བོད་བཙན་པོའི་སྐབས་ཀྱི་དམག་དོན་དང་སྲོལ་རྒྱུན་ལུས་རྩལ།

དང་པོ། བོད་ཀྱི་སྲོལ་རྒྱུན་དམག་དོན་བྱུང་ཚུལ།

བོད་ཀྱི་སྲོལ་རྒྱུན་དམག་དོན་ཐོག་མར་བྱུང་ཚུལ་ནི་དེབ་ཐེར་ཀུན་གསལ་མེ་ལོང་ལས“རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་གཅིག་གྱུར་བཟོ་བའི་མགོ་བརྩམས་པ་དང་མཐའ་བཞིའི་རྒྱལ་ཕྲན་རྣམས་ལ་དམག་དྲངས་ནས་རྒྱལ་ཕྲན་རྣམས་ཀྱི་སུམ་ཆའི་གཉིས་ཙམ་མངའ་འོག་ཏུ་འདུས”ཞེས་གསལ་བ་དང་དེ་ནས་རྒྱལ་ཁབ་ཀྱིས་མངའ་ཁོངས་རྒྱ་ཆེར་ཕྱིན་པས་ཆབ་སྲིད།དཔལ་འབྱོར། རིག་གནས་བཅས་ཉིན་བཞིན་གོང་དུ་འཕེལ།དེ་ནས་སྲས་གནམ་རི་སྲོང་བཙན་འཁྲུངས་ནས་སྲིད་བསྐྱངས་ཏེ་སྐབས་དེ་དུས་ཡང་མཐའ་བཞིའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྒྱུར་མཐར་ནང་ཟིང་དང་ངོ་རྒོལ་དམག་འཁྲུག་བྱུང་ནས་གནམ་རི་སྲོང་བཙན་བཀྲོངས་པས་སྲས་སྲོང་བཙན་སྒམ་པོའི་སྐབས་བོད་ཁམས་གཅིག་གྱུར་བྱེད་པའི་དམག་འཁྲུག་ལངས་པ་དང་ཕྱིས་ཀྱི་མངའ་ཁོངས་རྒྱ་སྐྱེད་ཀྱི་གཡུལ་འགྱེད་བྱས་པ་ནས་བཟུང་རིམ་གྱིས་བོད་ཀྱི་སྲོལ་རྒྱུན་དམག་དོན་ལམ་ལུགས་དར་བ་ཡིན་ལ།མཚོ་བོད་ས་མཐོའི་སྟེང་གི་བོད་རིགས་འདི་ཉིད་ཆབ་སྲིད་ཀྱི་དབང་ཤུགས་ངེས་ཅན་ལྡན་པ་དང་སྐབས་འགར་ཆབ་སྲིད་ཀྱི་དབང་ཤུགས་དང་རྩལ་ལག་ཡོངས་སུ་མ་རྫོགས་གོང་ནས་དམག་དོན་དང་འཐབ་འཁྲུག་ཡང་ཡང་བྱུང་ཡོད། བཙན་པོ་སྲོང་བཙན་སྒམ་པོས་དྲག་པོའི་དམག་དཔུང་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གཅིག་གྱུར་བྱས་ཏེ་རྒྱལ་སྲིད་འཛུགས་སྐབས་དཔུང་ཚོགས་ཀྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེར་ཕྱིན་པ་དང་ཆབས་ཅིག་འཐབ་འཁྲུག་གི་ཆོས་ཉིད་དང་ས་མཐོའི་གནས་ཚུལ་དངོས་མཚོན་པའི་དམག་དོན་གྱི་ལམ་ལུགས་ཀྱང་རིམ་བཞིན་བྱུང་བ་ནས་བཟུང་།བོད་ཀྱི་བཙན་པོ་མང་པོས་རྗེས་སུ་ཡང་མནའ་འབྲེལ་དང་དམག་དོན་གཉིས་ཀྱི་སྒོ་ནས་མངའ་ཁོངས་རྒྱ་སྐྱེད་གཙོ་དོན་དུ་བཟུང་བས་འཐབ་འཁྲུག་གི་དཔུང་སྟོབས་ཇེ་ཆེར་ཕྱིན་པ་དང་དོན་དམ་དུ་བཙན་པོའི་རྒྱལ་རབས་འདི་དབུས་རྒྱུད་ཀྱི་མངའ་ཁོངས་རྒྱ་ཆེན་པོ་འཛིན་པའི་བཙན་པོའི་རྒྱལ་རབས་སྟོབས་འབྱོར་ཆེ་ཤོས་ཤིག་ཏུ་གྱུར་པས། སྐབས་དེའི་དམག་དོན་ལམ་ལུགས་ཀྱང་འཐུས་སྒོ་ཚང་བ་ཞིག་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ།

གཉིས་པ། བོད་ཀྱི་སྲོལ་རྒྱུན་ལུས་རྩལ་སྐོར།

རང་མི་རིགས་ལ་མི་རིགས་གཞན་དག་དང་འདྲ་བར་གནའ་རབས་ནས་རང་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྲོལ་རྒྱུན་ལུས་རྩལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན་མདའ་རྩེད་དང་གྲི་རྩེ། མདུང་རྩེད། སྦེ་ག རྡོ་འགྱོགས། རྟ་རྒྱུག མི་རྒྱུག གླང་པོ་གཉའ་ཐག རྐྱལ་རྩེད། རྡོ་སྒོར། འུར་རྡོ་སོགས་རྣམས་གྲངས་ཧ་ཅང་མང་པོ་ཡོད།དེ་དག་ཁག་ཅིག་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་རང་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་རིག་གནས་སྒྱུ་རྩལ་མངོན་པར་བྱེད་ལ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་ལུགས་དག་ཀྱང་གསལ་བར་བྱེད་ཀྱིན་ཡོད་པས།དེ་དག་ནི་སྔར་ནས་ད་བར་ཀྱི་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་འཕེལ་རིམ་ཡང་མིག་ལམ་དུ་འཆར་བར་བྱེད་དོ། །

1.བོད་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་འབྱུང་རྩའི་སྐོར།

སྔར་བཙན་པོའི་དུས་དང་ཡང་ན་བོད་ས་གནས་སྲིད་གཞུང་གི་སྐབས་ལ་དམག་འཁྲུག་ཧ་ཅང་མང་བ། དམག་དཔུང་གི་གཙོ་བོ་ནི་གཉིས་ཡོད་དེ་རྐང་དམག་དང་རྟ་དམག་ཞེས་གཉིས་སུ་ཡོད་པར་གསལ་བས་ཁོ་ཚོའི་མཐུ་རྩལ་ནི་མདའ་འཕེན་དང་ཞགས་འཕེན། རྡོ་འཕེན། འུར་རྡོ་ལ་སོགས་དང་བྲལ་ཐབས་མེད་པ་དམག་སྦྱོང་ཞེས་དམིགས་ སུ་བཀར་བ་ཞིག་མེད་ཀྱང་།དུས་རྒྱུན་དུ་རྟ་ཞོན་མདའ་འཕེན་རྡོ་འཕེན་སོགས་ནི་སྦྱོང་རྡར་བྱེད་པ་དང་མཚུངས་ཤིང་།དམག་རྒྱབ་ཚར་རྗེས་དེ་དག་གི་དམག་ཞོར་ལ་རི་དྭགས་རྔོན་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དགའ་སྤྲོའི་རྣམ་པ་ཞིག་མཚོན་པར་བྱེད་བཞིན་དུ་རིམ་གྱིས་གོམས་སྲོལ་འཇགས་པ་དང་དེ་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་དམག་འཁྲུག་ཉུང་དུ་སོང་བ་དང་།ཞི་བདེ་ལྷིང་འཇགས་བྱུང་ནས་དེ་སྔོན་གྱི་དམག་སྦྱོང་གི་བྱེད་སྒོ་དག་དང་དེ་བཞིན་དམག་ཞོར་ཀྱི་བྱེད་སྒོ་ལ་སོགས་གོམས་སྲོལ་དུ་གྱུར་ནས་རྗེས་སུ་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་གསར་བ་ཞིག་མཚོན་པར་བྱེད་པའི་དམངས་ཁྲོད་ལུས་རྩལ་གྱི་བྱེད་སྒོ་ཞིག་ལ་འགྱུར་བ་མིན་ནམ་སྙམ། དུས་རབས་ཀྱི་འཕོ་འགྱུར་དང་མི་རྣམས་ཀྱི་ལྟ་བ་གསར་བ་ཞིག་བརྙེད་ནས། མཐར་དེང་རབས་རོང་འབྲོག་དང་དེ་བཞིན་གྲོང་ཁྱེར་སོགས་ལ་སྲོལ་རྒྱུན་གྱི་ཡུལ་གོམས་གཤིས་ལུགས་དང་ལྡན་པའི་ལུས་རྩལ་ཞིག་ལ་ངོས་བཟུང་སྟེ།དུས་ཆེན་གྱི་སྐབས་རང་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་རྒྱན་གོས་སྤྲད་དེ་རང་ཉིད་ཀྱི་དགའ་བ་དང་བཅས་ནས་བྱང་ཆུབ་པའི་ལུས་རྩལ་བྱེད་སྒོར་ཞུགས་བཞིན་ཡོད།འོ་ན། ང་ཚོས་སྲོལ་རྒྱུན་ལུས་རྩལ་དག་ནི་སྔར་བོད་དམག་གི་དམག་སྦྱོང་དང་འབྲེལ་བ་དམ་དུ་ཡོད་པ་མི་མཁྱེན་ནམ། ད་དུང་ལོ་རྒྱུས་དེབ་ཐེར་ཁག་ནང་གི་རྟ་རྩེད་སྤོ་ལོ་ངོས་ནས་བརྗོད་ན་དེ་ཡང་སྲོལ་རྒྱུན་ལུས་རྩལ་ཞིག་ཡིན་ལ་སྔར་བོད་དམག་རྣམས་དམག་སྦྱོང་བྱེད་པའི་རྩལ་ཞིག་ཡིན་པ་དེ་བས་ཀྱང་ང་ཚོར་ར་སྤྲོད་གསལ་བོ་བྱུང་ཡོད་ལ་དེང་རབས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟ་རྒྱུག་ལ་སོགས་པར་སྔར་བོད་ཀྱི་རྟ་དམག་གི་ངོས་ཤིག་མི་མངོན་ནམ།

2.དེང་སྐབས་དངོས་སུ་མཐོང་རྒྱུ་ཡོད་པའི་ཆེས་སྔ་བའི་སྲོལ་རྒྱུན་ལུས་རྩལ་གཙོ་ཆེ་བ་ཁག་གི་སྐོར།

གནའ་བོའི་དུས་ནས་བོད་རིགས་ཀྱི་སྒྱུ་རྩལ་རྣམ་པ་མང་དུ་མཆིས་པའི་ནང་ཚན་རྟ་རྩལ་འགྲན་པ་ལྟ་བུར་ཆ་མཚོན་ན་རྟ་ཐོག་ནས་འཁོར་གསུམ་གྱི་རྩལ་སྣ་འགྲན་པ་སོགས་ཀྱི་དབྱེ་བ་ཡོད།སྔ་དུས་བོད་བྱང་འབྲོག་ཁུལ་དང་ས་མ་འབྲོག་ཁུལ་དུ་རྒྱུག་མ་གཏོང་བའི་དར་སྲོལ་ཤུགས་ཆེ་པོ་ཡོད་པ་ནི་ལོ་ན་བཅུ་ནས་བཅུ་གཉིས་བར་སོན་པའི་བྱིས་པ་དག་གིས་བདེ་ཆས་སྤྲད་ནས་མགོ་ལ་ཐོད་འཆིང་དཀར་པོ་དཀྲིས་ཏེ་སྒལ་ཧྲེང་པའི་རྟ་ལ་བཞོན་ནས་རྒྱང་ཐག་སྤྱི་ལེ་བཅུ་ཙམ་གྱི་སར་རྟ་བཟང་བཅུ་ཕྲག་དུ་མ་དུས་གཅིག་ཏུ་བརྒྱུགས་ནས་མགྱོགས་རྩལ་འགྲན་པ་དེ་ལ་རྒྱུག་མ་ཞེས་གྲགས་ཤིང་། རྟ་པ་ན་ཆུང་བྱིས་པ་ཤ་སྟག་ཡིན་ལ་ལོ་ན་ཅི་ཙམ་ཆུང་བ་དེ་ཙམ་གྱི་ལེགས་པར་བརྩི་བ་ནི་རྟ་ཐོག་ཏུ་ལྗིད་ཚད་ཡང་བའི་དགེ་མཚན་ལྡན་ཡོད་པ་དེ་ད་ལྟའི་དུས་སྐབས་ཀྱི་རྟ་རྒྱུག་འགྲན་སྡུར་ནང་དུ་ཡང་དེ་ལྟར་ཡིན།

རྟ་ཐོག་ནས་འཁོར་གསུམ་གྱི་རྩལ་ལག་འགྲན་པའི་རྟ་རྒྱུག་ནི་འབྲོག་ཁུལ་གང་སར་དར་ཁྱབ་ཆེ།དེ་ནི་གཙོ་བོ་རྟ་ཐོག་ནས་མདའ་དང་མདུང་མེ་མདའ་བཅས་ཀྱི་ཚ་ཁ་འགྲན་པར་བྱེད་པ་ཡིན། ད་དུང་སྤྱི་ལེ་གསུམ་ཙམ་གྱི་སར་སྐྱེ་བོའི་བང་རྩལ་འགྲན་པ་དེ་ལ་མི་རྒྱུག་ཟེར།།དེ་ནི་རྐང་བའི་སྟངས་སྟབས་སོགས་འགུལ་སྟངས་ཀྱི་ཐོག་ནས་མྱུར་ཚད་འགྲན་པ་ཁོ་ན་ཙམ་མ་ཡིན་པར་བང་རྩལ་དབུགས་ཐང་རིང་ཐུང་འགྲན་པའང་ཡིན་ཞིང་། དེ་བཞིན་སྐྱེ་བོའི་བང་རྩལ་འགྲན་པའི་ལུས་རྩལ་དེ་རིགས་ཕྱིས་དམངས་ཁྲོད་དུ་དར་ཁྱབ་དེ་ཙམ་ཆེ་བ་ཞིག་རང་མ་ཡིན། འོན་ཀྱང་ས་མ་འབྲོག་གི་ས་ཆ་ལ་ལར་རྟ་རྒྱུག་དང་གཡག་རྒྱུག་མི་རྒྱུག་སོགས་གཏོང་སྲོལ་ཡང་ཡོད།

རྟ་རྩལ་གྱི་ངོས་ནས་བརྗོད་ན་རྟ་རྩེད་སྤོ་ལོ་ཡང་ན་རྟ་རྩེད་ཕོ་ལོང་ནི་རྟ་རྩལ་གྱི་གྲས་སུ་མི་ཚུད་པ་ག་ལ་ཡིན། དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་དམག་སྦྱོང་བྱེད་པའི་ཐབས་ལམ་བཟང་ཤོས་དང་ལུས་ཀྱི་རྩལ་སྦྱོང་བའི་རིགས་ཤིག་ཡིན་པས།དེ་ནི་ཐོག་མར་བོད་ནས་དར་ཁྱབ་ཕྱིན་པ་ཞིག་ཡིན་པ་དཔྱད་གཞིའི་ཡིག་ཆ་ཁ་ཤས་ཀྱི་ཐོག་ནས་གསལ་རྟོགས་ཐུབ།དེ་ཡང་དགེ་རྒན་ཆེན་མོ་ཝང་ཡའོ་ལགས་ཀྱིས་ཀྱང“རྟ་རྩེད་སྤོ་ལོ་ནི་ཐོག་མར་ཐུ་བོད་ནས་བྱུང་སྟེ་རིམ་གྱིས་ནུབ་ཕྱོགས་ལ་དར་ཞིང་དེ་ནས་ཨ་ཤེ་ཡའི་དཀྱིལ་དང་ཡོ་རོབ་ཀྱི་སྐམ་ས་སོགས་ལ་དར”ཞེས་གསུངས་པར་གཞིགས་ན་རྟ་རྩེད་སྤོ་ལོ་ཡང་བོད་མི་རིགས་ཀྱི་སྒྱུ་རྩལ་མངོན་པའི་ལུས་རྩལ་ཞིག་ཡིན་ལ།དེ་ཡང་ལོ་རྒྱུས་དང་དམ་དུ་འབྲེལ་བའི་ལུས་རྩལ་ཞིག་ཡིན། མདའ་རྩེད་ལ་རྒྱང་མ་དང་ཚ་མདའ་ཞེས་ཁག་གཉིས་སུ་དབྱེ་བ་ཡོད། ཚ་མདའི་བྱེ་བྲག་བེ་ཤུ་ཟེར་བ་ཡང་ཡོད།དེ་ནི་མདའ་རྩེར་བེ་ཤུ་སོགས་མཁྲེགས་ཤིང་བསྒྲུབས་པའི་སྒོང་དབྱིབས་སྣུབས་ཅན་བུ་ག་བཞི་ལྡན་བསྒར་བ་འཁངས་མ་ཐག་ཤུ་སྒྲ་ཐོན་པ་དེ་ཡིན། དེ་དབྱར་དུས་དགའ་སྐྱིད་ལ་རོལ་བའི་ཚེ་རྟག་པར་འགྲན་པའི་མདའ་རྩེད་ཁྱད་པར་བ་ཞིག་ཡིན། ད་དུང་དེར་མདའ་དབེན་དང་ཚ་མདའི་ཁོངས་སུ་ཡང་གཏོགས།མདའ་འབེན་ནི་རྒྱང་ཐག་སྤྱི་ཁྲི་ཉི་ཤུ་ལྷག་ཙམ་གྱི་མཚམས་སུ་ཡོད་པའི་མདའ་ཡོལ་གྱི་མདུན་དུ་ཁྲེད་ཐག་ཐོག་དཔྱང་འཁྲུལ་ཅན་གྱི་རྒྱང་འབེན་སྒོར་དབྱིབས་ཅན་དེ་ཡང་ཕྱི་སྒོར་དང་བར་སྒོར་ནང་སྒོར་ཏེ་ནག་ཐིག དཀར་ཐིག དམར་ཐིག་ཆེ་འབྲིང་ཆུང་གསུམ་དང་བཅས་རིམ་པ་གསུམ་ཡོད་པ་ལས་དམིགས་ཚད་དམར་ཐིག་ལ་བྱེད་པའི་མདའ་མོ་གང་ལ་ཕོག་ཀྱང་དེ་དག་རྒྱང་འབེན་མཐའ་སྒོར་གྱི་ནང་ནས་ཕྱུང་ནུས་ཡིན།མདའ་རྩེད་འདིའི་རིགས་ནི་སྤྱིར་ཀོང་ཡུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་རྩེད་སྣའི་རིགས་ཤིག་ཡིན། གཞན་ཡང་ཚ་མདའི་ཁོངས་སུ་གཏོགས་པ་རྣོ་ལྕགས། ཚ་མདའ་ནི་རྒྱང་ཐག་སྤྱི་ཁྲི་བདུན་ཅུ་ཙམ་གྱི་འབེན་ལ་གཏད་ནས་ཚ་ཁ་འགྲན་པར་བྱེད་པ་དེ་བཞིན་རྒྱང་མ་ནི་སྤང་ལྗོངས་ཁོད་སྙོམས་ཐོག་རྒྱང་ཐག་སྤྱི་ཁྲི་བཞི་ཙམ་ལ་གཞི་བྱས་ནས་འགྲན་སྡུར་བྱེད་པ་དང་།མདའ་ཐོག་མདའ་པ་སོ་སོའི་མིང་བཀོད་ནས་རིང་ཚད་དང་འདྲོང་ཚད་བརྩི་སྲོལ་ཡོད་དེ་ཡང་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བར་ཡོད། རྡོ་སྒོར་ནི་ཞིང་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྩེད་སྣའི་རིགས་ཤིག་ཡིན་ཞིང་། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ནང་དུ“ད་ལྟའི་ངོས་ནས་བཤད་ན་ལུས་རྩལ་བྱེད་སྒོ་དག་ལས་རྙིང་ཤོས་དང་གནའ་སྔ་མོའི་དུས་ནས་ཡོད་པ་དེ་ནི་རྡོ་སྒོར་ཞེས་པ་དེ་ཡིན”ཞེས་བོད་ཀྱི་རིགས་གནས་མཁས་པ་རྒན་སྤེན་རྡོར་ལགས་ཀྱིས་གསུངས་པ་ལྟར་ན། (འཕྲོ་མ་པར་ངོས15པར་གཟིགས།)
བོད་བཙན་པོའི་སྐབས་ཀྱི་དམག་དོན་དང་སྲོལ་རྒྱུན་ལུས་རྩལ།

བོད་ལྗོངས་གཞིས་རྩེ་རིན་སྤུངས་ལས་རིགས་སློབ་གསོ་ལྟེ་གནས། ཚེ་སྟོབས།
མཚོ་སྔོན་བོད་ཡིག་གསར་འགྱུར།2012.10.26།པར་ངོས14།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།