བློན་པོ་མ་ཞང་གྲོམ་པ་སྐྱེས་ཀྱི་དུར་ས།

བློན་པོ་མ་ཞང་གྲོམ་པ་སྐྱེས་ཀྱི་དུར་ས། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། དེ་ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དགུང་ལོ་བརྒྱད་ལ་ལོན་པ་དང༌། རྒྱལ་སྲིད་བཟུང་ནས་རྒྱལ་ཁམས་ལ་དབང་བསྒྱུར། རྒྱལ་པོ་སྐུ་ནར་མ་སོན་པའི་དུས་སུ་མ་ཞང་ཁྲོན་པ་སྐྱེས་༼མ་ཞང་དྲོན་པ་སྐྱེད་དམ་ཁྲོན་པ་སྐྱེས་པའང་སྣང༌།༽ལ་སོགས་པ་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱིས་ཆོས་བྱར་མི་གནང་བའི་ཁྲིམས་བཅས་ནས། ལྷ་སའི་ཇོ་བོ་རིན་པོ་ཆེ་སླར་རྒྱ་ཡུལ་དུ་སྐྱེལ་གྲབ་བྱས་པས། མི་སྟོང་གིས་ཀྱང་མ་དྲངས། མཁར་བྲག་ཏུ་ས་ཐམས་སུ་བཅུག་པས། བློན་པོ་ཆོས་ལ་མི་དགའ་བ་ལ་ལ་ནི་སྨྱོ་འབོག་བྱུང་ནས་ཤི། ལ་ལ་རྒྱབ་གས་ནས་ཤི། མུ་གེ་དང༌། ནད་ཡམས་དང༌། བཀྲ་མི་ཤིས་པའི་ལྟས་མང་པོ་བྱུང་བས། ལྟས་མཁན་ཐམས་ཅད་ཁ་མཐུན་པར་རྒྱའི་ལྷ་བྱེ་ཐམས་སུ་བཅུག་པས་ལེན་འདུག་ཟེར་ནས། ས་འོག་ནས་བཏོན་ཏེ། རྒྱ་གར་དུ་སྐྱེལ་བར་བསམས་པས་དྲེའུ་གཉིས་ཀྱི་ཐེག་ནས་མང་ཡུལ་དུ་ཕེབས་པའི་དུས་སུ། ལམ་ལ་མ་ཐར་ཞེས་གླེངས་ནས། ཇོ་བོ་མང་ཡུལ་དུ་ལོ་བཅུ་བཞི་བཞུགས། ༼ཡར་ལུང་ཇོ་བོས་བསྒྲིགས་པའི་རྒྱལ་རབས་དང༌། གཞན་ནའང་འདི་ག་འདུག༽ ཇོ་བི་མི་བསྐྱོད་རྡོ་རྗེ་རྒྱ་ཡུལ་དུ་སྐྱེལ་རྒྱུ་ལ། ཤར་ཕྱོགས་དོ་མོའི་ཐང་ལ་བསྐྱལ། དེར་ཞག་བདུན་ལུས་པ་༼ཁོང་རང་གི་ཇོ་བོ་མིན་པ་ངོ་ཤེས་ནས་གཞག་པ་ཡིན་འདུག་༽ འོ་རྒྱལ་ཐང་ཟེར། སླར་ར་མོ་ཆེར་བཞུགས་སུ་བཅུག་གོ། རྒྱལ་པོ་ཆོས་ལ་དགའ་ནའང༌། བློན་པོ་མ་ཞང་ཁྲོན་པ་སྐྱེས་དང༌། སྟག་ར་ཀླུ་གོང་ལ་སོགས་དབང་ཆེས་པས། གཞན་གྱིས་རྒོལ་མ་ནུས་སོ། །དེ་ནས་རྒྱལ་པོ་སྐུ་ནར་སོན་ཏེ། རྗེ་བློན་རྣམས་ཆོས་བྱ་བར་བློ་མཐུན་ཏེ། ཐབས་སྣ་ཚོགས་ཀྱིས་མགོ་བསྐོར་ནས། མ་ཞང་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོར་བཅུག སྟག་ར་ཀླུ་གོང་བྱང་ལ་བཅུག་༼སྤྱུགས༽གོ། དེ་ནས་ཐམས་ཅད་ལ་ཆོས་བྱ་བའི་བཀའ་གནང་ནས། ཐོག་མར་མང་ཡུལ་ནས་ཇོ་བོ་ཤཱཀྱ་ཤིང་རྟར་གདན་དྲངས་བསུ་བ་རོལ་མོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ར་སའི་བཙན་ཁང་དབུས་མར་བཞུགས་སུ་གསོལ་ལོ་ཞེས་པ་ལྟར་དང༌།

ཐབས་སྣ་ཚོགས་ཀྱིས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང༌། སྟག་ར་ཀླུ་གོང་བྱང་དུ་ཇི་ལྟར་སྤྱུགས་ཚུལ་ནི། བོད་ཀྱི་སྲིད་དོན་རྒྱལ་རབས་ལས། ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་བཞིར་ཕེབས་པ་རྒྱལ་ཚོའི་ཁྲིར་ཕེབས། ཡབ་དང༌། མེས་པོ་རྣམས་ཀྱིས་ཇི་ལྟར་མཛད་པ་ལྟར། ནང་པའི་ཆོས་གོང་འཕེལ་གཏོང་རྒྱུའི་ཐབས་ལམ་ལ་ཐུགས་འཁུར་ཆེན་པོ་གནང་འདོད་ཡོད་ཀྱང༌། བོན་གྱི་ཆོས་བྱེད་པའི་བློན་པོ་མ་ཞང་དྲོན་སྐྱེད་དང༌། སྟག་ར་ཀླུ་གོང་སོགས་དབང་ཆེ་བས་རེ་ཞིག་རྒྱལ་པོའི་དགོངས་པ་ཇི་བཞིན་འགྲུབ་དཀའ་བ་བྱུང༌། དེ་ལྟར་ཆོས་ལ་དགའ་བའི་བློན་པོ་རྣམས་ཀྱིས་རྒྱལ་པོའི་དགོངས་པ་འགྲུབ་ཐབས་ཇི་ལྟར་འབད་ཀྱང༌། བློན་པོ་དབང་ཆེ་བ་དག་གིས་བཀག་པས། སྔོན་ལ་དབང་ཆེ་བའི་བློན་པོ་གཉིས་མེད་པ་བཟོས་ན་བྱ་བ་གང་ཡང་སྒྲུབ་སླ་བར་ཤེས་ཏེ། འགོས་ཁྲི་བཟང་གིས་བློན་པོ་གཉིས་མེད་པ་བཟོ་བའི་ཐབས་ཡོད་ཀྱིས་ཁྱེད་རྣམས་ནས་རྟིང་གནོན་མཛོད་ཅིག་བརྗོད་དེ། མོ་མ་དང༌། པྲ་མཁན་དག་ལ་བྱ་དགའ་སྦྱིན་ནས། རྒྱལ་པོར་སྐུ་ཆག་ཆེ་བ་དང༌། ཡུལ་ཁམས་ལ་བཀྲ་མི་ཤིས་པ་འབྱུང་བས། རྒྱལ་པོའི་སྐུ་གླུད་གཏོང་རྒྱུ་ལས། ཐབས་གཞན་མེད་དོ་ཞེས་མཐུན་པར་ལུང་བསྟན་པས། དེའི་སྐོར་ལ་ཉིན་གཅིག་བློན་པོ་ཆེ་ཆུང་ཚང་མ་ཚོགས་ནས་གང་དྲག་ཅི་དྲག་གི་གྲོས་བསྡུར་བའི་ཚེ། འགོས་ཁྲི་བཟང་དང༌། ཞང་ཉམས་བཟང་གཉིས་ཀྱིས་ང་གཉིས་ལ་དུས་རྟག་ཏུ་རྒྱལ་པོས་གཟིགས་པ་ཆེ་ཞིང༌། ང་གཉིས་ནས་ཀྱང་རྒྱལ་པོ་དང༌། ཆབ་སྲིད་ཀྱི་དོན་དུ་སྲོག་ཀྱང་གཏོང་ནུས་པས་ད་ལམ་རྒྱལ་པོའི་སྐུ་གླུད་དུ་ང་གཉིས་འགྲོ་ཞེས་སྨྲས་པར། བློན་པོ་གཞན་དག་གིས་བསྔགས་བརྗོད་བྱས། བློན་པོ་མ་ཞང་དྲོན་པ་སྐྱེད་དང༌། སྟག་ར་ཀླུ་གོང་གཉིས་ངོ་ཚ་བ་དང་སྐྱེངས་པ་ལྷན་ཅིག་ང་གཉིས་ནི་རྒྱལ་པོའི་བློན་པོ་ཆེན་པོ་ཡིན་ལ། རྟག་ཏུ་ཆབ་སྲིད་ཀྱི་དོན་ལ་བསམ་པ། རྒྱལ་པོ་དང་གློ་བ་ཉེ་བས་རྒྱལ་པོའི་སྐུ་གླུད་དུ་འགྲོ་བ་ནི་ངེད་གཉིས་རང་འོས་པ་ལས། གཞན་མི་འོས་སོ་ཞེས་བརྗོད་པར། དེར་ནི་བློན་པོ་ཚང་མས་ཤིན་ཏུ་འོས་ཤིང༌། ཆབ་སྲིད་ལ་རླབས་ཆེ་བའི་མཛད་པ་ཡིན་ནོ་ཞེས་བསྟོད་བསྔགས་དང་བཅས་རྟིང་གནོན་བྱས་ཏེ། བློན་པོ་ཆེན་པོ་མ་ཞང་དྲོན་པ་སྐྱེད་སྟོད་ལུང་དང༌། སྟག་ར་ཀླུ་གོང་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་གོ།

གསོན་པོར་དུར་དུ་བཅུག་ཟེར་བ་ནི། ཕལ་ཆེ་བས་གསོན་པོར་སྦས་ཏེ་བསད་པ་མ་ཡིན་ཏེ། རྒྱལ་པོའི་བཀའི་ཐང་ཡིག་ནང༌། བང་སོའི་སྐོར་ལ། ནང་བློན་གང་ཡིན་རྒྱལ་པོའི་བང་སོ་བསྲུང་༔ གཤིན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས༔ གསོན་གཤིན་དབྱེ་བྱས་མི་ཡི་ཁྱུ་ནས་བུད༔ ཅེས་གསལ་བ་ལྟར། གསོན་པོར་དུར་དུ་བཅུག་པའམ། ཡང་ན་པུར་གྱི་འབངས་སུ་བསྔོས་ནས། མི་དེ་དུར་རམ་བང་སོར་བསྡད་དེ་གསོན་པོའི་མི་དང་འཕྲད་མི་ཆོག་པ་དང༌། རྒྱལ་རིགས་སོགས་དུར་མཆོད་བྱེད་པོ་དང༌། དུར་དུ་གནས་པ་རྣམས་ལ་ལྟོ་དང༌། གོས་སོགས་མཁོ་བའི་ཡོ་ཆས་སྐྱེལ་མི་རྣམས་དུར་སར་ཡོང་སྐབས་ཐག་རིང་ནས་དུང་ཞིག་གཏོང་དགོས། དེ་སྐབས་གཤིན་པོའི་མིང་བཏགས་པ་རྣམས་རང་རང་གི་ཁྱིམ་དུ་ཡིབས་ཏེ་སྡོད་ཅིང༌། དུར་མཆོད་པའམ། ཡོ་ཆས་བསྐྱལ་ཏེ་ཕྱིར་ལོག་བྱེད་པའི་སྐབས་སུའང་དུང་ཞིག་བཏང་བ་ན། གཤིན་པོའི་མིང་ཅན་རྣམས་ཕྱིར་ཐོན་ནས་རང་རང་གི་ཐོབ་འོས་པའི་ཟས་གོས་ལ་ལོངས་སུ་སྤྱོད་ཅིང་སྡོད་པ་དང༌། དེ་དག་གི་སྒོ་ཕྱུགས་སེམས་ཅན་ལ་ཤི་བའི་མཚན་མ་བཏབ་ཡོད་པས་གསོན་པོ་སུས་ཀྱང་བདག་ཉར་མི་བྱེད། ཡང་གསོན་པོའི་སྒོ་ཕྱུགས་སོགས་དུར་སར་སླེབས་པ་ཡིན་ཚེ། གཤིན་པོའི་མིང་ཅན་ཚོས་བཟུངས་ཏེ་ཤི་བའི་མཚན་མ་བཏབ་ཡོད་ན་དེ་དག་དུར་ས་རང་དུ་སྐྱེལ་བ་ལས། སུས་ཀྱང་བདག་འཛིན་བྱེད་སྲོལ་མེད་པ་དེ་ལྟར། བློན་པོ་ཆེན་པོ་མ་ཞང་དྲོན་སྐྱེད་དང༌། སྟག་ར་ཀླུ་གོང་གཉིས་ཀྱང་དུར་དུ་བཅུག་ཅེས་པ་དེའང་དེ་ལྟར་ཡིན་པ་ཤེས་དགོས།

མ་ཞང་གྲོམ་པ་སྐྱེས་ཀྱི་དུར་ས་ནི། ལོ་རྒྱུས་ཆོས་འབྱུང་ཁག་གི་ནང་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐུ་གཤེགས། སྲས་ཁྲི་སྲོང་ལྡེ་བཙན་སྐུ་ན་མ་སོན་པའི་བར་དེར་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མ་ཞང་གྲོམ་པ་སྐྱེས་དང༌། སྟག་ར་ཀླུ་གོང་གཉིས་ཀྱིས་སྲིད་བཟུང་ཞིང༌། འདི་ཉིད་བོན་ལ་དགའ་བས་རྒྱལ་པོ་སྐུ་ན་མ་སོན་པའི་སྐབས་བོད་དུ་ཆོས་བྱེད་མི་ཆོག་པའི་ཁྲིམས་སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅད། བློན་ཆེན་ཆོས་ལ་དགའ་བ་མང་བལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང༌། སྐབས་དེར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང༌། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་བཤིག ལྷ་ས་གཙུག་ལག་ཁང་དུ་བཤས་ར་བྱས་པར་གྲགས། མཐར་ཁྲི་སྲོང་སྐུ་ནར་སོན་རྗེས་བློན་པོ་ཆོས་ལ་དགའ་བ་འགོས་ཁྲི་བཟང་དང༌། ཞང་ཉམས་བཟང་སོགས་ཞལ་མཐུན་ཏེ་བློན་པོ་འགོས་རྒན་གྱིས་ཐབས་ལ་བརྟེན་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་བྲང་ཕུ་རུ་དུར་དུ་གསོན་པོར་བང་སོར་བཅུག་པ་དང༌། སྟག་ར་ཀླུ་གོང་འཕན་པོ་རྒྱལ་པོའི་སྐུ་གླུད་དུ་བརྫངས། དེ་ནས་ཆོས་བྱ་བའི་བཀའ་གནང་ནས་ཐོག་མར་མང་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟར་དྲངས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བར་གྲགས། དེ་ལྟར་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་བྲང་ཕུར་གསོན་པོར་དུར་བཅུག་ཚུལ་གསལ་བ་ལྟར་ལྷ་ས་ས་ཁུལ་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གྱི་ཁོངས་སྟག་བྲག་དགོན་པའི་ལྷོ་ངོས་སུ་ས་ཕུང་ཆེན་པོ་གསུམ་ཡོད་པ་དེ་ནས་དེ་སྔ་སྟོད་ལུང་ཁྲི་ཟམ་ཉམས་གསོའི་དུས་ས་རྡོ་ལེན་སྐབས་ཐེངས་ཤིག་ས་འོག་ཏུ་རྩིག་ཤུལ་ཞིག་ནས་མིའི་རྐང་པ་ཞིག་དོན་སྐབས་མི་ཚོར་འཇིགས་སྣང་བྱུང་བས་དེ་མ་ཐག་ས་རྡོ་བསྔོགས་མཚམས་བཞག་པ་རེད་ཅེས་བཤད་སྲོལ་འདུག་པ་དེ། ལོ་རྒྱུས་ཐོག་བཀོད་པའི་ས་མིང་དང་སྟག་ལུང་བྲག་གི་ཕུར་བྲང་པུ་ཟེར་བ་གཉིས་རྩེ་མཐུན་པ་དང༌། དེ་གར་ས་ཕུང་བང་སོ་འདྲ་བ་ཡོད་པ་དང༌། མི་རྐང་དོན་པ་བཅས་ལ་གཞིགས་ན་མ་ཞང་གྲོམ་པ་སྐྱེས་ཀྱི་བང་སོ་དེ་ཡིན་ནམ་སྙམ་ལ། གནས་ཆུང་གྲོང་མིའི་ངག་རྒྱུན་ཐོག་དེ་ནི་བཙན་པོ་གླང་དར་གྱི་ཕོ་བྲང་ཡིན་ཞེས་བཤད་སྲོལ་འདུག་པར་གཞིགས་ན་རྒྱལ་རབས་ལོ་རྒྱུས་ཐོག་བཙན་པོ་གླང་དར་གྱི་ཕོ་བྲང་སྟོད་ལུང་ཁུལ་དུ་ཡོད་པ་མི་གསལ་ལ། མ་ཞང་གྲོམ་པ་སྐྱེས་དང་བཙན་པོ་གླང་དར་གཉིས་སངས་རྒྱས་ཀྱི་བསྟན་ལ་མི་དགའ་ཞིང༌། ཆོས་བྱེད་མི་ཆོག་པའི་ཁྲིམས་བཅད་པ་སོགས་གླང་དར་དང་བྱེད་སྤྱོད་མཚུངས་པས་ན་སྐབས་ཤིག་ལ་མ་ཞང་གྲོམ་པ་སྐྱེས་དང་བཙན་པོ་གླང་དར་གཉིས་གང་ཡིན་འཕྲུལ་ནས་ནོར་བ་རྒྱུན་འབྱམས་སུ་སོང་བ་ཡིན་འདུག་ཅིང༌། སྤྱི་ལོ་ ༢༠༠༥ ལོར་མེ་འཁོར་ལྕགས་ལམ་གསར་བཟོའི་སྐབས་དུར་སའི་ས་ཕུང་གསུམ་གྱི་ས་རྣམས་རི་ལིའི་ལྕགས་ལམ་གྱི་རྒྱོང་ཆར་དབོར་འདྲེན་གྱིས་ད་ལྟ་དུར་སའི་རྩིག་ཤུལ་ས་འོག་ནས་ཐོན་དང་ཐོན་བཞིན་པའི་རྩིག་རྡོ་རྣམས་ཀྱང་གྲོང་མིའི་ཁང་པ་གསར་རྒྱག་གི་རྩིག་རྡོར་དབོར་འདྲེན་གྱིས་དེང་དེ་ཁུལ་ཐང་སྡེར་དུ་གྱུར་ཟིན་པ་འདི་ལྟར་རོ།། །། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།