བོད་ཀྱི་རྒྱལ་ས་ལྷ་སའི་ཤག་བཞི།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༢༩ཉིན་སྤེལ།     གངས་ལྗོངས་བོད་ཀྱི་རྒྱལ་ས་ལྷ་སར་བཞི་ཚན་ཅན་གྱི་ལོ་རྒྱུས་གནའ་ཤུལ་མང་དུ་ཡོད་པ་ལས་ལྷ་སའི་ཤག་བཞི་སྟེ། སྣང་རྩེ་ཤག་དང༌། དགའ་རུ་ཤག སྟག་ལུང་ཤག སྒང་མཁར་ཤག་བཅས་བཞི་ལས། སྣང་རྩེ་ཤག་ཅེས་པའི་མིང་ནི་ཐོག་མར་སྟོད་ལུང་པ་སྣང་རྩེ་སྡེ་པའི་ལྷ་སའི་གཟིམ་ཤག་ཡིན་ཞིང༌། རྒྱུ་མཚན་གང་ཡིན་མ་ཤེས་མོད། རྗེས་སུ་སྣང་སྡེ་པར་བཀའ་ཉེས་འཕོག་ནས་མཁར་དབང་གཞུང་བཞེས་བཏང་བ་དང་དེའི་སྡོད་ཤག་ལྷ་སར་ཡོད་པ་དེར་སྤྱི་ལོ་ ༡༦༧༩ ཙམ་ལ་ལྷ་ལྡན་ཁུལ་གྱི་ཁྲིམས་འདོན་བྱ་ཡུལ་དུ་བཙུགས་པར་སྣང་རྩེ་ཤག་ལས་ཁུངས་ཟེར་ཞིང༌། སྣང་རྩེ་ཤག་ལས་ཁུངས་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པ་སྟེ། ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་བསྐྲུན་ཅིང༌། ད་བར་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། བོད་གཞུང་གི་སྲིད་དོན་དོ་དམ་ལས་ཁུངས་ཤིག་དང༌། སྔར་གཞི་རྒྱ་ཅུང་ཆེ་བའི་བཙོན་ཁང་ཞིག་ཀྱང་རེད། སྣང་རྩེ་ཤག་ནི་ལྷ་ས་གྲོང་རྙིང་བར་སྐོར་བྱང་ལམ་ངོས་སུ་གནས་ཤིང༌། དེ་ནི་གཙུག་ལག་ཁང་གི་བྱང་ཤར་ངོས་དང་སྦྲེལ་བའི་བོད་བཟོའི་ཐོག་བརྩེགས་གསུམ་ལྡན་ཞིག་ཡིན། སྣང་རྩེ་ཤག་ལས་ཁུངས་ཀྱི་ཁྱབ་ཁོངས་ནི་སྤྱིར་ན་གླིང་སྐོར་ལམ་ནང་ཚུན་ཡིན་ཞིང༌། དེ་ཡང་གླིང་སྐོར་ལམ་གྱི་ནུབ་ངོས་དང༌། ལྷོ་གླིང་སྐོར་ལམ་གྱི་བྱང་རྒྱུད། ནུབ་གཡུ་ཐོག་ཟམ་པའི་ཕྱེད་ནས་ཐད་དྲངས་པའི་ཤར་ངོས། བྱང་གླིང་སྐོར་ལམ་གྱི་ལྷོ་རྒྱུད་བཅས་ཀྱི་ནང་དུ་ཡོད་པའི་གྲོང་ཁུལ་རྣམས་ཡིན། དེ་མིན་གཡུ་ཐོག་ཟམ་པ་གྲོལ་ན་ཞོལ་པ་ལས་ཁུངས་ཀྱི་དོ་དམ་ཁོངས་ཡིན། ལས་ཁུངས་དེའི་ལས་འགན་གཙོ་བོ་ནི། ལྷ་ས་གྲོང་ཁུལ་གྱི་ཁྲིམས་འདོན་དང༌། བདེ་འཇགས་དོ་དམ། གཙང་སྦྲར་བལྟ་བསྐུལ། མི་གསོད་གྱོད་དོན་སོགས་བཀའ་ཤག་ལ་དགོངས་སྐོར་སྙན་གསེང་དང་འབྲེལ་ཐག་གཅོད་གནང་གི་ཡོད་ཅིང༌། སྣང་རྩེ་ཤག་ལས་ཁུངས་དེའི་ནང་བཙོན་ར་ཁང་མིག་དགུ་ཡོད་ཅིང༌། རྒྱ་ཁྱོན་རྨིད་གྲུ་བཞི་མ་ ༧༢༠ ཡོད། སྣང་རྩེ་ཤག་གི་གནས་འདིར་དེ་སྔའི་ཆོས་སྲིད་གཉིས་ལྡན་སྐབས་ཀྱི་བཙོན་ཁང་གི་ཁྲིམས་ཆད་སྐོར་འགྲེམས་སྟོན་སྒྲིག་གཤོམ་གྱིས་སྣང་རྩེ་ཤག་བཤམས་སྟོན་ཁང་ལྟ་སྐོར་དྲན་རྟེན་དུ་གྱུར་ཡོད། ཁོ་བོས་ཚོད་དཔག་བྱས་པར་གཞིགས་ན། མི་དབང་རྟོགས་བརྗོད་ནང་ལྷ་ཞོལ་གྱི་སྣེ་མོ་ལས་འཛིན་པ། ཞེས་པ་ལས། སྣང་རྩེ་ཤག་གི་མི་དཔོན་ཞེས་པ་ཐོན་གྱི་མི་འདུག་སྟབས། སྣང་རྩེ་ཤག་ནི་བོད་གཞུང་གི་ལས་ཁུངས་ཤིག་ཏུ་གྱུར་བའི་དུས་ཚོད་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་ྋརྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྗེས་སུ་ཡིན་ནམ་སྙམ་པས་དཔྱད་པར་ཞུ།། ཤམ་བྷ་ལའི་ཕོ་ཉ་དྲ་བའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་རྩོམ་བྲིས་གནང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།