མངའ་མཛད་བྱུང་བའི་དུས་རབས། ༣

གཉིས།   གདོད་མའི་བོན་དང་ཤེས་རིག
1. གདོད་མའི་བོན་ནི།   བསྐལ་པ་ཡ་ཐོག་གི་གདོད་མའི་མི་རྣམས་ལོ་ཟླ་ཞག་དུས་མང་པོ་བརྒྱུད་ནས་འཚོ་བ་སྤྱོད་པའི་གོ་རིམ་ནང་དུ་རང་བྱུང་ཁམས་སུ་ཐུག་པའི་དཀའ་ངལ་སྣ་ཚོགས་པ་ཞིག་དང་འཕྲད་ཚེ།     དེ་དག་བྱེད་པོ་འགྲོ་བ་མི་ཡི་ནུས་སྟོབས་ལས་བརྒལ་བའི་ལྷ་འདྲེ་ཞིག་ཡོད་པར་ངོས་འཛིན་བྱས་ཏེ་ལྷ་མཆོད་པ་དང༌།    འདྲེ་བཀར་བའི་ཆོས་ལུགས་དེ་ལ་བརྡོལ་བོན་ཟེར་ཞིང༌།     དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་》ལས།   “རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་ནས་བོད་དུ་དར་བའི་ཆོས་ལུགས་དེ་ནི་བོད་ས་གནས་རང་དུ་ཐོག་མར་བྱུང་བའི་བོན་ཡིན་པས་མིང་ལ་བརྡོལ་བོན་ཟེར།     ཆོས་ལུགས་དེ་ནི་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་རྨང་གཞིའི་ཐོག་འབྱུང་བ་ལྔའི་ལྷ་དང༌།     ཡུལ་ལྷ།    ཁྱིམ་ལྷ།    དགྲ་ལྷ།      ཞང་ལྷ་སོགས་ལྷ་རིགས་མི་འདྲ་བ་མང་པོ་ཡོད་པ་དེ་ཚོར་སེམས་ཅན་བ་ཕྱུགས་དང་ར་ལུག་ཤ་བ་སོགས་བསད་ནས་མཆོད་པ་འབུལ་བ་དང༌།     མི་ཤི་ནས་འདྲེ་རུ་འགྱུར་བ་དང༌།     ལྷ་རུ་སྐྱེ་བ་ཡོད་པར་མ་ཟད།     ལྷ་འདྲེ་ཤི་ནས་མི་ལ་སྐྱེས་པའང་ཡོད་པས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་གྱི་ཡོད།    ”ཅེས་གསུངས་པ་ལྟར།     སྐབས་དེའི་མི་རྣམས་ལ་རང་བྱུང་ཁམས་ཀྱི་ཤྭ་འོད་དང༌།     ས་ཡོམ།   ཐོག་སེར།    གངས་ཐན་སོགས་ཀྱི་གནོད་པ་བྱུང་ཚེ།       དེ་དག་བཟློག་པའི་ཐབས་སུ་ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་མཆོད་དང་འཕྲིན་བཅོལ་བྱེད་དེ།     རྩི་ཤིང་སྣ་ཚོགས་མེ་ལ་སྲེག་སྟེ་བསང་དུད་གཏོང་བ་དང༌།     འབྲུ་རིགས་སྣ་ཚོགས་དང༌།    སེམས་ཅན་སྣ་ཚོགས་བསད་པའི་ཤ་ཁྲག་བཅས་ཀྱིས་མཆོད་པ་བྱེད།     མི་ལ་ན་ཚ་བྱུང་ན།     གདོན་འདྲེ་ལས་བསླུ་བའི་ཐབས་སུ་སེམས་ཅན་མང་པོ་བསད་པའི་ཤ་ཁྲག་གཏོར་ནས་གདོན་འདྲེ་ཚིམས་ཤིང་ནད་ལས་ཐར་བའི་རེ་བ་བྱེད།    མི་འཆི་བའི་ཚེ།    རང་གི་རྒྱན་གོས་དང་ནོར་རྫས་སོགས་ཕུང་པོ་དང་ལྷན་ཅིག་དུར་དུ་རྫོང་ཞིང༌།     གཤིན་པོའི་དགེ་རྩ་རུ་སེམས་ཅན་མང་པོ་བསད་དེ་ལྷ་མཆོད་ཀྱིན་ཡོད་པའི་ཚུལ་ནི་དེང་དུས་ཀྱི་《གླུད་མདོས་ཀྱི་ཆོ་ག་》རྣམས་དང༌།  《དུར་ཆོག་》རྣམས་ལ་ཞིབ་ཏུ་དཔྱད་ནའང་གདོད་མའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པ་དེ་རགས་ཙམ་མངོན་ཐུབ།
2. ཤེས་རིག་ལག་རྩལ་སྐོར་ལ།   དེ་ལྟར་དུས་ཡུན་རིང་པོར་དཀའ་ངལ་གྱི་འཚོ་བ་བརྒྱུད་མར་བྱུང་བའི་གོ་རིམ་ནང་དུ།     དུས་རྒྱུན་གྱི་ལས་ཀའི་ཉམས་མྱོང་མང་པོ་ཞིག་བསགས་ནས་ལག་ཆ་མི་འདྲ་བ་སྣ་ཚོགས་པ་ཞིག་བཟོ་རྒྱུའི་བསམ་བློ་འཁོར་ནས།     དང་པོ་རྡོ་དང་དབྱུག་པའི་ལག་ཆ་ཐབས་ཆག་ཙམ་བཟོ་ཤེས་པ་བྱུང་བ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ།     སྟ་རེ།   འཇོར།   གྲི།   མདའ་གཞུ།     མདུང༌།   ཁབ་བཅས་ཀྱི་ལག་ཆ་བཟོ་ཤེས་པ་བྱུང༌།   དེ་དག་ཀྱང་ཐོག་མར་རྡོ་དང༌།     དེ་ནས་སེམས་ཅན་གྱི་རུས་པས་བཟོས།     མཐར་ཟངས་རྡོ་བཞུས་ནས་ཟངས་ལེན་ཤེས་པ་བྱུང་བ་ནས་བཟུང་ཟངས་ཀྱིས་བཟོས་པའི་ལག་ཆ་དང༌།  རྒྱན་ཆ་མང་པོ་ཞིག་བྱུང༌།    སྣོད་ཆས་ཀྱི་སྐོར་ལ།    ས་འདག་གི་རྫ་མ་བཅའ་ཤེས་པར་བྱུང་བ་ནས།     རྒྱུན་སྤྱོད་ཀྱི་སྣོད་ཆས་སྣ་ཚོགས་པ་ཞིག་བཟོས་ཡོད་དེ།   ཆུ་སྣོད་ཀྱི་རྫ་མ་ཆེན་པོ་དང༌།    ཆུང་བ་ལ་ཡོས་རྔོད་བྱེད་དང༌།    ཤ་འཚོད་བྱེད་སོགས་ཀྱི་གཡོས་རྫ་ཆེ་ཆུང་སྣ་ཚོགས།   ཆུ་སྐོལ་བྱེད་ལ་རྫ་བུམ་ཆེ་ཆུང་སྣ་ཚོགས།    གཞན་ཡང་རྫ་ཡི་ཕོར་པ་དང༌།   སྡེར་མ་སོགས་མང་པོ་ཞིག་བཟོས་ཡོད།     སྒོ་ཕྱུགས་དང་རི་དྭགས་རིགས་ཀྱི་ལྤགས་རིགས་དང་སྤུ་རིགས་བེད་སྤྱོད་བྱེད་སྟངས་སྐོར་ལ།     འབྲི་གཡག་སོགས་ཀྱི་ཀོ་བས་ལྷམ་དང༌།    ལྷམ་མཐིལ།     འོག་སྟན།    སྒྲོ་བ་སོགས་ཁུག་སྣོད་ཆེ་ཆུང་སྣ་ཚོགས།   འོ་མ་དཀྲོགས་བྱེད་ཀྱི་རྐྱལ་པ་སོགས་སུ་བྱས་ཡོད།     པགས་པ་ཡིས་སློག་པ་སོགས་གྱོན་ཆས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་བཟོས་པ་དང་།      སྤུ་རིགས་འཇམ་ཤོས་རིགས་དག་གིས་སྐུད་པ་བཀལ་ཏེ་འཚེམ་བུ་བྱེད་སྤྱད་དང༌།     སྣམ་བུ་འཐག་སྟེ་གྱོན་ཆས་བཟོ་བ།    རྩིད་པས་ཐག་པ་བསྒྲིམས་ཏེ་ཞགས་ཐེག་དང་ཁུར་ཐིག་བྱས་ཤིང་།    ད་རུང་རེ་བ་འཐག་སྟེ་སྦྲ་ཡང་བཟོ་ཤེས་པ་བྱུང༌ཡོད་པ་རེད།    རྒྱན་ཆས་ཀྱི་རིགས་ལ་སྐྲ་གཟེར།   རྣ་རྒྱན།    ལག་གདུབ་སོགས་བཟོ་བའི་ལག་ཤེས་བྱུང་ལ།     གཞན་ཡང་ཞིང་འབྲོག་བར་གྱི་འཚོ་བའི་ཉེར་མཁོ་རྣམས་བརྗེ་རེས་དང༌།     གོང་གསལ་ཐོན་རྫས་ཀྱི་དངོས་པོ་དེ་དག་གི་ཉོ་ཚོང་ཕྲན་བུ་སོགས་ཚོང་ལས་ཀྱི་བྱེད་སྒོ་ཡང་མི་ཉུང་བ་ཞིག་བྱུང་ཡོད།     ལྷག་པར་དུ་མ་སངས་སྤུན་དགུའི་དུས་སུ་དངོས་པོ་ཉོ་ཚོང་བྱེད་པའི་ཚོང་འབྲེལ་གྱི་ལས་ཀ་དང༌།     དངོས་པོ་བགོ་བྱེད་ཀྱི་ལག་ཆ་ལ་ཤྭོ་བེད་སྤྱོད་བྱེད་སྲོལ་བྱུང་ཡོད།    རྒྱལ་ཕྲན་སིལ་མ་བཞི་བཅུའི་སྐབས་སུ་བོན་ལ་སྐྱབས་སུ་འགྲོ་ཞིང་ཐར་པའི་ལམ་སྒྲུབ་པ་དང༌།      ལྷ་ཁང་བརྩེགས་ཤིང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཆོས་ལུགས་ཀྱི་ལས་ཀ་མང་པོ་བྱེད་པའི་སྲོལ་བྱུང༌།     གཞན་ཡང་མ་སངས་སྤུན་དགུ་དང༌།   ཟ་རམས་སྐྱེས་དྲུག་དང༌།     སིལ་མ་བཅུ་གཉིས་དང༌།     སིལ་མ་བཞི་བཅུ་བཅས་ཀྱི་དུས་སྐབས་བཞི་པོ་འདིའི་དུས་སུ་ལྕགས་གཏེར་རྙེད་ནས་ལྕགས་རིགས་ཀྱི་ལག་ཆ་བེད་སྤྱོད་བྱེད་ཐུབ་པ་བྱུང་ཞིང༌།     ཤིང་བཟོ་དང་རྡོ་བཟོའི་ལག་རྩལ་ལ་མཛེས་ཆ་ལྡན་ཞིང་སྤུས་ཚད་དག་པོ་བྱེད་ཤེས་པ་བྱུང་ཡོད་པ་དང༌།      ཕྱུགས་རིགས་དཀར་ནག་མང་པོའི་སྤུ་བྲེག་ནས་ཐགས་ལས་བྱེད་པ་སོགས་ཕྱུགས་ལས་ཐོན་སྐྱེད་ལ་ཡར་ཐོན་བྱུང་བ་དང༌།     ཡུལ་གྱི་ས་བབ་དང་དུས་བཞིའི་གནམ་གཤིས་བཅས་ལ་བརྟགས་ནས་ས་ཞིང་རྨོན་འདེབས་ཀྱི་ལས་ཀ་བྱེད་ཤེས་པ་བྱུང་བ་བཅས་ཆོས་ལུགས་དང་རིག་གནས་གཉིས་ཀའི་ཕྱོགས་ལ་རིམ་བཞིན་ཡར་རྒྱས་ཆེན་པོ་བྱུང་ཡོད་པའི་ཚུལ་ནི།
《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས།    །
བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ།    །
ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས།    །
སྔ་རྟགས་མདའ་མདུང་མཚོན་ཆ་རྩེ་བ་དང༌།    །
བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང༌།   །
དེ་རྗེས་ཟ་རམས་སྐྱེས་དྲུག་གིས་དབང་བྱས།    །
ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས།    །
སྔ་རྟགས་མགོ་རྒྱན་རྣ་ཆ་བཏགས་པ་དང༌།    །
གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང༌།   །
དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ།    །
ཡུལ་མིང་བོད་ཡུལ་སྤ་ཁ་ཆེ་བརྒྱད་ཅེས།    །
སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང༌།   །
སྔར་གྱི་སྒྲུང་གཏམ་ཕྱིས་མིས་བཤད་པ་བྱུང༌།    །
དེ་རྗེས་དེ་གྱེས་རྒྱལ་ཕྲན་སིལ་མ་ནི།
བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུ་ཞེས།   །
སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་པ་སྒྲུབ།    །
ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་བྱུང༌།    །
དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ།    །
ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས།   །
སྤུ་བྲེག་ཐག་འཚེམ་ཞིང་འདེབས་སོགས་ཤེས་དུས།
འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང༌།    །
ཞེས་གསུངས།   །
ཁམས་པའི་དྲ་བ་ལས་བཏུད།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།