དགོངས་ཚུལ།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་རགས་བསྡུས།

༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་སྔོན་ནས་དགོངས་བཞེད་ཡོད་པ་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་རྣམས་གཞི་རྩར་བཟུང་གནང་སྟེ་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཐོག་བསྒྱུར་བཅོས་གནང་རྒྱུར་ཐུགས་གཏན་འཁེལ་བ་བཞིན།

༡༩༥༩ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་འབུལ་དང་འབྲེལ་མ་འོངས་བླང་དོར་ཞུ་བྱའི་མནའ་གན་མཐུ་བོ་ཆེ་འབུལ་ལམ་ཞུས་སྐབས་ཀྱི་བཀའ་སློབ་ཕེབས་དགོངས་ལྟར་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་བསྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༧གོང་ས་མཆོག་ལ་མཇལ་ཕྱག་དམ་འབུལ་དང་འབྲེལ་བོད་ཆོས་སྲིད་གཉིས་ལྡན་དམངས་གཙོའི་སྲིད་གཞུང་དབུ་བརྙེས།

༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་ཉིན་བདུན་རིང་བཀའ་དགོངས་ལྟར་བོད་མི་མང་སྤྱི་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང༌། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང༌། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཀྱི་སྐོར་ལ་ལྷན་ཚོགས་གནང༌།

༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དེང་རབས་ཀྱི་དམངས་གཙོའི་ལམ་སྲོལ་གྱི་གནད་དོན་ཆ་ཚང་བ་ཞིག་གསལ་བསྒྲགས་མཛད།

༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ལེའུ་བཅུ་དང་དོན་ཚན་དོན་བདུན་ཅན་གསལ་བསྒྲགས་བསྐྱངས།

༡༩༦༣ ཟླ་ ༤ ཚེས་ ༤ ཉིན་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གནས་སྐབས་དངོས་སུ་ཚུགས་ཐབས་མེད་ཀྱང་བོད་མི་མང་སྤྱི་འཐུས་ཀྱི་སྒྲིག་འཛུགས་འདིས་སྔར་འཕྲོས་རྒྱལ་ཡོངས་ཚོགས་ཆེན་དང༌། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ། འཐུས་མིའི་ལོ་དུས་གནས་སྐབས་ལོ་གསུམ་རེ་གནང་རྒྱུ།

སྤྱི་འཐུས་སྐབས་གཉིས་པ་བཟུང་ཆོལ་ཁ་རེ་ནས་བུད་མེད་རེ་འཕར་སྣོན་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང་ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་བསྐོ་བསྩལ་གནང༌།

༡༩༦༤ ཟླ་ ༢ ཚེས་ ༨ ནས་བོད་མིའི་སྡོད་སྒར་ཆེ་ཁག་ནང་སྒར་འཐུས་ཀྱི་ལམ་སྲོལ་གསར་གཏོད་དང༌། འཕོ་ལེན་བརྗེ་མཚམས་སོགས་ཀྱི་སྒྲིག་གཞི་གཏན་འབེབས་མཛད།

༡༩༦༥ ལོར་གཞུང་ཞབས་རྣམས་ཀྱི་གོ་མིང་རྙིང་པ་དེང་དུས་དང་མི་འཚམས་པའི་རིགས་ཕྱིར་བསྡུ་དང་གནས་རིམ་གསར་བཟོ་མཛད།

དེ་ཕན་བོད་མི་མང་སྤྱི་འཐུས་རྣམས་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་བཞུགས་པའི་ཉམས་མྱོང་རིམ་གསོག་བྱུང་སྟབས། ༡༩༦༦ ཟླ་ ༥ ཚེས་ ༣ ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས།

༡༩༦༩ ལོར་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང༌། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་རེ་ལོ་ལྟར་ཚོགས་རྒྱུ་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཙོ་སྐྱོང་གནང༌།

༡༩༧༢ ལོར་ཝཱ་ར་ཎ་སི་ཁུལ་གནས་འཁོད་བོད་མི་རྣམས་ནས་དྭང་བས་ཁུལ་དུ་བླངས་ཏེ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་དབུ་འཛུགས་གནང༌། བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་བོད་མི་འདུ་སྡོད་ས་གནས་ཁག་ནང་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་བཙུགས་ནས་སྔོན་ཡོད་ས་ཁུལ་སྒར་འཐུས་རྣམས་ཕྱིར་བསྡུ་བྱས།

༡༩༧༣ ཟླ་ ༨ ཚེས་ ༡༥ ཉིན་བཙན་བྱོལ་བོད་གཞུང་སྲི་ཞུ་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་གཞི་གསལ་བསྒྲགས་བསྐྱངས།

༡༩༧༤ ཟླ་ ༡༡ ཚེས་ ༢༡ ཉིན་འོས་བསྡུའི་སྒྲིག་གཞི་གསར་དུ་གཏན་འབེབས་གནང༌། བུད་མེད་སྤྱི་འཐུས་དམིགས་བསལ་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་བྱ་ཆོག་པའི་གསལ་བསྒྲགས་གནང༌།

༡༩༧༥ ལོར་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་དངུལ་རྩིས་སྟངས་འཛིན་ཆེས་མཐོའི་རྒྱུན་ལས་ནས་གནང་གཏན་འཁེལ།

༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཀའ་བསྡུར་བྱུང་བ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་གཉིས་ལྡན་རང་དབང་དམངས་གཙོའི་དུས་ཆེན་བརྩི་སྲུང་ཞུ་རྒྱུར་གཏན་འབེབས་དང་ལས་བྱེད་རྣམས་གཞུང་འབྲེལ་གུང་གསེང་གནང་རྒྱུའི་གསལ་བསྒྲགས་བསྐྱངས།

༡༩༧༧ ཟླ་ ༡༠ ཚེས་ ༥ ཉིན་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་ནང་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་ཞུགས་གནང༌།

༡༩༧༩ ཟླ་ ༧ ཚེས་ ༢༣ ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་བློན་རྣམ་པའི་མཛད་ཁུར་དུས་ཡུན་དམ་འབུལ་བྱས་པའི་ཉིན་མོ་ནས་ལོ་ལྔའི་རིང་གནང་རྒྱུ་གནང༌།

༡༩༧༩ ནས་བཟུང་རིམ་བཞིན་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་གནང་མཛད།

༡༩༨༡ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དེར་བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ཆེན་ཞེས་སྒྲིག་གཞི་གཏན་འབེབས་དང་འབྲེལ་ལོ་ལྟར་ཚོགས་ཆེན་ཚོགས་མ་དགོས་པར་ལོ་གཉིས་རེའི་མཚམས་ཚོགས་ཆེན་ཐེངས་རེ་གནང་རྒྱུ་བཅས་གཏན་འབེབས་མཛད།

༡༩༨༡ ལོར་སྐབས་བརྒྱད་པའི་སྤྱི་འཐུས་ཆོལ་གསུམ་འོས་མཉམ་བླུག་བྱ་རྒྱུའི་གསལ་བསྒྲགས་ལ་མདོ་སྟོད་ནས་ཁས་མ་བླངས།

༡༩༨༢ ནས་རིམ་བཞིན་བོད་ནང་ཞི་མོལ་རྟོག་ཞིབ་སྐུ་ཚབ་ཐེངས་གཉིས་ཕེབས་གནང་མཛད།

༡༩༨༥ ཟླ་ ༧ ཚེས་ ༨ ནས་སྤྱི་འཐུས་སྐབས་བརྒྱད་པ་ལོ་གཉིས་ཕར་འགྱངས་དང་དེ་ནས་བཟུང་སྤྱི་འཐུས་ཀྱི་ཡུན་ཚད་ལོ་ལྔར་གཏན་འཁེལ་བྱས།

༡༩༨༥ ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་གཉིས་ལྡན་དམངས་གཙོ་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་རྒྱས་པ་བརྩི་སྲུང་ཞུས།

༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་༧གོང་ས་མཆོག་གིས་ཨ་རིར་ཞི་བདེའི་སྔོན་འགྲོའི་དོན་ཚན་ལྔ་གསུངས་གནང་མཛད།

༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཊས་སྦག་ཏུ་ཡོ་རོབ་གྲོས་ཚོགས་ནང་གསུང་འཕྲིན་བསྩལ།

༡༩༨༨ ལོར་སྐབས་བཅུ་པའི་སྤྱི་ལྷན་དང༌། ཝཱ་ཎར་ཆོས་ཚོགས་ཐེངས་བཞི་པ། ༡༩༨༩ ཟླ་ ༥ ཚེས་ ༦ ཉིན་སྲི་ཞུའི་ཚོགས་ཆེན་ཐེངས་ ༡༦ པ་བཅས་སུ་༧གོང་ས་མཆོག་གི་སྐུ་དབང་དང༌། མ་འོངས་མང་གཙོ་སྲ་བརྟན་ཡོང་ཐབས་སྐོར་བཅས་དམིགས་བསལ་བཀའ་སློབ་ཁག་བསྩལ།

༡༩༨༩ ཟླ་ ༨ ཚེས་ ༢༩ ནས་སྤྱི་འཐུས་དང༌། གཞུང་ཞབས་ལས་བྱེད། ཚོགས་སྡེ་ཁག་དང་གསར་འབྱོར་གྱི་འཐུས་མི་བཅས་ཚོགས་མི་ ༢༣༠ ཙམ་བགྲོ་གླེང་དང་གོ་བསྡུར་བསམ་ཤོག་ཁག་ ༢༨༧ བྱུང་ཡོད།

༡༩༨༩ ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ཉིན་མོར་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད།

༡༩༩༠ ཟླ་ ༥ ཚེས་ ༡༡ ཉིན་གངས་སྐྱིད་ཚོགས་ཁང་ནང་སྤྱི་འཐུས་དང་བཀའ་ཤག་གཞུང་ཞབས་བཅས་སེར་སྐྱ་མི་འཐུས་ ༣༧༠ སྐོར་ཚོགས་འཛོམས་ཀྱིས་དམིགས་བསལ་ཚོགས་ཆེན་སྐབས་༧གོང་ས་མཆོག་གིས་མ་འོངས་མང་གཙོ་གོང་འཕེལ་གཏང་ཕྱོགས་ཀྱི་བཀའ་སློབ་བསྩལ་གནང་མཛད་ཅིང༌། བཀའ་ཤག་༧གོང་ས་མཆོག་ནས་བསྐོ་གཞག་དང༌། སྤྱི་འཐུས་འོས་འདེམས་ལ་ཕྱག་རྟགས་གནང་སྲོལ་བཅས་མཚམས་བཞག རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཐད་བསྐོས་གནང༌།

༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་འཐུས་མི་གཉིས་རེ་སྟེ་བཅུ་དང༌། བོད་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་བཅུ་རེ་སྟེ་སུམ་ཅུ། ཡུ་རོབ་ནས་འཐུས་མི་གཉིས། ཨ་རི་དང་ཁེ་ཎ་ཊ་ཁུལ་ནས་འཐུས་མི་གཅིག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་གནང་བའི་འཐུས་མི་གསུམ་བཅས་པའི་བོད་མི་མང་སྤྱི་འཐུས་བཞི་བཅུ་ཞེ་དྲུག་གིས་དམ་འབུལ་ཞུས་ཤིང་༧གོང་ས་མཆོག་ནས་བཅའ་ཁྲིམས་གཏན་འབེབས་གནང་སྐབས་སྤྱི་འཐུས་ཚོར་འཁུར་འགན་ཆེ་བཞེས་དགོས་པའི་བཀའ་སློབ་ཀྱང་ཟབ་བསྩལ་གནང༌།

༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས།

༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་བཀའ་འཁྲོལ་གཏན་འབེབས་གནང་ཞིང་ཕྱག་ལེན་བསྟར།

༡༩༩༢ ཟླ་ ༢ ཚེས་ ༢༦ ཉིན་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ཡོངས་བསྒྲགས་གནང༌།

༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་དུ་འཛུགས་གནང་མཛད།

༡༩༩༡ ལོ་ནས་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གི་ཆ་རྐྱེན་འོག་རིམ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་དང༌། རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་མང་གཙོའི་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་སྒྲིག་གཞི་ཁག་ཉེར་བརྒྱད་ཙམ་ད་བར་རིམ་བཞིན་གཏན་འབེབས་ཟིན་ཡོད།

༢༠༠༡ ཟླ་ ༩ ཚེས་ ༥ ཉིན་མི་མང་གིས་ཐད་ཀར་འོས་འདེམས་གནང་བའི་བཀའ་ཁྲི་སྐབས་དང་པོས་དམ་འབུལ་ཞུས་ཏེ་འགན་འཁུར་བཞེས།

༢༠༠༡ ཟླ་ ༩ ཚེས་ ༡༩ ཉིན་མི་མང་གིས་ཐད་ཀར་འོས་འདེམས་བྱུང་བའི་བཀའ་ཁྲིས་འོས་འདོན་གནང་བའི་བཀའ་བློན་གསུམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་བཀའ་བློན་དུ་ཐོན།

༢༠༠༦ ཟླ་ ༥ ཚེས་ ༣༠ ཉིན་དམ་འབུལ་ཞུས་པའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ྋགོང་ས་མཆོག་གིས་བསྩལ་གནང་མཛད་པའི་ཐད་བསྐོས་སྤྱི་འཐུས་མེད།

༢༠༠༦ ཟླ་ ༨ ཚེས་ ༡༥ ཉིན་མི་མང་གིང་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གཉིས་པས་དམ་འབུལ་ཞུས་ཏེ་ཐུགས་འགན་བཞེས་པ་དང་རིམ་བཞིན་ཕྱག་རོགས་བཀའ་བློན་བདུན་ཡང་གྲོས་ཚོགས་ནས་འོས་ཐོན་གྱིས་བསྐོ་གཞག་དང་དམ་འབུལ་ཞུས།

༢༠༠༨ ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་ལོ་རྒྱུས་རང་བཞིན་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱེད་བགྲེས་ཡོལ་སོགས་ཀྱི་ཐུགས་བཞེད་མི་གནང་བར་བོད་བསྟན་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བ་དང༌། འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང༌། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང་བ་སོགས་ཀྱི་རྒྱབ་གཉེར་སྙན་ཐོ་བཞག་ཡོད་པ་བཅས། དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ད་ཡིན་ན་སྤེན་པ་ཚེ་རིང་ལ་ཡིད་ཆེས་བརླག་འགྲོ་བ་འདྲ་པོ་ཡོང་གིན་འདུག གང་ལགས་ཞེ་ན། སྔོན་མ་ནས་མི་མང་ནང་དུ་ལབ་གྻེང་མང་པོ་འདུག ཡིན་ན་ཡང་ཡིད་ཆེས་རྩ་བ་ནས་བྱེད་ཀྱིན་མེད། ད་ཆ་བཅའ་ཁྲིམས་བསྐྱར་བཅོས་འདི་གལ་གནད་ཆེན་པོར་སོང་། བཅའ་ཁྲིམས་བཅོས་ཀྱི་ནང་སྒེར་སྤྱོད་ཀྱི་ནུས་ཤུགས་ཆེན་པོ་བཏོན་འདུག དང་པོ། སྤྱི་མཐུན་ཁྱབ་བྲག་ལྷ་མོ་སྐྱབས་ཟིན་བྲིས་ཆོགས་ཆུང་ནས་ཕྱིར་འབུད་བཏང་དོན་ཅིང་ཡིན། ད་ཆ་ཁོང་གི་བཏོན་པའི་དགོངས་ཚུལ་ལ་ལེགས་ཅ་ག་འདྲ་འདུག གཉིས་པ། བོད་མིའི་བཅའ་ཁྲིམས་ནང་དུ་བཀའ་བློན་ཁྲི་པའི་ལོ་དུས་ལྔ་གཉིས་བཅུ་ལས་མང་བ་བསྟུད་བྱེད་རྒྱུ་མེད་པར་དགོས་པ་རྒྱུ་མཚན་ལ་གཞིགས་ཏེ་བཀོད་ཡོད་པ་དང་། སྔ་ལོ་གྲོས་ཚོགས་སུ་ལོ་དུས་དེ་ཕར་འགྱོངས་བྱ་རྒྱུར་རྒྱལ་ཁ་མ་ཐོབ་པར་མཁྱེན་གསལ་བཞིན། ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་ནང་ལོ་བཅུ་ནས་ཉི་ཤུ་བར་བཏོན་པ་དེ་གང་ཡིན། གསུམ་པ། སྐྱབས་བཅོས་བོད་མི་ཡོངས་ཀྱིས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པར་དགོས་ངེས་ཀྱི་དབང་ཚད་ཕལ་ཆེར་གྲོས་ཚོགས་དང་། ཚོགས་གཙོའི་དབང་ཚད་དུ་བསྒྱུར་འདུག་པ་དེ་གང་ཡིན་ནམ། བཞི་པ། བཀའ་བློན་རྣམས་ཀྱི་འོས་མི་བཀའ་བློན་ཁྲི་པས་མིང་འདོན་གནང་རྗེས་གྲོས་ཚོས་སུ་སྤྱི་མོས་སམ་མང་མོས་ཀྱིས་འདེམས་བསྐོ་བྱ་དགོས་པ་དེ། བཀའ་བློན་ཁྲི་པས་ཐད་བསྐོ་བྱ་རྒྱུར་བསྒྱུར་དགོས་དོན་ཅི་ཡིན་ནམ། ལྔ་པ། བོད་གཞུང་མངཚོགས་འདུའི་ནང་གཞུང་ཞབས་དང། ཚོགས་པ་ཁག་གི་དབང་འཛིན་པ་མ་གཏོགས། མི་མང་དང། ཤེས་ཡོན་ཅན་ཡོང་ཁོངས་མིང་ཙམ་མ་གཏོགས་བཏང་མི་དེ་གང་ཡིན་ནམ།། དྲུག་པ། ཟིན་བྲིས་ཚོགས་ཆུང་གིས་བཏོན་པའི་བཅའ་ཁྲིམས་ནང་དུ་གསར་དུ་བསྣས་ཕྲི་བྱས་རིགས་རྣམས་མི་མང་ནང་འགྲེལ་བཀྲམས་ཡག་པོ་རྩ་བ་ནས་བྱས་མ་སོང་དེ་གང་ཡིན་ནམ། བདུན་པ། ལ་ནས་ད་ཆ་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་རིགས་རེད་མ་གཏོགས། དགོས་པ་རྒྱུ་མཚན་ལ་གཞིགས་ཏེ་བཅའ་ཁྲིམས་ནང་དུ་བཀོད་ཟིན་པ་དང་གྲོས་ཚོགས་ཀྱིས་མོས་འཐུས་མ་བྱུང་བ་ལ། ཉུང་ཤས་ཤིག་གིས་འགྱུར་བ་གཏོང་དགོས་དོན་གང་ཡིན་ནམ། ཐུགས་རྗེས་གཟིགས། ཕུགས་རྒྱང་རིང་པོར་བོད་མི་རིགས་ལ་ཕན་པའི་ལྷག་བསམ་དང་སྤྱི་སེམས་མ་དོར་བར། སྔར་བརྒྱུན་བཞིན་བཀའ་བློན་ཁྲི་པའི་ལོ་དུས་དང། བཀའ་བློན་རྣམ་པ་འདེམས་བསྐོ་བྱ་ཕྱོགས་ཀྱི་བཅའ་ཁྲིམས་ལ་འགྱུར་བ་མ་གཏོང་རོག དེ་བཞིན་དགའ་ལྡན་ཕོ་བྲང་ཞེས་པ། བདེན་པ་གཉིས་རྒྱལ་གྱུར་ཅིག་ལ་མི་བསྒྱུར་བ་དང་། ལས་ཐམ་དང་ལས་ཤོག་ནང་དུ་བོད་གཞུང་གི་མིང་འཁོད་པ་གནང་ཪོག སུ་གཅིག་ལ་ཕོད་ཐུགས་འགྲོ་དོགས་ཁག་པོ་མ་རེད། ད་བར་རྒྱ་གཞུང་གིས་ཀྱང་ཡུལ་གྱལ་བོད་གཞུང་ཞེསབེད་སྤྱོད་བྱས་འདུག་པ་དང་། བོད་ས་གནས་སྲིད་གཞུང་ཁས་ལེན་དང་ཆིགས་ཡིག་ནང་བཀོད་ཡོད་པ་རེད། གོང་གསལ་ཁག་ལ་འབྲེལ་ཡོད་དང་། མཁྱེན་ཡངས་ཅན་རྣམས་ཀྱིས་གནད་ལ་ཁེལ་བའི་ལན་འདེབས་དང་། བོད་ཀྱི་རྩ་དོན་སྙིང་བཅང་གིས་དཔྱད་ཞིབ་ལེགས་པར་གནང་སྐྱོང་ཡོང་བར་ཞུ།།