གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བསྐྲུན་པའི་ལྕགས་ཟམ།

ཐང་སྟོང་རྒྱལ་པོའི་ལོ་རྒྱུས། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། ཐང་སྟོང་རྒྱལ་པོ་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ་ ༡༣༦༡ ལོར་གཙང་ལ་སྟོད་གཡས་རུ་བྱང་པའི་ཆབ་འོག་འོལ་ཀ་ལྷ་རྩེ་རིན་ཆེན་སྡིངས་༼ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས༽ ཁོངས་ཞིང་པའི་ཁྱིམ་དུད་ཅིག་ཏུ་སྐུ་བལྟམས། དགུང་གྲངས་ ༡༢༥ འཚོ་ཞིང་གཞེས་ཏེ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ༡༤༨༥ ལོར་གཙང་སྟོད་རི་བོ་ཆེར་༼ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས༽ སྐུ་གཤེགས། སྤྱིར་གྲུབ་ཆེན་འདི་ཉིད་ཀྱིས་བོད་ཁ་བ་ཅན་གྱི་སྤྱི་ཚོགས་ཡར་ཐོན་ལ་ཕན་པའི་མཛད་རྗེས་བསམ་གྱིས་མི་ཁྱབ་པ་ཆེས་མང་པོ་ཞིག་བཞག་འདུག་པ་ནི་བསྙོན་མེད་ཀྱི་གནས་སུ་མཆིས་མོད་ཀྱང༌། འདིར་ལྕགས་ཟམ་གྱི་སྐོར་ཞུ་རྒྱུར། གྲུབ་ཆེན་འདི་ཉིད་སྐུ་ཚེ་གང་བོར་བོད་ཀྱི་ཡུལ་དུ་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཆུ་ཀླུང་ཆེན་པོར་གྲགས་པ་རྣམས་སུ་ལྕགས་ཟམ་གྱི་དྲ་བ་གསར་འཛུགས་གནང་བ་བསྡོམས་ན་སྔ་ཕྱིར་ལྕགས་ཟམ་ལྔ་བཅུ་ང་བརྒྱད་དང༌། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་བཅས་བཞེངས་པས་གནས་བབ་དེ་དུས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང༌། འཚོ་བ། ཞིང་འབྲོག་ཐོན་རྫས་བརྗེ་རེས་སོགས་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བ་དང༌། མི་ཕྱུགས་ཀྱི་དཀའ་ངལ་ཆུང་ངུ་གཏོང་བ་སོགས་གང་ཅིའི་ཐད་ལ་ཕན་པ་བླ་ན་མེད་པ་ཞིག་བསྐྲུན་པར་བཀའ་དྲིན་གྱི་གཞལ་མཐའ་མེད་ལ། དེ་དག་གི་ནང་ནས་གཅུང་རི་བོ་ཆེའི་ལྕགས་ཟམ་དང༌། ལྷ་རྩེའི་ལྕགས་ཁ་ལྕགས་ཟམ། རྣམ་གླིང་ལྕགས་ཟམ་ལྟ་བུ་ལྕགས་ཟམ་འགའ་ཞིག་ད་ལྟའང་མ་ཉམས་པར་ཡུལ་མི་དག་གིས་ལོངས་སུ་སྤྱོད་བཞིན་ཡོད་དོ།།

དེ་ལྟར་གྲུབ་ཆེན་འདི་ཉིད་ཀྱི་མཛད་རྗེས་དེ་དག་ལ་བརྟེན་ནས་ཁ་བ་ཅན་གྱི་ལྗོངས་འདིར་ལྕགས་ཟམ་གྱིས་མཚོན་ལྕགས་བཟོའི་ལག་རྩལ་དང༌། རིན་པོ་ཆེའི་རིགས་ལ་བཟོ་བཀོད་འདོན་པའི་ལག་རྩལ། གཙུག་ལག་ཁང་དང་སྐུ་འབུམ་བཞེངས་པའི་ལག་རྩལ། གཞན་ཡང་ལྕགས་འབོར་ཆེན་བཞུ་བཏུལ་དང་བཙོ་སྦྱང་བརྡུང་བཟོའི་ལག་རྩལ་ལ་སོགས་པ་བཟོ་ལས་ཀྱི་བྱ་བཞག་གང་ཅིར་སྤྱི་ལོའིདུས་རབས་བཅོ་ལྔ་པའི་སྐབས་ལ་མཚོན་རིན་ཐང་ལྡན་པའི་བྱ་བ་མང་པོ་ཞིག་གནང་འདུག་པ་དང༌། དེས་བོད་རིགས་མི་དམངས་ཀྱི་བཟོ་ལས་བྱ་བཞག་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བཤད་ན་མི་འཚམ་པ་མེད་ཅེས་གཡུ་ཕྲེང་དུ་གསལ་བ་ལྟར་དང༌། གྲུབ་ཐོབ་འདི་པ་ཡུལ་གྲུ་མང་པོར་ཕེབས་ནས་ལྕགས་ཀྱི་སློང་མོ་དང༌། ལྕགས་གཏེར་འདོན་པ། སོལ་བ་སྲེག་པ། ལྕགས་བཞུ་བརྡུང་དང་འདྲེན་པ། རྡོ་བསགས་ནས་ཟམ་རྔུར་དང་ཟམ་འབུམ་བསྐྲུན་པ། ལྕགས་ཟམ་དངོས་སུ་འཛུགས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོས་དུས་འདས་པ་དང༌། ཐང་སྟོང་རྒྱལ་པོས་ཡུལ་གྲུ་ཁག་ལ་ལྕགས་འཚོལ་བར་ཕེབས་པ་སོགས་དཀའ་དུབ་དུ་མ་སྤྱད་པ་མ་ཟད། བྱ་བ་རིམ་པའི་ནང་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་མཛད་པ་དཔེར་ན།

ལྕགས་འཚོལ་དུ་ཕེབས་པ།

ཐང་སྟོང་རྒྱལ་པོ་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ཀྱང་ཡིན་པས་ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མེད་པས་ལ་ཁར་ཇག་པ་དང་ཆུ་ཁར་མཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་བསྐྱུར་བས་ཐུགས་ཡིད་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་སྐྱེ་བོ་གྲངས་མེད་འདི་ལྟའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་ཐུགས་ཀྱིས་མ་བཟོད་པར་ཆུ་ཀླུང་བརྒལ་མི་ཐུབ་པ་རྣམས་ལ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་ཐུགས་ལ་བཀོད། དེ་ནས་འབད་པ་དུ་མས་བཙལ་བའི་གསེར་ཞོ་བརྒྱ་ཐམ་པ་ཕྱག་རྫས་སུ་བསྣམས་ཏེ་ཀོང་པོར་ལྕགས་འཚོལ་བར་ཕེབས། རིམ་བཞིན་སློབ་མ་མང་དུ་འཕེལ་བ་དག་འཁྲིད་དེ་སྔ་རྗེས་སུ་ཀོང་ཡུལ་སྟེང་རྩ་དང༌། བྷ་ཁ། སྨན་མོ་སྒང་སོགས་ལ་ཕེབས་ཤིང༌། ས་ཆ་དེ་ཚོའི་མང་ཚོགས་ལ་ལྕགས་ཟམ་འཛུགས་པའི་དགེ་མཚན་དྲིལ་བསྒྲགས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་རང་ཉིད་འཁོར་བཅས་ལྕགས་ཁ་སྔོག་འདོན་གྱི་ལས་ལ་ཞུགས། ཀོང་པོ་ནས་ལྕགས་ཀྱི་གཏེར་ཁ་སྟོབས་ཆེ་བ་བཏོན། ཀོང་པོ་བས་ལྕགས་ཕུལ་བ་སོགས་མགར་བ་མང་པོ་ལྷན་ཅིག་ཏུ་ལྕགས་བཟོ་མཛད། དུས་ཐུང་ནང་ལྕགས་གུག་སྟོང་ཕྲག་མང་པོ་ལེགས་གྲུབ་བྱུང་བ་དེ་དག་སྐྱེལ་འདྲེན་གྱི་མཛོ་གཡག་ཀྱང་ཀོང་པོ་བ་རྣམས་ལ་སྐུལ་མ་གནང་སྟེ་ཐོག་མ་ཁོ་ནར་མཛོ་ ༢༤༠ ལ་ལྕགས་བཀལ་ནས་དབུས་གཙང་ཕྱོགས་སུ་བརྫངས། དེ་བཞིན་འབྲུག་པ་གྲོར་ཕེབས་ཏེ་གོང་བཞིན་གནང་བ་དང་པ་གྲོ་བ་རྣམས་ཀྱི་ལྕགས་ཁུར་ ༡༣༠༠ བྱུང་བ་པ་གྲོ་བ་རྣམས་ཀྱིས་མ་བསྐུལ་དྭང་བླངས་ཀྱི་སྒོ་ནས་ཕག་རི་བར་བསྐྱལ། ལྕགས་ཁུར་ ༢༠༠ དཔལ་ཆུ་བོ་རིར་བརྫངས། ལྕགས་ཁུར་སྟོང་ ༡༡༠༠ ལ་སྟོད་བྱང་ལ་དྲངས། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་ལ་ཕེབས་ནས་ལྕགས་མང་པོ་བསྒྲུབས། དེ་ལྟར་ཐང་སྟོང་རྒྱལ་པོས་ཡུལ་གྲུ་མང་པོར་སློང་མོ་མཛད་པའི་ལྕགས་དང༌། རང་ཉིད་འཁོར་བཅས་ཀྱིས་ལྕགས་ཁ་སྔོག་འདོན་གནང་ནས་བྱུང་བའི་ལྕགས་རྣམས་ལས་ལྕགས་གུག་རྐང་བུ་ཁྲི་ཕྲག་དུ་མ་བཟོ་སྐྲུན་མཛད་དེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས་སོ།།

ལྕགས་ཟམ་འཛུགས་པ།

ཐང་སྟོང་རྒྱལ་པོ་སྔར་ལྷ་གདོང་ཤན་ཁར་ཕེབས་སྐབས་སྐུ་ངལ་ཆེན་པོ་ཕྲད་པས་ཐོག་མར་སྐྱིད་ཆུའི་གྲུ་ཁ་འདི་ཉིད་དུ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཀོད་པ་ལྟར་སྤྱི་ལོ་ ༡༤༣༠ ལོར་ལྷ་སར་ཕེབས་ནས་སྐྱིད་ཤོད་པ་དང་ཁུལ་དེའི་སེར་སྐྱ་ཀུན་ལ་གཙང་པོའི་ལྷོ་བྱང་གཉིས་སུ་རྡོ་གསོག་པའི་སྐུལ་མ་གནང་བར་ལྕགས་ཟམ་འཛུགས་མི་ཐུབ་ཟེར་བ་སོགས་མ་འདོད་པའི་གཏམ་སྣ་ཚོགས་བྱུང་ཡང་མི་སེར་རྣམས་ཀྱིས་རྡོ་མང་དུ་བསགས་ནས་ཆུའི་བྱང་དུ་ཟམ་རྔུར་བརྩིགས་ཤིང༌། ལྷོ་ཕྱོགས་སུ་བྲག་ལ་ལྕགས་ཕུར་བཏབ་ནས་ལྕགས་ཐང་གི་སྣེ་གཉིས་བཀལ། ལྕགས་ཟམ་ལ་འདོགས་བྱེད་ཐག་པ་འབུལ་མཁན་མ་བྱུང་བར་སྡེ་པ་སྐྱིད་ཤོད་པ་ལ་ཐང་སྟོང་རྒྱལ་པོས་ཁོ་བོས་ཤར་ཀོང་པོའི་ཡུལ་ནས་ལྕགས་འདི་ཙམ་ཁྱེར་ཡོད་ཀྱང་ཁྱེད་ཀྱིས་ཐག་པ་ཙམ་ཞིག་ཀྱང་མི་སྟེར་བ་བསམ་པ་ཆུད་ཅེས་གསུངས་པ་དང༌། མཐར་སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཐག་པ་མི་ཁུར་བརྒྱ་ཕུལ་བ་ལྕགས་ལ་བཏགས་པ་བཅས་ལོ་དེར་རང་ལ་ལྕགས་ཟམ་ལེགས་པར་གྲུབ། ལྕགས་ཟམ་གྱི་ཐོག་མ་འདི་ཡིན་ལ། དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། ལ་ལས་འཕན་པོ་ཕོད་མདོའི་ལྕགས་ཟམ་དེ་དང་པོ་ཡིན་ཞེས་ཟེར། སྤྱི་ལོ་ ༡༤༨༥ ལོར་ཡར་ཀླུངས་ཉ་མགོ་གྲུ་ཁའི་ལྕགས་ཟམ་དེ་དཀའ་ཚེགས་ཆེན་པོའི་སྒོ་ནས་ལེགས་གྲུབ་ཟིན་པ་ནི་ཐང་སྟོང་རྒྱལ་པོས་འཛུགས་པར་མཛད་པའི་མཐའ་མཇུག་གི་ལྕགས་ཟམ་དེ་ཡིན། ཐང་སྟོང་རྒྱལ་པོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་རྣམས་ཁག་གསུམ་ལ་དབྱེ་ཆོག་པ་སྟེ། ཐང་སྟོང་རྒྱལ་པོ་རང་ཉིད་ངོ་མ་ལས་གྲྭའི་བྱ་བ་རིམ་པའི་ནང་དངོས་སུ་ཞུགས་ཏེ་ཐད་ཀར་ཇུས་འདོན་སྣེ་འཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་གཅིག ཇུས་འགོད་དང༌། གཞི་འདིང་བ། ལྕགས་ཐག་འཐེན་པ་སོགས་འགག་རྩའི་སྐབས་སུ་རང་ཉིད་ངོ་མ་ཞུགས་ཤིང༌། བར་གྱི་བྱ་བ་བུ་སློབ་རྣམས་སྒྲུབ་ཏུ་བཅུག་པ་ཆུ་བོའི་རིའི་ལྕགས་ཟམ་ལྟ་བུ་དང་གཉིས། བུ་སློབ་རྣམས་མངགས་རྫོང་གནང་ནས་བསྐྲུན་པ་ཡར་ཀླུངས་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལྟ་བུ་དང་གསུམ་མོ།།

གང་དེས་ཁུར་ཤིང་རྒྱབ་ཏུ་བསྣམས་ནས་ལ་ཆུ་ལམ་འཕྲང་སོགས་འགྲོད་དཀའི་ངལ་འཇིགས་སྣ་ཚོགས་ཁྱད་བསད་ཀྱིས་དབུས་གཙང་ཁམས་གསུམ་དང༌། ཀོང་པོ། ཀློ་ཡུལ། མོན་ཡུལ། པ་གྲོ་སོགས་ལ་ཕེབས་ཏེ་ལྕགས་ཀྱི་སློང་མོ་དང༌། ལྕགས་ཁ་སྔོག་འདོན། ལྕགས་བཞུ་བརྡུང་དང་འདྲེན་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་སྒོ་ནས་སྐྱིད་ཆུ་དང༌། གངས་ལ་ཀློང་ཁ། དཔལ་ཆུ་བོ་རི། དཔལ་རི་བོ་ཆེ། འཇད་བཀྲ་ཤིས་རྩེ། གཙང་སྟོད་ཡོངས་རུ། སྟོད་ལུང༌། ཉ་མགོ་གྲུ་ཁ། འབྲི་གུང་ཆོས་འཁོར་སྒང༌། གཞུ་སྣ། མོན་ཡུལ་འཛོམས་དང༌། བག་གྲོ། འབྲི་ཆུ། རྫ་ཆུ། ཉག་ཆུ་སོགས་ཆུ་ཀླུང་རྦ་ཀློང་འཁྲུག་པའི་སྟེང་དུ་ཁྱོམ་བསྡོམས་ལྕགས་ཟམ་ ༥༨ དང༌། ཤན་ཆེན་དང་གྲུ་འདྲེས་པ་ ༡༡༨ ཤིང་ཟམ་ ༦༠ བཙུགས་ཡོད། དེ་དག་ཀྱང་ངམ་རིང་རྫོང་ཁོ་ནར་ད་ཡོད་ཀྱི་ལྕགས་ཟམ་ཡར་ཀླུངས་གཙང་པོའི་རྒྱུད་ཀྱི་གཅུང་རི་བོ་ཆེ་དང༌། གངས་བུ་ལེ། དཔའ་སྡིངས། རིན་ཆེན་སྡིངས། རྟ་ཟུར། ས་ལུད། ཡོར་ལྕགས་ཟམ་བཅས་དང༌། མུས་ཆུའི་མཐོང་ལྕགས། མདོག་ཆུའི་བལ་ལྕགས་དང༌། ལུང་ཡག་ལྕགས། མདོག་ཆུ་དང་མུས་ཆུ་འདྲེས་མཚམས་ཀྱི་ཟངས་མཁར་ལྕགས། སྨོག་པའི་ལྕགས་ཟམ་བཅས་ལྕགས་ཟམ་བཅུ་གཉིས་དང༌། དེ་བཞིན་ལྷ་རྩེ་དང༌། ཕུན་ཚོགས་གླིང༌། རྣམ་གླིང་རྫོང་ཁོངས་རྣམ་གླིང་དང༌། རྒྱ་མཚོ་པ་ལོ་ལྕགས་ཟམ་དང༌། རྒྱ་མཚོ་ཟམ་སྣེ་ལྕགས་ཟམ། འོད་ཡུག་ལྕགས་ཟམ། ལྷ་དབང་རྩེ་༼འཇད་བཀྲིས་རྩེ༽ལྕགས་ཟམ་དང༌། གཞན་ཡང་འཕན་པོ་ཕོད་མདོ་ལྕགས་ཟམ་དང༌། སྙེ་མོ་ལྕགས་ཟམ། འབྲི་གུང་རྫོང་ཤོད་ལྕགས་ཟམ། འབྲི་གུང་གཞུའི་ལྕགས་ཟམ། འོན་སྣ་ལྕགས་ཟམ། བྱང་སྟག་ལུང་ལྕགས་ཟམ། སོག་ལྕགས་ལམ། མོག་ཏོག་༼འདི་མོན་རྟ་དབང་ཤར་ཚོའི་ཁོངས་སུ་ཡོད།༽ལྕགས་ཟམ། ངོམ་ཆུ་དང་རྫ་ཆུ་བརྒྱུད་ཀྱི་སྟེང་བཟང་ལྕགས་ཟམ། ཁ་རུབ་ལྕགས་ཟམ། འཕན་གྲོང་ལྕགས་ཟམ། སྟོང་མདའ་ལའི་ལྕགས་ཟམ་བཅས་གནས་ཡུལ་ས་ཆ་སོ་སོའི་དམངས་ཁྲོད་ངག་རྒྱུན་ལའང་ཐང་སྟོང་རྒྱལ་པོས་འཛུགས་གནང་མཛད་ཅེས་ཕ་གཏམ་བུ་འཇགས་སུ་འདུག་པ་ནི་དོན་ལ་གནས་པར་སེམས།།

དམངས་ཁྲོད་ཀྱི་ངག་རྒྱུན་ལ་ལྕགས་ཟམ་འཛུགས་སྐྲུན་གྱི་མཐུན་རྐྱེན་སྒྲུབ་ཆེད་བོད་ཀྱི་ལྷ་མོའི་ཟློས་གར་ཡང་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་ཡིན་ཞེས་ཕ་གཏམ་བུ་འཇགས་སུ་ཡོད་པ་མ་ཟད། ཡར་ཀླུངས་བཀྲ་ཤིས་ཞོལ་པ་དང༌། རྒྱ་མཁར་ཆོས་རྫོང་པ། ཤངས་པ། སྐྱོར་མོ་ལུང་པ་སོགས་ལྷ་མོ་བ་ཚོས་འཁྲབ་སྟོན་སྐབས་ཐང་སྟོང་རྒྱལ་པོའི་སྐུ་བརྙན་མཉམ་འཁྱེར་བྱེད་ཀྱི་ཡོད་པ་དང༌། གཅུང་རི་བོ་ཆེའི་ལྷ་མོ་བས་ཕོ་བ་རྡོ་གཤག་བྱེད་སྐབས་ཐང་སྟོང་རྒྱལ་པོའི་རྩ་རླུང་འཕྲུལ་འཁོར་གྱི་གདམས་པས་གནོད་པ་མི་འབྱུང་བའི་བརྗོད་ཚུལ་ཡོད་པ་དང༌། རི་བོ་ཆེའི་ལྷ་མོ་ཚོགས་པས་རང་ཉིད་ཐང་སྟོང་རྒྱལ་པོའི་བུ་སློབ་ཡིན་ཞེས་བརྗོད་སྲོལ་ཡོད་པ་སོགས་ལས་བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང་མཁན་ཐང་སྟོང་རྒྱལ་པོ་ཡིན་ཟེར་བ་དོན་ལ་གནས་སོ། །ཐང་སྟོང་རྒྱལ་པོའི་རྣམ་ཐར་ནང་མིང་གསལ་བར་འཁོད་པའི་ལྕགས་ཟམ་བཅུ་གཉིས་དང༌། བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བའི་ལྕགས་ཟམ་ཁག་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་ཕུད། འདས་ཟིན་པའི་མི་ལོ་བརྒྱ་ཕྲག་འགའ་ཞིག་གི་རིང་ལ་རང་བྱུང་གི་འགྱུར་ལྡོག་དང༌། འཁྲུག་ལོང་གི་ལོ་རབས་ནང་ལྕགས་ཟམ་ཁག་གཅིག་མིང་གི་ལྷག་མར་གྱུར་ལ། འགའ་ཞིག་ནི་བརྟག་དཔྱད་བརྩད་ཞིབ་བྱ་རྒྱུ་མ་ལྡང་བས་བཙལ་རྙེད་མ་བྱུང་བའང་ཡོད་ངེས་པ་སྨོས་ཅི་དགོས། མིང་གི་ལྷག་མར་གྱུར་པ་ཉ་མགོ་གྲུ་ཁའི་ལྕགས་ཟམ། སྙེ་མོའི་ལྕགས་ཟམ། ཕུན་ཚོགས་གླིང་ལྕགས་ཟམ་སོགས་ལྕགས་ཟམ་མང་དག་ཞིག་ཉེ་བའི་ལོ་ཤས་སྔོན་ཉམས་ཆགས་དང་ལྕགས་ཐག་རྣམས་ཀྱང་རྐུན་མ་དང་རྙིང་ཚོང་བ་སོགས་བརྒྱུད་ནས་རིམ་བཞིན་ཇེ་ཡལ་དུ་སོང་སྟེ་མིང་གི་ལྷག་མར་གྱུར་ཡོད།

གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བསྐྲུན་པའི་ལྕགས་ཟམ་རྣམས་ནི་བོད་གངས་ཅན་ལྗོངས་སུ་བྱུང་བའི་ཟམ་པ་ཐོག་མ་དེ་མ་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང༌། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །བ་གླང་འབྲི་གཡག་ར་ལུག་ཁྱིམ་དུ་གསོས། རྨོས་པའི་ལོ་ཏོག་ཐོག་མ་དེ་ནས་བྱུང༌། །ཞེས་པ་ལྟར་སྤུར་རྒྱལ་གྱི་གདུང་རབས་དགུ་པ་བཙན་པོ་པུ་དེ་གུང་རྒྱལ་གྱི་བློན་པོ་མཛངས་པའི་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱིས་སྤྱི་ལོའི་དུས་རབས་གཉིས་པའི་སྐབས་བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས་པ་ནི་བོད་ཀྱི་ཟམ་པའི་ཐོག་མ་དེ་ཡིན། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བོད་ཀྱི་ཆུ་བོ་ཆེ་ཆུང་ཁག་ལ་ལྕགས་ཟམ་ ༥༨ བརྒྱབ་སྟེ་མི་ཕྱུགས་ཀུན་ལ་ཕན་བདེ་སྐྲུན་པར་མཛད་པའི་ལྕགས་ཟམ་དེ་དག་གི་གྲས་ནས་ལྷ་རྩེ་ལྕགས་ཟམ་དང༌། རྣམ་གླིང་ལྕགས་ཟམ་སོགས་ལྕགས་ཟམ་འགའ་ཞིག་དེང་སྐབས་སུའང་ཉམས་མེད་གནས་ཐོག་ཟམ་པ་དེའི་ཐོག་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་བྱེད་བཞིན་ཡོད་ལ། ལྕགས་ཟམ་དེ་དག་ལོ་རྒྱུས་ཐོག་ལོ་བརྒྱ་ཕྲག་འགའ་ཤས་རིང་མང་ཚོགས་ཕན་ཚུན་འགྲོ་འོང་བྱ་རྒྱུར་ཕན་ནུས་ཐོན་པའི་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་ཡོད་ཅིང༌། དེ་ནི་སྔ་རབས་བོད་རིགས་མི་དམངས་ཀྱི་ངོ་མཚར་ཆེ་བའི་ལག་རྩལ་རྗེས་ཤུལ་ཤིག་ཡིན་ནོ།། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།