བོད་ཀྱི་ཞིང་ཁ་དང་པོ། སྦར་རས་ཞིང་ངམ་ཟོ་དང་ཞིང༌།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། མཁར་ལ་སྔ་མ་ཡུམ་བུ་བརླ་མཁར། གྲོང་ལ་སྔ་བ་ཡར་ཀླུང་སོག་ཁ། བྲག་ཕུག་ལ་སྔ་བ་སྤྲེའུ་བྲག་ཕུག ཆོས་དཔེ་ལ་སྔ་བ་སྤང་སྐོང་ཕྱག་བརྒྱ་པ། དགོན་པ་ལ་སྔ་བ་བསམ་ཡས། ལྷ་ཁང་ལ་སྔ་བ་ཁྲ་འབྲུག་ལྷ་ཁང༌། རབ་བྱུང་ལ་སྔ་བ་སད་མི་བདུན། དཀར་ཡོལ་ལ་སྔ་བ་དར་ཚེ། ལྷ་མོ་ལ་སྔ་བ་སྤུན་བདུན་འབག་དཀར། རྡོ་བརྐོས་སྐུ་བརྙན་ལ་སྔ་བ་རྒྱལ་བ་རིགས་ལྔ། བང་སོ་ལ་སྔ་བ་འཕྱོངས་རྒྱས་བོད་རྗེའི་བང་སོ།

སྦར་རས་ཞིང་ནི་རྩེད་ཐང་གྲོང་རྡལ་གྱི་ནུབ་བྱང་མཚམས་སུ་སུ་ཡོད་པའི་ཟ་ར་གྲོང་ཚོའི་བྱང་ངོས་ཡར་ཀླུང་གཙང་པོའི་ཉེ་འགྲམ་དུ་གནས་ཤིང༌། ཞིང་འདིའི་མིང་ལ་ཁ་རྒྱུན་དུ་སྦར་རས་ཞིང་དང༌། ཟོ་དང་ཞིང་ཞེས་ཤོད་སྲོལ་གཉིས་ཡོད་པ་ལས། ཀ༽ སྦར་རས་ཞིང་ཟེར་དོན་ནི། ཐོག་མར་རྩེད་ཐང་མགོན་པོ་རིའི་རྩེ་ནས་འཕེལ་བའི་སྤྲེའུ་མང་པོ་ཐང་ལ་བབས་ནས་ས་དེར་སྦར་རས་བརྒྱབ་ཤུལ་དུ་ཞིང་ཆགས་པས་སྦར་རས་ཞིང་ཞེས་ཟེར་བ་དང༌། ཁ༽ ཡང་ཟོ་དང་ཞིང་ཟེར་དོན་ནི། སྤྲེའུ་ཕྲུག་མང་དུ་འཕེལ་བས་ཤིང་འབྲས་སོགས་བཟས་ཚར་ཏེ་བཀྲེས་ལྟོགས་ཀྱིས་མནར་བ་ན། སྤྲེལ་རྒན་གྱིས་སྤྱན་རས་གཟིགས་ལ་གསོལ་བ་སྨོན་ལམ་བཏབ་པས་སྤྱན་རས་གཟིགས་ཀྱིས་རི་རབ་ངོས་ནས་གྲོ་དང༌། ནས། སྲན་མ། བྲ་བོ། སོ་བ་བཅས་འབྲུ་སྣ་ལྔའི་ས་བོན་བླངས་ནས་གནས་དེར་གཏོར་བས་མ་རྨོས་ལོ་ཏོག་ཐོག་མར་སྨིན་པ་སྤྲེའུ་ཕན་ཚུན་ཟོ་དང༌། ཟོ་དང་ཞེས་དགའ་སྤྲོའི་ངང་ཡང་ནས་ཡང་དུ་སྨྲས་པས་ཟོ་དང་ཞིང་ཞེས་ཟེར།

གང་ལྟར་ཞིང་འདི་ཉིད་ནི་བོད་ཀྱི་འབྲུ་སྣ་ཐོག་མར་དར་སའི་ཞིང་གི་དང་པོ་དེ་ཡིན་པས་སྔར་ནས་ད་ལྟའི་བར་སོ་ནམ་པ་རྣམས་ཀྱིས་ཞིང་ཁ་འདི་བྱིན་རླབས་ཆེ་བའམ་རྩ་ཆེན་ཞིག་ཏུ་བརྩི་གི་ཡོད་ལ། ཁྱད་པར་རྩེད་ཐང་ཁུལ་གྱི་དཔྱིད་རྨོད་དཔྱིད་འདེབས་སོ་ནམ་རྟེན་འབྲེལ་དེ་ཞིང་ཁ་འདིའི་སྟེང་དུ་བྱས་ཏེ་ཆར་ཆུ་དུས་སུ་བབས་པ་དང༌། སད་སེར་མེད་པ། ལོ་ལེགས་སྟོན་འབྲས་གཡུར་དུ་ཟ་བ་སྨིན་པའི་བཀྲ་ཤིས་རྟེན་འབྲེལ་གཟབ་རྒྱས་བྱེད་ཀྱི་ཡོད་པ་མ་ཟད། ས་ཕྱོགས་གཞན་གྱི་སོ་ནམ་པ་མང་པོས་ཀྱང་ཞིང་དེའི་ནང་ནས་ས་ཕུད་འཁྱེར་ཕྱིན་ཏེ་རང་གི་ཞིང་ཁའི་ནང་གཏོར་ནས་བཀྲ་ཤིས་ལོ་ལེགས་ཡོང་བའི་རྟེན་འབྲེལ་ཞུ་བ་དང་སྨོན་ལམ་རྒྱག་གི་ཡོད།

ད་དུང་ཡུམ་བུ་བརླ་མཁར་གྱི་གཤམ་དུ་ཞལ་ཟས་ཞིང་ཞེས་པ་གཅིག་ཡོད་པས་སྣེ་ཤན་པ་ལ་ལས་དེ་བོད་ཀྱི་ཞིང་ཁ་དང་པོ་དེ་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་ཀྱང་དེ་ནི་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་གོ་ནོར་ཐེབས་པ་རང་ཡིན་པ་ལས། ལོ་རྒྱུས་དངོས་དང་མི་མཐུན་ཞིང༌། ཀ༽ དོན་དངོས་སུ་དེ་ནི་བོད་ཀྱི་ཞིང་ཁ་དང་པོ་དེ་མ་ཡིན་པར་ཕྱིས་རྒྱལ་པོའི་ཞལ་ཟས་ཏེ། གསོལ་ཞིབ་བཟོ་རྒྱུའི་འབྲུ་རིགས་ཆེད་དུ་འདེབས་ས་ཞིག་ཡིན་པས་ཞལ་ཟས་ཞིང་ཞེས་ཡོངས་སུ་གྲགས། ཁ༽ དེ་མིན་ཞལ་ཟས་ཞིང་ལ་མིང་འགྲེལ་གཞན་ཞིག་ཀྱང་ཡོད་པ་ནི། ཞིང་ཁ་དེའི་བཟོ་དབྱིབས་ཞལ་ཟས་ཏེ། གཏོར་མ་དང་འདྲ་པོ་ཡོད་པས་ཞལ་ཟས་ཞིང་ཟེར་ཞེས་པའང་ངག་རྒྱུན་དུ་འཇགས་སོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།