ལི་ཐང་གི་ཡུལ་དགོན་སྤྱིའི་ལོ་རྒྱུས་སྙིང་བསྡུས།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༠༣ཉིན་སྤེལ། ཁམས་ལི་ཐང་ནི་གངས་ཅན་བོད་ལ་སའི་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་ཞེས་གྲགས་པའི་མདོ་ཁམས་སྒང་དྲུག་གི་ཁོངས་དང༌། གཞན་ཡང་ཆོས་སེམས་བཟང་ཞིང་གཤིས་རྒྱུད་དུལ་བས་ན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མི་སྟོབས་ཆེ་ཞིང་དཔའ་ངར་ལྡན་པས་ན་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། རྟ་འགྲོས་མགྱོགས་ཤིང་རྐང་བཞི་མང་བས་ན་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་མདོ་སྟོད་ཀྱི་ཁོངས་སུ་གཏོགས་པའི་ཡུལ་ལུང་གྲགས་ཅན་ཞིག་ཡིན།

          ལི་ཐང་ཞེས་པའི་མིང་ཐོགས་ཚུལ་ལ་འདི་ཡིན་ཞེས་ངེས་པར་རྙེད་པའི་གཏམ་ཚིག་གཅིག་ཀྱང་འཆད་རྒྱུ་མེད་མོད། དཔྱད་གཞི་ཙམ་ཞིག་ནི་ཁོ་བོས་༼ཕོ་རྒོད་དཔའ་བཱུའི་ཞབས་རྗེས་༽སུ་བཀོད་ཡོད་པས་འདིར་བསྐྱར་ཟློས་མ་བྱས།

          མདོར་ན་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོམ་འབོར་སྒང་གི་འགྲམ་ངོགས་ལི་ཆུ་སྔོན་མཱུའི་སྟོད་རྒྱུད་དུ་ཕྱོགས་བཞི་མཚམས་བརྒྱད་ན། འབྲོག་པ་དང༌། ཞིང་པ། ཞིང་མ་འབྲོག་གསུམ་དང༌། ཡང་ན་འབྲོག་པ། ཞིང་པ། ས་མ་འབྲོག རོང་པ་སོགས་བཞི་རུ་དབྱེ་ན་མི་ཆོག་པ་མེད་པས་དེ་ཐམས་ཅད་རང་རང་གི་འཚོ་ཐབས་ལ་ལྟོས་ཏེ་ས་དབྱིབས་མཐོ་དམའ་དང་དྲོད་གྲང་ཅི་རིགས་སར་ཆགས་མོད། ཡུལ་དེའི་འཚོ་ཐབས་ཀྱང་རྒྱ་དམར་བཙན་འཛུལ་མ་བྱས་པའི་སྔོན་དུ་ཞིང་ལས་དང༌། འབྲོག་ལས། ཚོང་ལས། བཟོ་ལས་སོགས་རང་རང་གི་ཁམས་དང་མོས་པ་ནུས་རྩལ་བཅས་ལ་ལྟོས་ཏེ་གཉེར་ནས་ཡོད་ཀྱང་རྒྱ་བོད་གང་གི་ཁྲིམས་ཀྱིས་བཅུན་མ་ཐུབ་པའི་རྐུན་ཇག་གི་ལས་ལ་འཇུག་མཁན་ཡང་ཉུང་ངུ་ཞིག་མིན་པ་འདྲ། འོན་ཀྱང་སྔར་སྡེ་པ་གཞུང་གིས་བསྐོ་རྫོང་བྱས་པའི་ལི་ཐང་སྡེ་པ་ཞེས་འབོད་པའི་དཔོན་པཱུ་ཞིག་ཡུལ་དེར་གཏོང་སྲོལ་འདུག དེས་ཁྲིམས་འགལ་བྱེད་མཁན་ལ་ཁྲིམས་ཆད་ནན་པོར་བཅད་པའི་ལོ་རྒྱུས་རིང་པཱུ་ཞིག་ངག་རྒྱུན་ལ་འདུག་པས་ན། སྐབས་དེར་ཡུལ་ཁྲིམས་བཙན་པཱུ་ཞིག་ཡོད་པའང་གོ་ནུས་ལ། ཡིན་ན་ཡང་སྐབས་དེའི་ཁྲིམས་ཆད་ལྕི་དྲགས་པས་ཡུལ་མིས་ཁུར་མི་ཐུབ་པ་དང༌། ལི་ཐང་སྡེ་པ་ཞེས་པའི་དཔོན་པོ་དེ་དང་ལི་ཐང་དགོན་པ་གཉིས་མ་མཐུན་པ་བྱུང་བའི་རྐྱེན་གྱིས་དགོན་པའི་མཁན་པཱུའི་སྐེ་བཅད་པའི་གནས་ཚུལ་འོག་མི་མང་གིས་སྡེ་པ་བདུད་དུ་བལྟས་ནས། མི་མང་གྱེན་ལོག་གིས་ལི་ཐང་སྡེ་པ་འཁོར་བཅས་སྡེབ་གསོད་བྱས་ཏེ་སྡོད་ཁང་ཡོངས་རྫོགས་མེ་ལ་བསྲེགས་པ་སོགས་ངག་རྒྱུན་ལ་གྲགས་པའི་ལོ་རྒྱུས་རིང་པོ་ཡོད།

          དེ་ནས་བཟུང་སྡེ་པ་གཞུང་དང་ཡུལ་དེ་གཉིས་ཀྱི་དབར་ཆབ་སྲིད་ཀྱི་འབྲེལ་བ་རྒྱང་རིང་དུ་སོང་བའི་སྐབས་དང་བསྟུན་ནས། སྐབས་དེའི་རྒྱ་ནག་སྲིད་གཞུང་གི་འདྲེ་ལག་ཡུལ་དེར་བརྐྱངས་ཏེ་རྒྱ་དཔོན་ཞིག་འོངས་ནས་ལི་ཐང་གི་བླ་དཔོན་ཁག་ལ་མཚན་བསྟོད་དང་བྱ་དགའ་སྤྲད་དེ། རྒྱ་ཁོངས་སུ་བསྡུ་ཐབས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ནས་འབྲུ་ཁྲལ་དང་མར་ཁྲལ་སོགས་བསྡུས་པ་ཙམ་ལས་ཡུལ་ཁྲིམས་ལ་དོ་དམ་དེ་ཙམ་མ་བྱས། སྐབས་དེར་ལི་ཐང་སྤྱི་ཡི་ཡུལ་ཁྲིམས་ཀྱིས་འགན་དབང་ཆ་ཚང་བ་ཞིག་རྒྱ་བོད་གང་གིས་ཀྱང་མ་ཁུར་བ་གཙོ་བོ་དགོན་པའི་མཁན་པོ་དང༌། ཕྱག་སྦུག་བཞི། མགྲོན་གཉེར་ཆེན་པོ་སོགས་དགོན་པའི་གཙོ་གཉེར་ཁག་དང༌། དེའི་འོག་ཏུ་གཡོན་རུ་དཔོན་དང༌། ཨོ་ཐོག་དཔོན་སོགས་དཔོན་རིགས་ཁག་དང་རྒན་པོ་སོགས་ཀྱིས་འགན་དབང་ཁུར་ནས་ནགས་ཚལ་གཅོད་འབྲེག་དང་རི་དྭགས་རྔོན་རྒྱག་སོགས་ལ་འགོག་སྲུང་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་དང༌། གནས་ཚུལ་འདྲ་མིན་གྱིས་བྱུང་བའི་གྱོད་དང་ཁ་མཆུ་སོགས་དཀར་ནག་དབྱེ་འབྱེད་ཀྱིས་ཡུལ་བདེ་ཞོད་འཇགས་སོགས་ད་ལྟ་ལས་བརྒྱ་འགྱུར་གྱིས་ལྷག་པ་བྱུང་ཡོད་པ་རྒན་རབས་པའི་ངག་ལ་ཉན་ན་ཤེས་ནུས།

          སྐབས་དེ་དུས་ལི་ཐང་ལ་ཁ་ལ་གཤོངས་དྲུག་དང་སྡེ་ཤོག་གསུམ་སོགས་ཕྱེ་ཚུལ་ཡོད་འདུག སྡེ་ཤོག་གསུམ་ནི་ཤོག་ཆེན་དང༌། ཤོག་འབྲིང༌། ཤོག་ཆུང་གསུམ་ཡིན། ཤོག་ཆེན་ནི་འདབ་པ་ཆ་ཕྲེང་སོགས་ཡུལ་ལུང་ཆེ་ཁག་རྣམས་དང༌། ཤོག་འབྲེང་མོ་ལ་འཚོ་གསུམ་སོགས་ལུང་ཚན་འབྲིང་ཁག་ཀུན་དང༌། ཤོག་ཆུང་ཉག་ཆུའི་འགྲམ་རྒྱུད་སོགས་སུ་ཆགས་པའི་ལུང་ཚན་ཆུང་བ་རྣམས་ཡིན།

          ཡུལ་དགོན་གཉིས་ལས་ལི་ཐང་དགོན་པའི་བྱུང་བ་ཅུང་ཟད་བརྗོད་ན། སྤྱིར་ལི་ཐང་ལ་བཀའ་རྒྱུད། རྙིང་མ། ས་སྐྱ། དགེ་ལུགས་གཡུང་དྲུང་བོན་དང་བཅས་པའི་ཆོས་སྡེ་གྲངས་མང་མཆིས་ཤིང༌། གཙོ་བཱུ་ལི་ཐང་དགོན་ཆེན་འདི་ལ་དགོན་མ་ལག་བརྒྱ་དང་བཅུ་གསུམ་ཞེས་ངག་རྒྱུན་ཞིག་ཡོད་ཀྱང་ད་ལྟ་རེ་རེ་ནས་བརྙེད་དཀའ་ཙམ་སྣང༌། དེང་སང་ལི་ཐང་དགོན་ཆེན་ཞེས་གྲགས་པ་འདི་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚཱུས་ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་གི་ལོར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་དོན་ཁོ་ནར་གཟིགས་ནས་ཡུལ་འདིར་ཞབས་སོར་བཀོད། འཇང་ས་དམ་རྒྱལ་པོས་དགོན་པ་འདེབས་པའི་འུར་ལག་དང༌། ཤིང་བཟོ་སོགས་འབུལ་རྒྱུའི་འགན་ལེན་ཞུས་པ་དང་དགའ་ལྡན་ཕོ་བྲང་ནས་དབུས་གཙང་གི་རྡོ་བཟོ་དང༌། ཤིང་བཟོ། ལྕགས་དང༌། ཟངས། གསེར། དངུལ་སོགས་ཀྱི་བཟོ་པ་དང༌། བལ་པཱུའི་ལྷ་བཟོ་སོགས་གཏོང་གནང་མཛད་དེ་བདེ་བར་འབྱོར། ལོ་དེའི་ཟླ་ ༥ ཚེས་ ༡༢ ཉིན་ནས་གཙུག་ལག་ཁང་རྟེན་དང་བརྟེན་པའི་ལས་གྲྭ་དབུ་འཛུགས་གནང༌། དེ་ཡང་གཙུག་ལག་ཁང་ཀ་བ་བཅོ་བརྒྱད་དང༌། འདུ་ཁང་ཆེན་མོ་ཀ་བ་བརྒྱད་ཅུ་གྱ་གཉིས། མགོན་ཁང་ཀ་བ་བཞི། གཟིམས་ཁང་ཀ་བརྒྱད། གཟིམས་ཆུང་དབེན་ཀ་བ་དྲུག་ཅན་ལ་སོགས་པ་རྣམས་དང༌། རྒྱུ་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པཱུའི་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་སོགས་རྟེན་དང་བརྟེན་པའི་རྨང་ལེགས་པར་བཏིང་སྟེ་དགོན་པའི་མཚན་ཡང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་ྋརྒྱལ་བའི་སྡེ་ཞེས་བསྩལ། དེ་ནས་གོ་བོ་དཔོན་གྱིས་གདན་ཞུ་དོས་དྲག་པས་ལི་ཐང་དགོན་པའི་མཇུག་རྣམས་སྐུ་སྐྱེ་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོ་ལ་བཀའ་མངགས་གནང་ནས་ཧོར་ཟླ་ ༡༡ ནང་ཆིབས་ཁ་ནུབ་ཏུ་བསྒྱུར། དགོན་ཆེན་འདིའི་མཁན་རབས་དང་པོ་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་དང༌། གཉིས་པ་སྐུ་སྐྱེ་བསོད་ནམས་ཡེ་ཤེས་དབང་པོ་ནས་བཟུང་ད་ལྟ་བར་དུ་མཁན་རབས་དགུ་བཅུ་ལྷག་ཙམ་བརྩི་སྲོལ་འདུག

དེ་ནས་རིམ་བཞིན་ལི་ཐང་དགོན་པའི་མཁན་པོ་རྣམས་རྒྱལ་བ་མཆོག་གིས་ཐུགས་འདོད་ལྟར་གདན་ས་གསུམ་གྱི་དགེ་བཤེས་ནས་གཏོང་སྲོལ་ཡོད་པས་དེ་ལ་བོད་བསྐོས་མཁན་པོ་ཞེས་འབོད། བོད་བསྐོས་མཁན་པོ་རྣམས་ལས་ཟུར་སྐབས་ཐུགས་འདོད་ཀྱི་ཕྱག་རྟགས་རེ་འབུལ་སྲོལ་ཡོད་པ་བཞིན་བོད་བསྐོས་མཁན་པཱུ་སྒོ་མང་མཁན་པོ་དོན་འགྲུབ་རྒྱ་མཚོ་ལས་ཟུར་སྐབས། ལི་ཐང་དགོན་པའི་རྟེན་གཙོ་བོ་མི་འཁྲུག་པའི་སྐུ་གྲགས་ཅན་ཞིག་ཡོད་པ་དེ་ཐུགས་འདོད་ཀྱིས་ཕྱག་བསྣམས་ཕེབས་པས། དགོན་པའི་ལས་སྣེ་ཀུན་གྱིས་ཅི་ཡང་ཞུ་བདེ་མ་བྱུང་བར་དེ་ནས་བཟུང་བོད་བསྐོས་མཁན་པཱུ་མི་དགོས་པར་རང་ཡུལ་གྱི་བླ་སྤྲུལ་དགེ་བཤེས་དྲག་གྲས་ནས་དགོན་པའི་མཁན་པོ་བསྐོ་རྒྱུ་བྱས་པ་དང༌། དེ་ནས་བོད་བསྐོས་མཁན་པོ་གཏོང་སྲོལ་དེ་ཉམས་ཞེས་རྒན་རབས་འགའ་ཡི་ངག་རྒྱུན་ནས་ཐོས།

བཤད་ཚུལ་གཞན་ཞིག་ལ་མཁན་རབས་བཅོ་ལྔ་པ་སྒོ་མང་ཆོས་རྗེ་དོན་འགྲུབ་རྒྱ་མཚོ་མཆོག་ལི་ཐང་དགོན་པར་མདོ་སྔགས་འཆད་ཉན་གྱི་མཛད་འཕྲིན་ཤིན་ཏུ་རྒྱས་པ་མ་ཟད། ཚོགས་ཆེན་འདུ་ཁང་ཆེན་མོ་དང༌། ཆོས་རྭ། ཕོ་བྲང་དཀར་དམར་གཉིས་ཀྱི་རྨང་ནས་ལྡེབས་རིས་དང་ཚོན་རྩི། ནང་གི་སྐུ་གསུང་ཐུགས་རྟེན་དང་ཐོག་ཁའི་གསེར་གྱི་རྒྱ་ཕིབས། རྒྱལ་མཚན། རི་དྭགས་ཆོས་འཁོར་དང་བཅས་བྱ་བ་ལས་ཀྱི་འཁོར་ལཱུའི་མཛད་འཕྲིན་ཡང་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། ཡིན་ཡང་དགའ་བ་བླ་མ་སངས་རྒྱས་ཆོས་འཕེལ་ནས་ྋརྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་ལ་དབུས་ནས་ཕེབས་པའི་མཁན་པོ་རྣམས་ལམ་ཐག་རིང་བས་ཕེབས་ལམ་ལ་བསུ་སྐྱེལ་དཀའ་བར་བརྟེན། ད་ནས་བཟུང་མཁན་པོ་དབུས་ནས་མངགས་གཏོང་མི་དགོས་པར་ལི་ཐང་རང་ནས་བླ་སྤྲུལ་དགེ་བཤེས་ལ་ཐད་ཀར་མཁན་པོ་བསྐོ་བཞག་མཛད་ཆོག་པའི་སྙན་ཞུ་ཕུལ་བ་ལྟར་གནང་བ་ཐོབ་སྟེ། མཁན་རབས་བཅུ་དྲུག་པ་དགའ་བ་སངས་རྒྱས་ཆོས་འཕེལ་གྱིས་མཛད་ཡོད་པའི་ལོ་རྒྱུས་ཤིག་ཀྱང་འདུག

          ྋརྒྱལ་མཆོག་ལྔ་པའི་སྐབས་ལི་ཐང་དགོན་པ་བེ་རིས་གཏོར་བའི་ཞིག་གསོར་འབའ་རྫོང་སྡོད་གཟེར་ཆེན་པ་རྣམ་རྒྱལ། རྒྱལ་མཆོག་ལྔ་པ་ཆེན་པོས་ཆེད་བརྫོང་གནང་ཐོག་ཏྲེ་ཧོར་དར་ཧན་བཀའ་བཅུས་ལས་དཔོན་དང༌། དཔོན་མཁའ་འགྲོས་སྦྱིན་བདག་ཞུས་ཏེ་འདུ་ཁང་རྒྱ་བསྐྱེད་དང་བཅས་ཀ་བ་དྲུག་ཅུ་རེ་བཞིའི་ས་གསར་རྒྱག་དང༌། འབའ་ནས་ཟངས་འདེགས་ཁལ་བརྒྱ་ལྷག་གི་ཞལ་འདེབས་དང་བཅས་བྱམས་པའི་ཁྲི་པད་ཞིག་གསོ་མཛད། འདུ་ཁང་གི་ལྡེབས་རིས་སུ་མཛད་བརྒྱ་དང༌། གཙང་ཁང་སྦུག་ཀ་བ་བརྒྱད་མར་བྱམས་པའི་སྨན་སྐུ་ཐོག་ཚད་མ་གསར་བཞེངས། གཟུངས་འབུལ། རབ་གནས་བཅས་སུ་དེ་མོ་སྤྲུལ་སྐུ་ཆེད་བརྫོང་གནང་བ་དང༌། གཙུག་ལག་ཁང་རྟེན་དང་བརྟེན་པ་ཞིག་གསོ་དང་གསར་བཞེངས་ལེགས་པར་ཟིན་འཕྲལ་སྔ་རྒྱུན་གྱི་སྒྲུབ་མཆོད་ཁག་གི་ཐོག ཆོས་ཐོག་བརྒྱད་ལ་ཟླ་ཕོགས་དང༌། ཉིན་རེ་ཇ་ཚུལ། ཆོ་འཕྲུལ་སྨོན་ལམ། ལྔ་མཆོད། ཉེར་བདུན་མཆོད་པ་བཅས་གསར་འཛུགས་ཀྱིས་དེ་དག་གི་མཐུན་རྐྱེན་དུ་ཆོས་གཞིས། འབྲོག་དུད་བཅས་གསོལ་རས་བསྩལ།

          ཕྱི་ལོ་ ༡༧༥༣ ལོར་༼ྋརྒྱལ་མཆོག་བསྐལ་བཟང་གི་སྐབས་༽ལི་ཐང་དགོན་པའི་རྟེན་གཙཱུ་ལི་ཐང་ཐུབ་ཆེན་བྱམས་པ་ཞེས་ཡོངས་སུ་གྲགས་པ་དེའི་དབུ་ཐོད་དུ་རྒྱ་ཕིབས་གསར་བཟཱུའི་མཐུན་རྐྱེན་གསེར་དང་ཟངས་སོགས་རྒྱུ་ཆ། བཟཱུ་རིགས་མཁས་པ་དང༌། བཟོ་མིའི་གླ་ཆ་སོགས་ཆ་ཚང་གཞུང་ས་ནས་བསྩལ་ཅིང༌། བཟོ་པའི་དོ་དམ་དུ་སྔགས་རམས་པ་བློ་བཟང་བཟོད་པ་དང༌། ནང་གཟན་ཚེ་དབང་ལྷུན་འགྲུབ་གཉིས་ཀྱང་གཏོང་གནང་མཛད།

          སླར་ཡང་ལི་ཐང་དགོན་པའི་ཕྱིའི་ལྕགས་རི་ནས་ནང་གི་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་བར་ཐམས་ཅད་ཤིན་ཏུ་ཉམས་ཆག་ཆེན་པོར་སོང་བ་མ་ཟད། དགོན་པའི་འདུལ་ཁྲིམས་དང་མདོ་སྔགས་འཆད་ཉན་ཐམས་ཅད་གཡར་ཁྲལ་ཙམ་ལས་མེད་པར་གྱུར་ཏེ། མཁན་ཐོག་མང་པོས་སྐུ་ངལ་འཛེམས་མེད་ཀྱིས་ཉམས་གསོ་མཛད་པར་འབད་ཀྱང་བླ་གྲྭ་ཕལ་མོ་ཆེས་མནོག་ཆུང་སྒེར་གྱི་རྒྱུ་འབྱོར་འབད་སྒྲུབ་ཁོ་ནའི་དབང་གིས། ཐུགས་འདོད་ཇི་བཞིན་མ་འགྲུབ་པར་མཁན་ཐོག་མང་པོས་དགོངས་པ་ཞི་བའི་དབྱིངས་སུ་གཏད་དགོས་བྱུང་འདུག་པའི་སྐབས་དེར། ཤོག་དྲུག་སྐྱབས་མགོན་སྐུ་གོང་མ་རྗེ་བཙུན་ངག་དབང་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ་མཆོག་གིས། གང་ཉམས་ཐམས་ཅད་ཉམས་གསོ་མཛད་དགོས་པའི་བཀའ་ཕབ་པ་ན། ལས་ཀྱི་སྣེ་མོ་བ་ཀུན་གྱིས་ལྕགས་རི་དང་འདུ་ཁང་སོགས་གཞི་རྒྱ་ཆེ་བའི་ལས་གྲྭ་ཁག་ལ་རྒྱུ་གྲོན་ཤིན་ཏུ་ཆེ་སྟབས་ཇི་ལྟར་བྱ་ཞེས་དངངས་སྐྲག་གིས་ཞུ་སྐབས། རིན་པོ་ཆེས་ལྷ་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཡོད་པས་འཇིགས་སྐྲག་ཅི་ཡང་མི་དགོས་པར་ལས་གྲྭ་མྱུར་དུ་དབུ་འཛུགས་གནོངས་ཤིག་གསུངས་པ་ལྟར། ཕྱི་ནང་གི་བཀོད་པ་ཐམས་ཅད་ཉམས་གསོ་ལེགས་གྲུབ་བྱུང་སྟེ་རྒྱུ་གྲོན་གྱི་དཀའ་ངལ་ཅི་ཡང་འཕྲད་མེད་པའི་ལོ་རྒྱུས་འདི་ནི་ངག་རྒྱུན་ཚད་མ་ཞིག་ལ་བརྟེན་ནས་བྲིས།

          དགོན་པའི་ཕྱིའི་བཀོད་པ་དང༌། ནང་གི་མདོ་སྔགས་འཆད་ཉན། འདུལ་ཁྲིམས་བརྩི་སྲུང་སོགས་ཡར་ངོའི་ཟླ་བ་གསར་པ་བཞིན་དུ་འཕེལ་བཞིན་པའི་སྐབས། རྒྱ་འདྲེ་དམར་པཱུའི་སྲིདགཞུང་གིས་གཏོར་རྡུང་སྲེག་གསུམ་གྱིས་དགོན་པ་ཞིང་ཐང་ལ་བསྒྱུར་ཡོད། རྗེས་ནས་ཉམས་གསོ་མཛད་པའི་ལོ་རྒྱུས་ནི་འདིར་འབྲི་རྒྱུའི་ངལ་བར་བརྟེན་དགོས་མ་མཆིས།

          ད་དུང་ལི་ཐང་དགོན་པའི་ཁྱད་ནོར་ལྟ་བུ་ལི་ཐང་མཚལ་དཔར་ཞེས་ཡོངས་སུ་གྲགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཔར་གཞི་འདི་ཉིད་ནི། ཐོག་མ་ཕྱི་ལོར་ ༡༦༠༨ ལོར་འཇང་ས་དམ་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས་བཀའ་འགྱུར་དཔར་བསྐྲུན་བྱ་རྒྱུའི་མ་ཕྱི་ལེགས་པ་ཞིག་དགོས་ཞེས་ཞུས་པ་ལྟར། དེ་སྔོན་རིན་སྤུངས་དོན་ཡོད་རྡོ་རྗེས་དབུས་གཙང་ཡོངས་སུ་དབང་བསྒྱུར་བྱེད་སྐབས་ཚལ་གུང་ཐང་དུ་ཡོད་པའི་ཚལ་པ་བཀའ་འགྱུར་ཆ་ཚང་ཞྭ་མར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ལ་ཕུལ་བ་དེ། ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་བསྐུར་གནང་མཛད་དེ་མ་ཕྱི་དེར་བཅོལ་བ་འདྲ། ཞྭ་དམར་སྐུ་ཕྲེང་དྲུག་པ་མཆོག་ལ་འཇང་ས་དམ་རྒྱལ་པོས་སྔ་རྗེས་སུ་གདན་འདྲེན་ཡང་ཡང་འབྱོར་བ་ལྟར་ཁམས་ཁུལ་དང་མཚོ་སྔོན་བརྒྱུད་ནས་འཇང་ས་དམ་རྒྱལ་པཱུའི་ཕོ་བྲང་ལ་ཕེབས་ཏེ། བཀའ་འགྱུར་དཔར་བསྐྲུན་གྱིས་ལས་མཇུག་མ་རྫོགས་བར་དུ་ཞུ་དག་དང༌། དཔར་ཁང༌། བཀའ་འགྱུར་བཅས་ལ་རབ་གནས་ཀྱང་མཛད།

          སི་ཏུ་སྐུ་ཕྲེང་ལྔ་པ་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་དཔར་གཞི་འདི་ལ་ཞུ་དག་མཛད་ཡོད། བཀའ་འགྱུར་འདི་བོད་ཡུལ་དུ་བཀའ་འགྱུར་དཔར་མ་ཐོག་མ་དེ་ཡིན་པ་གྲགས། སྡེ་དགེ་བཀའ་འགྱུར་གྱི་མ་ཕྱི་ཡང་འདི་ཉིད་ཡིན་འདུག ཕྱིས་སུ་འཇང་རྒྱལ་དང་གཞུང་དགའ་ལྡན་ཕོ་བྲང་དབར་གྱི་ཟིང་འཁྲུག་སྐབས་དཔར་གཞི་འདི་ལི་ཐང་དགོན་པར་གདན་དྲངས་པ་ནས་བཟུང་ལི་ཐང་མཚལ་དཔར་ཞེས་ཡོངས་གྲགས་སུ་གྱུར། དེར་བརྟེན་སྡེ་དགེ་བཀའ་འགྱུར་གྱི་མ་ཕྱི་ལི་ཐང་མཚལ་དཔར་དང༌། དེའི་མ་ཕྱི་ཚལ་པ་བཀའ་འགྱུར། དེའི་མ་ཕྱི་སྣར་ཐང་བཀའ་འགྱུར་སོགས་ཡིན། སྣར་ཐང་བཀའ་འགྱུར་དཔར་མ་དེ་མིརྒྱ་གཏོརེ་དེ་ནི་ཕྱི་ལོ་ ༡༧༣༡ ལོར་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་བྱས་ནས་བཞེངས་པས་དུས་ཕྱིས་པས་སོ།།

གཞུང་དགའ་ལྡན་ཕོ་བྲང་དང་ཁྱད་པར་དུ་ྋརྒྱལ་མཆོག་སྐུ་ཕྲེང་རིམ་པས་གཅེས་སྐྱོང་གནང་བའི་དགོན་འདིའི་ལྷ་སྡེར་རྒྱལ་བའི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་སླད་དུ་བསམ་བཞིན་དུ་སྲིད་པར་བཞེས་པའི་སྐྱེས་བུ་ཆེན་པོ་སྐུ་འཁྲུངས་མྱོང་བ་ནི། གངས་ཅན་བོད་ཀྱི་ལྷ་སྐུལ་འཕགས་མཆོག་སྤྱན་རས་གཟིགས་མིའི་རྣམ་པར་རོལ་པ་རྒྱལ་མཆོག་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་དང༌། བཅུ་པ་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་དང༌། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་གསུམ་པ་ཡེ་ཤེས་བསྟན་པའི་ཉི་མ། ཁྲི་ཆེན་ངག་དབང་མཆོག་ལྡན་སྐུ་ཕྲེང་གཉིས་པའམ་ར་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས། ཁྲི་ཆེན་བློ་བཟང་དྲི་མེད་སྐུ་ཕྲེང་ན་རིམ་དང་འདི་ལ་ལི་ཐང་ཤོག་དྲུག་སྐྱབས་མགོན་སྐུ་ཕྲེང་ན་རིམ་ཡང་ཟེར། སྡེ་དགེ་དཔལ་སྤུངས་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་གཅིག འཕགས་པ་ལྷ་སྐུ་ཕྲེང་བདུན་པ་འཇིགས་མེད་བསྟན་པའི་མགོན་པོ། འཕགས་པ་ལྷ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇིགས་མེད་དཔལ་ལྡན་བསྟན་པའི་ཉི་མ། འཕགས་པ་ལྷ་སྐུ་ཕྲེང་དགུ་པ་མཁས་གྲུབ་ངག་དབང་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན། འཕགས་པ་ལྷ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་དགེ་ལེགས་རྣམ་རྒྱལ། ཆབ་མདཱུ་ཞི་བ་ལྷ་ཡེ་ཤེས་འགྱུར་མེད་བསྟན་པའི་མགོན་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་སོ།།

          ད་དུང་གནས་འདི་ན་ྋརྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང་ཚངས་དབྱངས་རྒྱ་མཚོ། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་རིས་སུ་མ་མཆིས་པའི་སྐྱེས་མཆོག་གྲངས་ལས་འདས་པས་ཞབས་ཀྱིས་བཅགས་མྱོང་བའི་རེ་རེའི་མཚན་ནས་སྨོས་ན་ཡིག་ཚོགས་ཤིན་ཏུ་ཆེན་པོར་འགྱུར་བས་གྲགས་ཆེ་བ་འགའ་ཞིག་གི་མཚན་ཙམ་སྨྲས་ནས་ཆོག་པར་བྱས་སོ།།

          སྤྱིར་འཇིག་རྟེན་ཡོངས་ལ་ཆགས་འཇིག་དང་འཕེལ་འགྲིབ་སྣ་ཆོགས་ཀྱི་དར་རྒུད་ཡོད་པ་བཞིན་ཡུལ་ལི་ཐང་འདི་ལའང་བོད་བཙན་པཱུའི་དུས་རབས་དང༌། བོད་སིལ་བུའི་དུས་རབས། བོད་བླ་མའི་དུས་རབས་རྣམས་ཀྱི་སྐབས་སུ་རྒྱ་སོག་དམག་གིས་མི་གསོད་ཁྲག་སྦྱོར་དང་རྒྱུ་དངོས་འཕྲོག་བཅོམ་སོགས་ཚད་ལས་བརྒལ་བ་བྱས་ཡོད་པའི་ལོ་རྒྱུས་ཡིག་ཐོག་ཏུ་ཉུང་ཞིང་མདོ་བསྡུས་པ་ཙམ་ལས་མི་སྣང་མོད། གཅིག་ནས་གཅིག་ཏུ་བརྒྱུད་པའི་ངག་རྒྱུན་སྣ་ཚོགས་པ་དང་གྲངས་མང་བ་ཞིག་ཡོད་ཀྱང་འདིར་ཡིག་ཚོགས་ཀྱིས་འཇིགས་ནས་ངལ་བར་མ་བསྟེན། ཁྱད་པར་དུ་རྒྱ་དམར་གུང་ཁྲན་གྱིས་བོད་དུ་བཙན་འཛུལ་མ་བྱས་པའི་སྐབས་མང་པོ་ཞིག་ལ་ལི་སྤྱི་ཡོངས་ལ་གུད་ཆག་གྲངས་མེད་ཅིག་བྱུང་ཡོད་པ་ནི།  དཔེར་ན་བེ་རིས་གཏོར་བཅོམ་དང་ཉག་རོང་གི་དམག་འཁྲུག རྒྱ་ནག་གོང་མ་རིམ་བྱོན་མང་པཱུའི་སྐབས་དམག་འཁྲུག འཇང་རྒྱལ་པོས་དབང་བསྒྱུར་སོགས་ཀྱི་སྐབས་སུ་གཏོར་བཅོམ་ཚད་མེད་ཐེབས་ཡོད། ད་དུང་ཕྱི་ལོ་ ༡༩༠༥ ལོར་རྒྱ་དམག་གིས་སྟོབས་ཤུགས་ལ་བརྟེརྒྱ་གཏོརེ། སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོས་པའི་ལམ་ལུགས་ལག་བསྟར་བྱེད་སྐབས་ལི་ཐང་སྡེ་པའི་མགྲོན་གཉེར་གཉིས་དང༌། སེར་སྐྱ་མི་མང་ཉི་ཤུ་རྩ་བཞི་དུས་གཅིག་ལ་སྐེ་བཅད་པ་སོགས་ཀྱི་གནས་ཚུལ་ཡིད་ཤིན་ཏུ་སྐྱོ་དགོས་པ་མང་པོ་བྱུང་མྱོང་འདུག ཁྱད་པར་དུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་དམར་གྱིས་ལི་ཐང་དུ་བཙན་འཛུལ་བྱེད་སྐབས་ལི་ཐང་དགོན་ཆེན་དུ། ཡོངས་སུ་གྲགས་པའི་དཔའ་བོ་གཡོན་རུ་དཔོན་དང༌། ལི་ཐང་དགོན་པའི་མགྲོན་གཉེར་ཆེན་པོ་ཟུར་པ་དེའོ་ཨ་འཕྲིན། ལྟག་ཡན་ཕུན་ཚོགས་དོན་འགྲུབ་སོགས་ཀྱིས་སྣེ་ཁྲིད་པའི་སེར་སྐྱ་དཔའ་བོ་གྲངས་ལས་འདས་པས་དམར་འཛིང་དྲག་པོར་བྱས་ཏེ་རྒྱ་དམག་གྲངས་མེད་བསད་པའི་ལོ་རྒྱུས་ཤིན་ཏུ་རིང་ཡང་འདིར་རྒྱས་འབྲི་མ་བྱས། འོན་ཀྱང་རྒྱ་དམག་གིས་གནམ་ཐོག་ནས་ཚུར་རྒོལ་དང་མང་ཁ་ཉུང་གིས་མ་བརྟན་པར་མཐར་འདྲེས་འཛིང་གིས་དགོན་པ་དོར་ནས་ཕྱོགས་བཞིར་འཐོར་དགོས་པ་བྱུང་ཡོད། སྐབས་དེར་བློ་བཟང་མཁས་བཙུན་དང༌། ལུང་རིགས་མཁན་ཟུར། དགེ་བཤེས་ཨ་ཞང་སོགས་བླ་མ་དང༌། དགེ་བཤེས་བགྲེས་པོ་དགུང་ལོ་བདུན་ཅུ་བརྒྱད་ཅུ་ལ་ཕེབས་པ་མང་པོ་དང༌། གཡོན་རུ་དཔོན་བསོད་ནམས་དབང་རྒྱལ་དང༌། མདའ་རྒོད་བུ་བློ་གྲོས་དོན་འགྲུབ་སོགས་རང་ཡུལ་ལ་ཤ་ཞེན་ཅན་གྱི་སེར་སྐྱ་དཔའ་བོ་དཔོན་འབངས་མང་པཱུའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡ་ང་བ་དང་ཡིད་སྐྱོ་དགོས་པ་མང་པོ་བྱུང་ཡོད་པ་སྲིད་དོན་རྒྱལ་རབས་སུའང་བཀོད་འདུག དེའི་རྗེས་ཙམ་ལ་རྒྱ་རྡོ་དབང་འདུ་དང༌། ལི་ཐང་ཆོས་བུ་ལུ། ལི་ཐང་ཚེ་དབང་རྡོ་རྗེ་གསུམ་ཨ་རི་ནས་གློག་འཕྲིན་དང་དམག་སྦྱོང་ཐོན་ནས་ཕྱི་ལོ་ ༡༩༥༧ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ལི་ཐང་མོ་ལ་སྟོད་དགེ་སློང་གྲོང་གི་ཉེ་འགྲམ་སྤང་ཐང་སྟེང་དུ་གནམ་ཐོག་ནས་མཆོང་བབས་བྱས། སྐབས་དེར་ལི་ཐང་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཞིང་འབྲོག་སེར་སྐྱ་མི་མང་ཁྲི་གསུམ་ལྷག་ཙམ། ཨ་ཁུ་ཚུལ་ཁྲིམས། དེ་བོ་ཨ་འཕྲིན། རྒྱ་རྡོ་བུ་རྒན། ལྟག་ཡན་ཕུན་ཚོགས་དོན་འགྲུབ་སོགས་ཀྱིས་སྣེ་འཁྲིད་དེ་རྒྱ་དམག་ལ་རྒོལ་འཛིང་བྱེད་བཞིན་ཡོད་འདུག གནམ་ཐོག་ནས་མཆོང་བབས་བྱས་པའི་རྒྱ་རྡོ་དབང་འདུ་སོགས་ཀྱིས་གོང་གི་དབུ་ཁྲིད་དེ་བོ་ཨ་འཕྲིན་སོགས་ལ་ཐུག་འཕྲད་བྱས་ནས་ཚོགས་འདུ་ཉིན་བདུན་འཚོགས་པའི་རིང་ལ། རྒྱ་རྡོ་དབང་འདུ་ཀྱིས་ཁོང་ཨ་རི་ནས་སློབ་སྦྱོང་བྱས་ཚུལ་དང་ཨ་རིས་གོ་མཚོན་གྱི་རོགས་རམ་རྒྱ་ཆེ་གནང་རྒྱུ་ཡོད་ལུགས་སོགས་ཞིབ་བརྗོད་བྱས། སྐབས་དེར་གཞི་གསར་ཨ་ལོས་ད་ལྟར་ན་དམར་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀ་མེད་པར་བཟོས་པ་དང༌། བོད་ཀྱི་འགྲོ་བ་ཡོངས་རྫོགས་མི་ཡུལ་གྱི་དམྱལ་ཁམས་སུ་བཅུགས་ཟིན་པས་བསམ་བློ་གཞན་གང་ཡང་གཏོང་རྒྱུ་མིན་པར་ང་ཚོར་ད་ཡོད་འཇབ་དམག་ཁྲི་གསུམ་ཐོག་ད་དུང་ཡུལ་དམག་ཁྲི་གཉིས་བསྡུ་སྐོང་བྱ་དགོས། གལ་སྲིད་དེ་ལྟར་མི་འབོར་མི་ལོན་ཚེ་ཕོ་ལོ་བཅུ་དྲུག་ཡན་ཆད་དང་དྲུག་ཅུ་མན་ཆད་དམག་མིར་སྐོང་དགོས་སྐོར་བཤད། དུས་དེར་ལི་ཐང་ཡུལ་དམག་གིས་ཕར་རྒོལ་དྲག་པོ་བྱས་རྐྱེན། རྒྱ་དམར་ནས་རྐང་དམག་ཁྲི་བརྒྱད་དང་རྟ་དམག་ཁྲི་བརྒྱད་ཀྱིས་རང་དམག་གནས་ཡུལ་ཕྱོགས་མཐའ་ཀུན་ནས་བསྐོར་ཟིན་འདུག་ཅེས་ཨ་ལོས་བཤད་འདུག

          གོང་གི་རྒྱ་བོད་གཉིས་ཀྱི་དམག་གྲངས་དང་དམག་འཐབ་དེ་དག་ལ་ཁྱེད་རང་ཡིད་མ་ཆེས་པ་ཡོང་སྲིད། ཡིན་ན་ཡང་དེ་འདྲ་བྱེད་མི་དགོས། གང་ཡིན་ཟེར་ན། གནས་ཚུལ་དང་གྲངས་འབོར་དེ་དག་ཨ་རི་ནས་སློབ་སྦྱོང་ཐོན་པའི་གློག་འཕྲིན་ཚོགས་ཆུང་ཨང་གཉིས་པའི་ལས་བྱེད་རྒྱ་རྡོ་དབང་འདུ་ཀྱིས་འབྲེལ་ཡོད་འགཱུ་ཁྲིད་རྣམས་ལ་ཏར་འཕྲིན་གཏོང་བའི་ལོ་རྒྱུས་ཤིན་ཏུ་གསལ་བ་ཞིག་ཙོང་ཁ་ལྷ་མོ་ཚེ་རིང་གིས་བརྩམས་པའི་བཙན་རྒོལ་རྒྱལ་སྐྱོབ་དེབ་ཕྲེང་གཉིས་པ་ལས་གསལ་བས་དེར་གཟིགས།            

          དེ་ཡང་ཅུང་ཞིབ་ཏུ་བརྗོད་ན་ལི་ཐང་ཡུལ་དགོན་གཉིས་ལ་རྒྱ་དམག་གིས་གནམ་ས་གཉིས་ནས་ཚུར་རྒོལ་དྲག་པོར་བྱས་རྐྱེན་ལི་ཐང་པའི་ཆེད་མངགས་མི་སྣ་དང༌། ལོ་ན་ཆུང་རིགས་ཕོ་གཞོན་ལྔ་བཅུ་ལྷག་རང་ཡུལ་དུ་འདུག་བཟོད་མ་བདེ་བར་མིག་རྒྱང་རིང་པཱུ་ཞིག་ལ་ཁ་གཏད་ནས་ལྷ་ལྡན་དུ་འབྱོར།

          ཁོ་པ་ཚོས་གང་འགབ་ཅི་ལེགས་ཀྱིས་ནང་གྲོས་གང་མང་བྱས་མཐར་ཨ་འབྲུག་སྦྱིན་བདག་མགོན་པོ་བཀྲ་ཤིས་མཆོག་གི་གམ་དུ་བཅར་སྐབས། སྦྱིན་བདག་མཆོག་ནས་ད་ལྟ་ཁྱོད་རང་ཚཱུ་ཕྱིར་ཕ་ཡུལ་དུ་འགྲོ་ས་མེད། ལོ་ན་ཆུང་རིགས་རྣམས་ཕན་ཚུན་ཚོང་སྐོར་ལ་འགྲོ་བསྐྱོད་མ་བྱས་པར་གོ་ལག་ཉར་ཚགས་ཀྱིས་སྡོད་དགོས་སྐོར་གསུངས།

ཁོང་རྣམས་ཀྱིས་སྦྱིན་བདག་མཆོག་ལ་ད་ལྟ་ང་ཚཱུའི་ཕ་ཡུལ་དུ་མི་དང་གོ་ལག་གང་ཅིའི་ཐད་ནས་རྒྱ་དམག་དང་གྲངས་མང་ཉུང་གི་རྐྱེན་གྱིས་ང་ཚོར་རྒྱལ་ཁ་འཐོབ་པའི་རེ་བ་ཤིན་ཏུ་ཕྲ་སྟབས། རང་གཞུང་དང་གདན་ས་གསུམ་སོགས་ལ་རོགས་རམ་ཞུ་རྒྱུའི་སྐོར་སྦྱིན་བདག་མཆོག་གིས་མཛད་རོགས་ཞུས།

          སྦྱིན་བདག་ནས་རང་གཞུང་དང་གདན་ས་གསུམ་ནས་རོགས་རམ་གནང་མིན་བལྟར་ནུ་དང༌། དེ་མིན་ཕྱི་རྒྱལ་ཁག་ནས་རོགས་རམ་ཞུ་ཐབས་བྱ་རྒྱུ་ནི་ང་རང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་གསུངས།

          སྐབས་དེར་ལི་ཐང་པས་བོད་གཞུང་ལ་ཕུལ་བའི་སྙན་ཞུའི་ནང་དོན་བསྡུས་ན་འདི་ལྟར་ཡིན། ད་ལྟ་ལི་ཐང་ཡུལ་གཉིས་ལ་གཏོར་བཅོམ་དང་མི་དྲག་བླ་དྲག་གིས་གཙོས་སེར་སྐྱ་མི་མང་རྣམས་གསོད་བཟུང་གིས་གཏོར་བརླག་ཚད་ལས་བརྒལ་བ་བྱེད་བཞིན་ཡོད། དེ་བརྟེན་ང་ཚོས་རང་གཞུང་ལ་རོགས་རམ་ཞུ་སར་ཡོང་བ་ཡིན། རང་གཞུང་ནས་དགོངས་བཞེས་མ་གནང་ཚེ་ང་ཚོ་ལ་ཅི་ཡོང་མ་འོངས་པར་བོད་འབངས་ཡོངས་ཀྱི་མགོ་བོར་ལྷུང་རྒྱུ་ཉག་གཅིག་ཡིན་པར་བརྟེན་དེ་ལྟར་དགོངས་བཞེས་གནང་རྒྱུ་དང༌། གུས་འབངས་རྣམས་ལ་བླང་དོར་བཀའ་སློབ་ཡོད་པར་མཁྱེན་ཞེས་སོགས་འཁོད།

          གདན་ས་གསུམ་ལ་ཡང་ད་ལྟ་ཁྱེད་རྣམ་པས་ཕྱག་དཔེ་གཟིགས་རྒྱུའི་གནས་སྐབས་བཞུགས་བདེ་ཙམ་ཡོད་རུང༌། ང་ཚཱུ་ལི་ཐང་བཞིན་དུ་གསོད་རྡུང་གཏོར་གསུམ་གྱི་ཆག་སྒོ་ཆེན་པོ་དེ་མེ་ལྕེ་བཞིན་འདི་ཕྱོགས་སུ་འབར་ཡོང་རྒྱུ་ལ་སོམ་ཉི་མི་དགོས་ཞེས་སོགས་འཁོད་པའི་སྙན་ཞུ་འཕུལ།

          དེ་ནས་ལྷ་སྡོད་ལི་ཐང་པ་ཀུན་གྱིས་གྲོས་བསྡུར་གྱིས་འདི་ཡོད་གཞོརྒྱ་གཏོརེས་རྣམས་ཚོ་ཁག་གཉིས་སུ་བགོས་ཏེ། ཁག་གཅིག་སྦྱིན་བདག་མགོན་པོ་བཀྲ་ཤིས་མཆོག་ལ་ཕྱག་རོགས་ཞུ་སླད་ལྷ་སར་སྡོད་རྒྱུ་དང༌། ཁག་གཅིག་རྒྱ་གར་དུ་སོང་ནས་དེར་ཡོད། རྒྱ་གཏོར་ཨ་ཁུ་ངག་དབང་བསམ་འཕེལ་དང༌། ཨ་འབྲུག་བློ་གྲོས་ཕུན་ཚོགས་སོགས་ལ་གྲོས་བསྡུར་གྱིས། ཐེ་ཝན་དང་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་གང་འདྲ་ཞིག་ལ་འབྲེལ་བ་བྱས་ནས་རོགས་རམ་ཞུ་རྒྱུའི་ཆེད་དུ་རྒྱ་གར་དུ་འགྲོ་རྒྱུ་བྱས། རྒྱ་གཏོར་དབང་འདུ་སོགས་ལི་ཐང་པའི་གཞོརྒྱ་གཏོརེས་ལྷག་བསམ་ཅན་ཚོ་ཁག་གཅིག་ཀ་ལོན་སྦུག་ཏུ་འབྱོར་སྐབས།    དེར་གཞུང་གི་སྲིད་བློན་ཀླུ་ཁང་པ་དང༌། རྩིས་དཔོན་ཞྭ་སྒབ་པ། མཁན་ཆུང་བློ་བཟང་རྒྱལ་མཚན་བཅས་བཞུགས་ཡོད་པས་ཁོང་རྣམ་དང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ་ཡོད་པ་གོ་ཐོས་བྱུང་ཡང་འབྲེལ་བ་དེ་ཙམ་ཆེན་པོ་བྱུང་མེད། ཁོང་རྣམས་ཀྱིས་དང་ཐོག་རྒྱ་གཏོར་ཨ་ཁུ་བསམ་འཕེལ་དང༌། ཨ་འབྲུག་བློ་གྲོས་ཕུན་ཚོགས་གཉིས་ལ་འབྲེལ་བར་ཞུས་ཏེ། ཁོང་རྣམས་ཀྱིས་ཕན་ཚུན་གང་དགའ་ཅི་ལེགས་ཀྱིས་གྲོས་བསྡུར་ཐེངས་མང་བྱས་མཐར།

སྐབས་དེར་ཐེ་ཝན་གྱི་དཔོན་པཱུ་ཞིག་ཀ་ལོན་སྦུག་ཏུ་ཡོད་པ་དེའི་རྩར་ལོ་ཆུང་ཁ་ཤས་ངོ་བཅར་གྱིས་ཕ་ཡུལ་དུ་བྱུང་བའི་རྒྱ་བོད་དབར་གྱི་གནས་ཚུལ་ཀུན་ཞིབ་གསལ་བརྗོད་པ་དང༌། ང་ཚོར་ཐེ་ཝན་གཞུང་གི་རོགས་རམ་དགོས་ལུགས་ཞུས། དེ་ཡང་དང་ཐོག་ང་ཚཱུའི་ན་གཞོན་མང་པོ་ཞིག་ལ་དམག་གི་སློབ་སྦྱོང་དང༌། གཉིས་པ་གོ་ལག་དང་རྫས་མདེལ། གསུམ་པ་ཏར་འཕྲིན་སོགས་རོགས་རམ་གནང་རོགས་ཞུ་སྐབས་དཔོན་པོ་དེས་ཁྱོད་རང་ཚོས་གནས་ཚུལ་དང་བསམ་ཚུལ་ཡག་པོ་འདུག་ཟེར། ཁོ་པ་ཚོ་ཚང་མ་པར་བརྒྱབ་ནས་ཉིན་ཤས་རིང་ཁྱོད་ཚོས་ངང་བསྒུག་དགོས་པ་དང༌། ཐེ་ཝན་གཞུང་ནས་རོགས་རམ་གནང་གི་རེད་ལ། ང་རང་གི་ངོས་ནས་ཀྱང་ཞུ་སྦྱོར་གང་ལེགས་བྱས་ཆོག་ཅེས་བཤད་འདུག ཁོང་རྣམས་ཀྱིས་གནས་ཚུལ་དེ་དག་ྋགོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས་ྋགོང་ས་མཆོག་ལ་སྙན་སེང་ཞུས་པ་དང༌། བོད་དུ་རྒྱ་དམར་གྱིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བཞིན་པའི་བདེན་དཔང་གནང་རོགས་ཞེས་རྒྱ་གར་གྱི་སྲིད་བློན་ནེ་ཧོ་རུ་མཆོག་ལའང་སྙན་ཞུ་ཕུལ་འདུག དེ་འདྲའི་མཚམས་ཤིག་ལ་ཐེ་ཝན་གྱི་དཔོན་པོ་དེ་ཁོ་ཚཱུའི་སར་ཡོང་སྟེ་ཁྱོད་རང་ཚོ་འགྲོ་ཕྱོགས་སྐོར་ཐེ་ཝན་གཞུང་ནས་རོགས་རམ་གནང་རྒྱུའི་བཀའ་འཁྲོལ་ཐོབ་ལུགས་བཤད་འདུག འོན་ཀྱང་སྐབས་དེར་ཁོ་པ་ཚོ་མཁན་ཆུང་བློ་བཟང་རྒྱལ་མཚན་གྱིས་ཤག་ཏུ་ཆེད་འགུག་གནང་སྟེ་སྐུ་བཅར་སྐབས། སྲས་རྒྱ་ལོ་དོན་འགྲུབ་ལགས་དེར་ཕེབས་འདུག་པས་ཁོང་ནས་གསུངས་དོན། ཁྱོད་རང་ཚོ་གནས་སྐབས་ཐེ་ཝན་ལ་འགྲོ་རྒྱུ་ཕྱིར་འཐེན་བྱེད་དགོས། ངོས་ནས་ཨ་རི་ལ་འབྲེལ་བ་བྱེད་བཞིན་ཡོད་ཅེས་གསུངས། དེ་ནས་ཁོང་རྣམས་ཀ་ལོན་སྦུག་ཏུ་འབྱོར་ནས་ལྷ་སྲས་རྒྱལ་དོན་དང་འབྲེལ་བ་བྱུང་ནས། ཨ་རི་ལ་དམག་སྦྱོང་དུ་བསྐྱོད་པ་དང་སླར་ཡང་རང་ཡུལ་དུ་ཁག་བགོས་ཀྱིས་གནམ་ཐོག་ནས་མཆོང་བབས་ཀྱིས་གྲུབ་འབྲས་ཅི་བྱུང་བའི་སྐོར། འོག་ཏུ་སྦྱིན་བདག་མགོན་པོ་བཀྲ་ཤིས་མཆོག་གི་ལོ་རྒྱུས་ཀྱི་སྐབས་སུ་ཅུང་ཟད་འཆད་པར་འགྱུར་བས་དེར་ཐུགས་སྣང་མཛད་རོགས།

          འདི་ནི་ལི་ཐང་མངའ་ཁུལ་གོང་བུར་ཆིག་སྒྲིལ་གྱིས་དགྲ་འཐབ་མདོར་བསྡུས་ཙམ་ཡིན། ཡུལ་ལུང་སོ་སོར་ཡུལ་མི་མཉམ་སྡེབ་དང་དཔའ་བོ་ཁེར་རྒྱུགས་ཀྱི་ལོ་རྒྱུས་མང་ཡང་འདིར་འབྲི་ལོང་མ་བྱུང་བས་དགོངས་པ་མ་ཚོམས། ད་དུང་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་གཙོ་བོར་བཟུང་བའི་དང་བླངས་ཆུ་སྒང་དམག་གི་སྒྲིག་འཛུགས་ནང་ལི་ཐང་དམག་ཤོག་དེས་མི་ཤི་རྟ་འགྱེལ་གྱི་གྱོང་གུད་ཆེ་ཤོས་དེ་དང་ལེན་བྱས་ཡོད་པ་ནི། ཆུ་སྒང་སྤྱིའི་ལོ་རྒྱུས་དང་བྱེ་བྲག་དཔའ་བོ་སོ་སཱུའི་ལོ་རྒྱུས། འདིའི་ད་ཀྱིུས་སུའང་གསལ་བར་འགྱུར་བས་མཚམས་འདིར་དམིགས་སུ་བཀར་ནས་མ་བཤད། གནའ་ནས་བཟུང་ལི་ཐང་པས་བོད་རྒྱལ་ཁབ། བོད་མི་རིགས་དང་རིག་གཞུང་གི་དོན་དུ་སྲོག་དམར་པོ་འབེན་ལ་བཙུགས། རྒྱུ་ལོངས་སྤྱོད་རླུང་ལ་བསྐུར་ནས་དུས་ད་ལྟའང་སྲོག་ཤོར་བ་དང་བཙོན་དུ་ལྷུང་བ་སོགས་ནི་མིག་མཐོང་ལག་ཟིན་ཡིན་པས་རེ་རེ་ནས་གསལ་བར་མ་བཀོད་དོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།