བོད་ཀྱི་བྲག་ཕུག་དང་པོ་སྤྲེའུ་བྲག་ཕུག

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། དེ་ནི་བོད་ལྗོངས་ལྷོ་ཁ་རྩེད་ཐང་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་རྩེད་ཐང་གོང་པོ་རིའམ་མགོན་པོའི་རི་སྐེད་ལྷག་ཙམ་ན་ངོ་མཚར་ཡོངས་སུ་གྲགས་པའི་སྤྲེའུ་བྲག་ཕུག་ཅེས་བྱ་བ་དེ་ཡིན་ཅིང༌། དེ་ཡང་མགོན་པོ་རི་ནི་བོད་ཀྱི་གནས་རི་གྲགས་ཅན་ལྷ་ས་ལྕགས་པོ་རི། བསམ་ཡས་ཧས་པོ་རི། རྩེད་ཐང་གོང་པོ་རི། ལྕགས་ཟམ་ཆུ་བོ་རི་བཞིའི་ཡ་གྱལ་ཞིག་ཡིན་པ་དང༌། དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༤༤༠༠ ཡོད། རི་བོ་འདིའི་བཟོ་དབྱིབས་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཡོད་པ་སྟེ། རི་བོའི་དབུས་རྒྱལ་པོ་གདན་ལ་བཞུགས་པ་ལྟར་བརྗིད་ཆགས་པ་དང༌། ཕྱོགས་བཞིར་རི་ལག་ཤར་ན་གླང་ཆེན་འདྲ་བ་དང༌། ལྷོ་རུ་རྟ་མཆོག་འདྲ་བ། ནུབ་ན་རྨ་བྱ་འདྲ་བ། བྱང་དུ་སེངྒེ་འདྲ་བ་བཅས་བྱེད་པོས་ཆེད་དུ་བཟོས་པ་ལྟར་རབ་ཏུ་མཛེས་ཤིང༌། གཞན་ཡང་རི་ལག་བཞི་པོ་དེས་གཙོ་བོ་བྱས་པའི་རི་ཉག ༡༠༨ ཀྱིས་ཕྲེང་བ་ལྟར་ཡོངས་སུ་བསྐོར་ཡོད། སྤྲེའུ་བྲག་ཕུག་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༤༠༦༠ ཡི་སར་ཆགས་ཡོད་ལ། བྲག་ཕུག་ཁ་བྱང་ཤར་དུ་གཏད་ཡོད་ཅིང༌། མཐོ་ཚད་རྨིད་ ༢་༥ དང༌། ཞེང་ཚད་རྨིད་ ༦་༩༥ གཏིང་ཚད་དམ་སྦུག་ཐག་རྨིད་ ༡༥ ཡོད།

ངོ་མཚར་ཅན་གྱི་བྲག་ཕུག་དེ་ནི་ཐོག་མར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་དགེ་བསྙེན་བྱིན་པའི་སྤྲེའུ་ཞིག་ཡོད་པ་དེས་ཁ་བ་ཅན་གྱི་ཡུལ་དུ་བྱང་ཆུབ་སེམས་བསྐྱེད་སྒོམ་གནས་ཡིན་ཞིང༌། ཕྱིས་གནས་དེར་སྤྲེའུ་དེ་དང་བྲག་སྲིན་མོ་ཞིག་ལས་དབང་དྲག་པོས་ལྡོག་མེད་བསྐུལ་ཏེ་མཉམ་དུ་འདུས་པས་རིགས་ཀྱི་སྤྲེའུ་ཕྲུག་དྲུག་བྱུང་བ་རིམ་གྱིས་མང་དུ་འཕེལ་བ་དང་ཐོག་མར་ཤིང་འབྲས་དང༌། སྔོ་ཚལ་སོགས་བཟས་ཤིང༌། དེ་ནས་མ་རྨོས་ལོ་ཏོག་དང༌། སྤྱན་རས་གཟིགས་ཀྱིས་ས་ལ་ས་བོན་གཏོར་གནང་མཛད་པའི་ལོ་ཏོག་ངོ་མ་བཟས་པས་རིམ་པར་གདོང་དང་གཟུགས་ཀྱི་དབྱིབས་འགྱུར་བ་དང༌། སྤུ་ཕུད་ཅིང་མཇུག་མའང་མེད་པར་གྱུར་ནས་མི་ལ་གྱུར་པ་དེ་ནི་བོད་མིའི་མེས་པོ་ཡིན་པས། སྤྲེའུ་བྲག་ཕུག་ནི་བོད་མིའི་འགྲོ་བ་འབྱུང་གནས་ལོ་རྒྱུས་ཐོག་གི་བྲག་ཕུག་དང་པོ་དེ་ཡིན་སྟབས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང༌། མི་རྣམས་ཀྱིས་རྩ་ཆེའི་གནས་རི་ཞིག་ཏུ་བརྩིས་ནས་མཇལ་བར་འགྲོ་བ་དང༌། ལོ་རྒྱུས་ཀྱི་རིན་ཐང་ཤེས་ནས་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ཀྱི་ཡོད།

ཕྱིས་བོད་ཡོངས་སུ་བྲག་ཕུག་དེ་འདྲ་མང་དུ་འཕེལ་བའི་ནང་འགའ་ཞིག་རང་བྱུང་ལྷུན་གྱིས་གྲུབ་པ་དང༌། འགའ་ཞིག་མི་ཡིས་ཆེད་དུ་བཟོས་པ་ཡིན་ཞིང༌། བྲག་ཕུག་དེ་དག་ལ་བཙན་ཆ་དོད་ལ་འདུ་འཛི་བྲལ་བ། ས་གཙང་རྡོ་གཙང་སོགས་ཀྱི་ཁྱད་ཆོས་ལྡན་པ་དང༌། མང་ཆེ་བ་རི་མཐོ་དབེན་ས་འབའ་ཞིག་ཏུ་ཆགས་ཡོད་པས་སྐྱེས་ཆེན་དམ་པ་མང་པོའི་སྒོམ་གནས་སུ་གྱུར་ཏེ་ཕྱིས་དད་ཅན་མཆོད་མཇལ་ཞུ་སའི་གནས་རྩ་ཆེན་ལ་འགྱུར་ཡོད།

རྩེད་ཐང་ཞེས་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་དཔའི་བྲག་ཕུག་མགོན་པོ་རིའམ་གོང་པོ་རིར་ཡོད་པ། དེའི་ཐང་དུ་སྤྲེལ་དྲུག་རྣམས་རྩེད་མོ་རྩེད་ས་ཡིན་པས་རྩེད་ཐང་ཞེས་པའི་མིང་དེ་ལྟར་བྱུང༌། མ་སྲིན་མོ་བྲག་སྲིན་གྱི་བྲག་ཕུག་ཀྱང་སྤྲེའུ་བྲག་ཕུག་འོག་གི་ལ་ཉག་སྟེང་དུ་ཡོད། རྩེད་ཐང་མདུན་གྱི་རི་འབུར་དེར་བྱེ་མ་མགོ་རིལ་ཞེས་དང༌། དེའི་འོག་གི་སྤྲེའུས་སྦར་རས་རྒྱབ་ནས་བཏབ་པའི་ཞིང་ཞིག་ཡོད་པ་དེ་ལ་སྦར་རས་ཞིང་ཞེས་ཐོགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།