གཞིས་རྩེ་ས་ཁུལ་གྱི་གནས་ཡིག

རྫོང་དེ་ཐོག་མར་དིང་རི་གངས་དཀར་ཏེ་སྔོན་གྱི་དིང་རི་རྫོང་ཤུལ་དུ་ཆགས་པ་ལ་རྗེས་སུ་ཤེལ་དཀར་དུ་གནས་སྤོས་བྱང་ཀྱང་རྫོང་མིང་དིང་རི་ཞེས་པ་རང་སོར་བཞག་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༣༩༧༠དང་། ས་ཞེང་རྒྱ་ཁྱོན་མུའུ་ཁྲི་༨.༩རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༡༡༣༢ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༨༠མི་འབོར་ཁྲི་༩.༢གྲོང་བརྡལ་༡དང་། ཤང་༢༠གྲོང་ཚོ་ཨུ་ཡོན་ལྷན་ཁང་༡༨༢ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༥༠༠༠ཙམ་གྱིས་མཐོ་རྫོང་ཞིག་ཡིན་པ་བཅས་རེད།

ཡུལ་དེར་གྲགས་ཅན་མི་སྣ་སྐུ་བལྟམས་པ་ནི་ཀོ་གྲགས་པ་བསོད་ནགས་རྒྱལ་མཚན་སྤྱི་ལེ་༡༡༨༢ལོར་དིང་རིར་སྐུ་འཁྲུངས།

ཟེ་དཀར་དགོན་

མཚན་རྒྱས་པར་ཟེ་དཀར་སྐྱིད་ཚལ་གླིང་ངམ་གྲམ་མཚོ་(རྒྱུན་དུ་གྲང་སོ་ཞེས་འབྲི་སྲོལ་དར་)ཤེལ་དཀར་དགོན་ཞེས་ཞུ་། གཏིང་སྐྱེས་རྫོང་ནས་སྤྱི་ལེ་༢༠༠ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སོང་ན་གྲམ་མཚོའི་ལྷག་ཏུ་དགོན་དེ་མཇལ་བ་ཡིན། ཟེ་དཀར་ཞེས་པ་ནི་དགོན་དེ་ཕྱག་འདེབས་མཁན་གྱི་བླ་མའི་སྤྱན་གྱི་ཟེ་མ་དཀར་ཞེས་པ་དེ་ལྟར་བྱུང་གསུངས་། དགོན་དེ་ནི་སྔོན་སེར་སྨད་གྲྭ་ཚང་གི་ཁོངས་ཡིན་པ་དང་། དེའང་སྟོད་ཁུལ་དུ་སེར་སྨད་གྲྭ་ཚང་གི་ཁོངས་ཡིན་པ་དང་། དེའང་སྟོད་ཁུལ་དུ་སེར་སྨད་གྲྭ་ཚང་གི་དགོན་ལག་བཞི་ཡོད་པ་ནི་༡.ཟེ་དཀར་སྐྱིད་ཚལ་གླིང་། ༢.སྐྱིད་རོང་བསམ་གཏན་གླིང་། ༣.ཆུ་ཕན་འགྲོ་ཕན་གླིང་། ༤.གཉའ་ནང་འཕེལ་རྒྱས་གླིང་བཅས་ལས་འདི་དགོན་ལག་བཞིའི་ཡ་གྱལ་ཡིན་། དགོན་དེ་ནི་ཐོག་མར་གངས་ཅན་དགོན་གྱི་ཁྲི་ཐོག་གསུམ་པ་བྱམས་པ་དམ་འཕེལ་བློ་བཟང་ཆོས་རྒྱལ་ཞུ་བས་དུས་རབས་བཅོ་ལྔ་པའི་དུས་འགོར་ཕྱག་བཏབ་གནང་མཛད་ཅེས་གསུངས་། སྔར་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་སེར་སྨད་གྲྭ་ལུགས་ཀྱི་ཕྱག་བཞེས་མཛད་པ་དང་། དགོན་དེའི་མཁན་པོའང་སེར་སྨད་གྲྭ་ཚང་ནས་བཏང་གནང་མཛད་དེ་ལོ་གསུམ་རེའི་ཐོག་བརྗེ་ལེན་གནང་བ་ཡིན་། འདུལ་ཁྲིམས་ཤིན་ཏུ་དམ་ཞིང་དབྱར་ཆོས་དགུན་ཆོས་འཆར་ཅན་མི་ཉམས་པའི་ཐོག་རི་བོ་དགེ་ལྡན་ལུགས་ཀྱི་རྒྱུད་སྡེ་ཁག་ཕྱག་ལེན་གནང་བ་ཡིན། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་སྐུ་རྒྱུ་ལི་ལས་གྲུབ་པའི་ཇོ་བོ་ཐོག་སོ་གཉིས་ཙམ་དང་། གཡས་གཡོན་དུ་སྨན་བླ་བདེ་གཤེགས་བརྒྱད། གསེར་ཟངས་ཀྱི་རྗེ་ཡབ་སྲས་གསུམ་། ཐུབ་དབང་ང་འདྲ་མ། ཇོ་བོ་ལོ་ཀེ་ཤྭ་ར། དེའི་གཡས་གཡོན་དུ་བཀའ་འགྱུར་དང་གསུང་འབུམ་ཁག་བཅས་ཡོད། ཡང་སྟེང་མགོན་ཁང་ནང་འཇིགས་བྱེད་ལྷ་བཅུ་གསུམ་དང་། རྣམ་སྲས། ཆོས་རྒྱལ། མགོན་པོ་སོགས་ཀྱི་འཇིམ་སྐུ་དང་ཞལ་ཐང་སོགས་མཇལ་རྒྱུ་ཡོད་ལ་དེ་བཞེན་མཁན་པོའི་བླ་བྲང་སོགས་ལའང་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། གཞན་ཡང་དགོན་དེར་ལོ་ལྡར་བོད་ཟླ་༡༢ཚེས་༢༩ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གར་

འཆམ་དང་འབྲེལ་བའི་གཏོར་རྒྱག་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་པའི་ནང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིའི་ལྡེབས་སུ་འབྲུག་པ་བཀའ་བ་རྒྱུད་ཀྱི་རྫོང་ཕུག་དགོན་ཞེས་བའི་བཙུན་མའི་དགོན་ཞིག་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།


སོས་སྔ་ཆོས་སྡེ།

གྲམ་མཚོ་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བརྒྱད་ཙམ་དིང་རིའི་ཕྱོགས་སུ་སོང་ན་སོས་སྔ་གྲོང་ཚོའོ་དཀྱིལ་དུ་དགོན་དེ་མཇལ་རྒྱུ་ཡོད། སོས་སྔ་ཞེས་པ་ནི་ཡུལ་དེར་ས་གཞན་ལས་སོས་འཕར་སྔ་བས་སོས་ལྔ་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་ཀ་ཐོག་རིག་འཛིན་ཞུ་བས་ཕྱག་བཏབ་གནང་མཛད་ དེ་རྗེས་བོ་དོང་ཕྱོགས་ལས་རྣམ་རྒྱས་གནས་དེར་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད། གསང་བདེ་འཇིགས་གསུམ་དང་ཀུན་རིགས་སོགས་རྒྱུད་སྡེ་ཁག་གི་ཕྱག་བཞེས་ཀྱང་གནས་དེ་ནས་དར་བ་ཡིན་ཞེས་གསུངས། སྔོན་དུ་ཁང་ཀ་བ་༡༢ནང་དུས་གསུམ་སངས་རྒྱས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་མི་ཚད་ཙམ་དང་། ཙན་དན་དཀར་པོའི་སྤྱན་རས་གཟིགས་དང་དམར་པོའི་ཚེ་དཔག་མེད། གཞན་ཡང་གསེར་གདུང་དང་དངུལ་གདུང་སོགས་མང་པོ་ ཡང་སྟེང་དུ་གསང་བདེ་འཇིགས་གསུམ་གྱི་ལྷ་ཁང་དང་། ཨོ་རྒྱན་ལྷ་ཁང་སོགས་རྟེན་གསུམ་ཇི་སྙེད་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་ནང་ཀ་ཐོག་རིན་པོ་ཆེའི་ཞབས་རྗེས་དང་། དེང་གི་འཕྲུལ་པར་ལས་བསྐུན་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་རྩོམ་པོད་༡༣༧དང་གཞན་ཡང་སྐུ་རྒྱུ་འཇིམ་ལས་གྲུབ་པའི་སྔོན་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་དགོན་དེར་ལོ་ལྟར་བོད་ཟླ་༡༠ཚེས་༢༨∕༢༩∕༣༠བཅས་ལ་སྒྲུབ་མཆོད་ཅེས་པའི་གཏོར་རྒྱག་དང་གར་འཆམ་སོགས་གནང་སྲོལ་ཡོད།

ཡང་དགོན་དེའི་ལྷོ་ངོས་ཆུ་ཕར་ཕྱོགས་ལ་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་དགེ་སློངབྱམས་པ་རིན་ཆེན་ཞུ་བས་ཕྱག་བཏབ་གནང་པའི་རྙིང་མའི་དགོན་ཆོས་ལུང་ཞེས་པ་དང་། ལྷོ་ནུབ་ངོས་སུ་སོས་སྔ་ཆོས་ལྡེའི་ཉེ་ལོག་དགོན་བདག་ཕུག་ཅེས་པ་མཇལ་རྒྱུ་ཡོད་།


ཤེལ་དཀར་ཆོས་སྡེ།

མཚན་རྒྱས་པར་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་ཞེས་ཞུ། སོས་སྔ་ཆོས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༤༧ཙམ་དིང་རིའི་ཕྱོགས་སུ་སོང་ན་སྔོན་གྱི་ཤེལ་དཀར་རྫོང་ཤུལ་གྱི་འདབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ལྷོ་བདག་སི་ཏུ་རིན་ཆེན་གྱིས་ཕྱག་བཏབ་གནང་མཛད། ཐོག་མར་སི་ཏུ་རིན་ཆེན་གྱི་ཡབ་དོན་ཡོད་དཔལ་བཟང་གི་དུས་རིན་ཆེན་སྤོ་ཞེས་པར་གཞིས་ཀ་ཆགས་ཡོད་པ་ལ་བྱང་བདག་དང་དམག་འཁྲུག་བྱུང་སྟེ་རིན་ཆེན་སྤོ་གཞིས་ཀ་བྱང་བདག་གི་འོག་ཏུ་ཤོར། སི་ཏུ་རིན་ཆེན་འཛིན་བཟུང་བྱས་ཏེ་ཆེ་ལ་འམ་རྒྱའུ་ལ་ནས་གཡངས་བསྐྱུར་བྱེད་རྩེས་བྱས་ཀྱང་དིང་རི་སྒར་དམར་ཞེས་པའི་ཡུལ་ལྷས་ཁ་བསྒྱུར་གྱིས་དེར་མ་བསྐྱུར། དེ་ནས་ཁྭ་ཏ་དམ་པ་འཕྲང་ལ་བསྐྱུར་རྒྱུར་ཁྲིད་པ་ལ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ་“མི་དེ་མ་བསྐྱུར་བྱང་བདག་ལ་ཁྲིད་ཤོག་”ཅེས་གསུངས་པ་ལྟར་བྱང་བདག་དུ་ཁྲིད་དེ་གཡོག་པོ་བསྐུལ། དེ་ནས་བྱང་བདག་གི་བུ་མོ་ནམ་མཁའ་འབུམ་ཞེས་པ་དང་མཐུན་སྦྱོར་བྱུང་སྟེ་བཀྲ་ཤིས་རྫོང་ཞེས་པའི་རྫོང་གཞིས་བཟུང་བའི་སྐབས་བྱང་བདག་གི་དམག་མིས་བརྗོད་དོན་ལ་“དེ་སྔ་རིན་ཆེན་སྤོ་གཞིས་ཀ་བཟུང་སླ་ཡང་ཤེལ་དཀར་འདིར་རྫོང་ཞིག་བཏབ་ན་ཤེན་ཏུ་བཙན་པས་བླང་མི་ཐུབ་”ཅེས་བརྗོད་པ་སི་རུ་རེན་ཆེན་གྱིས་ཐོས་པས་དེ་རྒྱུ་མཚན་དུ་གོ་ནས་བྱང་བདག་ལ་སྙན་ཞུས་ཀྱིས་བཀྲ་ཤེས་རྫོང་ཤེལ་དཀར་ཆུ་སྤེ་རོང་དུ་སྤོས་ཆོག་པ་ཞེས་ཞུས་པས་དེ་ལྟར་ཆོག་པའི་བཀའ་ཁྲོལ་ཐོབ་སྟེ་ཤེལ་དཀར་རྫོང་རྩེ་ཞེས་པའི་རྫོང་དེ་བཏབ། དེ་ནས་ད་ལྟའི་དགོན་པ་ཆགས་ཡུལ་དེར་པང་ལོ་ཙྭ་བའི་བཞུགས་གནས་སྒྲུབ་ཕུག་ཆུང་ཆུང་ཞིག་ཡོད་པ་དེར་པང་ལོ་ཙྭ་བ་བཞུགས་ཡོད་པ་བླ་མར་བསྟེན། པང་ལོ་ཙྭ་བས་སི་ཏུ་རེན་ཆེན་ལ་རི་འདི་རྗེ་བཙུན་སྒྲོལ་མའི་བཞུགས་སྟངས་ལྟར་ཡོད་པས་ཞབས་གཡོན་བསྐུམས་པའི་སྟེང་ཁྱོད་ཀྱིས་གཙུག་ལག་ཁང་ཞིག་ཐོབས་ཤིག་ཅེས་གསུངས་པ་ལྟར་སི་ཏུ་རེན་ཆེན་གྱིས་གཙུག་ལག་ཁང་དེ་བཏབ། ཐོག་མར་དགེ་འདུན་ཞལ་གྲངས་༡༥སྐོར་ནས་རིམ་བཞིན་འཕེལ་ཏེ་བོ་དོང་ལུགས་དང་། བཀའ་གདམས་པ། ས་སྐྱ་སོགས་གྲུབ་མཐའ་གསུམ་ལ་གྲྭ་ཚང་ཡང་གསུམ་ཙམ་བྱུང་། དེ་ནས་རིམ་བཞིན་དགེ་འདུན་ཞལ་གྲངས་༨༠༠ཙམ་བར་འཕེལ། དེ་རྗེས་གྲུབ་མཐའ་ཕན་ཚུན་མི་མཐུན་པ་བྱུང་སྟབས་རྒྱལ་བ་ལྔ་པའི་དུས་སྙན་ཞུ་ཕུལ་བས་བཀའ་གདམས་གསར་མར་གཏན་འཁེལ་གནང་བ་ནས་བཟུང་དགེ་ལུགས་ཕྱག་བཞེས་མཛད་དེ་གྲྭ་གྲངས་༣༠༠གཏན་འཁེལ་གནང་། སྔོན་དུས་འགྱུར་བར་མཁན་ཐོག་༡༨ཙམ་བྱུང་། སྔོན་འདུ་ཁང་ཀ་བ་༣༦གི་གཙང་ཁང་སྤུག་མར་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནི་ཐོག་སོ་གསུམ་ཙམ་དང་དེ་འབྲེལ་ཉེ་བའི་སྲས་ཆེན་བརྒྱད་མི་ཚད་ལྷག་ འདུ་ཁང་ནང་ལམ་རིམ་བླ་རྒྱུད་དང་རྒྱལ་བ་ལྔ་པའི་སྐུ་བརྙན། ཐུབ་པ་གནས་བརྟན་བཅུ་དྲུག་ གསེར་བྲིས་དང་ནག་བྲིས་ཀྱི་བཀའ་འགྱུར་དང་བལྟན་འགྱུར། མདོར་ན་ལྷ་ཁང་ཉེར་གཅིག་ནང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད་། ཐོག་མར་བཀའ་འགྱུར་གྱི་པར་བརྐོ་སའང་དགོན་དེའི་པར་ཁང་ཞེས་པར་ཡིན་པ་ལ་རྗེས་སུ་སྣར་ཐང་དུ་སྤོས་ཞེས་གསུངས་གཞན་ཡང་རི་དེའི་འདབས་སུ་རྒྱན་ཆུ་དང་། སྲེ་ཆུ། ལོ་ཆུ།བུམ་ཆུ་སོགས་ཆུ་ཆེན་བཞི་དང་། ནུབ་ཏུ་རྩིབས་རིའམ་ཤྲི། བྱང་དུ་རྒྱལ་བ་རྒོད་ཚང་པའི་བཞགས་གནས། ཤར་དུ་ས་སྐྱ། ལྷོ་རུ་གནས་ཆེན་ཚ་བོ་བཅས་བཞི་དང་།ཡང་གངས་རི་ཆེན་པོ་

བཞེས་བསྐོར་བ་ནི་ལྷོ་རུ་གངས་རི་ཇོ་མོ་གླང་མ། ནུབ་ཏུ་རྟ་སྐྱོང་གངས་རི་། བྱང་དུ་བུ་ལའི་གངས་རི། ཤར་དུ་ལྷ་རྒོད་གངས་རི་བཅས་བཞིས་བསྐོར་བའི་དབུས་སུ་ཆགས་ཡོད་

ད་ལྟ་སྔོན་གྱི་གོག་སྟེང་ཉམས་གསོ་གནང་བའི་ནང་སྔོན་གྱི་ཇོ་བོའི་སྐུ་ཚབ་སྐུ་རྒྱུ་འཇིམ་ལས་གྲུབ་པ་སྐུ་ཚད་སྔོན་གི་དེ་མཚུངས། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་སྤྱི་ལེ་༢༩ཙམ་སོང་ན་ནེ་རང་པར་ཁང་ཞེས་པ་དང་དེ་དང་ཉེ་བར་རྩིབས་རི་ཞེས་པ་། སེང་གེ་བྲག་ཞེས་པ་སོགས་མཇལ་རྒྱུ་ཡོད།


རོང་ཕུ་དགོན་།

མཚན་རྒྱས་པར་རྫ་རོང་ཕུ་མདོ་སྔགས་ཆོས་གླིང་དགོན་ཞེས་ཞུ།(དགོན་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤེས་ཀྱི་དགོན་པ་ཡིན་ཞེས་ཟེར་)ཤེལ་དཀར་ནས་སྤེལ་པ་སྣུམ་སྣོན་ས་ཚུགས་བར་ཡོང་། དེ་ནས་སྤྱི་ལེ་༡༠ཙམ་དིངརིའི་ཕྱོགས་སུ་སོང་ན་ཤེལ་དཀར་མཐའ་མཚམས་ཞིབ་བཤེར་ས་ཚུགས་སུ་སླེབས་། དེ་ནས་ནུབ་ངོས་དིང་རིའི་ཕྱོགས་སུ་མ་སོང་བར་ལྷོ་ངོས་སུ་སྤྱིར་བཏང་འཁོར་ལམ་བརྒྱུད་རྒྱའུ་ལ་བརྒྱབ་སྟེ་བཀྲ་ཤེས་འཛོམས་བརྒྱུད་ཁྱོན་བསྡོམས་སྤྱི་ལེ་༡༣༠ཙམ་སོང་ན་དགོན་དེར་སླེབས་པ་དང་དུས་མཚུངས་ཇོ་མོ་གླང་མའང་སྤྱི་ལེ་༨ཙམ་གྱི་ས་ནས་མཇལ་བ་ཡིན་ རོང་ཕུ་ཞེས་པ་ནི་ད་ལྟའི་བཀྲ་ཤིས་འཛོམས་ཞེས་པར་སྔོན་ཕ་དྲུག་རྒྱལ་མོའི་རོང་ཞེས་པའི་དཔོན་མོ་ཞིག་བྱུང་བ་དང་། དེའི་ཕུར་གནས་པས་རོང་ཕུ་ཞེས་པ་དེ་ལྟར་བྱུང་།ཕ་དྲུག་ཅེས་པ་ནི་ཡུལ་དེར་ཕ་དཀར་བ་སོགས་མིང་གི་སྔོན་དུ་ཡིག་འབྲུ་ཕ་ཡོད་པ་དྲུག་བྱུང་བས་ཕ་དྲུག་ཅེས་པ་དེ་ལྟར་ཐོགས་པ་ཡིན་ཞེས་ཟེར། རོང་ཕུ་དགོན་ནི་ཐོག་མར་ད་ལྟའི་དགོན་ནས་སྤྱི་ལེ་བཞི་ཙམ་ཇོ་མོ་གླང་མར་འགྲོ་སའི་ལམ་གྱི་ལྟག་ཏུ་ཡོད་པ་ནི་《པདམ་བཀའ་ཐང་》ལས་“རོང་ཕུ་རྫ་ལ་ཟླ་གཅིག་ཞག་བདུན་བསྡད་། པདམ་ང་ལ་མཆོག་གི་དངོས་གྲུབ་བརྙེས་”ཞེས་གསུང་སའི་སྒྲུབ་ཕུག་གནམ་སྒོ་ཅན་ནི་ད་ལྟའང་མཇལ་རྒྱུ་ཡོད། གུ་རུ་རིན་པོ་ཆེ་གནས་དེར་བཞུགས་སྐབས་ཚེ་རིང་མཆེད་ལྔ་དམ་འདོགས་གནང་སྟེ་མཐར་མཚོ་ལྔ་དང་གངས་རི་ལྔ་ལ་བསྒྱུར་ཞེས་གསུངས་། རོང་པོ་རྣམ་རྒྱལ་བཟང་པོའང་གནས་དེར་བཞུགས་ནས་སྐྱེ་འཆེར་རང་དབང་ཐོབ་ཅེས་དང་། རྫ་སྦྲུལ་རྡོ་རྗེ་འཆང་སྐུ་ཕྲེང་དགུ་པའང་གནས་དེར་བཞུགས་པ་སོགས་མདོར་ན་སྐྱེས་བུ་དམ་པ་ཇི་སྙེད་ཅིག་གནས་དེར་བཞུགས་ཏེ་སྒྲུབ་ཁང་༡༠༨ཙམ་བྱུང་བ་དང་།སྒྲུབ་པ་ཐོབ་པའང་ཇི་སྙེད་བྱུང་སྟེ་རང་བྱོན་༥༠ལྷག་ཙམ་མཇལ་རྒྱུ་ཡོད།གཞན་ཡང་གཡས་གཡོན་རྫ་རི་རྣམས་ལའང་རང་བྱོན་གྱིས་ཁོངས་ཡོད། དེ་རྗེས་རྫ་སྦྲུལ་ངག་དབང་བསྟན་འཛིན་ནོར་བུས་ད་ལྟའི་རོང་ཕུ་དགོན་དེ་ཉིད་ཕྱག་བཏབ་གནང་མཛད་དེ་རིམ་བཞིན་ཕོ་དགོན་གསུམ་དང་། མོ་དགོན་གསུམ་ལ་གྲྭ་བཙུན་བསྡོམས་པས་༦༠༠ཙམ་བར་འཕེལ་ཞེས་གསུངས། དབྱར་ཆོས་དང་དགུན་ཆོས་སོགས་ལ་ས་ཕྱོགས་གང་ས་ནས་བླ་མའི་མཚན་སྙན་རྗེས་འཛིན་གྱིས་ཆོས་ཞུ་པ་༥༠༠ལྷག་ཙམ་ཡང་འདུས་ཞེས་གསུངས་པར་གྲགས་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་༡༩༥༩བར་དགོན་དེའི་མཁན་པོ་གནང་བ་དང་ རྫ་སྦྲུལ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱང་ངོས་འཛིན་གནང་། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་ཆོས་སྐུ་སྣང་བ་མཐའ་ཡས་དང་། ལོངས་སྐུ་ཐགས་རྗེ་ཆེན་པོ། སྦྲུལ་སྐུ་པདམ་འབྱུང་གནས་ཀྱི་སྐུ་བརྙན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་དང་། ལྡེབས་རིས་སུ་བདེ་གཤེགས་སོ་ལྔ་དང་།གཡོན་ཕྱོགས་སུ་རྗེ་འབངས་ཉེར་ལྔ། སྤུག་ཏུ་གཡས་ཕྱོགས་སུ་བདེ་བ་ཅན་གྱི་ཞིང་བཀོད། གཡོན་ཕྱོགས་སུ་ཟངས་མདོག་དཔལ་རིའི་ཞིང་བཀོད། འདུ་ཁང་གི་གཤམ་ཆར་གཡོན་ངོས་སུ་སྟོན་པ་བཅོམ་ལྡན་འདས་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གཡོན་ཕྱོགས་སུ་སྒྲོལ་མ་འཇིགས་བརྒྱད་བཅས་ཡོད།གཞན་ཡང་བཀའ་འགྱུར་ལྷ་ཁང་། ཞི་ཁྲོ་ལྷ་ཁང་།སྔགས་ཁང་བཅས་ལའང་རྟེན་པར་བཅས་བཞུགས་།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་གསར་བཞེངས་གནང་བའི་ནང་སྔོན་གྱི་རྟེན་གསུམ་གྱི་སྐུ་ཚབ་གསར་བཞེངས་གནང་བ་དང་སྔོན་གྱི་ལུགས་ལྟར་ལྡེབས་རིས་གསར་བྲིས་གནང་བ་སོགས་མཇལ་རྒྱུ་ཡོད།

གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་༣ཚེས་༣༠ནས་ཟླ་༤ཚེས་༤བར་མ་ཎི་རིལ་སྒྲུབ། ཚེས་༡༤ཉིན་འཆམ་རྒྱུགས། ཚེས་༡༥ཉིན་བཀའ་དབང་། ཚེས་༡༦ཉིན་གར་འཆམ་སོགས་གནང་སྲོལ་ཡོད་པས་སྐབས་དེར་དད་ལྡན་མང་པོ་གནས་དེར་འདུས་པ་ཡིན།

ཡང་བཀྲ་ཤིས་འཛོམས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་༩༠ཙམ་སོང་ན་རྗེ་སྨན་ཁང་པས་ཕྱག་བཏབ་གནང་བའི་མཁའ་མཐའ་དགོན་ནམ་ཐར་པ་གླིང་དགོན་ཞེས་དགེ་ལུགས་པའི་དགོན་ཞིག་མཇལ་རྒྱུ་ཡོད། དགོན་དེ་ནི་ཇོ་མོ་གླང་མའི་ལྷོ་ངོས་སུ་གནས་པ་ཡིན།


གངས་རི་ཇོ་མོ་གླང་མ།

རོང་ཕུ་དགོན་པ་ནས་ཇོ་མོ་གླང་མའི་སྒར་ས་དང་པོ་བར་ལ་སྤྱི་ལེ་བརྒྱད་ཙམ་ཡོད་པས། ལ་ལ་རླངས་འཁོར་ལ་སྟོད་པ་དང་། ལ་ལ་ཤིང་རྟ་འཁོར་ལོར་སྟོད་པ་། ལ་ལ་སྦག་སྦག་བཞོན་ཏེ་འགྲོ་བ་སོགས་བྱེད་པ་ཡིན། ་འོན་ཀྱང་མང་པོ་ཞིག་ནི་དད་གུས་མཚོན་ཕྱིར་རྐང་ཐང་མར་འགྲོ་གི་འདུག་ སྒར་ས་ཞེས་པ་ནི་རི་འཛེགས་མཁན་གྱི་ངོས་ནས་བཤད་པ་འདྲ། དེར་ཟ་ཁང་ཡོད་ལ་རི་འབུར་ཞིག་ཡོད་པ་དེའི་སྟེང་དར་ཕུང་ཡང་འདུག་དེ་ནས་ཇོ་མོ་གླང་མ་མཇལ་བ་དང་། བོད་པ་ཚོས་བསངས་དང་གསེར་སྐྱེམས་གཏོང་བ་དང་། དར་ལྕོག་འཛུགས་པ་། སྐུ་པར་བསྒྲོན་པ་བཅས་བྱེད་པ་དང་། མི་རིགས་གཞན་ཚོས་དགའ་ཚོར་ཆེན་པོས་སྐུ་པར་བསྒྲོན་པ་དང་། སྐད་བསངས་མཐོན་པོས་“ཇོ་མོ་གླང་མ་”ཞེས་འབོད་པ་དང་ཆབས་ཅིག་ལག་པ་གཡུགས་གཡུགས་བྱེད་ཀྱི་འདུག་ དེ་ལྟར་འབོད་པ་མཐོང་དུས་ཇོ་མོ་གླང་མ་ནི་བེམ་པོ་མ་ཡིན་པའི་སྣང་བའང་འཆར་། ས་དེ་ནས་གངས་རིའི་འདབས་སུ་འགྲོ་བ་ལ་ཕར་བལྟས་ན་སྤྱི་ལེ་བཞི་ལྔ་ཙམ་ལས་མེད་སྣང་ཡང་། འཁྱག་རོམ་སོགས་ཀྱིས་འགྲོ་སྐྱོད་དཀའ་ལ་ཉེན་ཁ་ཆེ་བས་ཉིན་གཅིག་ཙམ་འགོར་བ་ཡིན་ཞེས་འགྲོ་མྱོང་བ་ཚོས་ཤོད་ཀྱི་འདུག་ སྒར་ས་དང་པོ་དེ་རང་དུའང་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༥༢༠༠ཙམ་གྱིས་མཐོ་བའི་ས་བབས་ཡིན་། གངས་རིའི་གཡས་ངོས་ཀྱི་རི་ལྡེབས་སུ་འཛིགས་ན་གངས་རིའི་འདབས་ཀྱི་མཚིའུ་རྣམས་ཚོས་མདོག་མ་གཅིག་པ་སོ་སོར་མཇལ་བ་ཡིན།

གངས་རི་དེར་ཇོ་མོ་གླང་མ་ཞེས་མིང་དེ་ལྟར་ཐོགས་དོན་ནི་འདི་ལྟར་དེའང་མི་ལོ་སྟོང་ཕྲག་མང་པོའི་སྔ་རོལ་དུ་གནས་དེར་ནགས་ཚལ་སྟུག་ཅིང་གཅན་གཟན་སྟག་གཟིག་དོམ་དྲེད་ཀྱི་གནས་བཅའ་ཞིང་། འདྲེ་སྲིན་དུག་པ་ཅན་སྒྱུ་བའི་ཡུལ་ཞིག་ཡིན་བ་ལ་དེ་རྗེས་གུ་རུ་རིན་པོ་ཆེ་གནས་དེར་ཞབས་བཅག་ འདྲེ་སྲིན་དུག་པ་ཅན་རྣམས་དམ་ལ་བཏགས། ཚེ་རིང་མཆེད་ལྔའི་ནང་ཚན་མི་གཡོ་གླང་བཟང་མ་གངས་རིའི་གཟུགས་སུ་བསྒྱུར་བས་ཇོ་མོ་གླང་མ་ཞེས་པ་དེ་ལྟར་ཐོགས་ཞེས་གསུངས་། གཞན་ཡང་བོད་སྐྱོབ་པའི་གངས་ཆེན་བརྒྱད་དུ་གྲགས་པ་ནི་《བྱང་གཏེར་བཀའ་བརྒྱད་རང་བྱུང་རང་ཤར་》དུ་གངས་རིའི་རྒྱལ་པོ་གངས་ཅན། གངས་རིའི་བློན་པོ་ཐང་ལྷ། གངས་རིའི་དམག་པོན་སྤོམ་ར། ཞེས་དང་ ཡར་ལ་གཤམ་པོ་ལྷ་ཡི་གངས། གང་བ་བཟང་པོ་གནོད་སྦྱོན་གངས། རོང་ཕུ་འཁྱིལ་བ་རྫ་ཡི་གངས་། བུ་ལི་དཀར་བ་ཀླུ་ཡི་གངས། རྟ་སོ་བཀྲམ་པ་བཙན་གྱི་གངས་བཅས་ཡིན་གསུངས།

དེང་སང་ཤོད་སྲོལ་ལྟར་བྱས་ན་ཇོ་མོ་གླང་མ་ནི་རྒྱ་མཚོའི་ངོས་ལས་སྦྱི་ཁྲི་༨༨༤༨ཙམ་གྱིས་མཐོ་བའི་རི་བོ་ཡིན་སྟབས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་དང་། ཉི་མ་དང་ཐག་ཉེ་ཤོས་བཅས་མདོར་ན་འཛམ་གླིང་གི་ཏོག་ལྟ་བུ་ཞིག་ཡིན་ཞེས་ཟེར་


དིང་རི་གླ་འཁོར་དགོན།

ཤེལ་དཀར་ཞིབ་བཤེར་ས་ཚུགས་ནས་སྤྱི་ལེ་༦༠ཙམ་ནུབ་ངོས་སུ་འཁོར་ལམ་དེད་སོང་ན་དིང་རི་སྒང་དཀར་རམ་དིང་རི་རྙིང་པར་འབྱོར་ཞིང་དེ་ནས་སྤྱི་ལེ་༡༨ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ལྷོ་ནུབ་ངོས་སུ་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་དིང་རྡོ་སྨུག་པོ་ཞེས་པའི་རྡོ་དེ་ཕྱག་ལ་བཞེས་ཏེ། ངས་རྡོ་འདི་གཡུགས་ནས་གང་དུ་བབ་ཀྱང་དེར་ངའི་འགྲོ་དོན་ཡོད་ཅེས་གསུངས་ཏེ་གཡུགས་གནང་བས་ད་ལྟའི་དགོན་ཆགས་ཡུལ་གྱི་འགོ་ཏུ་བབས། ཡུལ་གྲུ་ཀུན་དུ་ “དིང་”ཞེས་པའི་སྒྲས་ཁྱབ་པས་དིང་རི་ཞེས་པ་དེ་ལྡར་བྱུང་། དེ་ནས་དམ་པ་གནས་དེར་ཕེབས་ཏེ་གསུང་གཏོར་གནང་བཞིན་བཞུགས་པའི་སྐབས་ཡུལ་གྲུ་ཀུན་དུ་ཁ་བ་བབས་ཏེ་སྐྱ་ཐིང་ངེར་ཡོད་པ་ལ་དིང་རྡོ་སྨུག་པོ་ཡོད་སར་ཁ་བ་མེད་པ་དང་། གླ་བ་མ་བུ་བདུན་གྱིས་རྡོ་དེར་བསྐོར་ནས་ཡོད་པ་དམ་པས་གཟིགས་ཏེ་ད་ངའི་དགོན་པ་གནས་འདིར་འདེབས་གསུངས་ནས་ཨ་ཙ་ར་༡༠༨ལ་སྤྲུལ་ཏེ་སྤྲུལ་པའི་ལྷ་ཁང་བཞེངས་གནང་མཛད།དིང་རྡོ་སྨུག་པོ་ནང་རྟེན་དུ་བཞུགས། དིང་རྡོ་སྨུག་པོར་གླ་བས་བསྐོར་བས་ “དིང་རི་གླ་འཁོར་”ཞེས་པ་དེ་ལྟར་བྱུང་ཞེས་གསུངས་། ཡང་གསུང་སྲོལ་གཞན་ཞིག་ལ་ཡུལ་དེ་དང་ཉེ་བར་སྤོང་རོང་ཞེས་འབྲོག་པའི་དཔོན་པོ་ཞིག་ཡོད་པ་དེས་དམ་པར་གསེར་ཕུལ་པས་འདི་ས་སེར་དང་མཚུངས་ཞེས་གསུངས་ཏེ་མ་བཞེས་། ཡང་དངུལ་ཕུལ་བས་འདི་བྱེ་མ་དང་སྙམ་ཞེས་མ་བཞེས་། དེ་ནས་དམ་པས་ཁྱོད་དད་པ་ལོག་གམ་ཞེས་གསུངས་པར་། སྤོང་རོང་རྒྱལ་པོས་ཅུང་ཟད་ལོག་ཅེས་ཞུས་། ད་འོ་ན་ཁྱོད་ལ་ཕུགས་ཟོག་དཀར་པོ་དཀར་རྐྱང་ཞིག་འདུག་པ་དེ་ང་ལ་སྤྲོད་དམ་ཞེས་གསུངས་པར་། སྤོང་རོང་རྒྱལ་པོས་ང་ལ་ཟོག་དཀར་པོ་དཀར་རྐྱང་གླང་འདི་ཡིན་ཞེས་ཞུས་ཏེ་གླང་དཀར་པོ་དེ་དམ་པར་ཕུལ། དམ་པས་འོ་འདི་རང་ཡིན་གསུངས་ཏེ་གླང་དེ་བཞེས། གླང་དེ་ནི་བྱང་ཆུབ་སེམས་པའི་སྤྲུལ་པ་ཡིན་པས་ཆུ་གླང་བྱང་ཆུབ་སེམས་དཔའ་ཞེས་དབྱར་གྱི་དུས་སུ་མཚམས་པ་བ་རྣམས་ལ་ཆུ་ཕུལ། དགུན་གྱི་དུས་སུ་འཁྱག་པ་ཕུལ་གནང་བས་དིང་རི་གླང་འཁོར་ཞེས་ཀྱང་གསུང་སྲོལ་ཆགས་ཚུལ་དེ་ལྟར་ཡིན་། དེ་ནས་རིམ་བཞིན་བླ་མའི་མཛད་འཕྲིན་གྱིས་སློབ་མ་༡༠༨ཙམ་བར་འཕེལ། ཞི་བྱེད་ཀྱི་གཅོད་རྒྱུད་སྤེལ་གནང་མཛད་པ་པོ་ཏི་བཞི་ཙམ་ཡོད། བོད་ལ་ཐེངས་བདུན་ཕེབས་པ་ལ་ཕྱེད་ཙམ་མགྱོགས་རླུང་བསྒོམས་སྟེ་ཕེབས། ཕྱེད་ཙམ་ཕྱག་རྒྱུག་བཙུགས་ཏེ་ཕེབས་ཞེས་གསུངས། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་སྐུ་རྒྱུ་ཨར་ཀ་ལས་གྲུབ་པ་འོག་ཀླུ་ཡུལ་ནས་ཕེབས་པ་ཞེས་པའི་དམ་པའི་སྐུ་བརྙན་མི་ཚད་མ་དང་། དིང་རྡོ་སྨུག་པོ། ཆུ་གླང་བྱང་ཆུབ་སེམས་དཔའི་ཚེམས་དང་རིང་བསྲེལ། སྐུ་རྒྱུ་ལི་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མང་པོ་དང་སྐུ་རྒྱ་དེ་མཚུངས་ཀྱི་བདེ་གཤེགས་མཆོད་རྟེན་བརྒྱད་ལ་སོགས་པ་མཇལ་རྒྱུ་ཡོད། དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡༤ཉིན་མྱང་ཆོས་ཞེས་པའི་དུས་ཆེན་ཞིག་ཡོད་པ་དེ་ནི་སྔོན་དུས་ཚོད་དེ་ཉིན་དམ་པ་སྐུ་གཤེགས་དིང་རི་བ་རྣམས་ཀྱིས་མྱ་ངན་དྲག་པོས་སྨྲེ་སྔགས་བཏོན་པས། དམ་པ་སླར་ཡང་ཚུར་གསོས་དེ་《དིང་རི་བརྒྱ་ཚར་》ཞེས་པའི་བསླབ་བྱ་གསུང་བཞིན་ད་མྱ་ངལ་མ་བྱེད་མྱང་ཚོས་བགྱིས་གསུང་ཏེ་ཞབས་བྲོ་བསྐྱོན་གནང་བས་ད་ལྟའང་བོད་ཟླ་༤ཚེས་༡༤~༡༥སོ་སོར་ཐུན་མོང་མ་ཡིན་པའི་བྲོ་གར་དེ་འཁྲབ་སྲོལ་ཡོད་ཀྱང་རྒན་རབས་ཁ་ཤས་ཀྱིས་མ་གཏོགས་ཤེས་མཁན་མེད།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་དམ་པའི་སྐུ་བརྙན་དང་། ཐང་སྟོང་རྒྱལ་པོ། རྗེ་བཙུན་མི་ལ་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད་ལ་དགོན་དེའི་རྒྱབ་རིའི་རྩེར་གླང་འཁོར་རྩེ་ཞེས་པའི་གྱང་རོའང་མཇལ་རྒྱུ་ཡོད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།