བྲག་སྒོ་ཀཀཎིའི་མཆོད་རྟེན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། བྲག་སྒོ་ཀཀཎིའི་མཆོད་རྟེན་ནི། ལྷ་སའི་དམར་པོ་རི་གླང་ཆེན་བྲེས་ལ་ཉལ་བ་ལྟ་བུ་དང༌། ལྕགས་པོ་རི་སེངྒེ་གནམ་དུ་མཆོངས་པ་ལྟ་བུ་གཉིས་ཀྱི་བར་དུ་གནས་ཤིང༌། མཆོད་རྟེན་ཆེ་ཆུང་གསུམ་ཡོད་པ་ལས་མཆོད་རྟེན་ཆེ་བ་ཀཀཎི་ནི་ལམ་གྱི་དབུས་དང༌། གཞན་ཆུང་བ་གཉིས་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་རི་སྣ་སོ་སོར་གནས་ཡོད། བྲག་སྒོ་ཀཀཎི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ལྷ་སར་སྐད་གྲགས་ཆེ་ཙམ་ཡོད་པའི་མཆོད་རྟེན་ཞིག་ཡིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། བྲག་སྒོ་ཀཀཎིའི་མཆོད་རྟེན་ནི། ལྷ་སའི་དམར་པོ་རི་གླང་ཆེན་བྲེས་ལ་ཉལ་བ་ལྟ་བུ་དང༌། ལྕགས་པོ་རི་སེངྒེ་གནམ་དུ་མཆོངས་པ་ལྟ་བུ་གཉིས་ཀྱི་བར་དུ་གནས་ཤིང༌། མཆོད་རྟེན་ཆེ་ཆུང་གསུམ་ཡོད་པ་ལས་མཆོད་རྟེན་ཆེ་བ་ཀཀཎི་ནི་ལམ་གྱི་དབུས་དང༌། གཞན་ཆུང་བ་གཉིས་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་རི་སྣ་སོ་སོར་གནས་ཡོད། བྲག་སྒོ་ཀཀཎི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ལྷ་སར་སྐད་གྲགས་ཆེ་ཙམ་ཡོད་པའི་མཆོད་རྟེན་ཞིག་ཡིན།གནས་དེར་མཆོད་རྟེན་འདི་འདྲ་ཞིག་བཞེངས་པའི་དགོས་པ་ནི་སྔ་དུས་ལྕགས་པོ་རི་དང་དམར་པོ་རི་གཉིས་མུ་འབྲེལ་ནས་གླང་པོ་ཆེ་དང་སེངྒེའི་མཇུག་མ་སྦྲེལ་བ་ལྟ་བུ་ཡོད་པ་ནི་ས་དཔྱད་ཀྱི་དབང་དུ་ཧ་ཅང་དགེ་མཚན་ལྡན་པ་ཞིག་ཡིན་པ་སྟེ། རྒྱ་བཟས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་དང༌། རྒྱ་གར་གྱི་པཌཎི་ཏ་དུ་ཧར་ནག་པོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་ཁག་གཉིས་ཀྱི་ནང༌། ཡུལ་གྲོང་དང་རྒྱལ་པོའི་ཕོ་བྲང་ཆགས་སའི་ཐང་དཀྱིལ་དུ་རི་ཆུང་གི་སྣེ་ཕན་ཚུན་སྦྲེལ་བ་ཡོད་ན་ཡུལ་སྡེ་དེའི་མི་བརྒྱུད་ནང་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ལྡན་པའི་བརྒྱུད་པ་བར་མཚམས་མ་ཆད་པ་ཡོང་བ་དང༌། རི་སྣ་ཕན་ཚུན་ཆད་ན་དེ་ལས་ལྡོག་པའི་སྐྱོན་ཆ་འབྱུང་ཚུལ་བཤད་ཡོད།

          བཤད་སྲོལ་ལ་རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོས་རང་གི་བུ་ཁྲི་སྲོང་ལྡེ་བཙན་རྒྱལ་པོའི་བཙུན་མོ་ཆེ་བ་སྣ་ནམ་བཟས་འཕྲོགས་པའི་དགྲ་ཤ་ལེན་ཆེད་དུ། ལྷ་ས་དང་ལྷོ་ཁར་བོད་ཀྱི་ཡར་རྒྱས་ལ་ཕན་ཐོགས་ཡོད་པའི་རི་དཔྱད་བཟང་པོ་ཁག་གཏོར་སྐབས་དམར་པོ་རི་དང་ལྕགས་པོ་རིའི་བར་རི་སྣ་འབྲེལ་བ་བཅད་པ་དང༌། རྗེས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་ཡུམ་རྒྱ་བཟའ་ཡིན་པར་ངོས་འཛིན་གནང་བར་བརྟེན། རྒྱ་བཟའ་སེམས་དགའ་ནས་བོད་ཀྱི་རི་དཔྱད་ཉམས་སུ་བཅུག་པ་དེ་ཚོར་འགྱོད་པ་སྐྱེས་ཏེ་དམར་ལྕགས་གཉིས་ཀྱི་རི་སྣ་བཅད་པ་ཉམས་གསོ་བྱེད་ཆེད་རི་སྣ་གཉིས་སུ་མཆོད་རྟེན་དང༌། རི་སྣ་མཐུད་མཚམས་སུ་མཆོད་རྟེན་ཆེན་པོའི་འོག་ཏུ་འགྲོ་ལམ་ཡོད་པ་བཟོས་པ་ཡིན་ཞེས་གྲགས། ས་ཞིང་བརྟན་ལ་བཟོ་བཀོད་བརྗིད་ཆགས་པ་རྣམ་པར་བཀྲ་བའི་མཆོད་རྟེན་དེ་དག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཁྲ་ལྷམ་མེར་མཐོང་རྒྱུ་ཡོད་ལ་ལྷ་སའི་ནུབ་ཕྱོགས་ནས་ཡོང་མཁན་རྣམས་བྲག་སྒོ་ཀཀཎི་བརྒྱུད་ནས་ཡོང་གི་ཡོད་པས་དེ་ནི་ལྷ་སའི་ནུབ་ངོས་ཀྱི་གཞུང་སྒོ་ལྟ་བུ་ཡིན། སྤྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ཟིང་འཚུབ་སྐབས་མཆོད་རྟེན་གསུམ་ཀ་གཏོར་བརླག་བཏང་མཐར། ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་བྲག་ལྷ་ཀླུ་སྒུག་དགོན་ཞལ་འདེབས་འདུ་སློང་གིས་མཆོད་རྟེན་གསུམ་པོ་ཉམས་གསོ་ཞུས་འཆར་བྱས་ཀྱང་གོང་རིམ་ནས་ཆོག་མཆན་མ་ཐོབ་ཁར་མང་ཚོགས་ནས་ཞལ་འདེབས་སློང་བ་དག་ཀྱང་གཞུང་བཞེས་བཏང་སྟེ་ཉམས་གསོ་ཞུ་མ་ཐུབ་ཅིང༌། སྤྱི་ལོ་ ༡༩༩༥ ལོར་མཆོད་རྟེན་གསུམ་པོ་བསྐྱར་བཞེངས་ཀྱིས་གནའ་བོའི་བརྗིད་ཉམས་སླར་ཡང་མངོན་པར་བྱས། བྲག་སྒོ་ཀཀཎིའི་མཆོད་རྟེན་གསུམ་ལས་དབུས་ཀྱི་མཆོད་རྟེན་ནི་ཆོ་འཕྲུལ་མཆོད་རྟེན་གྱི་བཟོ་དབྱིབས་དང༌། ལྕགས་པོ་རིའི་སྣེར་བསྐྲུན་པའི་མཆོད་རྟེན་ནི་བྱང་ཆུབ་མཆོད་རྟེན་ཡིན། དམར་པོ་རིའི་རི་སྣར་བསྐྲུན་པའི་མཆོད་རྟེན་ནི་རྣམ་རྒྱལ་མཆོད་རྟེན་ཡིན།

          བྲག་སྒོ་རབ་འབྱམས་པའི་སྒྲུབ་ཁང་ནི། དམར་པོ་རིའི་སྣེར་བསྐྲུན་པའི་རྣམ་རྒྱལ་མཆོད་རྟེན་དང་ཉེ་བར་སྔོན་དུས་བྲག་སྒོ་རབ་འབྱམས་པའི་བཞུགས་གནས་སུ་གྲགས་པའི་སྒྲུབ་ཁང་ཆུང་ཆུང་ཞིག་ཡོད་པ་ནི་རྒྱལ་བ་ལྔ་པ་ངག་དབང་རྒྱ་མཚོས་བྲག་སྒོ་རབ་འབྱམས་པ་སྐུ་གཤེགས་པའི་རྗེས་དྲན་དུ་རབ་འབྱམས་པ་བྱ་བྲལ་གྱི་བརྟུལ་ཞུགས་འཛིན་ཏེ་བསྙེན་སྒྲུབ་མཛད་པའི་གནས་དང་དགོངས་པ་མྱ་ངན་ལས་འདས་པའི་ཤུལ་རྡོ་སྐྱོར་བསྐོང་བའི་ས་དེ་རང་ལ་སྒྲུབ་ཁང་ཞིག་བཞེངས་ཐོག་དེར་བྲག་སྒོ་རབ་འབྱམས་པའི་དབུ་ཐོད་ནང་རྟེན་དུ་བཞུགས་སུ་གསོལ་ཞིང༌། ྋརྒྱལ་དབང་ལྔ་པ་ཆེན་པོ་སྐུ་དངོས་ཀྱིས་རབ་གནས་མཛད་ཡོད་པར་གྲགས་པ་དེ་ཉིད་རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་སྐབས་ཉམས་གསོ་ཞུ་ཐུབ་མེད་ལ། སྒྲུབ་ཁང་གནས་ཡུལ་དུ་དེང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ཟོག་ཚོང་ཁང་གསར་འཛུགས་བྱས་ཡོད་པ་བཅས་སོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།