོགས་ལ་བརྟེན་ནས་བཀའ་བློན་ལས་རོགས་རྣམས་ཡིད་མ་རངས་པ་དང༌། ཕན་ཚུན་དད་མོས་དང༌། ཉེ་ཕྱོགས་སོགས་ཀྱི་རྐྱེན་པས་རིམ་བཞིན་མི་མཐུན་པར་གྱུར་ཏེ་དའི་ཆིང་བཱ་དུར་དང༌། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཕྱོགས་གཅིག་དང༌། ང་ཕོད། ལུམ་པ། སྦྱར་ར་གསུམ་ཕྱོགས་གཅིག་ཏུ་གྱུར་སྐབས་ཕོ་ལྷ་བས་དའི་ཆིང་བཱ་དུར་ལ་དོགས་ཟོན་དགོས་ཚུལ་ཞུས་ཀྱང་དའི་ཆིང་གིས་དོ་སྣང་མ་བྱས་ཤིང༌། མི་རིང་བར་ཁང་ཆེན་ནས་མངའ་རིས་སུ་བྱོན་པ་དང་ཕོ་ལྷ་བ་གཡོལ་ནས་རང་གཞིས་གཙང་དུ་འཁོར་ཞག་ཏུ་ཕྱིར་ཕེབས་པའི་གོ་སྐབས་དང་བསྟུན་ནས་ང་ལུམ་སྦྱར་གསུམ་གཅིག་ཏུ་སྒྲིལ་ཏེ་ཁང་ཆེན་ལ་མ་དགའ་བས་གཡོ་འཕྲུལ་རྒོལ་བའི་གྲོས་བཤམས་སོ།།

    མེ་ལུག་སྤྱི་ལོ་ ༡༧༢༧ བོད་ཟླ་ ༦ ཚེས་ ༡༨ ཉིན་ང་ལུམ་སྦྱར་གསུམ་གྱིས་ལྷ་སའི་གཙུག་ལག་ཁང་གི་སྒོ་མཆོར་གྱི་ཡང་སྟེང་བཀའ་ཤག་འཚོགས་ཡུལ་ཚོམས་ཆེན་ཁམས་གསུམ་ནང་དའི་ཆིང་ལ་སྙན་ཞུ་རིང་པོ་ཞིག་ཕུལ་བར་གཟིགས་བཞིན་པའི་དུས་སུ་ང་ལམ་སྦྱར་གསུམ་དང༌། ཁོང་ཚོའི་ཁོངས་མིས་གྲི་རུབ་བརྒྱབ་སྟེ་བཀྲོངས་པ་མ་ཟད། ཕྱི་རོལ་དུ་ཡོད་པའི་ཞབས་ཕྱི་དང༌། མཛོད་པ། རི་མོ་མཁན་སོགས་ཀྱང་བསད། དའི་ཆིང་བཱ་དུར་གྱི་བཞུགས་གནས་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་བཙུན་མོ་ཆེ་ཆུང་གཉིས་བཀྲོངས་པ་སོགས་ཉེས་པ་མེད་བཞིན་དུ་ཉམས་ཉེས་སུ་བཏང༌། ས་སྤྲེལ་སྤྱི་ལོ་ ༡༧༢༨ ལ་ཕོ་ལྷ་བས་གཙང་སྟོད་ནས་གཡུལ་བཤམས་ཏེ་འཐབ་པས། ལས་འབྲས་དང་བསོད་ནམས་ཀྱི་དཔུང་ཤུགས་བཙན་པོས་བོད་ལྗོངས་སྟོད་སྨད་ཀྱི་ས་ཕྱོགས་ཕལ་ཆེ་བ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་ཕྱོགས་སུ་བྱུང༌། སྐབས་དེར་ཕོ་ལྷ་བའི་ཐབས་བྱུས་ཀྱིས་ྋགོང་ས་བདུན་པ་ཆེན་པོའི་སྐུ་ཕྱྭའི་འགན་སྲུང་བ་ཡིན་ཚུལ་ཨམ་བན་དཔུང་དམག་བཅས་ཆེད་བསྐུལ་ལྷ་སར་འབྱོར་ཏེ་ཕོ་ལྷ་བས་ཞུས་རྗེས་ལྟར་ང་ལུམ་སྦྱར་གསུམ་རྗེས་འབྲང་དང་བཅས་པ་མི་བཅུ་གསུམ་དུས་གཅིག་ཏུ་བཀུམ། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་ས་སྤྲེལ་སྤྱི་ལོ་ ༡༧༢༨ ལོ་ནས་མེ་ཡོས་སྤྱི་ལོ་ ༡༧༤༧ བར་སྲིད་དབང་མི་ལོ་ཉི་ཤུར་བསྐྱངས་བཅས་སོ།།

    ༧༩༽དྲི་བ། ྋརྒྱལ་དབང་བདུན་པས་བཀའ་ཤག་བཙུགས་ཚུལ་དང༌། ཕོ་སྲས་འགྱུར་མེད་རྣམ་རྒྱལ་གྱིས་རྒྱ་དམག་ཕྱིར་ཕུད་བྱེད་ཚུལ་ཇི་ལྟར་ཡིན་ནམ།

    ལན། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཤེགས་རྗེས་ཕོ་སྲས་གཉིས་པ་འགྱུར་མེད་རྣམ་རྒྱལ་གྱིས་རབ་བྱུང་བཅུ་གསུམ་པའི་མེ་ཡོས་སྤྱི་ལོ་ ༡༧༤༧ ལོར་ཕའི་གོ་ས་ཤུལ་འཛིན་བྱས་ནས་བོད་ཀྱི་ལས་དོན་ཕ་དུས་ལྟར་བསྐྱངས། སྐབས་དེར་བོད་དུ་ཡོད་པའི་མན་ཆིན་གྱི་དམག་གིས་བོད་ཀྱི་མི་སེར་ལ་བརྙས་གཙེ་དང༌། རྒྱུ་ནོར་ཟ་རྔམ་ཆེ་བས་འགྱུར་མེད་རྣམ་རྒྱལ་གྱིས་མན་ཆིན་དཔོན་དམག་གཅིག་ཀྱང་མ་ལུས་པར་ཕྱིར་འཐེན་བྱེད་དགོས་ཞེས་ལྷ་སྡོད་ཀྱི་ཨམ་བན་གྱི་སྲུང་དམག་བརྒྱ་ཙམ་ལས་ཕྱིར་འཐེན་བྱེད་རྒྱུ་དང༌། ཨམ་བན་ངོ་གཡོག་དང་དམག་འཕྲོ་མ་བཅས་ཀྱིས་སྔར་བཞིན་འཕྲོག་བཅོམ་དང་བརྡབས་བསིག་མི་འབྱུང་ཆེད་ཕོགས་ཐོབ་དགོས་མཁོ་འདང་ངེས་གནང་རྒྱུ་ཡིན་ཚུལ་ཁས་ལེན་བྱས་པ་ཡིན།

    ལྕགས་རྟ་སྤྱི་ལོ་ ༡༧༥༨ ལོར་འགྱུར་མེད་རྣམ་རྒྱལ་གྱིས་སླར་ཡང་ཨམ་བན་གཉིས་དང་དམག་འཕྲོ་མ་གཅིག་ཀྱང་མ་ལུས་པར་ཕྱིར་འཐེན་པའི་རེ་བ་བཏོན་སྟབས། ཨམ་བན་ཡིད་མ་རངས་པར་གྱུར་བ་དང༌། ཁོ་ཇུན་གར་བ་དང་འབྲེལ་བ་ཡོད་པ་ཤེས་ཤིང་ནང་ཁུལ་དུ་མི་དྲག་དུ་མ་ཞིག་སྲིད་སྐྱོང་བར་མི་དགའ་བ་སོགས་ཀྱི་རྐྱེན་ལས། ཨམ་བན་གཉིས་ཀྱིས་གཡོ་ཐབས་ཀྱིས་འགྱུར་མེད་རྣམ་རྒྱལ་གཡོག་འཁོར་དང་བཅས་པ་དམར་གསོད་བཏང་ངོ༌།།

    དེ་ནས་འགྱུར་མེད་རྣམ་རྒྱལ་གྱི་ཕྱོགས་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་གནས་ཚུལ་དེར་བཟོད་ཐབས་བྲལ་ནས་དམག་ཁྲིད་དེ་ཨམ་བན་ཧཕུ་ཆེན་དང་ལས་རོགས་ལབ་ཏུན་གཉིས་ལྷ་ལྡན་ཁྲོམ་གཟིགས་སྒང་དུ་དམར་གསོད་བཏང༌། སྐུ་སྲུང་དང་ཞབས་འབྲིང་བ་བརྒྱ་ལྷག་བསད་ཅིང་ཉིས་བརྒྱ་ལྷག་རྩེ་ཕོ་བྲང་དུ་བྲོས་ཏེ་སྲོག་སྐྱོབ་ཞུས་པས་ྋརྒྱལ་དབང་མཆོག་གིས་གསོད་མི་ཆོག་པའི་བཀའ་སྩལ་ཡང་རྒྱ་མི་མཐོང་ཚད་བསད་པར་གྲགས། ྋགོང་ས་མཆོག་གི་ཐུགས་བཀོད་ལྟར་དགའ་བཞི་རྡོ་རིང་པཌཎི་ཏ་མགོན་པོ་དངོས་གྲུབ་རབ་བརྟན་ལས་ཚབ་ཏུ་བསྐོས། ལོ་དེར་མན་ཆིན་གྱི་དམག་དང་ཕོ་ཉ་ལྷ་སར་འབྱོར་ནས་གོང་མའི་བཀའ་ལྟར་མགྲོན་གཉེར་འཁོར་དང་བཅས་པ་བསད་ཅིང་རྒྱུ་ནོར་གཞུང་བཞེས་མཛད་དོ།།

    དེ་ནས་ལྕགས་ལུག་སྤྱི་ལོ་ ༡༧༥༡ ལོར་བོད་བཀའ་ཤག་སྲིད་གཞུང་དངོས་སུ་བཙུགས་གནང་མཛད་ཅིང༌། ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཡོངས་རྫོགས་བཞེས། ྋརྒྱལ་དབང་བདུན་པ་མཆོག་ནས་བཟུང་སྟེ་ྋརྒྱལ་དབང་ནར་མ་སོན་ཞིང༌། མར་སོན་ཞིང་སློབ་གཉེར་མཐར་ཕྱིན་རྗེས་རྒྱལ་ཚབ་སྲིད་སྐྱོང་བསྐོ་བཞག་དང༌། ནར་སོན་ཞིང་སློབ་གཉེར་མཐར་ཕྱིན་རྗེས་སྲིད་དབང་ྋརྒྱལ་དབང་རིན་པོ་ཆེར་འབུལ་བའི་སྲོལ་གཏོད། སྐབས་དེར་བཀའ་ཤག་ལ་བཀའ་བློན་བཞི་བསྐོས་ཡོད་པ་ནི། གཙོ་བོ་རྡོ་རིང་པཌཎི་ཏ་དང༌། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲིད་ཆོས་རྡོ་རྗེ། སེར་མོ་བ་མགྲོན་གཉེར་དར་ཧན་ཉི་མ་རྒྱལ་མཚན་བཅས་བཀའ་བློན་དུ་བསྐོ་བཞག་སྩལ། ཕྱི་ནང་གི་བྱ་བ་གང་ཅི་ཐུན་མོང་ཐོག་གཅོད་བྱས་པ་ལས་བརྒྱ་ཁ་གཅིག་མི་བྱེད་པ་དང༌། ངེས་པར་དུ་ྋརྒྱལ་དབང་མཆོག་ལ་ཞུ་འབུལ་བརྩི་བཀུར་བྱ་དགོས་པ་གཏན་འབེབས་མཛད་དོ།།

    དེའི་རྗེས་ཡིག་ཚང་ལས་ཁུངས་གསར་དུ་བཙུགས་ཤིང་དེར་མཁན་དྲུང་ཏཱ་བླ་མ་གཅིག་དང་མཁན་དྲུང་གསུམ་བསྐོ་བཞག་གནང༌། དེ་ནས་བཟུང་བོད་གཞུང་བཀའ་ཤག་སྲིད་གཞུང་གི་དོན་མཐའ་དག་གི་བཀོད་འདོམས་མཛད་དེ་དགའ་ལྡན་ཕོ་བྲང་པའི་སྲིད་དབང་སྲ་བརྟན་དུ་བཏང༌། བོད་སོག་གི་དྲག་ཞན་དཔོན་རིགས་ཐམས་ཅད་ཁོང་ལ་དད་འདུན་ཆེ་སྟབས། བོད་ནང་ཁུལ་གྱི་འགལ་བ་སྣ་ཚོགས་མཚམས་ཆད་དེ་སྐྱ་སེར་བྱིངས་བདེ་འཇགས་སོས་དལ་ངང་འཚོ་བ་རོལ་ཐུབ་པ་བྱུང་བ་དང༌། སྡེ་སྲིད་ཀྱི་དོད་དུ་བཀའ་བློན་འཇོག་པའི་སྲོལ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་ ༡༧༢༡ ལོ་ནས་བོད་ལ་དར་བ་ཡིན་ཞིང༌། དེ་སྐབས་བཀའ་བློན་གྱི་ཐོག་མ་ནི་མངའ་རིས་སྐོར་གསུམ་གྱི་དཔོན་ཁང་ཆེན་བསོད་ནམས་རྒྱལ་པོ་དང༌། ཤར་ཀོང་པོའི་ཡུལ་གྱི་གཙོ་བདག་ང་ཕོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་ཡིན་པ་དང༌། དུས་ཕྱིས་ཆུ་ཡོས་སྤྱི་ལོ་ ༡༧༢༣ ལོར་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ལའང་བཀའ་བློན་གྱི་གོ་གནས་སྩལ་བ་བཅས་ལགས་སོ།།

    ༨༠༽ དྲི་བ། ཕྱི་ལོ་ ༡༧༨༨ ལོ་དང་ ༡༧༩༡ ལོ་སོ་སོར་གོར་བོད་དམག་འཁྲུག་བསླངས་པའི་འབྱུང་རྐྱེན་དམག་འཁྲུག་སྐོར་ཇི་ལྟར་ཡིན་ནམ།

    ལན། ལྕགས་ཡོས་སྤྱི་ལོ་ ༡༧༧༡ ལོར་མན་ཇུའི་དམག་གིས་སོག་པོ་ཨོ་རོད་ཇུན་གར་ཡུལ་དུ་བཙན་འཛུལ་བྱས་ཏེ་དཔོན་རིགས་ཚོ་ཁག་ལྔ་བཅུ་སྐོར་དང༌། ཁྱིམ་དུད་ཁྲི་ཚོ་བཅུ་སྐོར་ལ་བརྡབ་གསིག་བཟོ་སྐབས། བོད་གཞུང་གི་རྒྱ་སོག་གཉིས་ཀར་ལེགས་ཆེའི་ཞུ་འདུམ་གནང་སྟེ། ཇུན་གར་སོག་པོ་རྣམས་ཞི་མཐུན་ངང་རང་ཡུལ་དུ་གནས་འཁོད་ཐུབ་པ་དང༌། མན་ཇུའི་དཔོན་དམག་གིས་བཙན་འཛུལ་ནམ་ཡང་མི་བྱེད་པའི་ཕན་ཚུན་གཉིས་ཀར་བཀའ་དྲིན་ཆེ་བའི་མཛད་རྗེས་རླབས་ཆེན་བསྐྱངས་ཡོད།

    སྐུ་ཕྲེང་འདིའི་སྐབས་གོར་ཥ་དང་བོད་དབར་དམག་འཁྲུག་སྔ་རྗེས་བྱུང་སྟེ་གཙང་སྟོད་ཁུལ་དུ་བརྡབ་གསིག་ཚབས་ཆེན་བྱུང༌། གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་གཙོ་བོ་ནི། སྐབས་དེའི་བལ་པོའི་ཊམ་གསར་ལ་བོད་གཞུང་གིས་དེ་སྔའི་ཊམ་ནག་གི་གོང་ཚད་དང་གཅིག་མཚུངས་གནང་བའི་ཁར། དེ་སྔ་འབྲུག་པས་གོར་ཥ་བརྒྱུད་བསྐུལ་བྱས་ཏེ་འབྲས་ལྗོངས་སུ་བཙན་འཛུལ་བྱེད་སྐབས། བོད་གཞུང་གིས་འབྲས་ལྗོངས་ལ་རྒྱབ་གཉེར་གྱིས་ཕྱོགས་གཉིས་ཞི་ཆིངས་བྱུང་བར་གོར་ཕྱོགས་འདོད་པ་ཁེངས་མེད་པ་སོགས་ལ་བསྙད་དེ༑ ཀརྨ་ཞྭ་དམར་བ་སྐུ་ཕྲེང་བཅུ་པ་མི་གཏེར་དུ་བཀག་ཉར་གྱིས་བོད་གཞུང་ལ་འཇིགས་བསྐུལ་བྱས་པ་དང༌། ཕྱི་ལོ་ ༡༧༨༧ ལོར་གོར་དམག་སྟོང་ཕྲག་མང་པོས་གཉའ་ནང་དང༌། རོང་ཤར། སྐྱིད་གྲོང་བཅས་ལ་གློར་འགེབས་ཀྱིས་བཙན་འཛུལ་བྱས། བོད་གཞུང་གིས་དབུས་ཀོང་དང༌། ཁམས་བཅས་སུ་དམག་བསྐུལ་གྱིས་གོར་དམག་ལ་དཔའ་ངར་ཆེན་པོས་ཕར་རྒོལ་བྱས་པས། གོར་དམག་མདུན་ཕྱོགས་སུ་འགྲོ་ཁྱབ་ཆེན་པོ་མ་ཐུབ་ཀྱང༌། གཙང་སྟོད་ཡུལ་སྡེ་ཁག་ལ་གཏོར་བཅོམ་ཚད་མེད་ཕོག

    གནས་ཚུལ་དེ་ལྷ་སྡོད་མན་ཇུའི་ཨམ་བན་གྱིས་རྒྱ་ནག་གོང་མར་ཞུ་བསྐུལ་ཕུལ་བས། ཟི་ཁྲོན་ནས་རྒྱའི་དཔུང་དམག་བོད་དུ་འབྱོར་ནའང༌། རྒྱ་དམག་རྣམས་ཀྱིས་དགྲ་འཐབ་བྱ་རྒྱུ་ཕར་ཞོག བོད་གཞུང་དམངས་གཉིས་ལ་སུན་གཙེར་ཟ་རྔམས་ཀྱིས་བོད་ཀྱི་ཁེ་ཕན་བློས་བཏང་ཐོག་གོར་ཥ་དང་ཞི་ཆིངས་འབའ་ཞིག་ཡོང་ཐབས་བྱས། ས་བྱ་སྤྱི་ལོ་ ༡༧༨༩ ལོར་བོད་ཕྱོགས་ནས་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་གཙོས་པས་གོར་ཥའི་སྐུ་ཚབ་དང་ཆིངས་མོལ་བྱས་འབྲས་སུ། བོད་གཞུང་གིས་གོར་ཥའི་ཊམ་གསར་འགྲོ་རྒྱུགས་ཡོང་སླད་འཛའ་ཐང་ཁྱད་པར་བཟོ་རྒྱུ་དང༌། ས་ཤོར་རྫོང་གཞིས་ཁག་གི་བླུ་ཡོན་དངུལ་འབོར་གང་ཙམ་སྤྲོད་རྒྱུ་སོགས་ཀྱི་ཆིངས་དོན་བསྒྲིགས་ནའང༌། དོན་དངོས་ཐོག་ཆིངས་དོན་དེ་དག་ལ་བོད་ཕྱོགས་ནས་བརྩི་བཀུར་མ་བྱས་པར་བརྟེན། ཕྱི་ལོ་ ༡༧༩༡ ལོར་གོར་དམག་ཕོན་ཆེ་གཙང་བར་དུ་སླེབས་ཏེ། གཞིས་རྩེ་བཀྲ་ཤིས་ལྷུན་པོ་སོགས་སུ་བཅོམ་འཕྲོག་ཚོད་མེད་བྱས།

    ཕྱི་ལོ་ ༡༧༩༡ ལོར་མན་ཇུ་གོང་མ་ཆན་ལུང་གིས་རྒྱ་དམག་ཕོན་ཆེ་བཏང་སྟེ་དམག་རོགས་བྱུང་བས། བོད་ཕྱོགས་ཀྱིས་དཔའ་ངར་ཆེན་པོས་ཕར་རྒོལ་བྱས་ཏེ་གོར་དམག་རྣམས་ཕྱིར་འབུད་བཏང་སྟེ་རྒྱལ་ས་ཀ་ཐ་མན་གྲུ་མ་ཐུག་བར་སླེབས་སྐབས། གོར་ཥ་རྣམས་སྐྲག་སྟེ་བོད་པའི་མི་གཏེར་དང༌། གདན་ས་བཀྲ་ཤིས་ལྷུན་པོ་སོགས་ནས་བརྐུ་འཕྲོག་བྱས་པའི་དངོས་རྟེན་ཁག་ཅིག་བཅས་ཕྱིར་སློག་ཞུས་ཏེ་ཞི་ཆིངས་ཡོང་བར་རེ་འབོད་ཞུས་པར་བརྟེན། གོར་བོད་དབར་ཆིངས་ཡིག་བཞག་སྟེ། དེ་སྔའི་ཆིངས་དོན་ལ་གནས་ཏེ་གོར་བོད་གཉིས་ཕན་ཚུན་དུས་གཏན་དུ་ཞི་མཐུན་མཉམ་གནས་བྱ་རྒྱུར་མོས་མཐུན་བྱུང་བ་བཅས་རྒྱལ་རབས་སློབ་དེབ་ལྟར་བཀོད་པའོ།།

   ༨༡༽ དྲི་བ། ྋརྒྱལ་མཆོག་འཕྲིན་ལས་རྒྱ་མཚོའི་སྐབས་ལ་དྭགས་ཌོག་

རའི་དམག་འཁྲུག་གི་འབྱུང་རྐྱེན་དང་དམག་འཁྲུག་བྱུང་ཚུལ་ཇི་ལྟར་ཡིན་ནམ།

    ལན། དེ་ཡང་ཌོག་རའི་དམག་འཁྲུག་ནི། ལ་དྭགས་ནི་བོད་ཀྱི་ནུབ་ངོས་སུ་ཡོད་པའི་ཡུལ་སྡེ་ཞིག་ཡིན། ཤིང་རྟ་སྤྱི་ལོ་ ༡༨༣༤ ལོར་སིང་པ་ཌོག་རའི་རྒྱལ་པོས་ལ་དྭགས་བཙན་བཟུང་བྱས་ཏེ། བོད་དང་ལ་དྭགས་དབར་གྱི་ཚོང་ལམ་བཅད་པ་མ་ཟད། ལྕགས་གླང་སྤྱི་ལོ་ ༡༨༤༡ ལོར་ལ་དྭགས་དང་སིང་པ་བསྒྲིལ་བའི་དམག་དཔུང་ཁྱོན་ཆེ་བཏང་སྟེ་བོད་ཀྱི་མངའ་རིས་སྐོར་གསུམ་ལ་བཙན་འཛུལ་བྱས། བོད་གཞུང་གིས་ཟུར་ཁང་པ་ཚེ་བརྟན་རྡོ་རྗེ་དམག་སྤྱིར་བསྐོས་ཏེ་ཕར་རྒོལ་ལན་མང་བྱས་ཀྱང༌། སིང་པ་རྣམས་གོ་ལག་བཙན་པས་བོད་དམག་རྣམས་གཡུལ་རྒྱལ་མ་ཐུབ། སླར་ཡང་བོད་གཞུང་གིས་མདའ་དཔོན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང༌། དབུས་གཙང་གི་ཡུལ་དམག་བཅས་རྒྱབ་སྣོན་དུ་བཏང་སྟེ་ཕར་རྒོལ་སྔར་ལས་ཤུགས་ཆེར་བྱས་པས། བོད་ས་མངའ་རིས་སྐོར་གསུམ་ཡོངས་རྫོགས་ཚུར་བླངས་པ་ཟད། ལ་དྭགས་ཀྱི་ས་ཆ་ནས་སིང་པ་ཡོངས་རྫོགས་མཐར་སྐྲོད་བཏང༌། སྐབས་དེར་བོད་དམག་རྣམས་ཤི་རྨས་གང་འཚམ་བྱུང་ནའང༌། བོད་ཕྱོགས་གཡུལ་ལས་རྒྱལ་ཏེ་བོད་སིང་གཉིས་ཕན་ཚུན་གཉིས་མོས་ཀྱི་ཆིངས་ཡིག་བཞག་སྟེ་དཔའ་མཛངས་རྟུལ་ཕོད་ངང་ཕྱི་རོལ་བཙན་འཛུལ་པར་འཐབ་འཛིང་བྱས་ཏེ་བོད་ཀྱི་མཐའ་མཚམས་བརྟན་སྲུང་བྱས་པའི་མཛད་རྗེས་རླབས་ཆེན་བཞག་གོ།

    ཕྱི་ལོ་ ༡༨༦༠ ལོར་ྋརྒྱལ་དབང་འཕྲིན་ལས་རྒྱ་མཚོ་སྐུ་ན་ཕྲ་བས་སྲིད་དབང་རྭ་སྒྲེང་རྒྱལ་ཚབ་ཀྱིས་བཞེས་པའི་རིང༌། ལས་དོན་ཆེ་ཕྲ་ཀུན་ལ་ྋརྒྱལ་བའི་ཕྱག་ཐམ་སྤྱོད་ཐལ་ཆེ་བས། ཐམ་འཛིན་བསྐོ་རྒྱུའི་འཆར་གཞི་བཀའ་བློན་བཤད་སྒྲ་བ་དབང་ཕྱུག་རྒྱལ་པོ་སོགས་བཀའ་བློན་ཐུན་མོང་ནས་ཕུལ་བར་བརྟེན། བཤད་སྒྲ་སྙེ་མོ་སྨོན་མཁར་གཞིས་ཁོངས་སུ་རྒྱང་ཕུད་བཏང་བ་མ་ཟད། ད་དུང་མདའ་དཔོན་ཐོན་པ་སོགས་མངགས་ཏེ་གཡོ་ཐབས་ཀྱིས་བཀྲོངས་རྩིས་བྱས་ཀྱང༌། བཤད་སྒྲའི་ཉེ་ཕྱོགས་དགའ་ལྡན་ཤར་རྩེའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་དགའ་འབྲས་ཐུན་མོང་གི་ཐོག  བོད་གཞུང་དཔོན་རིགས་ནང་དུའང་རྒྱབ་སྐྱོར་བླངས་ཏེ། བོད་དམག་དང་དགའ་འབྲས་གྲྭ་ཤར་ཚོས་རྭ་སྒྲེང་རྒྱལ་ཚབ་ལ་དཔུང་རྒོལ་བྱས་པས། རྭ་སྒྲེང་དཔོན་འཁོར་རྣམས་རྒྱ་ནག་པེ་ཅིང་དུ་བྲོས་བྱོལ་ཕེབས་དགོས་བྱུང༌།

    དེ་ནས་དགའ་འབྲས་དྲུང་སྤྱིས་གཙོས་པའི་བོད་ལྗོངས་སེར་སྐྱ་ཡོངས་ཀྱི་རེ་མོས་ལྟར། ྋརྒྱལ་དབང་མཆོག་དགུང་གྲངས་ ༧ ལས་མ་ཕེབས་ཀྱང་ཕྱི་རྒྱར་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ཚུལ་བཞེས་ཐོག་ནང་དོན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྲིད་སྐྱོང་དུ་བསྐོ་བཞག་གནང་བ་བཅས་སོ།།

    ༨༢༽ དྲི་བ། ྋརྒྱལ་དབང་བདུན་པ་ནས་བཅུ་གསུམ་པའི་བར་སྲིད་སྐྱོང་གང་དག་སོང་བ་དང༌། རྭ་སྟག་དབར་འགལ་བ་བྱུང་ཚུལ་ཇི་ལྟར་ཡིན་ནམ།

    ལན། ྋརྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས་སྲིད་མཛད་རྗེས་རྒྱལ་ཚབ་ཀྱི་ཐོག་མ་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོས་སྲིད་ལོ་ངོ་ཉི་ཤུ་དང༌། ཚེ་སྨོན་གླིང་ཁྲི་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་ལོ་བཅུ། ྋརྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཀུན་བདེ་གླིང་རྟ་ཚག་ཧུ་ཐོག་ཐུ་བསྟན་པའི་མགོན་པོ་དང་མཉམ་འབྲེལ་གྱིས་ལོ་ངོ་བཅུ་དགུ། དེ་ནས་ྋརྒྱལ་དབང་རིན་པོ་ཆེ་སྐུ་འདས་ཕྱིན་སླར་ཡང་ཀུན་གླིང་རྟ་ཚག་བསྟན་པའི་མགོན་པོས་ལོ་དྲུག དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་ལོ་ངོ་དགུ། ཚེ་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལོ་ངོ་ཉི་ཤུ་རྩ་ལྔ། དེའི་འཕྲོས་ནས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་ཟླ་བ་བརྒྱད་ལྷག རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལོ་བཅོ་བརྒྱད། བཤད་སྒྲ་དབང་ཕྱུག་རྒྱལ་པོས་ལོ་གསུམ། སྡེ་དྲུག་ཧུ་ཐོག་ཐུ་མཁྱེན་རབ་དབང་ཕྱུག་གིས་ལོ་ངོ་བརྒྱད། ྋརྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོས་ལོ་གསུམ། དེ་ནས་ཀུན་གླིང་རྟ་ཚག་ངག་དབང་དཔལ་ལྡན་ཡེ་ཤེས་ཀྱིས་ལོ་བཅུ་གཉིས། དེ་མོ་ཧུ་ཐོག་ཐུ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་ཀྱིས་ལོ་ངོ་བཅུ་རིང་སྲིད་བསྐྱངས་ཤིང༌། དེ་ནས་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོས་སྲིད་མཛད་པའི་དབུ་བཟུང་བ་ཡིན་ནོ།།

    རབ་བྱུང་བཅོ་ལྔ་པའི་ཆུ་བྱ་སྤྱི་ལོ་ ༡༩༣༣ ལོའི་ཟླ་བ་བཅུ་པའི་ནང་ྋརྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་དགོངས་པ་གཞན་དོན་གཤེགས་རྗེས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་གྲོས་བསྡུར་བྱས་ཐོག་སྤྱི་མོས་ལྟར་རྭ་སྒྲེང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་རྒྱལ་ཚབ་ཀྱི་ཐུགས་འགན་ལོ་ངོ་ལྔ་ཙམ་བཞེས་མཐར་རྐྱེན་དབང་གིས་དགོངས་ཞུ་ཞུས་ཤིང༌། སྤྱི་ལོ་ ༡༩༤༡ ལོའི་ཟླ་བ་དང་པོར་ཡོངས་འཛིན་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་སྲིད་སྐྱོང་གི་ཁྲིར་ཕེབས། སྐབས་དེར་རྒྱལ་ཚབ་སྟག་བྲག་རིན་པོ་ཆེས་ལོ་ངོ་གསུམ་གྱི་རིང་སྲིད་མཛད་ཕྱིན་སྲིད་སྐྱོང་གི་ལས་འཁུར་སླར་ཡང་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེར་ཕྱིར་འབུལ་བྱ་རྒྱུའི་ཁ་གཏན་བཞག་ཡོད་ཀྱང༌། ཕྱིས་སུ་དུས་མཚམས་དེ་འདས་ཟིན་ནའང་སྟག་བྲག་རིན་པོ་ཆེ་དང་སེར་བྱེས་མཁན་པོ་ངག་དབང་རྣམ་རྒྱལ་སོགས་ནང་མོལ་བགྱིས་ནས་རྒྱལ་ཟུར་མཆོག་གནས་བབས་དེར་སེར་བྱེས་གྲྭ་ཚང་ཉམས་གསོ་ལེགས་བསྒྲུབས་ཟིན་པའི་རབ་གནས་མཛད་པར་གདན་འདྲེན་ཞུས་པའི་ཚུལ་གྱིས་ལྷ་སར་ཕེབས་ལ། དོན་དུ་སྲིད་སྐྱོང་སྟག་བྲག་དང་མཇལ་འཛོམས་ཐོག་དེ་སྔ་ནང་མོལ་གནང་བ་ལྟར་སྲིད་སྐྱོང་གི་ལས་འགན་ཕྱིར་འབུལ་ཞུ་རྒྱུའི་རེ་བ་མཛད་པ་དེ་ཡིན། རྭ་སྒྲེང་རིན་པོ་ཆེ་ལྷ་སར་ཕེབས་རྗེས་རྩེ་ཕོ་བྲང་དུ་ྋརྒྱལ་མཆོག་རིན་པོ་ཆེ་དང༌། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་ལྷན་འཛོམས་སར་འབྱོར་ཕྱག་ཞུས་ཐོག མཛད་སྒོ་གྲོལ་རྗེས་ཤོད་གཟིམ་ཆུང་དུ་སྟག་བྲག་རིན་པོ་ཆེ་དང་མཇལ་འཕྲད་གནང་སྟེ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས་སྐུ་ཕྱྭའི་རྐྱེན་སེལ་བསྙེན་སྒྲུབ་ཟིན་ལུགས་དང༌། སྟག་བྲག་རིན་པོ་ཆེ་སྐུ་ན་མཐོ་བས་མུ་མཐུད་སྲིད་འགན་བཞེས་ན་སྐུ་ངལ་ཆེ་བ་མི་ཡོང་ངམ་སྙམ་ནས་ད་རེས་ཆེད་མངགས་སྐུ་བཅར་ཞུས་པ་ཡིན་ཞེས་གསུངས་ནའང༌། སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་དེར་གསན་འཇོག་མི་གནང་བར་སྤྱིར་བཏང་གི་འཚམས་འདྲིའི་བཀའ་མོལ་འབའ་ཞིག་ཞུ་བ་ཙམ་ལས་གོང་གསལ་གནད་དོན་ཐད་ལེགས་ཉེས་འགྲིག་མིན་གང་ཡང་མ་གསུངས་པར་མཁྲེག་བཟུང་བྱས་པར་བརྟེན་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེ་ཐུགས་འགྱོད་ཤིན་ཏུ་ཆེན་པོ་སྐྱེས་ཤིང༌། སྐབས་དེར་ཕྱོགས་གཉིས་ཀའི་ཞབས་འོག་དཔོན་རིགས་རྣམས་དབང་ཆ་འཕྲོག་རེས་བྱེད་རྒྱུའི་འཐབ་རྩོད་ཛ་དྲག་ཏུ་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་སྟག་བྲག་རིན་པོ་ཆེའི་ཕྱག་མཛོད་ཛ་སག་བསྟན་པ་མཐར་ཕྱིན་གྱིས་སྲིད་སྐྱོང་གི་གོ་གནས་ཕྱིར་འབུལ་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས། དེ་ནས་བཟུང་རྭ་སྟག་དབར་འགལ་བ་སྔར་བས་མངོན་གསལ་ཆེར་བསྐྱེད་ཇེ་ཆེར་སོང་ཞིང༌། མཐར་མེ་ཕག་སྤྱི་ལོ་ ༡༩༤༧ ལོའི་ཟླ་བ་གཉིས་པར་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་དང༌། ལྷ་ཀླུ་ཚེ་དབང་རྡོ་རྗེ་སོགས་ཀྱིས་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེ་འཛིན་བཟུང་བྱས་ཏེ་རྩེ་ཤར་ཆེན་ལྕོག་ཏུ་བཙོན་བཅུག་བགྱིས། བོད་གཞུང་གི་འགངས་ཆེའི་ལས་ཁུངས་ནང་མཆིས་པའི་རྭ་སྒྲེང་རིན་པོ་ཆེའི་ཕྱོགས་གཏོགས་སེར་སྐྱ་དཔོན་རིགས་དང༌། སེ་འབྲས་ཀྱི་མཁན་པོ་སོགས་རིམ་བཞིན་འཕོ་བསྒྱུར་དང་ཕྱིར་འཐེན་བྱས་ཏེ་སྟག་བྲག་རིན་པོ་ཆེའི་རྗེས་འབྲངས་རྣམས་བསྐོ་བཞག་མཛད་པ་སོགས་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་དང༌། དེབ་ཐེར་ཀུན་གསལ་མེ་ལོང་སོགས་སུ་རྭ་སྟག་གཉིས་ཀྱི་འགལ་བའི་འབྱུང་རྐྱེན་དུ་འཁོད་པ་རྣམས་ཕྱོགས་བསྡུས་ཀྱིས་བཀོད་པའོ།།   །། 

བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཤིང༌། །

ྋརྒྱལ་དབང་རིམ་བྱོན་སྡེ་སྲིད་གསར་བསྐོ་དང༌། །

བཀའ་ཤག་གསར་བཙུགས་གོར་བོད་དམག་འཁྲུག་སོགས། །

ཆོས་སྲིད་ལོ་རྒྱུས་སྙིང་བསྡུས་འདི་ཙམ་མོ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།