བོད་སྤྱིའི་ལོ་རྒྱུས་རགས་བསྡུས།

      ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༡་ཚེས་༣༡ཉིན་སྤེལ། སྤྱིར་འདིར་འབྲི་རྒྱུ་ནི་ལི་ཐང་མོ་ལ་ཁ་སྐྱ་གྲོང་ཨ་འབྲུག་ཚང་གི་ལོ་རྒྱུས་དང་འབྲེལ་བའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་བྱུང་བ་མདོ་བསྡུས་ཙམ་ཡིན་ཡང༌། འདིའི་ཐོག་མར་བོད་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་བརྗོད་ན་འབྲེལ་ཆགས་པ་དང་བོད་ཀྱི་ལོ་རྒྱུས་རྒྱས་པ་རྣམས་བལྟ་ཀློག་བྱེད་པའི་དུས་ཚོད་རྙེད་དཀའ་བ་རྣམས་ལ་དེབ་འདི་བཀླགས་པའི་ཞོར་ལ་ཅུང་ཟད་ཕན་རེ་དང༌། སྔར་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་དེ་ཙམ་མེད་པ་རྣམས་ལ་དང་སྣང་དང་དྲན་སྐུལ་འགྱུར་བའི་ཆེད་དུ་ལས། སྔོན་གོ་མ་མྱོང་བ་དང་མཐོང་མ་མྱོང་བའི་གསར་པ་དང་ཟབ་མོ་གང་ཡང་ང་ལ་ཚིག་གཅིག་ཀྱང་འཆད་རྒྱུ་མེད། མཐཱུ་ཞིང་བརྗིད་པའི་གངས་ཀྱི་རྭ་བས་མུ་ཁྱུད་དུ་བསྐོར་བའི་དབུས་སུ། རྫ་རི་དང༌། ནགས་རི། སྤང་རི། རྩ་ཐང༌། གཙང་པོ་དང་རྒྱུགས་ཆུ། མཚོ་དང་མཚེའུ་སོགས་ཤིན་ཏུ་མཛེས་པའི་ཡུལ་ལྗོངས་ཀྱི་ཁྲོད་དུ་བོད་ཀྱི་མི་རིགས་བྱུང་ཚུལ་དང་བོད་ཅེས་པའི་མིང་ཐོབ་ཚུལ་ལ་བཤད་སྲོལ་མི་འདྲ་བ་དུ་མ་ཡོད་པ་ལས། བོད་མི་རིགས་བྱུང་ཚུལ་འདི་མདོར་བསྡུས་ན་བཤད་སྲོལ་གཉིས་ཏེ། མི་རིགས་གཞན་ལས་མཆེད་དེ་འདིར་འགྲོ་བ་བྱུང་ཚུལ་གཅིག་དང༌། ཕ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་འདུ་པ་ལས་སྤྲེལ་ཕྲུག་དུ་མ་འཕེལ་ཏེ་རིམ་གྱིས་ཟས་སུ་ཤིང་འབྲས་ཟ། གོས་སུ་ཤིང་ལོ་གྱོན་ནས་མི་རུ་འགྱུར་བའི་མིའུ་ལྡོང་དྲུག་གམ་མི་བུ་རིགས་དྲུག་སྟེ། སེ། རྨུ། ལྡོང༌། སྟོང༌། དབྲ། འབྲུ་དང་དྲུག་ལས་བོད་ཆོལ་ཁ་གསུམ་གྱི་མི་རིགས་འདི་བྱུང་བར་འདོད།

ད་དུང་ཞིབ་ཏུ་བསམ་ན་བོད་ཀྱི་སྟོད་སྨད་གང་ས་ན་གནའ་ཤུལ་ཁག་ནས་བརྙེད་པའི་གནའ་རྫས་རྣམས་ལ་ཚན་རིག་པས་ཞིབ་འཇུག་གིས་འབྲེལ་སྟངས་ལྟར་བྱས་ན་བོད་མི་རིགས་འདིའི་འབྱུང་ཁུངས་ད་དུང་འཚོལ་དགོས་པ་སྣང༌། གོང་གི་བཤད་ཚུལ་ཀུན་ཕྱོགས་གཅིག་ཏུ་བསྡོམས་ན་སྲིད་དོན་རྒྱལ་རབས་ལས་སྤྲེལ་རིགས་མ་བྱུང་བའི་སྔོན་དུ་བོད་དུ་མིའི་འགྲོ་བ་ཡོད་པ་ངོས་འཛིན་ཚུལ་གཅིག་དང༌། མིག་དང༌། སྐྲ། སོ། ཤ་མདོག་སོགས་ལ་ད་ཀྱྀལ་ཤར་སོག་པཱུའི་མི་རིགས་ཀྱི་འདྲེས་ལྷད་ཅུང་ཟད་ཡོད་པ་སོགས་ཀྱི་འདོད་ཚུལ་བཀོད་པ་དང་བསྡུར་ན། བོད་རིགས་འདི་ལ་རྩོད་དུས་ཐོག་མ་སྐྱ་སེང་བུ་ལྔ་འཐབ་པའི་སྐབས་རྒྱ་གར་གྱི་མི་རིགས་ལས་ཆད་དེ་བོད་རིགས་སུ་གྱུར་པ་དང༌། སྤྲེལ་རིགས་ནས་མིའུ་གདོང་དྲུག་ལས་མཆེད་པའི་བོད་རིགས། སོག་རིགས་སོགས་ལས་མཆེད་པའི་བོད་རིགས་སོགས་བོད་མི་རིགས་ཀྱི་འབྱུང་ཁུངས་གཅིག་ཏུ་མ་ངེས་པར་དུ་མ་ཡོད་དམ་སྙམ། གོང་དུ་བཤད་པ་ལྟར་གནའ་རྫས་རྫ་ཆས་དང་རྡོ་ཆས་མི་རུས་སོགས་ཚན་རིག་པས་བརྟག་དཔྱད་་ཀྱིས་སྨྲས་པ་ལྟར་བྱས་ན་བཤད་མ་ཐག་པའི་རིགས་གསུམ་པོ་དེའི་སྔོན་དུའང་བོད་ཡུལ་འདིར་འགྲོ་བ་མི་ཡི་རིགས་ཡོད་པ་འདོད་དགོས་སམ། དགོས་ན་དེའི་འབྱུང་ཁུངས་འཚོལ་དགོས་པ་སྣང༌།

          གངས་་ཀྱིས་ར་བས་ཡོངས་སུ་བསྐོར་བའི་རྒྱལ་ཁམས་འདི་ལ་བོད་ཅེས་པའི་མིང་འདོགས་ཚུལ་འདི་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་དེ། དཔེ་ན་བོན་པོ་རྣམས་་ཀྱིས་ཡུལ་དེར་བོན་ཆོས་ཆེས་ཆེར་དར་བས་ཆོས་མིང་ཡུལ་ལ་བཏགས་ཏེ་བོན་ཞེས་ཟེར་དགོས་རྒྱུ་ལ་ཟུར་ཆག་སྟེ་བོད་དུ་གྱུར་ཅེས་བརྗོད། ཡང་རྒྱ་གར་བས་བྷོཊ་ཞེས་འབོད་པ་དེ་བོད་དུ་གྱུར་པ་དང༌། ཡང་སྐྱ་སེང་བུ་ལྔའི་དམག་འཁྲུག་སྐབས་རུ་པ་ཏིའི་རྒྱལ་པོ་དཔུང་ཚོགས་དང་བཅས་པ་བྲོས་ནས་ཡུལ་དེར་གནས་ཆགས་པས་ན་བྲོས་བོད་དུ་འགྱུར་ནས་བོད་དང་བོད་པ་ཞེས་གྱུར་པར་བཤད། གཞན་ཡང་འདོད་རྒྱལ་གྱི་མིང་ཡིན་ཟེར་མཁན་ཡང་སྣང་བས་མཐའ་གཅིག་ཏུ་མ་ངེས། ད་དུང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པཱུ་ཞིག་གིས་བོད་ལ་ཊི་བྷེ་ཊི་ཞེས་འབོད་པ་དེའི་ཁུངས་ཀྱང་བཙལ་དགོས་པ་སྣང་ངོ༌།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བློ་བསྟན་ལགས་་་ ཁྱེད་ཀྱིས་བྲིས་གནང་བ་བཀྲིས་ལེགས་གྲངས་མེད་སླད་མང་ཚང་འབྲི་རྒྱུའི་རེ་བ་དང་ཆེས་ཀློག་འདོད་ཀྱི་དམ་ཚིགས་བརྟེན་ནོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།