སྡེ་པ་རིན་སྤུངས་པའི་སྐབས།

བདུན་པ། སྡེ་པ་རིན་སྤུངས་པའི་སྐབས།

སྤྱི་ལོ་ ༡༤༨༡ ནས་ ༡༥༦༥ བར་ལོ་ ༨༤། 

      ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༡༣ཉིན་སྤེལ། ༦༣༽ དྲི་བ། རིན་སྤུངས་དང༌། སྒེར་གྱི་རྒྱུད་ལ་རིན་སྤུངས་པ་ཞེས་མཚན་ཐོགས་ཚུལ་དང༌། རིན་སྤུངས་པའི་མི་རྒྱུད་བཅས་ཇི་ལྟར་ཡིན་ནམ།

       ལན། གནའ་དུས་རིན་སྤུངས་རྫོང་དང་ཉེ་འགྲམ་གྱི་གྲོང་ཚོ་ཆགས་ཡུལ་གྱི་ས་དབྱིབས་ནི་རིན་པོ་ཆེ་སྤུངས་པ་དང་མཚུངས་པས་ན་ཡུལ་དེར་རིན་སྤུངས་ཞེས་མིང་ཐོགས་པར་མངོན་ཞིང༌། དེ་ནས་རིམ་བཞིན་ཡུལ་འདིར་དབང་བསྒྱུར་མཁན་སྒེར་གྱི་རྒྱུད་པ་རྣམས་ལའང་རིན་སྤུངས་པ་ཞེས་མཚན་འདི་ལྟར་ཐོགས་པར་སེམས།

       དེ་ཡང༌། ༵༵བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀཀ ལས། སྔོན་བོད་རྗེ་ཤ་ཁྲི་བཙན་པོའི་དུས་མ་སངས་ལ་ཁར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བར་སྒེར་དཔལ་ལེགས་འོད་ནས་བཟུང༌། ཕྱི་སྒེར། ནང་སྒེར། གྲུབ་ཐོབ་སྒེར་གསུམ་ལས། རིམ་བཞིན་མི་རབས་ཉེར་ལྔ་པ་ན་ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཟིངས་བདུན་གྱིས་རིན་པོ་ཆེ་གཡུའི་ཟོང་དྲངས། ཁྲག་གི་ལུས་ལ་མགོ་ལྔ་པ་འབྲུག་གི་སྐད་འབྱིན་པ་ཞིག་རིག་སྔགས་ཀྱིས་བཏུལ་བས་ནུས་མཐུ་ཆེ་བར་གྲགས་ཤིང༌། ཕྱག་ན་པདྨོ་མི་རྗེའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོའི་ནང་བློན་མཛད། དེ་ཉིད་ཀྱི་རྒྱུད་ལས་བློ་གྲོས་ཀྱི་རྩལ་ལྡན་ཟླ་བ་རྒྱལ་མཚན་གྱིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བློན་དུ་གྱུར་པ་ནས་བཟུང་མི་རབས་ཉི་ཤུ་པའི་མཐར། སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་གོང་མ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས། གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་དང༌། ཆུ་མིག་གི་ཁྲི་དཔོན། དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་དུ་བསྐོས་པ་ཡིན།

       དེའི་སྲས་ནམ་མཁའ་རྒྱལ་པོ་ན་ཚོད་ཕྲ་མོ་ནས་ལུགས་གཉིས་ཀྱི་མཁྱེན་པའི་སྤྱན་མཆོག་ཏུ་ཡངས། དེའི་སྲས་ནོར་བུ་བཟང་པོས་གོང་མའི་ཞབས་ལ་གཏུགས་ཤིང༌། ཡབ་མེས་ཀྱི་དུས་ཀྱི་ཁྲི་དཔོན་དང་རྫོང་སྡོད་ཀྱི་ལས་འགན་བཞེས། དཔུང་གི་སྦྱོར་བས་རྟ་གཡག་གི་རྫོང་དང༌། ལྕགས་ཐག་སྦྲེལ་དུ་གྲགས་པའི་རྒྱལ་ཕྲན་མང་པོའི་མངའ་འབངས་རྣམས་བླངས། ཉང་སྨད་བསམ་འགྲུབ་རྩེའི་རྫོང་དཔོན་མཛད། རོང་པོ་བྱམས་ཆེན་ཆོས་སྡེ་བཏབ། དགེ་འདུན་རྣམས་ལ་དབྱར་དགུན་དཔྱིད་ཆོས་ཀྱི་ཕོགས་སོགས་མཐུན་རྐྱེན་གྱ་ནོམ་པ་སྦྱར། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་པཎ་ཆེན་ནགས་ཀྱི་རིན་ཆེན་གྱིས་མེ་ཏོག་གཏོར། བྲག་དམར་ཆོས་སྡེ་རྙིང་པའི་འདབས་སུ་སྤྱི་པོ་བརྒྱ་ཕྲག་ལྷག་ཙམ་བརྩིགས་ཏེ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པའི་འདུས་གྲྭ་བཙུགས། མདོར་ན་རིས་མེད་པའི་གྲུབ་པའི་མཐའ་ཐམས་ཅད་ལ་བསྙེན་བཀུར་བླ་ན་མེད་པ་མཛད་པས་མངོན་པར་མཐོ་ཞེས་པ་ལྟར་རོ།།

        སྣེ་གདོང་གི་གདུང་རྒྱུད་དང་རིན་སྤུངས་དབར་དབོན་ཞང་གི་འབྲེལ་བ་བྱུང་བར་བརྟེན་ཆབ་སྲིད་ཀྱི་མཐོང་བཟོས་ཆེན་པོ་ཐོབ་སྟེ་ཁོང་དང་ཧོར་དཀོན་མཆོག་རིན་ཆེན་གཉིས་བློན་ཆེན་དུ་གྱུར། ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་ནས་ཀུན་དགའ་དཔལ་འཛོམས་བྱ་བ་ཁབ་ཏུ་བཞེས་པའི་སྲས་ཕག་གྲུའི་སྲིད་རབས་དྲུག་པ་དབང་གྲགས་པ་འབྱུང་གནས་འཁྲུངས་པས་ཕག་གྲུ་དང་རིན་སྤུངས་གཉིས་གཉེན་བསྲེས་པའི་གདུང་སྲས་ཀྱི་ཐོག་མ་ཡིན་ནོ།།

       ༦༤༽ དྲི་བ། རིན་སྤུངས་པ་ནོར་བུ་བཟང་པོར་སྲས་ཇི་ཡོད་དེ་དག་སུ་ཡིན། རིན་སྤུངས་པས་བོད་ལ་མངའ་དབང་བསྒྱུར་ཚུལ་ཇི་ལྟར་ཡིན་ནམ།

       ལན། རིན་སྤུངས་པ་ནོར་བུ་བཟང་པོ་ལ་སྲས་ཨུ་པ་སི་ཀ་དང༌། ཀུན་ཏུ་བཟང་པོ། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་དང་ལྔ་ཡོད་པ་ལས། སྲས་བགྲེས་པ་ཨུ་པ་སི་ཀ་ཆུང་ངུ་ནས་དགོངས་པ་འདས། ཀུན་ཏུ་བཟང་པོས་ཕག་གྲུའི་ཝང་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས། ཡབ་མེས་ཀྱི་མཇའ་ས་ལས་འཛིན་གནང་སྟེ་རིན་སྤུངས་ཀྱི་རྫོང་དཔོན་མཛད། དཔལ་ལྡན་ས་སྐྱ་པའི་རང་ལུགས་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་གོ་རམས་པ་བསོད་ནམས་སེངྒེ་དང་མཆོད་ཡོན་དུ་འབྲེལ་ཏེ་འབྲས་ཡུལ་སྐྱེད་མོས་ཚལ་གྱི་བཤད་གྲྭ་བཙུགས་ཤིང༌། རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པ་བཞེངས་པའི་མཐུན་རྐྱེན་མཛད་དོ།།

       དོན་གྲུབ་རྡོ་རྗེས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་མཛད་པ་དང༌། སྲས་མཚོ་སྐྱེས་རྡོ་རྗེས་སྤྱན་སྔ་ངག་གི་དབང་པོ་གཤེགས་རྗེས་གདུང་སྲས་སྐུ་ན་ཕྲ་བས་རེ་ཞིག་རིང་སྲིད་ཚབ་བྱས་ཏེ་སྲིད་དབང་བཟུང༌། ཤཱཀྱ་རྒྱལ་མཚན་གྱིས་ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས་བདག་པོ་རྒྱལ་པོ་རྒྱལ་མཁར་རྩེ་པ་གཙེར་བ་སོགས་དགྲ་ཐབས་ཀྱི་བྱ་བ་ལ་མཁས་པར་གྲགས། དེ་རྗེས་མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་གྱིས་སྲིད་དབང་བཟུང་བ་དང་ཁོང་གི་སྲས་དོན་གྲུབ་ཚེ་བརྟན་རྡོ་རྗེའི་སྐབས་སྔར་མེད་གཞིས་ཀ་འགའ་མངའ་འོག་ཏུ་བཅུག འབྲུག་པ་པདྨ་དཀར་པོ་དང་མཆོད་ཡོན་དུ་འབྲེལ་བས་ཆོས་དང་འཇིག་རྟེན་གཉིས་ལ་མཁས་པར་གྲགས། དེའི་གཅུང་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི་དུས་ཏེ་ཆུ་ཕག་སྤྱི་ལོ་ ༡༥༦༣ ལོར་ས་སྐྱ་བ་དང་བྱང་བདག་གཉིས་མ་མཐུན་པས་ས་སྐྱའི་རྒྱབ་རིན་སྤུངས་པས་བྱས་ཏེ་དམག་དྲངས་ནས་ཁོང་ཡང་གཞིས་ཀ་བསམ་གྲུབ་རྫོང་ལ་ཕེབས། ལོ་དེར་རིན་སྤུངས་པའི་ཞབས་འབྲིང་བ་ཆིབས་དཔོན་དུ་གཏོགས་པ་རྫོང་དཔོན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབངས་གྱེན་ལོག་བྱས་ཏེ། ངག་དབང་རྣམ་རྒྱལ་གྱི་སྲས་པདྨ་དཀར་པོ་བཀྲོངས་པ་སོགས་རིམ་གྱིས་སྡེ་པ་རིན་སྤུངས་པའི་སྲིད་དབང་ཉམས་རྒུད་དུ་གྱུར་ཏོ།།

        རིན་སྤུངས་པའི་སྡེ་པ་ནི་སྣེ་གདོང་གོང་མའི་ཞབས་འབྲིང་ནང་མར་གཏོགས་པ་ཞིག་ཡིན་ཡང༌། རིན་སྤུངས་པ་ནོར་བཟང་གི་སྲིང་མོ་ཞིག་སྣེ་གདོང་གོང་མ་སངས་རྒྱས་རྒྱལ་མཚན་གྱི་བདག་མོར་བཞེས་ཏེ། ཁོང་གཉིས་ལ་སྲས་གྲགས་པ་འབྱུང་གནས་དང་ཀུན་དགའ་ལེགས་པ་གཉིས་འཁྲུངས། རྗེས་སུའང་སྣེ་གདོང་པ་དང་རིན་སྤུངས་པའི་དབར་གཉེན་འབྲེལ་ཐེངས་ཁ་ཤས་བྱུང་བར་བརྟེན། སྣེ་གདོང་གི་སྲིད་དབང་ནང་རིན་སྤུངས་པའི་ཤུགས་རྐྱེན་སླེབས་པ་དང༌། ལྷག་པར་དུ་སྣེ་གདོང་གི་གདན་ས་པ་དགུང་ན་ཕྲ་བའི་སྐབས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ་སོགས་ཀྱིས་དཔོན་ཚབ་དང༌། ཐེལ་གཏོང་བྱས་པ་སོགས་ཀྱིས་དབུས་ཁུལ་དུ་རིན་སྤུངས་པའི་དབང་ཤུགས་གང་ཆེ་སླེབས། རིམ་གྱིས་རིན་སྤུངས་ནོར་བུ་བཟང་པོ་ལ་སྲས་ལྔ་ཡོད་པ་ལས་སྲས་བཞི་པ་མཚོ་སྐྱེས་རྡོ་རྗེས་ཡར་ཀླུང་མཁར་ཐོག་གི་རྫོང་བཟུང་ཞིང༌། མཚོ་སྐྱེས་རྡོ་རྗེས་ཕོ་བྲང་སྣེ་གདོང་རྩེའི་དཔོན་ཚབ་དང་ཐེལ་གཏོང་ཡང་མཛད། དེ་ལ་བརྟེན་ནས་རིན་སྤུངས་པའི་དབང་ཤུགས་ཇེ་ཆེར་སོང་ངོ༌།།

       ཕྱི་ལོ་ ༡༥༡༠ ལོར་རིན་སྤུངས་མཚོ་སྐྱེས་རྡོ་རྗེ་གྲོངས། རིན་སྤུངས་པ་ནོར་བཟང་གི་ཚ་བོ་གཉིས་ལས་ཆུང་བ་དོན་ཡོད་རྡོ་རྗེས་རྫོང་ཆེན་བཅུ་གཉིས་ཀྱི་ལས་ཀ་བླངས་ཤིང༌། སྤྱི་ལོ་ ༡༤༨༠ ལོར་ཡར་ཀླུང་མཐིལ་དུ་རྟ་དམག་གཏོས་ཆེ་བ་དྲངས་ནས་གཞིས་ཀ་བྲག་དཀར་བ་དང༌། ཆུ་ཤུར་ལྷུན་པོ་རྩེ་རྫོང་སོགས་སྣེ་གདོང་པའི་ལག་ནས་འཕྲོགས། པོ་ཏཱ་ལ་སོགས་བདག་གིར་བླངས་ཏེ་བོད་ཡོངས་རྫོགས་ལ་མངའ་དབང་བསྒྱུར། རིན་སྤུངས་པ་མི་རྒྱུད་རིམ་པས་སྤྱི་ལོ་ ༡༤༩༨ ནས་ ༡༥༦༦ བར་སྲིད་དབང་བསྒྱུར།

       རིན་སྤུངས་པའི་སྲིད་དབང་ཉམས་ཚུལ་ནི། རིན་སྤུངས་པ་རང་གི་ཞབས་འབྲིང་དུ་གཏོགས་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་པར་འབངས་གྱེན་ལོག་བྱས་པས་དགྲ་འཐབ་མང་པོ་བྱས། དེའི་རྐྱེན་གྱིས་མཐར་རིན་སྤུངས་པའི་མངའ་ཐང་རྣམས་རིམ་པས་སྣུམ་ཟད་ཀྱི་མར་མེ་བཞིན་གྱུར་ཏོ།།

       ༦༥༽ དྲི་བ། རིན་སྤུངས་སྡེ་པས་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་འཕྲོག་ཏེ་བོད་ལ་དབང་བསྒྱུར་ཚུལ་གྱི་བརྒྱུད་རིམ་སྙིང་བསྡུས་ཇི་ལྟར་ཡིན་ནམ།

       ལན། དེ་ཡང་རིན་སྤུངས་སྡེ་པའི་ཡབ་མེས་སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་སྣེའུ་གདོང་གོང་མ་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་དང༌། ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་སུ་རིམ་བཞིན་བསྐོ་བཞག་གནང་བ་མ་ཟད། གནས་བབ་འདིར་གོང་མ་ཁོང་ཉིད་ཀྱི་གཅུང་པོ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་པའི་ལྕམ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བཞེས་པས་ཕྱིས་སུ་རིན་སྤུངས་པའི་དབང་སྟོབས་ཇེ་ཆེར་འགྲོ་བའི་རྨང་གཞི་བཟང་པོ་ཞིག་ཏུ་གྱུར།

       དེ་ནས་བཟུང་སྣེ་གདོང་གོང་མ་རིམ་བྱོན་གྱིས་ཡབ་མེས་ཀྱི་བྱས་རྗེས་ལ་གཞིགས་ཏེ་རིན་སྤུངས་པར་དམག་དཔོན་དང༌། བློན་པོ། རྫོང་དཔོན་སོགས་གོ་གནས་སྣ་ཚོགས་རྒྱུན་འཇགས་སུ་གནང་ནའང༌། དབང་གྲགས་པ་འབྱུང་གནས་ཀྱི་དུས་སུ་ཕག་གྲུའི་གདུང་རྒྱུད་ནང་ཁུལ་དུ་འགལ་བ་བྱུང་བའི་གོ་སྐབས་དང་བསྟུན་ནས་བློན་པོའི་གྲས་རིན་སྤུངས་པ་ནོར་བཟང་རང་ཉིད་ཀྱིས་བོད་ཡོངས་ལ་སྲིད་དབང་བསྒྱུར་བའི་འདུན་པ་བཅངས་ཏེ། རབ་བྱུང་བདུན་པའི་ཤིང་ཡོས་སྤྱི་ལོ་ ༡༤༣༥ ལོར་སྣེ་གདོང་གོང་མ་དང་དངོས་སུ་རྒྱབ་འགལ་གྱིས་ལས་ལ་ཞུགས་ཤིང་གཞིས་ཀ་བསམ་གྲུབ་རྩེ་སོགས་གཙང་ཁུལ་གྱི་རྫོང་གཞིས་འགའ་ཞིག་བཙན་བཟུང་བགྱིས་ནས་རང་ཉིད་ཀྱི་སྲིད་དབང་བཙུགས་པ་ཡིན།

       ༵༵རིན་སྤུངས་པའི་གདུང་རབས་ཀཀ ལས། ནོར་བུ་བཟང་པོས་དགུང་ལོ་བཅུ་གཉིས་ནས་རིན་སྤུངས་ཀྱི་འགན་བཞེས། དགུང་ལོ་བཅོ་ལྔ་ལ་ཤངས་འབྲོང་པོ་སྒང་པ་དང་དཔོན་གཡོག་མཛད། སྟག་གླིང་སྐྱུར་གསུམ་བཏུལ། ཤངས་ལུང་པ་ཁ་གཙང་ཞབས་སུ་བཅུག བྱང་རྒྱུད་མུན་འཚུབས་པ་དེ་བདེ་འཇམ་ཡུག་གཅིག་ཏུ་བཏང༌། ཤངས་རོང་གི་དམག་དང་བཅས་གཞིས་ཀ་བསམ་གྲུབ་རྩེ་བརྩིས་བཞེས། འཕྱོང་རྒྱས་པ་རང་ཡུལ་དུ་བརྫངས། གཙང་རོང་ཤངས་གསུམ་ལྷད་མེད་ཀྱི་སྐྱོང་དར་གནང་ཞེས་འཁོད་པ་ལྟར་ཤིང་ཡོས་སྤྱི་ལོ་ ༡༤༣༥ ལོར་ནོར་བུ་བཟང་པོས་བསམ་གྲུབ་རྩེའི་རྫོང་དཔོན་མཛད་དེ་གཞུང་ཕལ་ཆེར་གྱི་སྲིད་དབང་བཟུང་བས་འདི་ནས་ཕག་གྲུའི་སྲིད་དབང་འཐོར་འགོ་ཚུགས་པ་ཡིན།

       དོན་ཡོད་རྡོ་རྗེ་དང་གཡུང་པ་ཚེ་དབང་གཉིས་མཉམ་རུབ་ཀྱིས་ལྕགས་བྱི་སྤྱི་ལོ་ ༡༤༨༠ ལོར་དམག་གཏོས་ཆེ་དྲངས་ཏེ་ཡར་ལུང་མཐིལ་དུ་སླེབས་ཤིང༌། ཀ་བཞི་པ་ཤར་ནུབ་གཉེར་ཐོག་ནས་བཏོན་པ་དང༌། གཞིས་ཀ་བྲག་དཀར་བ་དང༌། ཆུ་ཤུལ་ལྷུན་པོ་རྩེའི་རྫོང་སོགས་སྣེལ་པའི་ལག་ནས་ཕྱོགས། ལ་སྟོད་བྱང་དུ་བྱང་བདག་པ་ནམ་མཁའ་རྡོ་རྗེ་དང༌། ལ་སྟོད་ལྷོ་པ་རྫོང་ཁ་ཆོས་རྒྱལ་ནོར་བུའི་སྡེ་སོགས་ཀྱི་ས་ཁུལ་ལ་ཡང་དམག་ཁ་ཡར་བྱས། སྐྱིད་ཤོད་དུ་དཔུང་གི་འཇུག་འགོ་བརྩམས། ས་ལུག་སྤྱི་ལོ་ ༡༤༩༩ ལོར་དོན་ཡོད་རྗེས་མཚོ་སྐྱེས་རྡོ་རྗེས་སོགས་སྡེ་དཔོན་རྣམས་དང་གྲོས་ཏེ་འབྲུག་ཆེན་ངག་དབང་ཆོས་ཀྱི་རྒྱལ་པོ་སྣེ་གདོང་གི་ཁྲིར་བཏོན་ཐོག་གཞིས་ཀ་རིན་སྤུངས་པའི་སྐྱེད་ཚལ་ཁ་རུ་གདན་དྲངས་པ་དང༌། རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་དཔུང་སྟོབས་ལ་བརྟེན་ནས་ཡར་ལུང་མཁར་ཐོག་གི་རྫོང་བཟུང༌། ལྕགས་ཕག་སྤྱི་ལོ་ ༡༤༩༡ ནས་ལོ་དགུའི་རིང་དཔོན་ཚབ་མཛད་དེ་ཕག་མོ་གྲུ་པའི་སྲིད་ཀྱི་ཁ་ལོ་བསྒྱུར། ཁོང་གིས་དཔོན་ཚབ་དབང་བསྒྱུར་མཛད་རིང་ཕག་གྲུའི་བློན་པོ་གཞན་རྣམས་ཡིད་མ་མགུ་བས་ཡར་ལུང་ནང་སྡེ་གཟར་ཡང་ཡང་བྱུང་རུང་རིན་སྤུངས་པའི་དཔུང་སྟོབས་ལ་འགྲན་ཐུབ་པ་ཞིག་མ་བྱུང་ཞིང༌། རིན་སྤུངས་པའི་སྟོབས་ཤུགས་ཇེ་ཆེར་རྒྱས་པས་དབུས་གཙང་ཡོངས་ལ་དབང་བསྒྱུར་བྱེད་ཐུབ་པའི་རྨང་གཞི་ལེགས་པར་ཚུགས་པ་ཡིན།

       མདོར་ན་ནོར་བུ་བཟང་པོའི་བུ་ཀུན་ཏུ་བཟང་པོ་དང༌། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཀུན་ཏུ་བཟང་པོའི་བུ་དོན་ཡོད་རྡོ་རྗེ་སོགས་ཀྱིས་སྔ་རྗེས་སུ་གཙང་ཁུལ་གྱི་ས་ཆ་མང་པོ་དབང་རིས་སུ་བཅད་བཟུང་བྱས་ཤིང༌། རིམ་གྱིས་དབུས་ཕྱོགས་ཀྱི་ཡུལ་གྲུ་དག་ཏུའང་དཔུང་སྣ་དྲངས་ཏེ་སྣེ་གདོང་རྫོང་གཞིས་གང་མང་ཞིག་བཙན་གྱིས་བཟུང༌། གནས་བབ་དེ་དུས་ཤིག་སྣེ་གདོང་ལའང་དམག་དྲངས། ཞི་དྲག་གཉིས་ཀའི་ཐབས་ལ་བརྟེན་ནས་ཕག་གྲུའི་སྲིད་དབང་ཁད་ཀྱིས་འཕྲོག་ཐུབ་པ་བྱུང་སྟེ་དེ་ནས་བཟུང་རིན་སྤུངས་པས་བོད་ཁམས་ལ་དབང་བསྒྱུར་མཛད་དོ།།

       ༦༦༽ དྲི་བ། རིན་སྤུངས་སྡེ་པ་དང་རི་བོ་དགེ་ལུགས་པ་གཉིས་ཀྱི་དབར་མི་མཐུན་པར་འཐབ་རྩོད་རིམ་པར་བྱུང་བའི་རྒྱུད་རིམ་ཇི་ལྟར་ཡིན་ནམ།

       ལན། དེ་ཡང་ཕག་གྲུའི་སྲིད་རབས་བརྒྱད་པ་སྤྱན་སྔ་ངག་གི་དབང་པོས་རབ་བྱུང་བརྒྱད་པའི་ཤིང་ཁྱི་སྤྱི་ལོ་ ༡༤༥༤ ལོ་ནས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་བཟུང་ཞིང་དེ་ནས་ཡུན་རིང་མ་འདས་པར་ནང་ཁུལ་མི་མཐུན་པའི་འགལ་བ་བྱུང་བ་དང་བསྟུན། ལྕགས་གླང་སྤྱི་ལོ་ ༡༤༨༡ ལོར་ཀརྨ་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་ཀྱིས་རིན་སྤུངས་ནོར་བུ་བཟང་པོའི་བུ་ཀུན་ཏུ་བཟང་པོ་དང༌། དེའི་བུ་ཆུང་བ་དོན་ཡོད་རྡོ་རྗེ་གཉིས་ལ་བཀའ་བཀོད་གནང་སྟེ་མི་གྲངས་ཆིག་ཁྲི་ལྷག་ཙམ་མཆིས་པའི་གཙང་དམག་དབུས་ཕྱོགས་སུ་དྲངས་ནས། སྐབས་དེའི་དགེ་ལུགས་པའི་སྦྱིན་བདག་སྣེ་གདོང་རྫོང་དཔོན་ངག་དབང་བསོད་ནམས་ལྷུན་པོ་དང༌། དེའི་བུ་ངག་དབང་བསོད་ནམས་རྣམ་རྒྱལ་གཉིས་ཡུལ་ནས་བཏོན། སྤྱན་སྔ་ངག་གི་དབང་པོའི་སྲས་ངག་དབང་བཀྲ་ཤིས་གྲགས་པ་སྐུ་ན་ཧ་ཅང་ཕྲ་བའི་རྐྱེན་གྱིས་གནས་སྐབས་སུ་ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་དང༌། རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་སྣེ་གདོང་གོང་མའི་དཔོན་ཚབ་མཛད་ཅིང༌། འདི་གཉིས་ཀྱི་ལོ་ངོ་དགུའི་བར་སྲིད་འཛིན་དཔོན་ཚབ་བྱས་པའི་རིང་དུ་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་བཀའ་བཀོད་གནང་བའི་རབ་བྱུང་བརྒྱད་པའི་ས་རྟ་སྤྱི་ལོ་ ་༡༤༩༨ ལོ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོར་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་ཕེབས་མི་ཆོག་པ་བཟོས་ཏེ། དེ་ནས་ལོ་ངོ་ཉི་ཤུའི་རིང་ལྷ་སའི་ཉེ་འདབས་ཀྱི་བཀའ་བརྒྱུད་པ་དང༌། ས་སྐྱ་བ་སོགས་ཀྱི་དགོན་པའི་གྲྭ་པ་ཁོ་ནས་སྨོན་ལམ་འཚོག་རྒྱུ་བྱས་སོ།།

       དེ་ནས་ངག་དབང་བཀྲ་ཤིས་གྲགས་པ་ནར་སོན་རྗེས་ས་ལུག་སྤྱི་ལོ་  ༡༤༩༩ ལོ་ནས་སྲིད་དབང་བཟུང་ཞིང་ཆུ་ཕག་སྤྱི་ལོ་ ༡༥༠༣ ལོར་སླར་ཡང་རིན་སྤུངས་དོན་ཡོད་རྡོ་རྗེས་སེ་འབྲས་དགའ་གསུམ་གྱི་ཁ་གནོན་དུ་ལྷ་སའི་ཤར་ཕྱོགས་ས་ནག་ཟེར་བར་ཀརྨ་དགོན་གསར་ཐུབ་བསྟན་ཆོས་འཁོར་ཕྱག་བཏབ་པ་ཕྱིས་སེ་འབྲས་ཀྱིས་གཏོར་བ་བཅས་ཕན་ཚུན་དབར་འགལ་ཟླ་རྣོ་ངར་ཅན་མང་དུ་བརྒྱུད་མཐར་འཐབ་འཁྲུག་བྱ་དགོས་པའི་ཚད་དུ་སླེབས། ཆུ་སྤྲེལ་སྤྱི་ལོ་ ༡༥༡༢ ལོ་ནས་བཟུང་དབང་ཤུགས་ཇེ་ཆེར་སོང་སྟེ་རབ་བྱུང་དགུ་པའི་ས་སྟག་སྤྱི་ལོ་ ༡༥༡༨ ལོར་སླར་ཡང་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་སྨོན་ལམ་ཆེན་མོར་ཕེབས་སྲོལ་སྔར་བཞིན་བསྐྱར་གསོ་གནང་བ་དང༌། ྋརྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་ལོ་ལྟར་སྨོན་ལམ་ཆེན་མོའི་ཚོགས་དབུར་གདན་འདྲེན་ཞུས་ཤིང༌། འབྲས་སྤུངས་སུ་ཡོད་པའི་ཕག་གྲུ་སྡེ་སྲིད་ཀྱི་འཚེར་ཤག་རྡོ་ཁང་སྔོན་མོར་གྲགས་པ་དེ་ྋརྒྱལ་བ་དབང་དགེ་འདུན་རྒྱ་མཚོར་ཕུལ་རྗེས་དེའི་མིང་དགའ་ལྡན་ཕོ་བྲང་ཞེས་པར་བསྒྱུར་གནང་མཛད། དེ་བཞིན་མེ་ཁྱི་སྤྱི་ལོ་ ༡༥༢༦ ལོར་འབྲི་གུང་སྒོམ་པ་ཀུན་དགའ་རིན་ཆེན་གྱིས་ཀོང་པོ་དང་ཞོ་ཁའི་དམག་དཔུང་བསྐུལ་ནས་དགའ་ལྡན་དགོན་པའི་མཆོད་གཞིས་རྣམས་འཕྲོག་པར་བརྟེན། འབྲི་གུང་བ་དང་དགེ་ལུགས་པའི་བར་དམག་འཁྲུག་བྱུང་ཞིང༌། དེ་ནས་ལོ་འགའ་ཤས་སོང་རྗེས་འབྲི་གུང་བས་ཟིང་འཁྲུག་བསླངས་ཐོག་དགེ་ལུགས་པའི་དགོན་པ་ཆེ་ཆུང་བཅོ་བརྒྱད་ཙམ་འཕྲོགས་ནས་ཆོས་ལུགས་དང་ཞྭ་མདོག་བསྒྱུར། སྐབས་དེར་ལོ་མང་རིང་བཀའ་བརྒྱུད་ཆོས་ལུགས་དར་ཁྱབ་ཆེ་བའི་ས་ཁུལ་དག་ཏུ་དགེ་ལུགས་པའི་གྲྭ་བ་རྣམས་ཞྭ་མོ་ཕྱི་ནང་བྱས་པ་གྱོན་དགོས་པའི་གནས་ཚུལ་སོགས་བྱུང་ངོ༌།།

       ༦༧༽ དྲི་བ། རིན་སྤུངས་དམེ་ཁྲག་གི་ལོ་ཞེས་པ་གང་ཡིན། དབུས་སུ་དམག་ལན་མང་དྲངས་པས་སྡེ་གཟར་ཚབས་ཆེན་བྱུང་བ་གང་དག་ཡིན་ནམ།

       ལན། རིན་སྤུངས་དམེ་ཁྲག་གི་ལོ་ཟེར་བའི་དོན་ནི། རིན་སྤུངས་པའི་སྲིད་དབང་སྲིད་འཛིན་ཐ་མ་ངག་དབང་འཇིགས་གྲགས་ཀྱི་དུས་སུ་ས་སྐྱ་པ་དང་བྱང་བདག་གཉིས་མ་མཐུན་པར་བརྟེན་རབ་བྱུང་དགུ་པའི་ཆུ་ཕག་སྤྱི་ལོ་ ༡༥༦༣ ལོར་རིན་སྤུངས་པ་ས་སྐྱའི་རྒྱབ་ཆས་གཡས་རུ་བྱང་དུ་དཔུང་བཏེགས་པའི་གླགས་ལ་བརྟེན་ནས་རིན་སྤུངས་མངའ་ཞབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ངག་དབང་འཇིགས་གྲགས་ཀྱི་སྲས་པདྨ་དཀར་པོ་བཀྲོངས་པ་སོགས་གྱེན་ལྡོག་ཆེན་པོ་བྱས་ཏེ་ནང་དམེ་བྱུང་བ་ལ་དེ་ལྟར་གྲགས་སོ།།

        དེ་ཡང༌། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་སྙིང་སྟོབས་དང་འཇོན་ཐང་ཡོད་པ་ཞིག་ལ་བརྟེན་རིམ་གྱིས་སྟོབས་འབྱོར་དང་དབང་ཤུགས་ཇེ་ཆེར་སོང་སྟེ་རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་དུས་སུ་སླེབས་སྐབས་རིན་སྤུངས་པའི་ཁ་གཏད་དུ་ལངས་ནས། སྲས་པདྨ་དཀར་པོ་ཞིང་ཤག་པས་བཀྲོངས་ཏེ་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་པ་བྱུང་ཞིང་ངག་དབང་འཇིགས་གྲགས་ཀྱིས་འཁོན་ལན་སློག་རྩིས་གནང་བ་ལམ་དུ་མ་སོང་བར་ཞིང་ཤག་ཚེ་བརྟན་རྡོ་རྗེས་ཚུར་རྒོལ་གྱེན་ལོག་བྱས་ཏེ་རིན་སྤུངས་པའི་དབང་འོག་ཏུ་མ་འདུས་ཤིང༌། ལྷག་པར་སྤྱི་ལོ་ ༡༥༥༧ མེ་སྦྲུལ་ལོར་ཤངས་དོན་རབ་པའི་ས་སྡེའི་སྐོར་རིན་སྤུངས་དང༌། ཞིང་ཤག་པ་གཉིས་དབར་དྲག་དཔུང་གི་སྦྱོར་བ་བརྩམས་སྐབས་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་བར་བསྡུམ་གནང་བར་ཕེབས་ནའང་དོན་རབ་པའི་སྲོག་ལ་ཉེན་མ་བྱུང་བ་ཙམ་ལས་ས་མི་དབང་རིས་ཞིང་ཤག་པར་རྩིས་སྤྲོད་གནང་དགོས་བྱུང་ཡོད༌། དེ་རྗེས་སྤྱི་ལོ་ ༡༥༦༥ ཤིང་གླང་ལོར་ཞིང་ཤག་པ་རང་གིས་དམག་སྡེ་འཁྲིད་དེ་པ་རྣམ་ལྷུན་གྲུབ་རྩེ་བསྐོར་བ་དང༌། རྫོང་གསར་ཕག་རི་བཅས་བླངས་པ་ཟད། ལྷུན་གྲུབ་རྩེ་པ་སང་ཤོར་གནངས་ཤོར་དང༌། བྱང་སྟོད་པ་རྣམས་སུའི་ཕྱོགས་སུ་འགྲོ་ངེས་གཏན་མེད་པའི་ཁར། རིན་སྤུངས་ལའང་ཉེན་ཁ་ཆེན་པོ་ཆགས་པའི་མཚམས་སུ་སླེབས་གཤིས། རིན་སྤུངས་པས་འབྲུག་པ་པདྨ་དཀར་པོ་སླར་ཡང་རིན་གཙང་དབར་བར་གསེད་གནང་བར་གདན་ཞུས་ཀྱིས་མཐར། པ་རྣམ་པ་ཡོངས་རྫོགས་ཞིང་ཤག་པར་སྤྲད་ནས་འཐུས་ཙམ་བྱུང་བ་བཅས་སྐབས་དེར་ཡང་ཞིང་ཤག་པར་རྒྱལ་ཁ་ཐོབ་པ་ཡིན།

       དེའི་དུས་སུ་བྱང་བདག་ནམ་མཁའ་རིན་ཆེན་གྱི་སྲས་ནམ་མཁའ་རྒྱལ་མཚན་དང༌། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སྐུ་མཆེད་བགྲེས་གཞོན་གཉིས་ནང་མ་འཆམ་པའི་བར་དུ་ཞིང་ཤག་པའི་སྲས་ཀུན་སྤངས་ལྷ་དབང་རྡོ་རྗེས་འཚངས་ཐོག་ནམ་མཁའ་རྒྱལ་མཚན་གྱི་ཕྱོགས་སུ་ལངས་ཏེ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་རང་གི་སྒེར་གཞིས་སུ་བཞུགས་མི་ཆོག་པ་དབུས་ཕྱོགས་སུ་རྒྱང་འབུད་ལྟ་བུར་ཕེབས་དགོས་པའི་དཔྱད་མཚམས་བཏང་ཞེས་འཁོད་པ་ལྟར་རོ།།

       རིན་སྤུངས་པས་དབུས་སུ་དམག་ལན་མང་དྲངས་པ་ལས་སྡེ་གཟར་ཆབས་ཆེན་པོར་གྲགས་པ་ནི། ༵༵རྒྱལ་རབས་དྲིས་ལན་བརྒྱ་པ་ཀཀ ལས། རབ་བྱུང་བརྒྱད་པའི་ས་རྟ་སྤྱི་ལོ་ ༡༤༩༨ ལོའི་སྡེ་གཟར་དང༌། ས་ཁྱི་སྤྱི་ལོ་ ༡༥༣༨ ལོའི་སྡེ་བཅས་ལགས་ཤིང༌། ས་རྟ་ལོའི་སྡེ་གཟར་གྱི་འབྱུང་རྐྱེན་ནི། སྡེ་པ་སྣེལ་བ་དང་སྣང་རྩེ་བ་མ་མཐུན་པས་ཤིང་ཡོས་སྤྱི་ལོ་ ༡༤༩༥ ལོར་སྣང་རྩེ་བ་ཁུ་དབོན་རྐྱེན་ལམ་དུ་བཏང་བ་ལ་སྙད་ནས་ས་རྟ་སྤྱི་ལོ་ ༡༤༩༨ ལོར་རིན་སྤུངས་པས་དམག་དཔུང་འབོར་ཆེན་པོ་སྐྱིད་ཤོད་དུ་དྲངས་ཏེ་སྡེ་བ་སྣེལ་བའི་རྫོང་གཞིས་དང་བཅས་པ་འཕྲོག་པ་ནས་བཟུང་རིན་སྤུངས་པའི་དབང་ཤུགས་ཆེས་ཆེར་རྒྱས་པར་བཤད་དོ།།

       མེ་བྱི་སྤྱི་ལོ་ ༡༥༡༦ ལོའི་སྡེ་གཟར་ནི། ཆུ་བྱ་སྤྱི་ལོ་ ༡༥༡༣ ལོར་སྣེའུ་གདོང་རྩེའི་ཁྲིམས་བདག་ངོ་བོ་གཙང་དུ་བསྒྱུར་ཕྱོགས་ལ་སྡེ་དཔོན་རྣམས་མ་མཐུན་པར་རིན་སྤུངས་པའི་ཞེ་འདོད་བཞིན་མ་གྲུབ་པ་དེའི་རྐྱེན་གྱིས་མེ་བྱི་སྤྱི་ལོ་ ༡༥༡༦ ལོར་རིན་སྤུངས་པས་དབུས་ཕྱོགས་སུ་དཔུང་འཇུག་བགྱིས་ཏེ་སྡེ་གཟར་བསླངས། གོང་མ་ངག་དབང་བཀྲ་ཤིས་གྲགས་པ་མཚན་ཇུས་རྒྱལ་ནས་ལོ་ངོ་གསུམ་གྱི་རིང་དུས་ཟིང་མི་སློང་བའི་ཆིངས་དུམ་མཛད། ས་སྟག་སྤྱི་ལོ་ ༡༥༡༨ ལོར་ཆིངས་གྲོལ་ནས་སླར་ཡང་འཁྲུགས། ཆུ་ལུག་སྤྱི་ལོ་ ༡༥༢༣ ལོ་ནས་ས་ཁྱི་སྤྱི་ལོ་ ༡༥༣༨ བར་སླར་མི་འཁྲུག་པའི་ཆིངས་མཛད། ས་ཁྱི་ལོ་འདིར་དབུས་གཙང་གི་ཆིངས་ཡུན་རྫོགས་པར་བརྟེན་སྣེའུ་གདོང་གོང་མས་མུ་མཐུད་ཆིངས་འཇོག་ཐབས་མཛད་ནའང༌། རིན་སྤུངས་པ་ངག་དབང་རྣམ་རྒྱལ་གྱི་མ་གསན་པར་དཔུང་སྣ་དྲངས་ཏེ་སྡེ་གཟར་ཆེན་པོ་བསླངས་པ་སོགས་ལོ་རྒྱུས་རྒྱ་ཆེ་བས་ཞིབ་ཏུ་གཞན་ལས་ཤེས་པར་བྱའོ།།   །། 

རིན་སྤུངས་བརྒྱུད་པས་བོད་ལ་དབང་བསྒྱུར་ཏེ། །

རི་བོ་དགེ་ལྡན་བར་ལ་འཐབ་བརྩོད་དང༌། །

དབུས་སུ་དམག་དྲངས་རིན་སྤུངས་དམེ་ཁྲག་ལོ། །

 བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་འདི་ཙམ་ལགས། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།