ཉང་བྲན་གྲོང་སྨད་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། ཉང་བྲན་གྲོང་སྨད་ནི་ཉང་བྲན་༼ཁ་རྒྱུན་དུ་ཉང་རལ་ཞེས་འབོད།༽མདོར་རིན་ཆེན་ཚལ་དང༌། སྤྱི་སོ་གྲོང་གཉིས་ཡོད་པ་ལས་སྤྱི་སོ་གྲོང་ཚོ་སྟེ་དེང་རུ་ཁག་དང་པོར་འབོད་པ་དེར་འཁྲུངས་ཤིང༌། སྔར་སྤ་རི་ཁུག་དོན་གཅོད་ཁོངས་ཡིན། སེ་ར་དགོན་པའི་ཉེ་འདབས་ནུབ་ངོས་སུ་གནས་ཤིང༌། སྔར་གྲོང་སྨད་གཞིས་ཀ་ཞེས་སེ་ར་དགོན་པའི་མཆོད་གཞིས་ཤིག་ཡོད་པ་དེར་སྤྱི་ལོའི་དུས་རབས་བཅུ་བདུན་པར་ཡབ་སྡེ་པ་ཨ་སུག་དང་ཡུམ་བུ་འཁྲིད་གཉིས་ཀྱི་སྲས་སུ་སྡེ་སྲིད་ལྔ་པ་སངས་རྒྱས་རྒྱ་མཚོ་སྤྱི་ལོ་ ་ ་ ་ ་

ཉང་བྲན་གྲོང་སྨད་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། ཉང་བྲན་གྲོང་སྨད་ནི་ཉང་བྲན་༼ཁ་རྒྱུན་དུ་ཉང་རལ་ཞེས་འབོད།༽མདོར་རིན་ཆེན་ཚལ་དང༌། སྤྱི་སོ་གྲོང་གཉིས་ཡོད་པ་ལས་སྤྱི་སོ་གྲོང་ཚོ་སྟེ་དེང་རུ་ཁག་དང་པོར་འབོད་པ་དེར་འཁྲུངས་ཤིང༌། སྔར་སྤ་རི་ཁུག་དོན་གཅོད་ཁོངས་ཡིན། སེ་ར་དགོན་པའི་ཉེ་འདབས་ནུབ་ངོས་སུ་གནས་ཤིང༌། སྔར་གྲོང་སྨད་གཞིས་ཀ་ཞེས་སེ་ར་དགོན་པའི་མཆོད་གཞིས་ཤིག་ཡོད་པ་དེར་སྤྱི་ལོའི་དུས་རབས་བཅུ་བདུན་པར་ཡབ་སྡེ་པ་ཨ་སུག་དང་ཡུམ་བུ་འཁྲིད་གཉིས་ཀྱི་སྲས་སུ་སྡེ་སྲིད་ལྔ་པ་སངས་རྒྱས་རྒྱ་མཚོ་སྤྱི་ལོ་ ༡༦༥༣ ལོར་འཁྲུངས། སྤྱི་ལོ་ ༡༧༠༥ ལོར་རྒྱལ་པོ་ལྷ་བཟང་གིས་བཀྲོངས། སྡེ་སྲིད་གཉིས་པ་ཁོང་གི་སྐུ་ཞང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང༌། སྡེ་སྲིད་ལྔ་པ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ། སྡེ་སྲིད་དྲུག་པ་སྲས་ངག་དབང་རིན་ཆེན་བཅས་ཁྱིམ་ཚང་འདི་ནས་སྡེ་སྲིད་མི་ཐོག་གསུམ་བྱུང་ཞིང༌། རྗེས་སུ་ལྷ་བཟང་གིས་སྡེ་སྲིད་བཀྲོངས་པ་ནས་ཁང་ཁྱིམ་སེ་ར་སྤྱི་སོའི་ཁོངས་སུ་སྤྲད་པ་ཡིན།

སྔོན་དུས་གྲོང་སྨད་ནི་ཉང་བྲན་ཁུལ་གྱི་སྒེར་གཞིས་ཆེ་བ་ཞིག་ཡིན་ལ་དེའི་ཞལ་ངོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བཟུང་སྟེ་གཙང་པ་རྒྱལ་པོ་དང་འཐབ་རྩོད་བྱེད་པའི་ནང་བྱས་རྗེས་གཟེངས་ཐོན་བྱུང༌། སྤྱི་ལོ་ ༡༦༥༧ ལོར་སྡེ་སྲིད་བསོད་ནམས་བསོད་ནམས་རབ་བརྟན་སྐུ་གཤེགས་རྗེས་ཕྱི་ལོ་ ༡༦༦༠ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་སྡེ་སྲིད་ཀྱི་ཐུགས་འགན་ལོ་བརྒྱད་བཞེས་ནས་འདས། ས་ལུག་སྤྱི་ལོ་ ༡༦༧༩ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོའི་ཚ་བོ་སངས་རྒྱས་རྒྱ་མཚོས་སྡེ་སྲིད་གནང༌། གོང་གསལ་སྡེ་སྲིད་གཉིས་ཀྱི་ཁྱིམ་ཚང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཐུགས་འདྲིས་ཆེ་སྟབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གྲོང་སྨད་དུ་ཡང་ཡང་ཕེབས་པའི་ལོ་རྒྱུས་ཡོད། གྲོང་སྨད་གཞིས་ཀ་ནས་ནུབ་ངོས་རི་འདབས་སུ་ར་མ་རྩེ་ཞེས་པའི་གྱང་རོ་ཞིག་གི་མཐའ་སྐོར་དུ་སྟར་ཁ་དང༌། ཁམ་བུའི་སྡོང་པོ་འགའ་ཞིག་ཡོད་ས་དེར་གྲོང་སྨད་ཀྱི་སྤྲོ་ཁང་ཡོད་པ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དེ་གར་འཁྲུངས་པ་ཡིན་ཟེར། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་བོད་ཀྱི་ལུགས་གཉིས་ཐུགས་འགན་བདག་གིར་བཞེས་རྗེས་དངོས་སུ་ལས་དོན་བྱེད་མཁན་གྱི་སྡེ་སྲིད་རིམ་པར་བསྐོས་པའི་གྲས་ནས་མཚན་ཐོག་ལྔ་པ་ཡིན་ཞིང༌། དགུང་ལོ་བརྒྱད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་མདུན་དུ་ཞབས་ཕྱིར་བཞུགས་ཐོག ཞོར་ལ་སྒྲ་དང༌། སྙན་ངག་སྨན་རྩིས་སློབ་སྦྱོང་མཛད། སྤྱི་ལོ་ ༡༦༧༩ ལོ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མ་འདས་བར་ལོ་ངོ་ལྔ་དང༌། དེ་ནས་སྤྱི་ལོ་ ༡༧༠༢ ལོ་བར་ཉི་ཤུ་རྩ་དྲུག་རིང་སྲིད་དབང་བཟུང་སྟེ་མཛད་རྗེས་རླབས་ཆེན་འཇོག་གནང་མཛད།

                སྤྱི་ལོ་ ༡༧༠༡ ལོ་གུ་ཤྲི་ཧན་གྱི་བུ་ཆེ་བ་བསྟན་འཛིན་དཱ་ལའི་ཧན་ལ་དུག་སྐྱོན་བྱུང་ནས་འདས་རྗེས་ལྷ་བཟང་ཧན་ཁྲི་ལ་བསྐོས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མཉམ་འབྲེལ་གྱིས་སྲིད་དབང་བཟུང་སྐབས་ལྷ་བཟང་ནས་སྲིད་དབང་ཡོངས་རྫོགས་ལོན་ཐབས་སུ་སྡེ་སྲིད་ནས་གོང་མར་བརྩི་བཀུར་མེད་ལུགས་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཛད་པར་སྐྱོན་འདོགས་སོགས་ཀྱི་དབྱེན་སྦྱོར་བྱས་པར་སྡེ་སྲིད་ནས་ཀྱང་དེ་ལན་འཇལ་ཐབས་སོགས་ཀྱི་སྒོ་ནས་ཁོང་གཉིས་བར་འགལ་བ་ཇེ་ཆེ་སོང་མཐར་ཁོ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་མ་བསྟུན་པར་རང་ཐག་གཅོད་བྱེད་ཀྱི་ཡོད་པ་དང༌།

ལྷག་པར་དུ་ལྷ་བཟང་ཧན་གྱིས་ཁོ་རང་གི་ཕ་དུག་སྐྱོན་བྱུང་ནས་འདས་པའི་ནག་ཉེས་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་ཡོད་ཚུལ་བཤད་དེ་འགལ་ཟླ་སྔར་ལས་ཆེ་རུ་སོང་ནས་ལོ་གཉིས་ལྷག་ཙམ་ཕྱིན་པའི་སྤྱི་ལོ་ ༡༧༠༣ ལོའི་སྨོན་ལམ་ཆེན་མོ་ཚུགས་སྐབས་ལྷ་བཟང་ལྷན་གྱི་གཡོག་པོ་འགའ་ཤས་ཀྱིས་སྡེ་སྲིད་སངས་རྒྱས་མཚོའི་དྲུང་འཁོར་དཔོན་རིགས་ཁ་ཤས་བསད་པར་བརྟེན་སྡེ་སྲིད་ཀྱི་ཁོངས་ནས་དཔག་དཔུང་བསྐོངས་ཏེ་འཐེན་པས་ལྷ་བཟང་གི་དཔུང་སྡེ་འདམ་གཞུང་བར་ཕྱིར་འཐེན་གྱིས་བསྐྱར་བསྒྲིགས་བྱས་ཏེ་ལྷ་སར་དཔུང་འཇུག་བྱས་རྐྱེན་བོད་སོག་བར་དམག་འཁྲུག་ཆེན་པོ་ལངས། སྐབས་དེར་སེར་འབྲས་དགའ་གསུམ་གྱི་འཐུས་མི་དང༌། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་བར་འདུམ་མཛད་དེ་སྡེ་སྲིད་ཁྲི་གཤོལ་ནས་སྲས་ངག་དབང་རིན་ཆེན་སྡེ་སྲིད་ལ་བསྐོས། འོན་ཀྱང་ལྷ་བཟང་ཧན་དང་མཉམ་དུ་སྲིད་དབང་བཟུང་མཁན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྲས་ངག་དབང་རིན་ཆེན་དང་ལྷ་བཟང་གཉིས་ཀྱང་མཐུན་པོ་མ་བྱུང་བར་སྤྱི་ལོ་ ༡༧༠༥ ལོར་སླར་ཡང་འཁྲུག་ཟིང་བྱུང་སྟབས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་དང༌། འཇམ་དབྱངས་བཞད་པ། སེ་འབྲས་དགའ་གསུམ་གྱི་འཐུས་མི་སོགས་ནས་བར་འདུམ་མཛད་དེ་སྡེ་སྲིད་ཟུར་པ་སངས་རྒྱས་རྒྱ་མཚོ་ལྷོ་ཁ་གོང་དཀར་དུ་བཞུགས་རྒྱུ་དང༌། ལྷ་བཟང་རང་ཡུལ་དུ་ལོག་རྒྱུའི་ཐག་བཅད། ལྷ་བཟང་གིས་ནག་ཆུ་བར་ཕྱིན་ནས་ཕྱིར་ལོག་གིས་སོག་དམག་རྣམས་འཕན་པོ་དང་སྟོད་ལུང་ལམ་ཁག་གཉིས་ནས་ལྷ་སར་དམག་དྲངས། སྡེ་སྲིད་དམག་ཕམ་ཏེ་ལྷ་ས་གཙང་པོའི་ཐོག་ཀོ་གྲུ་བཏང་ནས་གོང་དཀར་རྫོང་དུ་བྲོས། སྐབས་དེར་ལྷ་བཟང་རང་ཉིད་ཀྱིས་དམག་སྣེ་ཁྲིད་པའི་དམག་དཔུང་དེ་འཕན་པོ་བརྒྱུད་ནས་ལྷ་སར་ཡོང་བ་དང༌། ལྷ་བཟང་ཧན་གྱི་བཙུན་མོ་ཚེ་དབང་རྒྱལ་མོའམ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ ༼འདི་ཐོག་མར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཙུན་མོར་ལེན་རྒྱུའི་རེ་བ་བྱས་པ་དེར་སྡེ་སྲིད་ཀྱིས་ཁ་ཡ་མ་བྱས་སྟབས་རྗེས་སུ་ལྷ་བཟང་ཧན་གྱིས་མནའ་མར་བླངས་པ་ཡིན་ཟེར་སྲོལ་ཡོད།༽ ཟེར་བ་དེས་དམག་ཁག་གཅིག་ལ་སྣེ་ཁྲིད་དེ་སྟོད་ལུང་ཕུ་བརྒྱུད་ནས་ལྷ་སར་ཡོང༌། སྐབས་དེར་གལ་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྷ་བཟང་གི་ལག་ཏུ་ཐེབས་ན་གསོལ་ཕོགས་ཕྲན་བུ་འཚོ་རྟེན་དུ་ཕུལ་ནས་བཟང་བཙོན་དུ་འཇོག་རྩིས་ཡོད་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགོངས་པར་ང་རང་དང་ལྷ་བཟང་གཉིས་མཐུན་ཐབས་མེད་པའི་དགྲ་བོ་ཡིན་སྟབས་གལ་ཏེ་རང་ཉིད་ལྷ་བཟང་གི་ལག་པར་ཐེབས་ན་དེ་མ་ཐག་གསོད་རྒྱུ་ཡིན་པར་ཐག་ཆོད་པས་དེ་ལས་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོའི་སར་སོང་ནས་མགོ་བཏགས་ཞུས་ན་རང་ཉིད་ལ་སྲོག་སྐྱོན་ཡོང་གི་མ་རེད་དགོངས་ཏེ་གོང་དཀར་ནས་ཐོན་ཐོག་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོའི་སར་མགོ་བཏགས་ཞུ་བར་ཕེབས། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོར་སྲོག་སྐྱོན་མི་འབྱུང་ཆེད་སེ་འབྲས་དགའ་གསུམ་གྱི་མཁན་པོ་ཚང་མ་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོའི་སར་ངོ་ཆེན་རྒྱབ་སྐྱོར་ཞུ་བར་བཏང་གནང་མཛད་རུང༌། སེ་འབྲས་དགའ་གསུམ་གྱི་མཁན་པོ་སྟོད་ལུང་མདའི་ཟམ་པ་ལ་སྐོར་ནས་འགྲོ་བའི་ཤུལ་དུ་ལྷ་བཟང་ཧན་གྱི་བཙུན་མོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཛིན་བཟུང་བྱས་ཏེ་དེ་མ་ཐག་མགུལ་བྲེགས་ནས་སྲོག་ཐོག་བཏང་བ་དང༌། སྡེ་སྲིད་ཀྱི་སྲས་ངག་དབང་རིན་ཆེན་དང༌། སྲས་མོ་གཅིག དྲུང་འཁོར་ཁ་ཤས་བཅས་པེ་ཅིང་དུ་གོང་མ་ཁང་ཤིས་ལ་རྩིས་འབུལ་བྱས་ཐོག་སྲས་འབྲིང་པོ་དམག་ཟོར་ཚེ་དབང་དེང་སང་ལྷ་ས་གཙང་པོའི་འགྲམ་གྱི་དམག་ཟོར་རྡོ་ཕུང་ཟེར་བ་ཡོད་ས་དེར་རང་སྲོག་རང་གིས་བཅད་ནས་ཤི་བ་སོགས་བྱུང༌། སྡེ་སྲིད་ངག་དབང་རིན་ཆེན་ཡང་ཉང་བྲན་གྲོང་སྨད་པའི་མི་རྒྱུད་ཡིན་ཞིང༌། ཤིང་བྱ་སྤྱི་ལོ་ ༡༧༠༣ ལོར་ལྷ་བཟང་ཁང་གིས་སྲིད་དབང་བཟུང་རྗེས་གྲོང་སྨད་གཞིས་ཀ་གཞུང་བཞེས་ཀྱི་རྒྱུ་དངོས་སེ་རའི་གྲྭ་པར་བགོས་ཤིང་བདག་ཐོབ་སེ་ར་སྤྱི་སོར་སྤྲད། གཞིས་ཀའི་མཐའ་སྐོར་དུ་ཆགས་པའི་གྲོང་ཁྱིམ་ལ་སྤྱི་སོ་བསྐོར་པ་ཞེས་འབོད་པར་གྲགས།

                ལྷ་བཟང་ཧན་གྱི་བཙུན་མོ་ཚེ་དབང་རྒྱལ་མོའམ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་བཀའ་བཏང་སྟེ་སྡེ་སྲིད་སངས་རྒྱས་བཀྲོངས་ས་སྣང་རྩེ་སྐུ་འབུམ་ནི། སྟོད་ལུང་བདེ་ཆེན་རྫོང་སྣང་རྩེ་གྲོང་ཚོའི་ཤར་ངོས་ཀྱི་ཐང་སྡེར་དུ་ས་འབུམ་ཆེན་པོ་ཞིག་ཡོད་པ་དེར་སྣང་རྩེ་སྐུ་འབུམ་ཞེས་ཡོངས་སུ་གྲགས། དེ་ནི་སྡེ་སྲིད་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའི་གདུང་རྟེན་ཡིན་སྐད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྷ་བཟང་གི་བཙན་མོས་མཆོད་རྟེན་ཡོད་སའི་ས་ཆ་དེར་བཀྲོངས་སྐབས་མཆོད་རྟེན་དེར་སྐུ་འབུམ་མམ་དབུ་འབུམ་མཆོད་རྟེན་ཞེས་ཀྱང་ཟེར། རིག་གནས་གསར་བརྗེའི་སྐབས་མཆོད་རྟེན་རྩ་བཤིག་ཏུ་བཏང་ཡང་ད་ལྟ་ཉམས་གསོ་ཟིན་ནས་ཕྱག་བསྐོར་བྱེད་མཁན་ཡང་ཡོད་པ་བཅས་སོ།།       །། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།