དགོངས་ཚུལ།

ཤེས་རིག་གི་སྤྱི་ཚོགས་དང་སྨྲ་བརྗོད་རང་དབང་།

ལིའུ་ཅིན་ཉིང༌།  ཨ་རིན་གྱིས་བསྒྱུར།
མི་རེ་འགའ་ན་རེ། དམངས་གཙོའི་ཆབ་སྲིད་ནི་མི་ཞིག་བདམས་ནས་ཡར་བཞག་རྗེས་གཞན་གྱི་སྡིག་དམོད་གཟེད་དགོས་པ་ཞིག་ཡིན་ཟེར་བ་ལྟར། གལ་ཏེ་རྒྱལ་ཁབ་གང་ཞིག་གི་མི་སེར་རང་ངོས་ནས་འགོ་ཁྲིད་གདམ་མི་ཆོག་པ་དང༌། སྲིད་སྟེགས་སྟེང་གི་འགོ་ཁྲིད་ལ་སྡིག་དམོད་བྱས་མི་ཆོག་པ་ཡིན་ན། རྒྱལ་ཁབ་དེར་དམངས་གཙོ་མེད་ཁོ་ཐག་ཡིན། དེ་ཡང་སྨྲ་བརྗོད་རང་དབང་གི་ངོས་ནས་བལྟས་ན། དམངས་གཙོའི་ཆབ་སྲིད་ནི། མང་ཚོགས་ལ་དབང་འཛིན་པར་སྡིག་དམོད་བྱེད་པའི་ཐོབ་ཐང་ཡོད་པ་དང༌། དབང་འཛིན་པར་ཡང་གཞན་གྱི་སྡིག་དམོད་ལ་བཟོད་སྒོམ་བྱེད་པའི་འགན་འཁུར་ཡོད་པ་དེ་ཡིན། དེ་བཞིན་སྲིད་སྟེགས་སུ་བུད་མེད་པའི་ཆབ་སྲིད་པ་དེ་ཚོར་ཡང༌། མ་འོངས་པར་གཞན་གྱི་སྡིག་དམོད་བྱེད་སྲིད་པའི་བསམ་བློའི་གྲ་སྒྲིག་སྔ་མོ་ནས་ཡོད་དགོས།

དམངས་གཙོའི་ཆབ་སྲིད་ལ་གྲུབ་རྐྱེན་གཉིས་ཡོད་དེ། གཅིག་ནི་སྤྱི་དམངས་ནང་ཞུགས1དང༌། ཅིག་ཤོས་ནི་དབང་ཆར2ལྟ་རྟོག་དེ་ཡིན། དོན་གྱིས་སྤྱི་དམངས་ཀྱི་ནང་ཞུགས་ལ་དབང་ཆར་ལྟ་རྟོག་བྱེད་པའང་འདུ་སྟེ། སྨྲ་བརྗོད་རང་དབང་དེ་ནང་ཞུགས་ཀྱི་ལག་ཆ་ཡིན་ལ། ལྟ་རྟོག་གི་ལག་ཆའང་ཡིན། དེ་ལྟར་སྨྲ་བརྗོད་རང་དབང་ནི་ནང་ཞུགས་ཀྱི་ཐོབ་ཐང་ཞིག་ཡིན་པས། དམངས་གཙོའི་ཆབ་སྲིད་ལ་འབྱུང་སྲིད་པའི་སྐྱོན་ཆ་མཐའ་དག་ཀྱང་སྨྲ་བརྗོད་རང་དབང་གིས་ལྟ་རྟོག་བྱེད་དགོས། རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་མངོན་པ་དང༌། དབང་འཛིན་པར་སྐྱོན་བརྗོད་བྱེད་པ། བསམ་བློ་བརྗེ་རེས་སོགས་ཡོད་ཚད་སྨྲ་བརྗོད་རང་དབང་དང་ཁ་འབྲལ་མི་ཐུབ་ལ། སྨྲ་བརྗོད་རང་དབང་མེད་པར་གྱུར་ཚེ། དམངས་གཙོའི་ཆབ་སྲིད་ཀྱི་འཁོར་རྒྱུགས་དེ་མུར་མཚམས་འཇོག་བྱེད་པ་ཡིན། དེས་ན་སྨྲ་བརྗོད་རང་དབང་དང༌། གསར་འགྱུར་པར་སྐྲུན་རང་དབང་མེད་པའི་སྤྱི་ཚོགས་ཤིག་ལ་དམངས་གཙོ་མངོན་འགྱུར་བྱེད་པ་ནི་སྟོང་བསམ་ཡིན་པར་མ་ཟད། སྨྲ་བརྗོད་རང་དབང་དང༌། གསར་འགྱུར་པར་སྐྲུན་རང་དབང་མེད་ཅིང༌། ཐ་ན་སྐད་ཆ་བཤད་པའི་གཞི་རྩའི་ཐོབ་ཐང་ཀྱང་མེད་པ་ཞིག་གིས། འདྲ་མཉམ་གྱི་སྒོ་ནས་དམངས་གཙོའི་ཐོབ་ཐང་ཅི་ལྟར་ལོངས་སྤྱོད་བྱེད་དམ།

དེང་རབས་དམངས་གཙོའི་ཆབ་སྲིད་ཀྱི་གྲུབ་ཆ་ཞིག་ཡིན་པའི་སྨྲ་བརྗོད་རང་དབང་གིས་བསྟན་པ་ནི། མངོན་སུམ་གྱིས་རང་ཉིད་ཀྱི་བསམ་འཆར་འདོན་ཆོག་པ་ལས་ལྐོག་ཏུ་སྒེར་ཐོག་ནས་གླེང་བརྗོད་བྱས་པ་མིན་ཏེ། དེར་འདོད་ཚུལ་རང་དབང་ཞེས་ཀྱང་བྱ། སྒྲ་ཡངས་འཇུག་གི་སྨྲ་བརྗོད་རང་དབང་ལ་མཚོན་རྟགས་དང་མཚོན་དོན་རང་བཞིན་གྱི་ལུས་པོའི་ཉམས་འགྱུར། གཟུགས་བརྙན། བྲིས་རིས། འདྲ་བརྐོས། གླུ་དབྱངས། སྒྲ་བརྙན་སོགས་འདུ་བའི་ཕྱིའི་རྣམ་པ་སྣ་ཚོགས་ཀྱིས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ཕྱིར་སྟོན་པ་ཞིག་ཡིན་ཞིང༌། ད་དུང་སྨྲ་བརྗོད་རང་དབང་ལག་ཏུ་བསྟར་བ་ལ། རང་གི་འདོད་བློ་དང་ལྟ་ཚུལ། ལངས་ཕྱོགས། བསམ་བློ་སོགས་མངོན་སུམ་གྱིས་ཕྱིར་སྟོན་པའི་ལམ་བུ་དང་སྨྱན་བྱད་ཅིག་ཀྱང་དགོས་ཏེ། དེ་ནི་གསར་འགྱུར་བརྙན་གཟུགས་དང་སྣ་ཚོགས་པའི་པར་སྐྲུན་གྱི་རིགས་དེའོ།། དེར་བརྟེན། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང༌། གསར་འགྱུར་པར་སྐྲུན་རང་དབང་སོ་སོར་ཁ་འབྲལ་མི་ཐུབ་པ་ཡིན།

དམངས་གཙོའི་སྤྱི་ཚོགས་ནི་རང་སྐྱོང་དང་སྒེར་ཚུགས་ཀྱི་སྤྱི་དམངས་ཀྱིས་གྲུབ་པ་ཞིག་ཡིན་ཕྱིར། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་གི་འབྲེལ་བ་སྟེ། དེ་ཚོའི་གཏིང་རིམ་གྱི་རྩ་བ་ནི་སྐྱེས་བུ་སྒེར་ལ་རང་སྒེར་བཀོལ་དབང་དང་རང་བདག་གི་དབང་ཆ་བདོག་པ་དེ་ཡིན་པས། རང་སྒེར་གྱི་བསམ་བློ་དང་སྨྲ་བརྗོད་རང་དབང་གི་བཀོལ་དབང་དེ་ཡང་ཡོད་པར་གྱུར། གལ་ཏེ་སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་མེད་པར་གྱུར་ཚེ། སྐྱེས་བུ་སྒེར་གྱི་ཚུགས་ཐུབ་དང་རང་བདག  ད་དུང་རང་སྒེར་གྱི་བཀོལ་དབང་སོགས་ཀྱང་འཐུས་ཚང་པོ་ཞིག་མིན་སྟབས། སྨྲ་བརྗོད་རང་དབང་ནི་འགྲོ་མིའི་ལྷན་སྐྱེས་སུ་མངའ་བའི་གཞི་རྩའི་ཐོབ་ཐང་དང་རང་དབང་དེ་ཡིན། འོན་ཀྱང་སྨྲ་བརྗོད་རང་དབང་དང་སྨྲ་བརྗོད་ཡང་དག་མིན་བར་ལ་འབྲེལ་བ་མེད་པས། སྨྲ་བརྗོད་རང་དབང་གི་སྔོན་འགྲོ་དེ་ཡང་སྨྲ་བརྗོད་མཐའ་དག་ཡང་དག་ཡིན་དགོས་པའི་ངེས་པ་ལར་ནས་མེད། གལ་སྲིད་སྨྲ་བརྗོད་རང་དབང་ཡིན་ན། སྐྱོན་ཅན་གྱི་སྨྲ་བརྗོད་ཀྱང་རང་དབང་ཡིན་ཆོག་པར་བསྟན་པས་ན། མི་སོ་སོར་སྐྱོན་ཅན་གྱི་སྨྲ་བརྗོད་སྤེལ་བའི་རང་དབང་ཡོད་ཅིང༌། དེ་ལ་སྲིད་གཞུང་གིས་སྡོམ་གཅུན་ཡེ་ནས་བྱས་མི་ཆོག  ཡང་གཅིག་བཤད་ན། དམངས་གཙོའི་ཆབ་སྲིད་འོག་ཏུ། བདེན་དོན་བཤད་ཕོད་པའི་མི་ལ་ད་གཟོད་སྨྲ་བརྗོད་རང་དབང་ཡོད་པར་བསྟན་པ་མིན་པར། རྩོམ་པ་པོ་ཏིན་ལིནལགས་ཀྱིས་བཤད་པ་ནང་བཞིན། སྨྲ་བརྗོད་རང་དབང་ལ་དམིགས་ཡུལ་གཅིག་ཡོད་དེ། མི་རེ་རེར་རང་ཉིད་ཀྱི་སྐད་ཆ་བཤད་ཆོག་པའི་ཁག་ཐེག་ཡོད་པ་དང༌། འཛམ་གླིང་འདིའི་སྒང་དུ་སྐད་ཆ་མི་འདྲ་བ་ཡོད་ཆོག་པའི་ཁག་ཐེག་ཡོད་པ་དེ་ཡིན་ཞེས་པ་དེའོ།།

དམངས་གཙོའི་སྤྱི་ཚོགས་ནི་ཚོང་རྫས་ཀྱི་རང་དབང་ཁྲོམ་ར་ཡིན་ལ། འདུ་ཤེས་ཀྱི་རང་དབང་ཁྲོམ་རའང་ཡིན་པས། མི་རྣམས་ཀྱིས་རང་དབང་གི་སྒོ་ནས་རང་ཉིད་ཀྱི་ཚོང་རྫས་ཕྱིར་བཙོང་ཆོག་ལ། རང་དབང་གི་སྒོ་ནས་རང་ཉིད་ཀྱི་འདུ་ཤེས་ཀྱང་ཕྱིར་བཙོང་ཆོག་པ་ཡིན། གལ་ཏེ་མི་རེ་རེར་ཚོང་རྒྱག་པའི་རང་དབང་ཡོད་ན། ཚགས་དེབ་སྒྲུབ་པ་དང་པར་ཁང་འཛུགས་པ། རླུང་འཕྲིན་བརྙན་འཕྲིན་ཁང་འཛུགས་པ། དྲ་ཚུགས་བསྒྲུབ་པའི་རང་དབང་ཀྱང་དེར་འདུ་དགོས་པར་མ་ཟད། འདིའི་ཕྱོགས་ཀྱི་རང་དབང་ཡོད་ཚད་སྨྲ་བརྗོད་རང་དབང་དང་ཁ་འབྲལ་མི་ཐུབ་པ་ཡིན། དེ་ཡང་ཚོང་ར་ཅན་དུ་གྱུར་བའི་སྤྱི་ཚོགས་སུ། སྨྲ་བརྗོད་རང་དབང་ཀྱང་རྒྱུ་ནོར་རང་དབང་གིས་འཚོལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འདི་ལྟ་བུའི་དམངས་གཙོའི་ཆབ་སྲིད་འོག་གི་སྤྱི་དམངས་ལ་ད་གཟོད་རང་དབང་གི་འཛད་སྤྱོད་ནས་ཕུན་སུམ་ཚོགས་པའི་འདུ་ཤེས་དང་གླེང་ཕྱོགས། བསམ་བློ་བདོག་པ་ཡིན།

དེ་ཡང་དམངས་གཙོའི་ཆབ་སྲིད་འོག་གི་སྨྲ་བརྗོད་རང་དབང་གི་ཁྲོམ་ར་ལ་ལེགས་ཆ་ཆེན་པོ་ཞིག་ཡོད་ཅིང༌། དེ་ནི་ལྟོས་བཅས་ཀྱིས་རྫུན་མ་དང་འགན་མི་འཁུར་བ། འཆལ་འཆོལ། བསམ་གནག་པའི་སྨྲ་བརྗོད་དག་ལ་ཁོར་ཡུག་ཆེན་པོ་མེད་པ(རྩ་བ་ནས་ཁོར་ཡུག་མེད་པ་མིན)དེ་ཡིན་པས། ནུས་ཚོད་ཀྱིས་དབང་ཆའི་སྟོབས་ཤུགས་བེད་སྤྱད་དེ་སྨྲ་བརྗོད་རང་དབང་ལ་ཐེ་གཏོགས་བྱེད་མི་དགོས། སྤྱི་དམངས་ནི་འཛད་སྤྱོད་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས་གདམ་གསེས་བྱ་ངེས་པ་དང༌། དམངས་གཙོའི་ཆབ་སྲིད་ཀྱིས་དམངས་གཙོ་ལ་སྐྱོན་བརྗོད་བྱེད་དུ་འཇུག་པས་མི་ཚད། ཐ་ན་དམངས་གཙོ་ལས་ལོག་པའི་སྨྲ་བརྗོད་ཀྱང་སྤེལ་དུ་འཇུག་པ་ཡིན། གང་ལགས་ཞེ་ན། གལ་ཏེ་སྨྲ་བརྗོད་འདི་དག་བཀག་སྡོམ་བྱས་པ་ཡིན་ཚེ། ལྡོག་སྟེ་དམངས་གཙོའི་ཆབ་སྲིད་རང་ངོས་ལ་དེ་ལས་ལྷག་པའི་གནོད་པ་སྐྱེལ་ཡོང་བ་ཡིན་སྟབས། སྐྱོན་བརྗོད་ལ་དཀྱེལ་ཡངས་སྒོམ་ཐུབ་པ་འདི། གཞན་པའི་ཆབ་སྲིད་ལམ་ལུགས་དང་བསྡུར་ན་ལྟོས་བཅས་ཀྱིས་དམངས་གཙོའི་ཆབ་སྲིད་ལ་ཡོད་པའི་ལེགས་ཆ་ཆེན་པོ་ཞིག་ཡིན།

སྨྲ་བརྗོད་རང་དབང་ནི་ད་དུང་གཞན་པའི་རང་དབང་དང་ཐོབ་ཐང་མང་པོ་ལག་ལེན་དུ་བསྟར་བའི་ཆ་རྐྱེན་ཞིག་སྟེ། དཔེར་ན། གསོལ་འདེབས་ཀྱི་རང་དབང་མེད་ཚེ་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་ཅིང༌། སྤྱི་པའི་ར་བར་སྲིད་ཀྱི་ལྟ་དགོངས་སྤེལ་བའི་རང་དབང་མེད་ན། འདུ་འཚོག་དང་ཚོགས་པ་བསྒྲིགས་པའི་རང་དབང་ཀྱང་མེད་པར་ཆགས་ངེས་ལ། ཐ་ན་སྨྲ་བརྗོད་རང་དབང་མེད་ཚེ། འདེམ་བསྐོའི་རང་དབང་ཀྱང་མེད་པ་ལྟ་བུ་དེ་ཡིན། དེ་ལྟར་སྐད་ཆ་བཤད་དབང་མེད་ཅིང་སྲིད་ཀྱི་ལྟ་དགོངས་སྤེལ་མི་ཆོག་པའི་འདེམ་བསྐོ་དེ་ངེས་པ་དོན་གྱི་འདེམ་བསྐོ་རྣལ་མ་ཞིག་མིན་ལ། འདེམ་བསྐོ་རྣལ་མ་མེད་ཚེ། འགྲན་རྩོད་རང་བཞིན་གྱི་འདེམ་བསྐོ་དེ་ཡང་མེད་པར་ཆགས་ཡོད། ཡང་གཅིག་བཤད་ན། སྨྲ་བརྗོད་རང་དབང་མེད་ཚེ་དམངས་གཙོའི་ངོ་བོའི་སྟེང་གི་འདེམ་བསྐོ་དེ་ཡང་མེད་ཅིང༌། སྨྲ་བརྗོད་རང་དབང་མེད་ཚེ་ཕྱོགས་འགལ་ཏང་དང་ཕྱོགས་འགལ་ཚོགས་པ་ཡང་ཡོད་མི་ཆོག་པ་དེ་ཡིན། གལ་ཏེ་ཕྱོགས་འགལ་ཏང་དང་ཕྱོགས་འགལ་ཚོགས་པ་ལ་རང་དབང་གིས་སྲིད་ཀྱི་ལྟ་དགོངས་སྤེལ་དུ་མ་བཅུག་ན། འདེམ་མཁན་གྱིས་ཁོ་ཚོ་ཕྱོགས་འགལ་ཚོགས་པའི་ཡིན་པའང་ཅི་ལྟར་ཤེས་སམ། རྒྱུ་མཚན་དེས། སྨྲ་བརྗོད་རང་དབང་དང་ཁ་བྲལ་ཚེ། ཐ་ན་དམངས་གཙོའི་ཆབ་སྲིད་འོག་གི་ཤོག་གཉིས་ལམ་ལུགས3དང་ཤོག་མང་ལམ་ལུགས4ཀྱང་ཡོད་མི་སྲིད་དེ། གང་ལགས་ཤེ་ན། སྲིད་ཀྱི་ཚོགས་པ་ནི་སྨྲ་བརྗོད་རང་དབང་དང་ཚོགས་སྒྲིག་རང་དབང་གི་ཐོན་དངོས་ཤིག་ཡིན་པས་སོ།། ངོ་བོ་འདིའི་སྟེང་ནས། སྨྲ་བརྗོད་རང་དབང་དང་ཁ་བྲལ་ཚེ། དེང་རབས་ཀྱི་ངོ་བོ་མཆིས་པའི་རང་དབང་གི་དམངས་གཙོའི་ཆབ་སྲིད་དེ་ཡང་ཁྱོན་ནས་ཡོད་མི་སྲིད།

འོན་ཀྱང་རང་དབང་གང་ཞིག་ཡིན་རུང་འགན་ཅི་ཡང་མི་འཁུར་བའི་རང་དབང་མིན་ཏེ། འགན་ཅི་ཡང་མི་འཁུར་བའི་རང་དབང་ནི་རང་དབང་མིན་པར་བྱུང་རྒྱལ་ཡིན། དམངས་གཙོའི་ཆབ་སྲིད་འོག་ཏུ། སྨྲ་བརྗོད་རང་དབང་ཡིན་ཀྱང་གཏན་འབེབས་ཟིན་པའི་འགན་འཁུར་དང་འབྲེལ་བ་དམ་དུ་མཆིས་ལ། སྨྲ་བརྗོད་རང་དབང་ནི་སྤྱི་དམངས་རེ་རེར་ཡོད་པའི་ཡོངས་ཁྱབ་ཀྱི་ཐོབ་ཐང་དེ་ཡིན། དེར་བརྟེན། མི་རེ་རེའི་རང་དབང་སྟེ། སྨྲ་བརྗོད་རང་དབང་ཀྱང་འདུ་བའི་རང་དབང་མཐའ་དག་ལ་མཚམས་ཐིག་བདོག་པ་ཡིན། དཔེར་ན། སྨྲ་བརྗོད་རང་དབང་ལག་ལེན་བསྟར་བའི་སྐབས་སུ་གཞན་མིའི་ཐོབ་ཐང་དང་སྙན་གྲགས་ལ་གཙི་མཐོང་བྱེད་དགོས་ཤིང༌། ཐུན་མོང་གིས་ཁས་ལེན་བྱེད་པའི་ཀུན་སྤྱོད་ཀྱི་ཚད་གཞི་དེ་ལའང་གཙི་མཐོང་བྱེད་དགོས། མ་ཟད་དྲག་ཤུགས་བེད་སྤྱོད་བྱེད་པ་དང་དམག་འཁྲུག་བྱེད་པ། ཤ་འཁོན་རྩོད་པ་དང་མཐོང་ཆུང་བྱེད་པ་སོགས་སྐུལ་སློང་བྱས་མི་ཆོག་པ་དང༌། སྤྱི་པའི་སྒྲིག་ལམ་གཏོར་བརླག་བྱེད་པར་ཡང་སྐུལ་སློང་བྱས་མི་ཆོག་སྟེ། དཔེར་ན། ལྟད་མོ་བས་ཁ་བཀང་བའི་ཚོགས་རའི་ནང་སྐད་མགོ་མཐོན་པོས། “ཚོགས་ར་མེ་ལ་ཤོར་ཐལ”ལྟ་བུའི་འུད་སྒྲོག་མི་རུང་བ་དེ་ཡིན།

དམངས་གཙོའི་ཆབ་སྲིད་འོག  མང་ཚོགས་ཀྱི་སྨྲ་བརྗོད་དང་སྦྱོར་བ་མཐའ་དག་དབང་སྒྱུར་བས་རྒྱལ་ཁབ་དབང་སྒྱུར་བྱེད་པའི་ཞབས་ཕྱི་དང་བསྟུན་པ་མིན་པར། ལྡོག་སྟེ་རྒྱལ་ཁབ་ཀྱི་མཐར་ཐུག་དམིགས་ཡུལ་ནི་སྐྱེས་བུ་སྒེར་ལ་རམ་འདེགས་བྱས་ཏེ་རང་དབང་གི་སྒོ་ནས་ལྷན་སྐྱེས་ཀྱི་འཇོན་ནུས་ཕྱིར་འདོན་པ་དེ་ཡིན་ལ། རྒྱལ་ཁབ་ཀྱིས་ཀྱང་མི་རེ་རེར་རང་དབང་གིས་འཇོན་ཐང་ཕྱིར་འདོན་དུ་འཇུག་པ་དང་སྨྲ་བརྗོད་ལ་འབྲེལ་བའི་བག་ཉལ་ནུས་པ5སྣ་ཚོགས་ཕྱིར་འདོན་པ་ལ་མཐུན་རྐྱེན་སྐྲུན་དགོས་པ་དེ་ཡིན། སྨྲ་བརྗོད་རང་དབང་དེ། སྤྱི་དམངས་ཀྱི་བག་ཉལ་ནུས་པ་དང་དགའ་སྤྲོ། སྤྱི་ཚོགས་བདེ་འཇགས་དང་དབང་ཆའི་ཚད་བཀག ཆབ་སྲིད་ལ་ཞུགས་པ་དང་ཚོགས་ཕྱྀའི་མི་ལ་བརྗེ་རེས་བྱེད་པ། སྤྱི་ཚོགས་བདེ་བ་དང་རིག་གནས་འཕེལ་རྒྱས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པས། དམངས་གཙོའི་ཆབ་སྲིད་ཀྱིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་རྩ་དོན་དམིགས་སུ་འཛིན་པ་ལས་དེར་ཚད་བཀག་མི་བྱེད་པ་ཡིན། དེར་བརྟེན། དམངས་གཙོའི་ཆབ་སྲིད་འོག་ཏུ་སྨྲ་བརྗོད་རང་དབང་ལ་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་འགན་སྲུང་ལེགས་པོ་བྱས་ཡོད་དོ།།

2015.01.26ཉིན་བསྒྱུར།

མཆན།

1སྤྱི་དམངས་ནང་ཞུགས།  公民参与 ཞེས་པ་བསྒྱུར།
2དབང་ཆར་ལྟ་རྟོག 权利的监督 ཞེས་པ་བསྒྱུར།
3ཤོག་གཉིས་ལམ་ལུགས། 两党制ཞེས་པ་བསྒྱུར།
4ཤོག་མང་ལམ་ལུགས། 多党制 ཞེས་པ་བསྒྱུར།
5བག་ཉལ་ནུས་པ། 潜能ཞེས་པ་བསྒྱུར།

(ན་གཞོན་གསར་པ་དྲ་ཚིགས་ནས། རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།