ཉང་བྲན་ཆོས་གོང་གྲོང་ཚོའི་རྡོ་ཆས་དུས་རབས་གསར་པའི་གནའ་ཤུལ།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། དེ་ནི་ལྷ་སའི་བྱང་ངོས་སེ་ར་དགོན་པའི་ནུབ་ཉང་བྲན་ཁོངས་ཆོས་གོང་གྲོང་ཚོའི་བྱང་གི་རི་འདབས་སུ་གནས་ཡོད། གྲོང་ཁྱེར་ལས་སྤྱི་ལེ་ ༥ ཙམ་ཡོད་པ་དང༌། ཤར་ཕྱོགས་སེ་ར་དགོན་དང་ཐག་ཉེ་པོ་ཡོད། དེ་ནི་ལྷ་སར་ཐོག་མར་རྙེད་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་ཞིག་ཡིན་ལ། གནའ་ཤུལ་དེའི་ཤར་ནུབ་བར་དུ་རྒྱང་ཐག་སྤྱི་ལེ་ ༡༥༠ ཙམ་ཡོད་པ་དང༌། ལྷོ་ནས་བྱང་བར་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་ཡོད་པ་དང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༥༠༠༠ ལ་ཉེ་བ་ཞིག་ཡོད།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ། དེ་ནི་ལྷ་སའི་བྱང་ངོས་སེ་ར་དགོན་པའི་ནུབ་ཉང་བྲན་ཁོངས་ཆོས་གོང་གྲོང་ཚོའི་བྱང་གི་རི་འདབས་སུ་གནས་ཡོད། གྲོང་ཁྱེར་ལས་སྤྱི་ལེ་ ༥ ཙམ་ཡོད་པ་དང༌། ཤར་ཕྱོགས་སེ་ར་དགོན་དང་ཐག་ཉེ་པོ་ཡོད། དེ་ནི་ལྷ་སར་ཐོག་མར་རྙེད་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་ཞིག་ཡིན་ལ། གནའ་ཤུལ་དེའི་ཤར་ནུབ་བར་དུ་རྒྱང་ཐག་སྤྱི་ལེ་ ༡༥༠ ཙམ་ཡོད་པ་དང༌། ལྷོ་ནས་བྱང་བར་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་ཡོད་པ་དང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༥༠༠༠ ལ་ཉེ་བ་ཞིག་ཡོད། དུས་ཡུན་རིང་པོར་ས་ཆུ་ཤོར་བའི་རྐྱེན་གྱིས་གཅོང་རོང་དྲུག་གིས་ཁག་སོ་སོར་ཕྱིན་པ་དང༌། ཆུ་ལོག་འགོག་པའི་ཆུ་ཡུར་གཅིག་དང་སྟབས་བདེའི་གཞུང་ལམ་ཞིག་གིས་གནའ་ཤུལ་གྱི་ཤར་ནུབ་འཕྲེད་བཀག་བྱས་པ་དེས་གནའ་ཤུལ་དེར་གཏོར་བཤིག་ཚབས་ཆེན་བཟོས་ཡོད། གསར་རྙེད་བྱུང་རྗེས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༢༣་༤ སར་སྔོག་འདོན་བྱས་པས། ཐལ་དོང་གཉིས་དང༌། ས་ཕུག་གཅིག དུས་རབས་མཇུག་མའི་རྡོའི་སྤུར་སྒམ་གཅིག་བཅས་སྔོག་ཐོན་བྱུང་ཡོད་ལ། ཐལ་དོང་ནང་ནས་བརྡར་བཟོས་ཀྱི་གཡང་ཊིའི་སྟེའུ་དང༌། རུས་པའི་ཁབ། རུས་པའི་སྙུང་ཁབ། རུས་པའི་གྲི། རྫ་ཕྲུག རུས་པའི་ཡོད་བྱད་དང༌། རྡོ་ཆས། བརྡུང་བཟོས་རྡོ་ཆས་དང་རྫ་ཧྲུག་འབོར་ཆེན་སྔོག་ཐོན་བྱུང་ཡོད་ལ། དེ་ལས་ཁབ་རྩེ་དང་ཁབ་མིག་མཉམ་དུ་ཡོད་པ་ཞིག་དང༌། རྫ་ཆས་སྲབ་མོ། ཟངས་ལས་གྲུབ་པའི་མདའ་རྩེ། ཟངས་ལས་གྲུབ་པའི་མེ་ལོང་ལྕགས་ཀྱི་ཡུ་བ་ཅན། རྫ་ལས་གྲུབ་པའི་སྤྲེལ་གདོང་གཅིག་སོགས་རྙེད་ཡོད་ལ་དེ་དག་ཡ་མཚན་ཅན་གྱི་ཡོ་བྱད་ཤ་སྟག་ཡིན། ཆོས་གོང་གྲོང་ཚོའི་གནའ་ཤུལ་ནི་ལྷ་སར་དང་ཐོག་བཙལ་རྙེད་ཐུབ་པའི་རྡོ་ཆས་གསར་པའི་རིག་གནས་ཀྱི་གནའ་ཤུལ་ཞིག་ཡིན་ལ། ཆོས་གོང་གྲོང་ཚོ་ནས་རྡོ་ཆས་དུས་རབས་གསར་མའི་རྗེས་ཤུལ་གསར་དུ་རྙེད་པ་དེ་ཐོག་ནས་མི་ལོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་ནས་ལྷ་ས་སྐྱིད་ཆུའི་གཡས་གཡོན་གྱི་ས་གཞི་གཤིན་པོ་འདིའི་ཐོག་གདོད་མའི་རྡོ་ཆས་ལ་བརྟེན་ནས་མི་རྣམས་འཚོ་གནས་དང་སྐྱེ་འཕེལ་བྱེད་འགོ་ཚུགས་ཟིན་པ་ར་འཕྲོད་བྱུང་ཡོད་པ་མ་ཟད། བོད་ལྗོངས་སུ་ཡོད་པའི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གནས་གནའ་ཤུལ་ཞིབ་འཇུག་ཐད་ཀྱི་སྟོང་ཆ་ཁ་གསབ་བྱས་པ་ཞིག་ཀྱང་ཡིན། དེ་ནི་ཆབ་མདོ་ཁ་རུབ་གནའ་ཤུལ་གྱི་རྗེས་སུ་བོད་ལྗོངས་ས་ཁོངས་ནང་ཚན་རིག་རྟོག་ཞིབ་དང་སྔོག་འཚོལ་བྱས་ནས་རྙེད་པའི་རྡོ་ཆས་གསར་མའི་རིག་གནས་ཀྱི་གནའ་ཤུལ་གཉིས་པ་དེ་ཡིན། ཆུ་གོང་གནའ་ཤུལ་དེ་ཁ་རུབ་གནའ་ཤུལ་ལས་ཕྱི་བ་ཡོད་པ་དང༌། དེ་ནི་བོད་ལྗོངས་རྡོ་ཆས་གསར་མའི་དུས་མཇུག་གི་དམིགས་བསལ་གྱི་རིག་གནས་རྣམ་པ་ཞིག་ཡིན་ལ། ལྷ་སའི་ཆུ་གོང་གི་རྗེས་ཤུལ་ནི་ད་བར་ལོ་ ༤༠༠༠ ཡས་མས་སོང་བའི་གནའ་ཤུལ་གྲགས་ཅན་ཞིག་ཀྱང་ཡིན། གོང་གསལ་རྫ་ཆས་སོགས་གནའ་བོའི་ཡོ་བྱད་ཡ་མཚན་མང་དུ་བརྩལ་རྙེད་སྔོག་འདོན་བྱས་རྗེས་ཆོས་གོང་གྲོང་ཚོའི་གནའ་ཤུལ་གྲགས་ཅན་གྱི་རྡོ་རིང་ཞིག་བཙུགས་པ་ཙམ་ལས་དེ་མིན་གྱི་སྲུང་སྐྱོབ་དང་བདག་སྤྲོད་མ་བྱས་པར་སྤྲང་ཚང་དང༌། སྒོ་ཕྱུགས་འདོགས་ཡུལ། གད་སྙིགས་གཡུག་སའི་གནས་ཤིག་ཏུ་གྱུར་འདུག་པ་ནི་བློ་ཕམ་ཞིང་ཡིད་སྐྱོ་བའི་གནས་ཤིག་གོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།