༄༅།།པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་མཆོག

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༨ཉིན་སྤེལ། ༄༅།།པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ལོའི་ཟླ་བ་དང་པོའི་ཚེས་༣ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཤང་གི་ངོ་མཚར་ཞེས་པའི་གྲོང་ཚོར་འཁོན་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་མགོན་པོ་ཚེ་བརྟན་ཟེར། དགུང་ལོ་གསུམ་པ་ལྕགས་སྦྲུལ་༡༩༤༡ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅུ་གཉིས་ས་གླང་༡༩༤༩ལོར་སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ནས་རབ་ཏུ་བྱུང་མཚན་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ལོ་དེར་སྐུ་འབུམ་བྱམས་པ་གླིང་དགོན་དུ་གསེར་ཁྲིར་མངའ་གསོལ།སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས།གཞུང་ཆེན་ལྔ་མཚོན་མདོ་སྔགས་རིག་གནས་སོགས་ལ་བསན་བསམ་ཉམས་བཞེས་མཐར་ཕྱིན་པ་མཛད་པ་མ་ཟད། དགོན་སྡེ་ཉམས་གསོ། སྐུ་གསུངས་ཐུགས་རྟེན་གསར་བཞེངས།ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་གཉེར། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་པ། རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་དུས་འཁོར་དབང་ཆེན་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ལ་མཛད་རྗེས་འགྲན་ཟླ་བྲལ་བ་འཇོག་གནང་མཛད།

ལྷག་པར་བོད་ལྗོངས་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་རིགས་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་ཡོད། དགུང་ལོ་བཅུ་བཞི་ལྕགས་ཡོས་༡༩༥༡ལོར་པེ་ཅིང་བོད་ཞི་བའི་གཅིངས་འཀྲོལ་སྐོར་གྱི་གྲོས་མོལ་ཞེས་པར་ཕེབས། དགུང་ལོ་བཅོ་ལྔར་ལྷ་ལྡན་དུ་ཕེབས་འབྱོར་ཟིན་ནས་ཕོ་བྲང་པོ་ཏ་ལར་ཡབ་སྲས་ལྷན་འཛོམས་བྱུང་ལོ་དེར་གཙང་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད།དགུང་ལོ་བཅུ་བདུན་ལོར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་དང༌། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཞོན་པར་འདམས་ཐོན་བྱུང༌། དགུང་ལོ་བཅུ་དགུ་ལ་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ལྷན་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ་གནང༌། ལོ་དེར་རྒྱ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱལ་བ་ཡབ་སྲས་རྣམ་གཉིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། རྒྱ་གར་དུ་བཞུགས་རིང་གང་ཉིད་ལ་ཝ་རྭ་ན་སི་ནང་བསྟན་སློབ་གླིང་ནས་མཚན་འཛིན་ནང་བསྟན་པཎ་ཌི་ཏའི་མཚན་གནས་འཕུལ་བ་བཞེས།དགུང་ལོ་ཉེར་གཅིག་བཀྲ་ཤིས་ལྷུན་པོར་བཀའ་ཆེན་གྱི་མཚན་རྟགས་གཞེས། དགུང་ལོ་ཉེར་གཉིས་ཐོག་གྲ་སྒྲིག་ཨུ་ལྷན་གི་ཀྲུའུ་རིན་ཨུ་ཡོན་ལས་ཚབ་དང༌།སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པར་འདམས་ཐོན་བྱུང༌། དགུང་ལོ་ཉི་ཤུ་རྩ་གསུམ་ཐོག་པེ་ཅིང་དུ་ཕེབས་ནས་ལོ་ཕྱེད་ཙམ་བཞུགས་རིང་མཚོ་སྔོན་སོགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ནས་འདི་གའི་གནས་ཚུལ་རྣམས་

གཟིགས་རྗེས་ཆུ་སྟག་༡༩༦༢དགུང་ལོ་ཉི་ཤུ་རྩ་ལྔ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བོད་ཁུལ་བཅོས་བསྒྱུར་ཐད་ཀྱི་དངོས་ཡོད་གནས་ཚུལ་ནང་བྱུང་བའི་ཐལ་ཆེ་

བའི་ནོར་འཁྲུལ་གྱི་སྙན་ཞུ་ཡིག་འབྲུ་ཁྲི་བདུན་ཞེས་པ་སྦ་གསང་མེད་པར་སྐྱོན་བརྗོད་དང་གྲོས་འགོ་བཏོན་གནང་མཛད།འོན་ཀྱང་དྲང་བཞག་མིན་པའི་ཞྭ་

མོ་གཡོག་ནས་ལོ་ངོ་དགུའི་རིང་བཙོན་དུ་བཞུགས་དགོས་བྱུང༌།དགུང་ལོ་ཞེ་གཅིག་ས་རྟ་༡༩༧༨ལོ་ནས་དབུ་གནས་སླར་གསོ་བྱུང༌། དགུང་ལོ་ཞེ་བརྒྱད་ལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོ་སླར་གསོ་མཛད་ཚོགས་དབུ་ཡང་བསྐྱངས།

དགུང་ལོ་ཞེ་དགུར་བོད་ལྗོངས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་གངས་རྒྱན་དར་སྤེལ་བཅས་པ་གསར་འཛུགས་གནང༌། དགུང་ལོ་ལྔ་བཅུ་ང་གཅིག་ས་སྦྲུལ་༡༩༨༩ལོར་གདན་སར་གདུང་ཚལ་ལྷན་བཞུགས་ཀྱི་གདུང་རྟེན་བཀྲ་ཤིས་རྣམ་རྒྱལ་སྒོ་དབྱེ་མཛད། ལོ་དེའི་བོད་ཟླ་༡༢ཚེས་༢༡ཉི་བཞུགས་གླིང་བདེ་ཆེན་སྐལ་བཟང་ཕོང་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ དགོངས་པ་གཞན་དོན་དུ་གཤེགས་པའི་མཛད་པ་བསྟན། །

ཇི་སྐད་དུ། ཁྱོད་ཀྱི་ཡོན་ཏན་ཚད་འདི་ཕྱོགས་བཅུ་ཡིས།།རྒྱལ་ཀུན་གྱི་བརྗོད་ཀྱང་ཟད་མིན་ན།།ཞེས་གསུངས་པ་ལྟར་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཚད་གཞལ་བར་དཀའ་བས་མ་ལུས་བརྗོད་པའི་ནུས་པ་ནི་རྒྱལ་བ་ཀུན་ལ་ཡང་མེད་ན་རང་ཉིད་ལ་བློ་གྲོས་ཀྱི་འཁོས་ཀ་དམན་པས་ལྟ་ཅི་སྨོས་འོན་ཀྱང་ལྷག་བསམ་དཀར་བས་ཀུན་ནས་བསླང་ཏེ་མགོན་པོ་གང་གི་གསང་གསུམ་གྱི་ཡོན་ཏན་རྒྱ་མཚོ་འདི་ནས་མི་ཕྱེད་དད་པའི་ཀུ་ཤའི་རྩེ་མོས་ཐིགས་པ་ཙམ་ཞིག་བཏུད་ནས་རང་ཉིད་ཀྱི་ཟིན་བྲིས་འདིའི་འགོ་འཛུགས་དང་མ་འོང་གངས་ཕྲུག་ཚོར་གང་གི་མཛད་རྗེས་རྣམས་མ་བརྗེད་སྙིང་བཅངས་ཀྱི་རེ་བ་དང་བཅས་བགྲང་བྱ་ཉི་ཤུའི་དགོངས་རྫོགས་དུས་དྲན་དུ་སྤེལ། ། ། །  བྷོ་ཊའི་རྣམ་ཤེས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བྱ་བྲལ་བྱམས་པ་འཕྲིནལས་།
མཚན་ཙམ་ཏོན་ཡང་མི་ནུས་།
ཡང་སྤྲུལ་ཆོས་་ཀྱི་ཉི་མའི།
ཁྲི་སྟོན་ག་ནས་ཐུབ་པ་།
༧ཀུན་གཟིགས་བཅུ་པ་ཆེན་པོས།
ཐུགས་རྗེས་གཟིགས་པར་གནང་ནས།
ཁྱེད་ཀྱི་ཡང་སྤྲུལ་གཞོན་ནུ།
གདུལ་བྱའི་མགོན་དུ་འབྱོན་དང།།
1 ༢༩༢༠༡༡༡༩༠༤
ཡོད་དུས་ཚོང་པ་རྒྱག་པ།
མེད་དུས་བཀའ་དྲིན་ཆེན་པོ།
ཡང་སྤྲུལ་ཟླ་གསལ་གཞོན་ནུ།
རྒྱ་དམར་ཕྱག་ཏུ་ཕུལ་སོང་།
དྲིན་བྱས་དྲིན་དུ་མི་ཤེས།
སྐྱག་བཟན་བོད་མིའི་གཤིས་ལ།
བསམ་བཞིན་ངུ་མ་དགོད་ཀྱི།
མིག་ཆུ་ལན་མང་ཤོར་སོང་།
བཀའ་བློན་བོད་ཡིག་མེ་ཤེས།
བཀའ་ཤག་བོད་ཡིག་མི་ཤེས།
བོད་པ་རྫུན་མ་མཐོང་དུས།
མགོན་ཁྱོད་བཀའ་དྲིན་དྲན་བྱུང་།
ལོ་ངོ་ལྔ་ཅུར་གསོས་པའི།
བཙན་བྱོལ་བོད་མིའི་སློབ་ཕྲུག
བོད་ཡིག་སྦྱོར་ཀློག་མི་ཐུབ།
མགོན་ཁྱོད་བཟོད་པར་གསོལ་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།