༄༅། །སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེ་མཆོག་གི་སྐུའི་ཕྲེང་བ།

ཨོྃ་བདེ་ལེགས་སུ་གྱུར་ཅིག །རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་འདུས་པ་ཡི། །བྱིན་གྱིས་རླབས་པས་ཀྭ་དག་ཆོས་དབྱིངས་གསལ། །འབྲལ་བ་མེད་པ་དཀོ༵ན་སྡེ༵ས་རི༵ན་པོ༵་ཆེ༵། །སྐུ་ཡི་གསེར་གྱི་ཕྲེང་བ་འདི་ན་མཆིས།། ཅེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྣ་དྲངས་ཏེ། སྐུ་ཡི་ཕྲེང་བ་མདོར་ཙམ་བརྗོད་པར་བྱ་བ་ནི། རྒྱལ་དབང་པདྨའི་རིང་ལུགས་འཁྲུལ་མེད་དུ་འཛིན་པ་མདོ་སྔགས་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པའི་མངའ་བདག སྔ་འགྱུར་རྙིང་མའི་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་གི་སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་དང་པོ། རྫོགས་པའི་སངས་རྒྱས་སྨན་གྱི་ལྷས་བྱིན་གྱིས་བརླབས་པས་སྐུ་ཡི་སྤྲུལ་བ་མིའི་ཤ་ཚུགས་སུ་གྱུར་ནས་སྤྱི་ལོ་ ༡༨༦༧ བོད་ཟླ་ ༨ ཚེས་ ༨ ཉིན་མདོ་སྟོད་ཉམ་ཚོ་གནུ་ཟོག་སོང་ལ་སྐུ་འཁྲུངས་ཤིང༌། འཁྲུངས་མ་ཐག་འཇའ་མཚོན་དང་འོད་ཀྱི་གུར་ཁང་ཕུག་པ་སོགས་བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་ངོ་མཚར་བའི་གནས་སུ་གྱུར་བ་མ་ཟད། ཡུལ་ཕྱོགས་ཀུན་ལ་སྔར་དང་མི་འདྲ་བའི་སྨན་གྱི་མེ་ཏོག་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བ་བསམ་གྱི་མི་ཁྱབ་པ་མང་པོ་སྐྱེ། རེ་འགའ་ནི་རོ་ཚྭ་བ་དང༌། རེ་འགའ་ནི་རོ་སྐྱུར་བ། རེ་འགའ་ནི་རོ་ལན་ཚྭ་བ། རེ་འགའ་ནི་རོ་དཀའ་བ། རེ་འགའ་ནི་རོ་མངར་བ་ལ་སོགས་པ་སྨིན་པ་དང་མ་སྨིན་པའི་དྲི་བཟང་གི་ལོ་འདབས་རེ་རེ་ལ་ཁ་དོག་དང་དབྱིབས་ཀྱི་འགྱུར་ཆ་རེ་རེ་ཡོད་པ། དེ་དག་ནི་རླུང་མཁྲིས་བད་ཀན་སོགས་བཞི་བརྒྱ་རྩ་བཞི་ཀུན་ལ་ཕན་པའི་དོན་བྱེད་པ་ཡིན། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བསླབས་ཙམ་ལས་མི་དགོས་པ་མདོ་སྔགས་ཀྱི་རིག་གཞུང་ན་ལ་རྩོལ་མེད་དུ་མཁྱེན། ཁྱད་པར་དུ་གསོ་བ་རིག་པ་ལ་ཕུལ་ཏུ་བྱུང་བ་མ་ཟད། གཞན་དང་མི་འདྲ་བར་ནད་པ་མངོན་སུམ་དུ་མ་འཕྲད་ཀྱང་ནད་པ་དེ་རྡོ་ཞིག་ལ་རེག་ཙམ་བྱས་པ་དེ་འཁྱེར་བ་ཡིན་ན། རྡོ་ལ་རྩ་ལྟ་བ་ལྟར་བྱས་ནས་མངོན་སུམ་དུ་རྟོགས་ཐུབ་པ་སོགས་སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད། སྐྱེ་བོ་ཁྲི་ཕྲག་མང་པོ་མི་འདོད་ནད་ཀྱི་སྡུག་བསྔལ་ལས་གྲོལ་བ་མཛད་པ་དང༌། སེམས་ཅན་ཀུན་ལ་བརྩེ་བ་སྙིང་རྗེ་ཆེན་པོ་བུ་གཅིག་པའི་མ་ལྟར་བྱམས་ཀྱིས་སྐྱོང་བ་དང༌། དེ་ཡང༌། དང་པོ་རི་བོ་དགེ་ལྡེན་པའི་ཆོས་རྒྱུད་འཛིན་པས་དགེ་གཤིས་ལྷ་རིམ་པ་ཞིག་གི་མཚན་ནས་སྨོས་ན་ཡང༌། ཕྱིས་སུ་རྫོགས་པ་ཆེན་པོའི་མངོན་དུ་འགྱུར་བའི་རྣལ་འབྱོར་བ་ཞིག་དུ་གྱུར་ནས། ༡༨༩༢ ལོ་སྟོད་འབྲིང་བའི་དགོན་དུ་ཕེབས་སྟེ། བསྟེན་པའི་མངའ་བདག་མཛད་ནས་སྡེ་ཡུལ་དགོན་ཀུན་གྱིས་སྐྱབས་མགོན་སུ་གྱུར་སྟེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་འཕྲིན་ཡར་ངོས་ཟླ་བཞིན་འཕེལ་བ་མ་ཟད། ༡༨༩༧ ལོ་ཐོས་བསམ་ནོར་བུ་གླིང་ཞེས་པའི་བཤད་གྲྭ་ཞིག་བཏབས་ནས་གྲྭ་ལྔ་བརྒྱ་ལྷག་ཙམ་གྱུར། དེ་གཞན་དུ་བླ་མ་ཀརྨ་ཆོས་འཕེལ་སྐུ་འཕྲེང་གཉིས་པ་ངོས་འཛིན་ནས་མཚན་ལ་མཆོག་སྤྲུལ་དཀར་སྡེས་ཞེས་གསོལ། དེ་ནས་བཟུང་སྐུ་འཕྲེང་ཐམས་ཅད་ཀྱི་མཚན་ལ་སྐར་སྡེས་རིན་པོ་ཆེ་ཞེས་བརྗོད་བཞིན་ཡོད༌། དེ་ནས་སྐུ་ཚེ་གང་པོ་ཚེ་མཚམས་བཞུགས་ནས་དགུང་གྲངས་དྲུག་ཅུ་སྐབས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའོ།།

སྐུ་ཕྲེང་གཉིས་པ་སྐྱབས་རྗེ་དཀར་རམ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་ ༡༩༣༣ ལོའི་ས་ག་ཟླ་བའི་ཡར་ཚེས་བཅུ་ཉིན་མདོ་སྨད་རྨ་ལུང་རིང་མོ་དལ་གྱིས་འབབས་པའི་ཕྱོགས་སུ་སྐྱེས་བྱེད་ཡབ་པདྨ་རྒྱལ་མཚན་དང༌། སྐྱེས་མ་སྦྲང་སྙན་གཉིས་ལ་བཀྲ་ཤིས་པའི་བལྟས་དུ་མ་དང་བཅས་སྐུ་འཁྲུངས། རྫོགས་སྤྲུལ་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང༌། མཆོག་སྤྲུལ་དཀར་སྡེས་རིན་པོ་ཆེ། མཁན་ཆེན་ཆོས་ཚ་རིན་པོ་ཆེན་དང་ཟངས་སྤྲུལ་ཟླ་བ་འོད་ཟེར་སོགས་དམ་པ་དུ་མས། དཀོན་སྡེས་རིན་པོ་ཆེ་སྐུ་འཁྲུལ་མེད་དུ་ངོས་འཛིན་གནང་ནས། རྨ་ཆུའི་མགོ་ཁུངས་སུ་བཀྲ་ཤིས་པའི་དུས་བཟང་དང་བསྟུན་ནས། མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་བ་མ་ཟད། སྐུ་ན་ཆུང་དུས་ནས་གཞན་དང་མི་འདྲ་བའི་ཐུགས་སྙིང་རྗེ་ཆེ་ཞིང་ཤེས་རབ་རྣོ་བ། ཡི་གེ་འབྲི་ཀློག་སོགས་བསླབས་ཙམ་ལས་མི་དགོས་པར་མཁྱེན་པའི་ཡེ་ཤེས་་མངོན་དུ་གསལ། དེ་ནས་དགུང་གྲངས་བཅུ་ལྔའི་སྐབས་རྫོགས་ཆེན་མཁན་པོ་ཨ་བུ་ལྷ་དགོན་མདུན་དུ་ངུར་སྨྲིག་འཛིན་པའི་བརྟུལ་ཞུགས་སུ་གནས་པ་མ་ཟད༌། འབྲིང་བ་སྟོད་སྨད་གཉིས་ཀྱི་བསྟན་པའི་མངའ་བདག་མཛད་ནས། སྔར་ལས་ཇེ་རྒྱས་སུ་གྱུར། དེ་ནས་ཡུན་རིང་མ་སོང་བར་གདུལ་བྱ་སེམས་ཅན་རྣམས་བསོད་ནམས་དམན་པའི་དབང་གིས་དགུང་གྲངས་བཅུ་བདུན་སྐབས་ནམ་མཁའི་ཁམས་ནས་སྙན་པའི་སྒྲ་དང་འཇའ་འོད་ཀྱི་གུར་ཁང་སོགས་ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་ངང༌། ཨ༔ ༈སྐྱེ་མེད་ཀ་དག་ཆོས་ཀྱི་དབྱིངས། ༈འབྲལ་མེད་ཡེ་ཤེས་མངོན་དུ་གསལ། ༈དྷརྨ་བྱ་བའི་སྐུ་རུ་འགྱུར། ༈ཀུན་གྱི་མུན་པ་བསལ་བར་བྱ།། ཞེས་མ་འོངས་རང་གི་ཡང་སྲིད་ལུང་བསྟན་ནས་དགོངས་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ།།

སྐུ་ཕྲེང་གསུམ་པ། སྐྱབས་རྗེ་བསོད་ནམས་དགའ་བ་རིན་པོ་ཆེ་མཆོག་ནི། དང་པོ། རྨ་སྟོད་རྩེ་ལྷ་བཅུ་གསུམ་གྱི་ཡ་གྱལ་ཡུག་གི་ཡག་རྭ་སྟག་རྩེའི་གཡས་ཟུར། རྨ་ལུང་རིང་མོ་དལ་གྱི་འབབ་པའི་འགོ་ཁུངས་སུ། ཡབ་གྱ་རྦ་དང་སྐྱེས་མ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་གཉིས་ལ་བུ་བཞི་དང་བུ་མོ་གཉིས་ཡོད། བུ་ཆེ་བ་བདེ་སྐྱིད་ཚེ་རིང༌། འབྲིང་བ་ཀུན་བཟང་རྡོ་རྗེ་དང་ཀུན་དགའ་བཀྲ་ཤིས། བུ་ཆུང་བ་བསོད་ནམས་དགའ་བ། བུ་མོ་ཆེ་བ་རིན་ཆེན་མཚོ་མོ་དང་ཆུང་བ་ཤེས་རབ་མཚོ་མོ་ཅེས་མིང་སྲིང་དྲུག་ཡོད་པ་ལས། བུ་ཆུང་བ་བསོད་ནམས་དགའ་བ་ནི། མ་ཡི་ཁོག་དུ་ཡོད་པའི་སྐབས་སུ། ཡབ་གྱ་རྦ་ཆུ་དམར་ལེབ་ལ་འགྲོ་བས་ལམ་ཞིག་ནས་རྡོ་ཐམས་ཅད་སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་གྱུར་བ་མཐོང༌། ཡབ་གྱི་བསམ་པ་ལ་བཀྲ་ཤིས་པའི་བལྟས་བཟང་པོ་འདི་ང་རེ་དགའ་སྙམ་ནས། ལག་ཐར་མོ་སྦྱར་ཏེ་གུས་པས་སྤྱི་བོ་གཙུག་ཏུ་ཕུལ། དེ་ནས་ ༡༩༧༥ ཟླ་ ༩ ཚེས་༢༣ཉིན་སྐུ་འཁྲུངས་བའི་སྐབས་སུ་ཆུ་ཟམ་གང་འོ་མ་གྱུར་བ་སོགས་བཀྲ་ཤིས་པས་བལྟས་དུ་མ་དང་བཅས་སྐུ་འཁྲུངས། རིགས་བཟང་གི་སྐྱེས་བུ་འདི་ཉིད་འཁྲུངས་མ་ཐག་སྐུ་ལུས་དུང་ལྟར་དཀར་བ་དང༌། རྩ་རླུང་ལ་རང་དབང་ཐོབ་པ། མཛོད་སྤུ་གཡས་སུ་འཁྱིལ་བ་དང༌། ཐུགས་ཀ་ལ་ཡེ་ཤེས་སྤྱན་སོགས་མཚན་བཟང་གི་བལྟས་དུ་མ་དང་ལྡན་པ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར། ཆུང་ངུའི་དུས་སུ་བློ་ཁོག་དྲང་ཞིང་གཤིས་རྒྱུད་འཇམ་པ། བཞིན་མདངས་གསལ་ཞིང་འཛུམ་བག་ལྡན་པ། ཤེས་རབ་རྣོ་ཞིང་ཀུན་ལ་མཁས་པ། ཐུགས་སྙིང་རྗེ་ཆེ་ཞིང་ཀུན་ལ་བྱམས་བརྩེ་དང་ལྡན་པ། མཐོང་བ་ཙམ་གྱི་ཡིད་སེམས་དགའ་བ། བྱ་སྤྱོད་ཐམས་ཅད་ཆོས་དང་མཐུན་པ། དེ་ཡང་དགུང་གྲངས་དྲུག་སྐབས་མཆོག་སྤྲུལ་དཀར་སྡེས་རིན་པོ་ཆེ་མཆོག་གིས། དཀོན་སྡེས་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཡིན་པར་དགོངས་ནས། རྟེན་འབྲེལ་གྱི་འདྲ་དཔར་ཞིག་ལྷན་དུ་བླངས། དེ་ནས་དགུང་གྲངས་བརྒྱད་ནས་བཟུང་སློབ་གྲྭར་ཕེབས་ནས་རིག་གནས་ཀྱི་ཡོན་ཏན་ལ་སློབ་པ་མ་ཟད། སྐུ་རྒྱབ་ཀྱི་སློབ་དཔོན་པདྨ་བདེ་ཆེན་མཆོག་ལ་བསྟན་ནས། ཆོ་གའི་འདོན་རྟ་དབྱངས་གར་ཐིག་བཅའ་རྡུང་འབུད་དཀྲོལ་སོགས་མཐོང་བ་རྒྱུད་པའི་ཕྱག་བཞེས་མ་ནོར་བར་བསློབས་པ་མཐར་ཕྱིན། དེ་ནས་དགུང་གྲངས་བཅོ་ལྔའི་སྐབས་མགོ་ལོག་ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་སྟེ། དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ལ་ཐུབ་བསྟན་བློ་གྲོས་བཟང་པོ་ཞེས་གསོལ། དགུང་གྲངས་ཉི་ཤུ་སྐབས་རྫོགས་ཆེན་ཤྲྭི་སེང་ཆོས་གྲྭར་ཕེབས་ཏེ་མདོ་སྔགས་ཀྱི་རིག་གཞུང་ཀུན་ལ་ཉིན་མཚན་བར་མེད་དུ་སྦྱངས་བ་མི་ཉུང་བར་བྱས་ནས་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་གི་མཁན་རབས་དང་པོ་ཞེས་མཚན་གསོལ་བ་མ་ཟད། སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་ཞལ་མངོན་སུམ་དུ་མཇལ་བའི་ཉམས་སྣང་བྱུང༌། གཞན་ཡང་ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེ་མདུན་ནས་ཁྲིད་ཡིག་ཡེ་་ཤེས་བླ་མ་དང་བར་དོ་དྲུག་ཁྲིད་སོགས་ཐུན་མོང་མ་ཡིན་པའི་གསང་སྔགས་རྫོགས་པ་ཆེན་པོའི་ཆོས་སྐོར་མང་དུ་གསན་པ་མ་ཟད། ༧ གོང་ས་མཆོག་དང༌། ས་སྐྱ་གོང་མ་རིན་པོ་ཆེ། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ། སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ། མཆོག་སྤྲུལ་དཀར་སྡེས་རིན་པོ་ཆེ་སོགས་དམ་པ་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་མང་དུ་ཞུས། དེ་ནས་ཡང་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས་ཆུ་དམར་རྙིང་དགོན་སྤྱིའི་བསྟན་པའི་བདག་པོ་མངའ་གསོལ། གཞན་ཡང་དཀོན་སྡེས་རིན་པོ་ཆེ་ངོས་འཛིན་གནང་མཁན། དཀར་སྡེས་རིན་པོ་ཆེ་ཡིན་པ་དང༌། དཀར་སྡེས་རིན་པོ་ཆེ་ངོས་འཛིན་གནང་མཁན། དཀོན་སྡེས་རིན་པོ་ཆེ་ཡིན། ཁོང་གཉིས་ནི་འབྲིང་བའི་ཡུལ་དགོན་ཀུན་གྱི་བསྟན་པའི་འགན་བཞེས་གཙོ་བོ་ཡིན་པ་དང༌། དེ་བཞིན་དུ་དཀར་སྡེས་རིན་པོ་ཆེ་མཆོག་གིའི་མ་གཟའ་དམ་གསུམ་ལ་སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེ་སྐུ་འཁྲུལ་མེད་དུ་ཚོལ་ཅིག་ཅེས་བཀའ་དགོས། དེ་ནས་རྨི་ལམ་འོག་གསལ་དུ་ཉམས་པར་བཞག་ནས་ཡི་རིང་མ་སོང་བར། མགོན་པོ་ཚེ་དཔག་མེད་ཞལ་མངོན་སུམ་དུ་གཟིགས་ནས། ༈ཇ་ཆུང་འོ་མའི་བསྟན་པ་དགུང་ལ་སྙམས།། ༈བསོད་ནམས་ལོང་སྤྱོད་རྒྱས་པས་བུ་རུ་གྱུར།། ཅེས་གསུངས། དེ་ལ་བརྟགས་ན། ཕ་ཇ་ཡིན་པ་དང༌། མ་བསྟན་ཡིན་པ་བུ་བསོད་ནམས་ཡིན་པ་སོགས་གསལ། དེ་བཞིན་དུ་སྐུ་གོང་མའི་ལུང་བསྟན་དང་མཐུན་ནས་འཁྲུལ་མེད་དུ་ངོས་འཛིན་གནང་བའི་བཞུར་བཅས། ༧གོང་ས་མཆོག་དང༌། ས་སྐྱ་གོང་མ་རིན་པོ་ཆེ། རྫོགས་སྤྲུལ་བདུན་པ་འཇིག་མེད་བློ་གསལ་དབང་པོ། སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ། མཆོག་སྤྲུལ་འཇི་ཝང་རིན་པོ་ཆེ། ཉི་གྲགས་རྒྱལ་པོའི་སྤྲུལ་སྐུ་སོགས་དམ་པ་དུ་མས་མཆོག་སྤྲུལ་དཀར་སྡེས་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་སྐུ་འཁྲུལ་བྲལ་ཡིན་པ་ཞལ་བཞེས་གནང༌། དེ་ནས་བཟུང་ཆུ་དམར་རྙིང་དགོན་སྤྱི་དང་འབྲིང་བ་སྟོད་སྨད་གཉིས་ཀྱི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པས་འགན་བཞེས་གཙོ་བོ་གནང་བཞིན་པ་མ་ཟད། ཁོང་གི་སློབ་བུ་རྣམས་ཀྱི་ཐུགས་དགོང་དང་བསྟུན་ནས། གསང་ཆེན་འོག་གསལ་རྫོགས་པ་ཆེན་པོའི་དྲི་ལན་མེ་ཏོག་ཕྲེང་བ། ཞེས་པའི་དེབ་སྟོད་སྨད་གསུམ་རྩོམ་ཡོད་པ་ལས། དང་པོ་ནི་སྔོན་འགྲོ་དང༌། གཉིས་པ་ནི་རྫོགས་པ་ཆེན་པོ་དངོས། གསུམ་པ་ནི་བར་དོ་འཆར་ཚུལ་སོགས་ཡིན་ནོ། དེ་བཞིན་དུ་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་གི་དབྱར་གནས་སྐབས། མཁན་པདྨ་ནོར་བུ་མཆོག་གིས་དྲི་ལན་མེ་ཏོག་ཕྲེང་བ་བཤད་མཆེད་གནང་བ་མ་ཟད། སྐབས་དེར་དཀོན་སྡེས་རིན་པོ་ཆེ་མཆོག་གིས་ཐོས་བསམ་ནོར་བུ་གླིང་གི་ལོ་འཁོར་༡༡༠ལོན་པས་དགའ་སྟོན་དང་བཅས་ ༢༠༠༧ ལོ་ཟླ་ ༧ ཚེས་ ༡༨ ཉིན་སླར་ཡང་ཧུ་རྭ་དགོན་ཐོས་བསམ་ནོར་བུ་གླིང་གིས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དབུ་འཛུགས་པའི་སྐབས་དེར། ཁོང་གིས་སྤྱོད་འཇུག་དང་འདུལ་བ། སུམ་བཅུ་བ་དང་རྟགས་ཀྱི་འཇུག་པ། ཅེས་གསུང་ནས་ལུང་རིག་གི་མན་ངག་སྤྲོས་པ་མ་ཟད། ཐོག་མའི་མཛད་རྒྱས་ལྟར། བཤད་གྲྭའི་གྲྭ་ཤགས་དང་འདུ་ཁང་སོགས་གཞུངས་དགོས་པས་ཐུགས་འགན་གནང་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མ་ཆིབ་བསྒྱུར་གནང་བཞིན་པའོ།།

ཅེས་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་གི་མཁན་མིང་འཛིན་པ་ཀུན་དགའ་བཀྲ་ཤིས་དེས་སེང་གྷ་པོའི་ནས་རབ་གནས་ས་བྱི་ལོའི་ས་ག་ཟླ་བའི་ཚེས་བཅུ་ཉིན་བྲིས་པ་དགེའོ།། བཀྲ་ཤིས།།

 

 

 

 

༄༅། །གསང་ཆེན་འོད་གསལ་རྫོགས་པ་ཆེན་པོ་སྔོན་འགྲོའི་དྲི་ལན་ མེ་ཏོག་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ཨོྃ་བདེ་ལེགས་སུ་གྱུར་ཅིག

ཐེག་པའི་ཡང་རྩེ་ཀ་དག་ཆོས་ཀྱི་དབྱིངས།། འབྲལ་བ་མེད་པ་བློ༵་གྲོ༵ས་རྒྱ༵་མཚོ༵་ཡིས།། ཀུན་མཁྱེན་བླ་མའི་དགོངས་དོན་ཇི་བཞིན་དུ།། ངེས་གསང་བསྟན་པ་སྤེལ་བའི་རྫོ༵གས་ཆེ༵ན་པ༵།།

མི་འཇི༵གས་གདོངས་ཆེན་མངོན་དུ་རབ་གྱུར་ནས།། བདག་ཅག་སློབ་ཚོགས་ཀུན་ལ་འབྲལ་མེ༵ད་དུ།། བློ༵་གྲོས་གས༵ལ་བའི་དབ༵ང་པོ༵་ཆོས་ལ་སྒྱུར།། གངས་ལྗོངས་བསྟན་པའི་རྒྱལ་བ་རྫོ༵གས་ཆེ༵ན་པ༵།།

གནས་མཆོག་པདྨ༵་བཀོད་པའི་ཞིང་ཁམས་ནས།། གསང་སྔགས་བསྟན་པ་སྤེལ་བའི་གནས་འདིེར་བྱོན།། བསྐ༵ལ་བཟ༵ང་་འདི་ལ་ཁྱེད་ཀྱི་བསྟན་པ་ཡི།། རྨད་དུ་བྱུང་བའི་རུ་དམ་རྫོ༵གས་ཆེ༵ན་པ༵།།

ཐེག་པའི་ཡང་རྩེ་སྙིང་གི་ཐིག་ལེ་འདི།། མན་ངག་ཀུན་གྱི་ལྟ་བའི་མཛོད་ཡིན་པས།། སྤང་བླང་མ་ནོར་དམ་པའི་གཞུང་ལ་བརྟེན།། རང་བཟོ་མ་ཡིན་མཁས་པའི་སྤྱི་བོ་ཚད།། ཀ་དག་གདོན་མའི་བཙན་ས་ཟིན་པའི་ཐབས།། རིགས་དྲུག་སེམས་ཅན་ཐར་ལམ་འདྲེན་པའི་གྲོགས།། ཀུན་ལ་ཕན་པའི་གཞུང་བཟང་འདི་ཡིས་ནི།། མ་རིག་མུན་པ་བསལ་བའི་སྒྲོན་མེ་ཡིན།། འཁྲུལ་སྣང་འཁོར་བའི་མུན་པ་བསལ་བའི་ཚེ།། སྙན་པའི་སྒྲ་དབྱངས་མངོན་བརྗོད་མི་དགོས་ཏེ།། དྲི་ལན་གསལ་བའི་མེ་ཏོག་ཕྲེང་བ་འདི།། ཐར་ལམ་སྟོན་པའི་དེད་དཔོན་གཅིག་ཁོ་ན།།

དེ་ཡང་ཐེག་པ་ཆེན་པོའི་སྙིང་གི་ཐིག་ལེ་འདིར། ཀློག་པ་པོ་རྣམས་གོ་སླ་བའི་ཆེད་དུ་དྲི་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་མ་ཟད། ཚིག་ཉུང་ལ་དོན་ཐམས་ཅད་འདུས་པ་ཡིན་པས་ལེགས་པར་བརྟགས་ནས། གོ་ལོ་ཐོས་ལོ་ཙམ་མ་ཡིན་པ་སེམས་ཐོག་ཏུ་བླང་ནས་ཉམས་སུ་ལེན་དགོས།།

དང་པོ། དྲི་བ། ལས་དང་པོ་པ་ནང་བའི་ཆོས་སྒོར་ཞུགས་པའི་སྐབས་སུ་གང་འདྲ་བྱས་དགོས།།

ལན། ལས་དང་པོ་པ་ནང་བའི་ཆོས་སྒོ་ཞུགས་པས་སྐབས་སུ། སངས་རྒྱས་དང་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐུན་མོང་མ་ཡིན་པ་ཤེས་ནས། སྙིང་ཐག་པ་ནས་ཡིད་ཆེས་དང་དད་གུས་ཆེན་པོ་བྱ་དགོས། དེ་ཡང་སངས་རྒྱས་ནི་ཐར་བ་ཐོབ་པས་ལམ་སྟོན་པ་པོ་ཡིན། ཆོས་ནི་ཐར་བ་ཐོབ་པའི་ལམ་ཡིན། དགེ་འདུན་ནི་ཐར་བ་ཐོབ་པའི་ལམ་གྱི་གྲོགས་ཁྱད་དུ་འཕགས་པ་ཡིན་པས། དུས་དང་གནས་སྐབས་ཐམས་ཅད་དུ་སྐྱིད་རང་སྡུག་རང་ན་རང་ཚ་རང་ཤི་རང་གསོན་རང༌། ལས་ཅི་བྱུང་ཡང་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་མ་གཏོགས་གཞན་བློ་གཏད་དང་རེ་ལྟོས་གང་ཡང་མེད་སྙམ་ནས་ཡིད་ཆེས་པར་བྱ། དེ་བཞིན་དུ་སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་མུ་སྟེགས་པ་དང་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ལ་ཕྱི་མའི་གཏན་གྱི་སྐྱབས་གནས་སུ་བཟུང་ནས་ཕྱག་དང་མཆོད་པར་སོགས་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པའི་འཚེ་བ་སྤང་ཞིང༌། ཐ་ན་རྨི་ལམ་ཙམ་དུ་ཡང་མི་བྱ་བར་འབད་པ་དྲག་པོས་བྱས། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང༌། གྲོགས་ངན་པ་མི་དགེ་བའི་ལས་འབའ་ཞིག་ལ་སྤྱོད་པ་སོགས་དང་མི་འགྲོགས་ཞིང༌། དཀོན་མཆོག་གསུམ་ལ་རྟག་ཏུ་གུས་པ་དང་ཀུར་སྟུ་སོགས་བྱའོ།།

གཉིས་པ། དྲི་བ། ཆོས་སྒྲུབ་པའི་དུས་སུ་སེམས་ལ་གང་འདྲ་ཞིག་བསམ་དགོས།།

ལན། དང་པོ་ཆོས་སྒྲུབ་པའི་དུས་སུ། སེམས་ཅན་ཐམས་ཅད་རང་གི་ཐོག་མ་མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་དུས་སུ་ད་ལྟའི་རང་གི་རྩ་བའི་ཕ་མ་གཉིས་པོ་ལྟར། དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོག བརྩེ་བས་ནུ་ཞོ་བླུད། བྱམས་པས་ཤ་དྲོད་བཅར། སྣབས་ལུད་ཁ་ཡིས་གཞིབ། མི་གཙང་ལག་པས་ཕྱིས་ནས། ཚེ་སྔོན་མ་རྣམས་ཀྱི་རང་གི་དོན་དུ་སྡིག་པ་ཚབས་ཆེན་བསགས་ནས་ད་ལྟ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་གྲངས་ཀྱི་མི་ལོང། དེ་ལྟ་བུའི། ཤིན་ཏུ་བྱམས་པས་དྲིན་ཅན་ཤ་སྟག་ཡིན་ལ། དྲིན་ཆེ་བའི་སེམས་ཅན་དེ་དག་ཐམས་ཅད་འདོད་པ་བདེ་བ་ལ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ཤེས། སྡུག་བསྔལ་ལ་མི་འདོད་ཀྱང། དེའི་རྒྱུ་མི་དགེ་བ་བཅུ་སྤངས་མི་ཤེས་པར། ཕྱིན་ཅི་ལོག་ཏུ་སོང་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེའི་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་འདི་རྣམས་ཀྱི་དོན་བསྒྲུབ་དགོས། སེམས་ཅན་འདི་རྣམས་ལ་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་ཀྱི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འགོད་པར་བྱའོ་སྙམ་དགོས། དེ་ནི་ཆོས་ཉན་དུས་སྒྲུབ་དུས་ཐམས་ཅད་ལ་བསམ་དགོས། དགེ་བ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང། དགེ་བའི་རྩ་བ་དེ་ཐབས་ཤེས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་་པ། དགེ་བ་རྐྱེན་དང་བར་ཆད་ཀྱིས་མི་བཤིག་པར་བྱེད་པ་དངོས་བཞི་དམིགས་པ་མེད་པ། མཐར་དགེ་བ་དེ་དག་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་པའི་ཐབས་མེད།།

གསུམ་པ། དྲི་བ། བླ་མའི་མདུན་ནས་ཆོས་ཞུ་དུས་སེམས་ལ་གང་འདྲ་ཞིག་བསམ་དགོས།།

ལན། ཆོས་གསུངས་པའི་གནས་དང་བླ་མ་ལ་སོགས་པ་ལས་མ་དག་པའི་སྣང་བ་འདི་ལྟར་མ་ཡིན་པ་ཕུན་སུམ་ཚོགས་པ་ལྔ་ཡིན་བསམ་དགོས། དཔེར་ན། ཆོས་གསུང་པའི་གནས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ཡིན་བསམ། ཆོས་གསུང་པའི་བླ་མ་དེ་ཉིད་ཨོ་རྒྱན་པདྨ་འབྱུང་གནས་དངོས་ཡིན་བསམ། ང་ཚོས་ཆོས་ཉན་པའི་འཁོར་སློབ་མ་རྣམས་རིག་འཛིན་བརྒྱད་རྗེ་འབངས་ཉེར་ལྔ། དཔའ་བོ་མཁའ་འགྲོའི་རང་བཞིན་དུ་བསམ། བླ་མའི་གསུང་པའི་ཆོས་དེ་ཤིན་ཏུ་ཐོབ་དཀའ་བའི་གདམས་ངག་ཟབ་མོ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམ་ངག་ཡིན་བསམ། འདི་ལྟ་བུའི་བསྐལ་བ་བཟང་པོ་དང་འཕྲད་སོང་བས་ང་རེ་དགའ་བསམ་ནས་དགའ་བ་སྒོམ། དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་དགོས། མ་ཡིན་པ་ཞིག་གཟོད་དུ་བསམ་པ་ནི་མིན། བླ་མ་ནི་འདས་པ་དང་མ་འོངས་པ་ད་ལྟ་གསུམ་གྱི་སངས་རྒྱས་ཐམས་ཅད་དུ་འདུས་པའི་བདག་ཉིད༌། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་བ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ། བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་བཏུལ་མ་ཐུབ་པའི་རང་རེའི་སྙིགས་མའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ་ཡིན་བསམ། དཔེར་ན་རྡོ་ལ་རི་མོ་བྲིས་པ་ལྟར་རང་ཅག་སྙིགས་མའི་སེམས་ཅན་རྣམས་ཇི་སྲིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་གྱི་ངོ་བོ་གཅིག་ཏུ་གྱུར་བའི་རྩ་བའི་བླ་མ་ཁྱེད་མཁྱེན་སྙམ་ནས། བློ་གཏད་དང་རེ་ལྟོས་གཞན་སུ་ཡང་མེད་སྙམ་ནས་མོས་གུས་དྲག་པོའི་ངང་གསོལ་བ་འདེབས་དགོས་སོ།།

བཞི་བ། དྲི་བ། ཆོས་ཉན་པའི་སྐབས་སུ་མི་གཡེང་པ་དང་གཞན་ཡང་འདོད་ཆགས་ཞེ་སྡང་གཏི་མུག་སོགས་མེད་པའི་ཐབས་ཡོད་དམ།།

ལན། ཡོད། རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་པར་ཆོས་གསུང་པའི་སྒྲ་དེ་ཁོ་ན་ཉན་དགོས། དེ་ལྟར་མ་ཉན་ན་བླ་མའི་མདུན་ནས་ཆོས་ཞུས་ཀྱང་ཆོས་ཚིག་གཅིག་ཀྱང་་རང་གི་མི་ཐོས། དེ་ལྟར་ཐོས་པའི་ཆོས་དེ་ཡང་སེམས་ལ་མ་བཟུང་ན་ཉན་པ་ཙམ་གྱིས་ཉམས་སུ་ལེན་མི་ཤེས། རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་པ་དང༌། གཞན་ཡང་འདོད་ཆགས་ཞེ་སྡང་གཏི་མུག་སོགས་འདྲེས་ཏེ་ཉན་ན་མི་ཕན་པ་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་སྟེ། དཔེར་ན། དུག་ཅན་གྱི་སྣོད་དུ་ཟས་བཟང་པོ་བླུགས་པ་དང་འདྲ། དེ་ཡང་ཆོས་གསུང་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ་མེད་པ་དང༌། ཆོས་དང་བླ་མ་ལ་བཀུར་བསྟི་བྱེད་པ་དང༌། ཆོས་ལ་དོན་གཉེར་བྱེད་པ་དང༌། སེམས་ཕྱི་རོལ་ལ་མི་གཡེང་བ་བྱེད་པ་དང། དབང་པོ་སྒོ་ལྔ་ནང་དུ་མི་སྡུད་པ་བྱེད་པ་དང༌། ཆོས་ཡི་རིང་གསུང་ན་མི་ཉན་པ་མི་བྱེད་པ་རྣམས་ནི་ཉམས་སུ་ལེན་དགོས་སོ། དཔེར་ན། བདག་ཅག་གི་སྟོན་པ་ཆོས་ཚིག་བཞི་རེ་དོན་དུ་སྐུ་ལུས་མེ་ནང་དུ་མཆོངས་་བ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཆོས་ཞུས་པ་ཡིན་ནོ།།

ལྔ་བ། དྲི་བ། ཆོས་སྒྲུབ་པའི་དུས་སུ་མཐུན་རྐྱེན་གང་འདྲ་ཞིག་ཚང་དགོས།།

ལན། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་དགོས། དང་པོ་དལ་བ་བརྒྱད་ནི། ༡༽དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་མྱངས་ནས་ཆོས་བྱེད་དུ་མི་ཁོམས། ༢༽ཡི་དྭགས་ལ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་མྱངས་ནས་ཆོས་བྱེད་དུ་་་མི་ཁོམས། ༣༽དུད་འགྲོ་ལ་སྐྱེས་ན་གཞན་གྱིས་གསོད་པ་དང་བཀོལ་སྤྱོད་བྱེད་པ་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམས། ༤༽ལྷ་ཚེ་རིང་པོ་ལ་སྐྱེས་ན་འདུ་ཤེས་མེད་པའི་ངང་དུ་འགྲོ་ནས་ཆོས་བྱེད་དུ་མི་ཁོམས། ༥༽ཡུལ་མཐའ་འཁོབ་དུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པའི་སྒྲ་ཙམ་ཡང་མེད་པས་ཆོས་བྱེད་དུ་མི་ཁོམས། ༦༽མུ་སྟེགས་པའམ་དེ་དང་མཐུན་པའི་ལོག་ལྟ་ཅན་དུ་སྐྱེས་ན་ལོག་ལྟ་བཤད་ནས་ཆོས་བྱེད་དུ་མི་ཁོམས། ༧༽ཆོས་མེད་པ་མུན་པའི་བསྐལ་བ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་ཤིང་དགེ་སྡིག་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམས། ༨༽ལྐུགས་པར་སྐྱེས་ན་རྣ་ཤེས་ལས་སུ་མི་རུང་བས་ཆོས་བྱེད་དུ་མི་ཁོམས། གཉིས་པ་རང་འབྱོར་ལྔ་ནི། ༡༽མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བས་མིའི་ལུས་རྟེན་གྱི་འབྱོར་བ། ༢༽ཆོས་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་ཆོས་དང་མི་མཇལ་བས། ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱི་འབྱོར་བ། ༣༽དབང་པོ་མ་ཚང་ན་ཆོས་ཀྱི་གེགས་སུ་གྱུར་བ་ལས། ད་རེས་དེ་འདྲའི་སྐྱོན་དང་བྲལ་བས་དབང་པོ་ཡོན་ཏན་གྱི་འབྱོར་བ། ༤༽ལས་ཀྱི་མཐའ་ལོག་ན་རྟག་ཏུ་མི་དགེ་བ་ལ་སྤྱོད་ཅིང་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་ལས། ད་རེས་དགེ་བ་ལ་མོས་པ་བསམ་པའི་ཁྱད་པར་གྱི་འབྱོར་བ། ༥༽དད་པའི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས། ད་རེས་བློ་ཆོས་སུ་ཕྱོགས་ནུས་པས་དད་པའི་འབྱོར་བ་སྟེ་ལྔ་བོ་འདི་རང་ངོ་ལ་ལྟོས་ནས་ཚང་དགོས། གསུམ་པ་གཞན་འབྱོར་ལྔ་ནི། ༡༽སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་མེའི་བསྐལ་བ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལས། ད་རེས་སངས་རྒྱས་བྱོན་པའི་བསྐལ་པ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་བ། ༢༽བྱོན་ཀྱང་ཆོས་མ་བསྟན་ན་མི་ཕན་པ་ལས། ཆོས་འཁོར་རིམ་པ་གསུམ་བསྟན་པས་བསྟན་པ་དམ་པས་ཆོས་ཀྱི་འབྱོར་བ། ༣༽ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས། ད་ལྟ་སྟན་པའི་གནས་ཚད་མ་རྫོགས་པས་དུས་ཀྱི་འབྱོར་བ། ༤༽བསྟན་པ་གནས་ཀྱང་དེ་ལ་མ་ཞུགས་ན་མི་ཕན་པ་ལས། བསྟན་པའི་སྒོར་ཞུགས་པ་རང་གི་སྐལ་པས་འབྱོར་བ། ༥༽བསྟན་པའི་སྒོར་ཞུགས་ཟིན་ཀྱང་མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དོན་ཡང་དག་པ་མི་ཤེས་པས། དེ་ཟིན་པ་ལྷག་པའི་ཐུགས་རྗེའི་འབྱོར་བ་སྟེ་ལྔ་བོ་ནི་གཞན་ལ་ལྟོས་ནས་ཚང་དགོས་སོ། དལ་འབྱོར་བཅོ་བརྒྱད་ལས་གཅིག་མ་ཚང་ན་ཆོས་ཡང་དག་པར་མི་འགྲུབ། དེ་ཡང་ཤིན་ཏུ་ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ལན་གཅིག་ཐོབ་པ་དེ་ཆུ་ཟོས་མི་ཤོར་བ་གལ་ཆེ་བ་མ་ཟད། ཕྱིན་ཆད་འདི་ལྟར་མི་ལུས་བཟང་པོ་ཞིག་ཐོབ་མི་སྲིད། དཔེར་ན། གློག་གི་ཟློས་གར་མཁན་ནམ་འཇའ་ཚོན་སོགས་འཛིན་མི་ནུས་པ་ལྟར། དེ་བཞིན་དུ་ཁམས་གསུམ་དང་སྟེང་འོག་བར་ཐམས་ཅད་ལ་འཁོར་བའི་སེམས་ཅན་གྲངས་གྱི་མི་ལོང་པ་ཡོད་པ་ལས་དལ་འབྱོར་གྱི་མི་ལུས་བཟང་པོ་ཐོབ་པ་དཀའ་བ་ནི་སྨོས་ཅི་དགོས་སོ།།

དྲུག་པ། དྲི་བ། ང་ཚོ་དལ་འབྱོར་གྱི་མི་ལུས་ཐོབ་ཡོད་ཀྱང་ཆོས་སྒྲུབ་ཁོམསམེད་པའི་དེ་ལ་ཁོམས་པའི་ཐབས་ཡོད་དམ།།

ལན། ཡོད། ཀུན་མཁྱེན་གྱིས། དལ་བ་བརྒྱད་དང་འབྱོར་བ་བཅུ་བཅོ་བརྒྱད་པོ་དེ་རང་རྒྱུད་ལ་ཚང་ནའང༌། ད་དུང་འཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་དང༌། རིས་ཆད་བློ་ཡི་མི་ཁོམས་པ་བརྒྱད་པོ་འདི་དག་གི་དབང་དུ་མི་འགྲོ་བ་་་དགོས་ཅེས་གསུངས། དང་པོ། འཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་ནི། ༡༽དགྲ་ལ་ཞེ་སྡང་དང་གཉེན་ལ་ཆགས་སེམས་ལ་སོགས་པ་ཉོན་མོངས་དུག་ལྔའི་དབང་དུ་སོང་ན། ཆོས་ཡང་དག་པ་མི་འགྲུབ། ༢༽ཤིན་ཏུ་བླུན་པའི་མི་རྣམས་ནི་ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་པ་དེ་ནི་ཆོས་སྒོར་ཞུགས་ཀྱང་ཆོས་ཀྱི་ཚིག་དོན་ཕྲན་བུ་ཡང་ཤེས་མི་ནུས། ༣༽ལྟ་བ་དང་སྤྱོད་པ་གཉིས་ཕྱིན་ཅི་ལོག་སྟོན་པའི་བདུད་ཀྱི་བཤེས་གཉེན་གྱིས་ཟིན་ན་རང་བློ་ལམ་ལོག་དུ་བསྒྱུར་བས་ཡང་དག་པའི་ཆོས་དང་རྒྱབ་འགལ། ༤༽ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་མེད་ན་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་སྟེ་ཆོས་མི་འགྲུབ། ༥༽ཆོས་ལ་བརྩོན་འགྲུས་བྱས་ཀྱང་རང་རྒྱུད་ལ་ཡོན་ཏན་མི་སྐྱེ་བའི་ཚེ་སྔ་མ་ལས་ངན་སྡིག་སྒྲུབ་ཅན་གྱི་དབང་གི་ཡིན་པ་ངོ་མ་ཤེས་པས་ཆོས་་ལ་ཡི་ཆད་པ་དང༌། ༦༽རང་ལ་རང་དབང་མེད་པར་གཞན་གྱི་བྲན་གཡོག་དུ་བཀོལ་བ་རྣམས་ནི་ཆོས་སྒྲུབ་འདོད་ཡོད་་ཀྱང་གཞན་དབང་དུ་སོང་ནས་བསྒྲུབ་ཏུ་མི་སྟེར། ༧༽ཚེ་འདིའི་ལྟོ་གོས་སམ་གཞན་གྱིས་གནོད་པ་སོགས་ཀྱི་ཆེད་དུ་་་ཆོས་ལ་ཞུགས་ཀྱང་ཞེ་ཐག་པ་ནས་ཆོས་ལ་ངེས་ཤེས་མེད་ན་་སྔོན་བག་ཆགས་དབང་གིས་ཆོས་མ་ཡིན་པ་ལ་སྤྱོད། ༨༽རང་ཉིད་ལ་སྙན་གྲགས་སྒྲུབ་པའི་ཆད་དུ་གཞན་གྱི་སྣང་ངོ་ལ་ཆོས་པ་ལྟར་བྱས་པ་ནི་ཆོས་ཀྱི་གཟུགས་བརྙན་ཙམ་ཡིན་པས་ཐར་བ་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་མི་སྲིད། གཉིས་པ། རིས་ཆད་བློ་ཡི་མི་ཁོམས་པ་བརྒྱད་ནི། ༡༽གཉེན་ཉེ་རིང་གྲོགས་དགའ་མཛའ་སོགས་གཙོ་བྱས་པའི་ཚེ་འདིའི་་ནོར་རྫས་ལོངས་སྤྱོད་རྣམས་ལ་འབད་བརྩོན་བྱས་ནས་ཆོས་་སྒྲུབ་ལོང་མེད། ༢༽མི་སྤྱོད་པ་ངན་པ་རྣམས་ནི་ཡང་དག་པའི་དགེ་བའི་ལམ་དུ་བསྒྱུར་དཀའ། ༣༽འཁོར་བའི་ཉེས་དམིགས་བཤད་པ་དང་དེ་ཡིའི་སྡུག་བསྔལ་སོགས་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་ན་ཆོས་ལ་འཇུག་པའི་རྒྱུ་ངེས་་འབྱུང་གི་བློ་རྩ་བ་ནས་མི་སྐྱེ། ༤༽སངས་རྒྱས་དང་ཆོས་དགེ་འདུན་སོགས་ལ་དད་པ་ཅུང་ཟད་ཀྱང་མེད་ན་བསྟན་པའི་འཇུག་སྒོ་འགག་ཏེ་ཐར་བའི་དུས་མེད། ༥༽མི་དགེ་བ་སྲོག་གཅོད་པ་དང་མ་བྱིན་ལེན་པ་སོགས་ལ་དགའ་བས་དམ་པའི་ཡོན་ཏན་དགེ་བ་དང་བྲལ་བ། ༦༽དམ་པའི་ཆོས་སྒྲུབ་འདོད་ཀྱི་བློ་མེད་པ། དཔེར་ན་ཁྱིའི་མདུན་དུ་རྩ་བཞག་པ་ལྟར་གྱུར་ན་རང་རྒྱུད་ལ་ཡོན་ཏན་མི་སྐྱེ། ༧ ༽དམ་པའི་ལམ་དུ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་ཤོར་ན་ངན་་་སོང་ལས་གཞན་འགྲོ་ས་མེད་པས་མི་ཁོམས་པའི་གནས་ལས་མི་ཐར། ༨༽གསང་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་བླ་མ་དང་མཆེད་གྲོགས་རྣམས་ལ་དམ་ཚིག་ཉམས་ན་རང་གཞན་་ཐམས་ཅད་ཕུང་ལ་ཕྱི་མ་དམྱལ་བ་རྡོ་རྗེ་ཞེས་བྱ་བའི་མནར་་མེད་དོ་ཟླ་མེད་པའི་གནས་སུ་སྐྱེ་བའོ། དེ་ལྟར་མི་ཁོམས་པའི་གནས་བཅུ་དྲུག་དབང་དུ་མི་འགྲོ་བ་བྱས་ནས་ལེགས་པར་བརྟག་དགོས། མི་ཁོམས་པའི་གནས་གཅིག་གི་དབང་དུ་ཤོར་ན་ཆོས་ཡང་དག་པར་མི་འགྲུབ།།

བདུན་པ། དྲི་བ། ཆོས་དང་པོ་སྒྲུབ་པ་ལ་གལ་ཆེ་ཤོས་གང་ཡིན།།

ལན། ཆོས་དང་པོ་སྒྲུབ་པ་ལ་འཆི་བ་མི་རྟག་པ་འདི་སྒོམས་པ་གལ་ཆེ། འཆི་བ་མི་རྟག་པ་འདི་ཡང་ཡང་སྒོམ་ན། དང་པོ་བློ་ཆོས་ཕྱོགས་སུ་འཇུག་ནས་དཀོན་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་སྐྱེ། བར་དུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཞེན་པ་ལྡོག་ནས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་་ལ་སྐྱེ། མཐའ་གཞན་དོན་གྱི་བྱ་བ་སྒྲུབ་ནས་མངོན་པར་རྫོགས་པའི་སངས་རྒྱས་པའོ།།

བརྒྱད་པ། དྲི་བ། འཆི་བ་མི་རྟག་པ་འདི་སྒོམ་ཚུལ་གང་འདྲ་ཞིག་ཡིན་ནམ།།

ལན། འཆི་བ་མི་རྟག་པ་སྒོམ་ཚུལ་ནི། གློ་བུར་དུ་འཆི་བའི་དུས་ལ་བབས་ན་རང་དབང་སྐད་ཅིག་ཀྱང་མེད། སྡེ་ཁྲི་ཕྲག་མང་པོ་དཔོན་ཡིན་ཀྱང་གཡོག་པོ་གཅིག་ཁྲིད་ས་མེད། འཛམ་བུ་གླིང་གི་རྒྱུ་རྫས་ལོངས་སྤྱོད་ཀྱི་བདག་པོ་ཡིན་ཀྱང་་སྒོར་གཅིག་ཁྱེར་དབང་མེད། ཐ་ན་རང་གི་ལུས་ཀྱང་ཤུལ་དུ་བསྒྱུར་ནས་འགྲོ་དགོས་པ་མ་ཟད། བརྩེ་བའི་ཕ་དང༌། བྱམས་པའི་མ། སྙིང་སྡུག་གི་བུ་དང་བུ་མོ། ཚེ་རོགས་གི་ཆུང་མ། བསགས་པའི་ནོར་རྫས་ལོངས་སྤྱོད་ཐམས་ཅད་མིག་གི་ལྟ་བའི་དབང་ཙམ་ཡང་མེད་པར། གདོང་སྔོ་ཧམ་མེ་མིག་མཆི་མ་སྐྱ་ཙ་རེ་ཚེ་ཕྱི་མའི་ལམ་པོ་ཆེ་ལ་རང་ཉིད་གཅིག་པུ་འགྲོ་་བ་མ་གཏོགས། དཔའ་བོས་བཀྱེ་ས་མེད། བཙན་པོ་བསྒོ་ས་མེད། རྒྱུ་ཟས་ཀྱིས་བསླུ་ས་མེད། བྲོས་ས་དང་གབ་ས་གང་ཡང་མེད་པ་ཚེ་ལས་འདས་ནས་བར་དོའི་ལུས་བླངས་ཏེ་ཤི་བ་ནི་མི་ཤེས། ཉི་མ་དང་ཟླ་བ་སྐར་མ་ལ་སོགས་པ་རྣམས་ཀྱི་འོད་མི་མཐོང༌། ལས་ཀྱི་རླུང་དམར་དྲག་པོས་ནི་རྒྱབ་ནས་དེད། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུ། སོད་ཅིག་རྒྱོབས་ཅིག་གི་སྒྲ་དྲག་པོ་ནི་ཐོས། མཚོན་ཆའི་ཆར་བ་ནི་སྐར་མདའ་འཁྲུག་པ་ལྟར་བབས། འཇིག་སྐྲག་གི་སྡུག་བསྔལ་ཆེན་པོ་ནི་མཐོང༌། མགོན་དང་དཔུང་གཉེན་ནི་མེད། རྟེན་མེད་གནས་མེད་དུ་འཁྱམས་འི་སྡུག་བསྔལ་བ་འདི་ལས་བྲལ་ཐུབ་པ་ཞིག་མྱུར་དུ་བྱེད་དགོས་པ་མ་ཟད། འཆི་བའི་དུས་སུ་བྱམས་བརྩེ་གྱི་གྲོགས་དཀོན་མཆོག་གསུམ་ལས་གཞན་མེད་པས་ཡིད་ཆེས་དང་དད་པ་སྐྱེས་དགོས། གཞན་ཡང་དུས་ད་ལྟ་ཉིད་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་འགྲོ་བར་འཆི་ཁར་ཕན་ངེས་པ་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་་ཐུབ་པ་ནི་ངས་སྙིང་ཐག་པ་ནས་རེ་བ་ཡིན། ཁ་ཅིག་ཚེ་མི་རྟག་པ་བཤད་ན་བློ་མི་བདེ་བ་གྱུར་བའི་འཇིགས་པ་འདི་ནི། དགེ་བའི་ལམ་གྱི་བར་ཆད་ཞིག་ཡིན་པ་ཤེས་དགོས་སོ།།

དགུ་བ། དྲི་བ། ཤི་ནས་དམྱལ་བ་རུ་སྐྱེ་ན་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། འོ། དམྱལ་བ་སྐྱེ་ན་ཤིན་ཏུ་མི་བཟོད་པས་སྡུག་བསྔལ་བའོ། དེ་ལ་དབྱེ་ན། དམྱལ་ཁམས་བཅོ་བརྒྱད་ཡོད། དང་པོ་ཚ་བའི་དམྱལ་བ་ནི། ཕྱི་ནང་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བ། དེའི་ནང་དུ། དམྱལ་བའི་སེམས་ཅན་གྲངས་མེད་པ། ལྕགས་བསྲེགས་ཀྱི་མཚོན་ཆ་ལག་ཏུ་ལོན་ནས་གཅིག་གིས་གཅིག་ལ་རྡེགས་པ་དང༌། གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་སོག་ལེ་མེ་འབར་བས་་དྲྭ་བར་དང༌། ལྕགས་བསྲེགས་ཀྱི་གཏུན་ཆེན་པོ་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བླུགས་ནས། ལྕགས་བསྲེགས་ཀྱི་ཐོ་བ་རི་རབ་ཙམ་བརྡུངས་པ་དང༌། ལྕགས་བསྲེགས་ཀྱི་ཁང་པ་ནང་ལ་མེ་འབར་བ། དེས་ནང་དུ་གཤིན་རྗེའི་ལས་མཁན་འཇིགས་སུ་རུང་བ་མང་པོས་དམྱལ་བའི་་་་སེམས་ཅན་གྲངས་མེད་པ་དེད་དེ་ནང་དུ་བཅུག་ནས་སྒོ་ལ་ཐོ་བ་ལ་སོགས་པས་རྡེག་ཀྱང་སྒོ་པ་མེད་བྱེད་ནས་ཕྱི་ལ་ཐར་བའི་དུས་མེད་པ་དང༌། ལྕགས་བསྲེགས་ཀྱི་སྣོད་ཆེན་པོ་ནང་ལ་ཁྲོ་ཆུ་ཁོལ་མ་གང་བ། དེའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་འཚོད་པ་དང༌། ལྕགས་བསྲེགས་ཀྱི་ཁྱིམ་མེ་འབར་བའི་ནང་ལས་མཁན་རྣམས་ཀྱིས་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་མེ་འབར་བ་རྐང་མཐིལ་དང་འོག་སྒོ་སོགས་ནས་འཛུགས་ཤིང། ཕྲག་པ་དང་སྤྱི་བོ་སོགས་ནས་འབྱིན་པ་དང། ལྕགས་བསྲེགས་ཀྱི་སོ་བ་རི་ཙམ་སྤུངས་པའི་དབུས་སུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། མེ་དང་ལུས་གཉིས་དབྱེར་མེད་དུ་སྲེག་པའི་སྡུག་བསྔལ་བའོ། གཉིས་པ་ཉེ་འཁོར་ནི། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང༌། རལ་གྲི་ལོ་མའི་ནགས་ཚལ་བཞི་བོ། དེ་རྣམས་དམྱལ་བ་མནར་མེད་ཀྱི་ཕྱོགས་རེ་ལ་བཞི་རེ་ཡོད་་་པའི་ཕྱོགས་བཞི་ལ་བཅུ་དྲུག་དང༌། དེ་ལས་དང་པོ། མེ་མ་མུར་གྱི་འོབས་ནི། ཐལ་ཚན་གྱི་མདག་མེ་རབ་ཏུ་འབར་བའི་འོབས་སུ་ཚུད་དེ་ཤ་རུས་ཚིག་ཅིང་སྡུག་བསྔལ་བ། གཉིས་པ་རོ་མྱགས་ཀྱི་འདམ་ནི། མི་རོ་རྟ་རོ་ཁྱི་རོ་ལ་སོགས་རོ་རུལ་བ་ཤིན་ཏུ་དྲི་ང་བ་འབུས་གཡེང་བ་འབའ་ཞིག་གི་འདམ་དུ་ཚུད་དེ་སྤྱི་བོའི་བར་དུ་ནུབ། སྲིན་བུ་ལྕགས་ཀྱི་མཆུ་རྣོ་ཅན་རྣམས་ཀྱི་ཟ་བས་སྡུག་བསྔལ་བ། གསུམ་པ་སྤུ་གྲིའི་ཐང་ནི། ས་གཞི་ཐམས་ཅད་ལྕགས་བསྲེགས་ཀྱི་ཐུར་མ་རྣོན་པོ་རྩྭ་ལྟར་སྐྱེས་པའི་སྟེང་དུ་རྐང་པ་གཡས་བཞག་ན་གཡས་ཕུག་གཡོན་བཞག་ན་གཡོན་ཕུག་པའི་སྡུག་བསྔལ་བ། བཞི་བ་རལ་གྲིའི་ཚལ་ནི། ལྕགས་ཀྱི་སྡོང་པོ་ལ་རལ་གྲི་མང་པོ་ལོ་མ་ལྟར་སྐྱེས་པ་རླུང་གིས་བསྐྱོད་པས་ལུས་དུམ་བུར་གཅོད་པས་སྡུག་བསྔལ་བ། ལྕགས་ཀྱི་ཤལ་མ་ལི་ནི། རི་རྩེ་ན་སྔར་རང་གི་གྲོགས་པོ་དང་གྲོགས་མོ་རྣམས་འབོད་པར་མཐོང་ནས་ཕྱིན་་པས་ལྕགས་ཀྱི་སྡོང་པོ་སྐྱེས་བའི་ལོ་མ་ཐམས་ཅད་ཐུར་དུ་བསྟན་པས་འབིགས་ཤིང༌། རི་རྩེར་སླེབ་ཚེ་ཁ་ཏྭ་དང་བྱ་རྒོད་སོགས་མིག་ཚིག་འབྲུ། ཡང་རིའི་རྩ་བ་ན་འབོད་པར་མཐོང་ནས་སྔར་བཞིན་ཕྱིན་པ་དང༌། ལོ་མ་ཐམས་ཅད་གྱེན་དུ་བསྟན་པས་བྲང་གཞུང་ནས་རྒྱབ་གཞུང་དུ་ཐལ་མར་འབིགས་ཤིང༌། རིའི་རྩ་བར་ཕྱིན་པར་ལྕགས་ཀྱི་སྐྱེས་པ་དང་བུ་མེད་འཇིགས་སུ་རུང་བ་རྣམས་མགོ་བོ་ཁར་བཅུག་སྟེ་བལྡད་པས་འགྲམ་ཁུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་བ་སོགས་སྡུག་བསྔལ་བའོ།

གསུམ་པ་གྲང་བའི་དམྱལ་བ་ནི། འཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད་དུ་བུ་ཡུག་འབའ་ཞིག་གིས་་བསྒྲིབས་པའི་གནས་སུ། དམྱལ་བའི་སེམས་ཅན་རྣམས་ལུས་ལ་གོས་མེད་པ་གཅེར་བུ་གྲང་བའི་སྡུག་བསྔལ་གྱིས་ཕྱིའི་པགས་པ་གས་ནས་ནང་གི་ཤ་དམར་ནག་ཏུ་གྱུར་ཏེ་ལུས་ཐམས་ཅད་ཕྱི་ནང་མེད་པ་གས་ནས། དེའི་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་བའོ། བཞི་བ་ཉི་ཚེ་བའི་དམྱལ་བ་ནི། བྲག་གི་བར་དུ་བཅར་བ་དང༌། རྡོ་ཡི་ནང་དུ་འཐུམ་པ་དང༌། ཆབ་རོལ་གྱི་ནང་དུ་རེགས་པ་དང༌། ཆུ་ཚན་ནང་དུ་བཙོས་པ་དང༌། མེ་ནང་དུ་སྲེགས་པ་དང༌། གཞན་ཡང་སྒོ་དང་ཀ་བ་སོགས་གཟུགས་སུ་འདུ་ཤེས་སྐྱེས་ནས་སྡུག་བསྔལ་བའོ། དམྱལ་བ་དེ་རྣམས་ཀྱི་ཚེ་ཚད་ནི། མིའི་ལོ་གྲངས་ཀྱིས་གཞལ་མི་ནུས་པ་མ་ཟད་ཚ་གྲང་གི་སྡུག་བསྔལ་ཀྱང་མི་ཡུལ་ལ་དཔེ་སྦྱར་མི་ནུས་སོ། རང་ཉིད་དམྱལ་བའི་གནས་དེར་མངོན་སུམ་དུ་སྐྱེ་ན་འཇིགས་སྐྲག་དང་སྡུག་བསྔལ་བཟོད་མི་ནུས། དེས་ན་ད་རེས་རང་ཉིད་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཉན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཏུ་ཡོད་པའི་དུས་འདིར། ཕྱིན་ཆད་དམྱལ་བའི་གནས་དེ་དག་ཏུ་གཏན་ནས་མི་སྐྱེ་བའི་ཐབས་ལ་འབད་དགོས། སྔར་སྐྱེ་བ་ཚེ་རབས་ཐམས་ཅད་ལས་ངན་པས་བྱ་བ་བྱས་པ་ལ་འགྱོད་པ་དྲག་པོས་བཤགས་པ་དང༌། ཕྱིན་ཆད་དེ་དག་ལ་སྐྱེ་བའི་ལས་སྲོག་ལ་བབས་ཀྱང་མི་བྱེད་སྙམ་ནས་དམ་བཅའ་དྲགས་པོ་བྱ། ད་ལྟ་དེར་སྐྱེས་པའི་སེམས་ཅན་གྲངས་མེད་པ་ཡོད་པའི། དེ་ཐམས་ཅད་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པའི་ཕ་མ་བྱས་པའི་སེམས་ཅན་དེ་རྣམས་ལ་སྙིང་རྗེས་དྲག་པོ་སྒོམ་དགོས་པ་མ་ཟད། སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཞིག་སྨོན་ལམ་ཡང་ཡང་འདེབས་དགོས་སོ།།

བཅུ་བ། དྲི་བ། ཤི་ནས་ཡི་དྭགས་སུ་སྐྱེ་ན་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། ཡི་དྭགས་ལ་སྐྱེ་ན་ལོ་གྲངས་བརྒྱ་ཕྲག་མང་པོའི་བར་དུ་ཆུའི་མིང་ཙམ་ཡང་མེད། དུས་རྟག་ཏུ་ཁ་ཟས་ཞིག་དོན་དུ་གཉེར་ནས་འགྲོ་ཡང་ཅུང་ཟད་ཀྱང་མི་རྙེད། ཁ་ཅིག་རྒྱང་རིང་པོ་ན་ཆུ་དང་ཟས་སོགས་མཐོང་ཡང་དྲུང་དུ་ཕྱིན་པའི། སྐྱེས་བུ་གོ་མཚོན་དང་ལྡན་པ་གྱུར་ནས་མཚོན་ཆས་རྡེག་ཅིང་སྡུག་བསྔལ་བ་དང༌། ཡང་ཁ་ཅིག མགྲིན་པ་རྟ་རྔ་ཙམ་ནང་དུ་ཚུད་པའི་བར་ཁའི་ནང་དུག་གིས་སྐམ་པ་དང༌། ཅུང་ཟད་རེ་ཚུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པའི་གང་མི་ཐུབ་པ་མ་ཟད། ཟས་ཅུང་ཟད་ཚུད་པ་དེ་མཚན་མོ་མེ་འབར་ནས་བློ་སྙིང་ནང་ཁྲོལ་ཐམས་ཅད་བསྲེགས་པས་སྡུག་བསྔལ་བ་དང༌། གཞན་ཡང་དབྱར་གྱི་དུས་སུ་ཟླ་བ་ཡང་ཚ་ཞིང་སྲེག་པ་དང༌། དགུན་གྱི་དུས་སུ་ཉི་མ་ཡང་ཤིན་ཏུ་གྲང་ཞིང་བསིལ་བས་སྡུག་བསྔལ་བའོ།།

བཅུ་གཅིག་པ། དྲི་བ། ཤི་ནས་དུད་འགྲོ་ལ་སྐྱེ་ན་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། དུད་འགྲོ་ལ་སྐྱེ་ན། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་གྲངས་མེད་པ་ཟ་བ་དང༌། ཆུང་བ་གྲངས་མེད་པ་ཆེ་བ་རྣམས་ཀྱི་ཁ་ཟས་བྱེད་པ་སོགས་སེམས་ཅན་རྣམས་གཅིག་གིས་གཅིག་ལ་ཟ་བར་བྱེད་ནས་སྡུག་བསྔལ་བ། ཁྱད་པར་དུ། མིའི་བདག་ཏུ་མ་བཟུང་བའི་རི་དྭགས་རྣམས་ལ་ནི་འཇིགས་སྐྲག་གི་སྣང་བ་ཁོ་ན་ལ་སྤྱོད་པ་མ་ཟད། ཟས་ཁམ་གང་ཟ་ཡང་བག་ཡོད་ངང་རྔོན་པ་དང་གཅན་གཟན་སོགས་གསད་་པ་པོ་གྲངས་མང་བའི་འཇིགས་ཤིང་སྐྲག་པ་དང༌། མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི། སྐྱེ་མ་ཐག་མ་ཡི་འོ་མ་མངར་མོ་ཁམ་གང་ནུ་ལོང་མེད་པ་རྐེ་ཐག་པ་བཏགས་ནས་་འོ་མ་ཐམས་ཅད་འཕྲོག འགྲོ་མི་ནུས་པ་རྐང་ལག་ཐམས་ཅད་སྡོམ་ནས་མ་ཤི་བ་ཙམ་དུ་གྱུར། དཔྱིད་ཀའི་དུས་སུ་མ་བུ་གཉིས་ཀ་ཕལ་ཆེ་ནི་ཤི མི་ཤི་བ་རྣམས་མལ་ལས་ལྡང་མི་ནུས་པ་ཟུང་ཟད། དེ་ནས་རྒས་པའི་དུས་སུ། དྲིན་ཆེ་བའི་སེམས་ཅན་དེ་རྣམས་ཉེས་པ་ཅི་ཡང་མེད་པ་བསད་པའི་དགྲ་བོ་མདུན་དུ་ཁྲིད་ནས། རལ་གྲི་ཐོགས་ཏེ་དྲུང་དུ་སླེབ་ནས་སྔོན་མ་རྣམས་བསད་པའི་དུས་སུ་རྗེས་མ་རྣམས་འཇིག་སྐྲག་ངང་མིག་འཆི་མ་ཤོར་ནས་འདར་སིག་སིག་ལྟ་བ་ལས་ཐབས་གཞན་མེད། ངག་ལས་སྨྲར་མི་ཤེས་པ་མ་གཏོགས་མི་དང་ཁྱད་པར་གང་ཡང་མེད། ཁྱེད་རྣམས་ཀྱི་མི་གཅིག་པུ་ལ་རང་དབང་ངམ་ཐོབ་ཐང་ཡོད་པ་ཙམ་ལས་མི་ཕན། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་གཅིག་པ་ཡིན་པས། ནོར་ལུག་དང་བྱ་དང་འབུ་སྲིན་སོགས་ལ་ཚེ་སྲོག་རང་དབང་མེད་པ་བསད་པ་དང་འཚེ་བའི་སྡུག་བསྔལ་བ་འདི་ལས་མྱུར་དུ་བྲལ་ཐུབ་པ་ཞིག་མ་བྱེད་ན། སེམས་ཅན་གཅིག་བསད་པའི་རྣམ་སྨིན་གྱི་འབྲས་བུས་དམྱལ་བའི་གནས་སུ་ལོ་གྲངས་དུང་ཕྱུར་མང་པོར་གནས་ནས་སྡུག་བསྔལ་དྲག་པོ་ངེས་པར་མྱོང་དགོས་པ་དང༌། མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཐམས་ཅད་དུ་རང་ཉིད་གང་དུ་སྐྱེས་ཀྱང༌། ཚེ་ཐུང་བ། ནད་མང༌། གཟི་བྱིན་མེད་པ། གཟུགས་ངན་པ། ལོངས་སྤྱོད་དབུལ་བོ། དབང་པོ་སྐྱོན་ཅན། མཐོང་ན་མི་དགའ་བ་སོགས་འགྱུར་བ་དང༌། བྱེད་པ་རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཕྱི་མ་རྣམས་གང་དུ་སྐྱེས་ན་ཡང་སྡིག་པ་མི་དགེ་བ་འབའ་ཞིག་ལ་དགའ་བ་དང༌། ཡུལ་གང་དུ་སྐྱེ་ཀྱང་དེ་ལ་བཀྲ་མི་ཤིས་པ་འགྱུར་ནས། མཐར་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་ཐར་བའི་དུས་་་་མེད། ཁྱད་པར་དུ་ཆོས་མིན་སྨྲར་བ་སོགས་ལ་བཙོང་ན། དེ་ལས་སྡིག་པ་ལྷག གཙོང་མཁན་མི་དེ་ལ་རྒྱུ་རྫས་ཀྱི་འབྲེལ་བ་ཡོད་ཚད་ཕྱི་མ་དམྱལ་བའི་གནས་སུ་སྐྱེ་བ་ཐེ་ཚོམ་མེད། མི་གཅིག་གིས་སྲོག་བཅད་ན་ཉེས་དམིགས་གཅིག་དང༌། གཞན་བོས་ནས་གསོད་དུ་བཅུག་ན་བདག་པོ་རང་དང་ནང་མི་ཆ་་ཚང༌། སྲོག་གཅོད་མཁན་ཤན་པ་ཐམས་ཅད་ལ་སྲོག་གཅོད་ཀྱི་ཉེས་པ་རེ་རེ་ཡོད། སྡིག་གླ་ཆེན་པོ་བྱིན་ན་སྡིག་པ་ཡང་ཆེན་པོ་འགྱུར། ཁྱད་པར་དུ་མི་གཞན་ཞིག་གི་ཁྱིམ་དུ་སོང་ནས། དེ་དག་གི་སེམས་ཅན་གྱི་སྲོག་བཅད་ནས་ཤ་ཁྲག་དྲངས་པའི་ཚེ། སེམས་ཅན་བསད་པ་ལ་འགྱོད་པ་དང༌། སྙིང་རྗེ་སོགས་གང་ཡང་མེད་པར་ཤ་ཁྲག་གི་རོ་ལ་སྲེད་པ་དགའ་་བཞིན་དུ་གསོལ་ཙ་ན། སྲོག་གཅོད་ཀྱི་སྡིག་པ་ཡོན་མཆོདགཉིས་ལ་ཁྱད་པར་མེད་པར་ཐོབ། གཞན་ཡང་ཤ་ཁྲག་གི་མཆོད་པ་དཀྱིལ་འཁོར་དུ་བཤམས་ནས་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ་མཆོད་པར་བྱ་ན། དཔེར་ན། བུ་བསད་པའི་ཤ་ཁྲག་གིས་མ་རྒན་མགྲོན་དུ་འབོད་པ་ལྟར། ལྷ་ཡེ་ཤེས་པ་རྣམས་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་དེ་ལྟར་མི་རུང་ངོ༌།།

བཅུ་གཉིས་པ། དྲི་བ། མི་ལ་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། མི་ལ། དང་པོ་སྐྱེ་བའི་སྡུག་བསྔལ། དེ་ནས་རྒས་པའི་སྡུལ་བསྔལ་དང་ན་བའི་སྡུག་བསྔལ། མཐར་འཆི་བའི་སྡུག་བསྔལ་སྟེ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་སེམས་ཅན་ཀུན་ལ་ཡོད་ཀྱང༌། མི་ལས་ལྷག་མེད། དཔེར་ན། ནུབ་ཕྱོགས་པ་ཆོས་མིན་སྨྲར་བ་ཁ་ཅིག་རྒས་པས་དུས་སུ། འཆི་བ་ལ་སྐྲག་ནས་སྨྱོན་པ་དང་རང་སྲོག་དོར་བ་སོགས་མང་དུ་ཡོད། རང་རེས་ནང་བ་སངས་རྒྱས་པ་ལ་དེ་འདྲ་མེད། གཞན་ཡང་དགྲ་སྡང་བ་དང་དོགས་པའི་སྡུག་བསྔལ། གཉེན་ཉེ་བ་གྲོགས་དགའ་འཛའ། བརྩེ་བའི་ཕ་མ། ཚེ་རོགས་གི་ཆུང་མ་སོགས་བྲལ་བས་སྡུལ་བསྔལ། མི་འདོད་པ་བྱ་བ་ངན་པ་ཐོག་ཏུ་བབ་པས་སྡུག་བསྔལ། འདོད་པ་རྣམས་ཐོག་ཏུ་མི་ཁེལ་པས་སྡུག་བསྔལ་སོགས་མང་དུ་ཡོད་པ་མ་ཟད། ཁ་ཅིག་ནི། དཀོན་མཆོག་གསུམ་ལ་དད་གུས་མི་བྱེད་པ་དང༌། ཉམ་ཆུང་དུད་འགྲོ་ལ་རང་དབང་མེད་པ་བསད་པ་དང་སྡང་བ་སོགས་བྱེད་པའི་དབང་གིས་ཕྱི་མ་ངན་སོང་དུ་སྐྱེ་ནས་སྡུག་བསྔལ་བའོ།།

བཅུ་གསུམ་པ། དྲི་བ། ལྷ་མིན་ལ་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། མཐོ་རིས་ཀྱི་གནས་གཉིས་པ། ལྷ་མིན་གྱི་སྡུག་བསྔལ་ནི། སྤྱིར་དཔལ་འབྱོར་ལོངས་སྤྱོད་ལྷ་རྣམས་ལ་འགྲན་པ་ཙམ་ཡོད་ཀྱང༌། སྔོན་མི་དགེ་ཕྲག་དོག་དང་འཐབ་རྩོད་ལ་གོམས་ཤུགས་ལས་དེས་འཕངས་པས་ལུས་རྟེན་འདིར་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས། རང་གི་གནས་དང་གཞན་ལྷ་སོགས་ལ། ཕན་ཚུལ་མི་མཐུན་པས་འཐབ་རྩོད་ཁོ་ནས་དུས་འདའ། ཕྱི་མ་དམྱལ་བའི་གནས་སུ་སྐྱེ་བའོ།།

བཅུ་བཞི་བ། དྲི་བ། ལྷ་ལ་སྡུག་བསྔལ་ག་ཚོད་ཡོད་དམ།།

ལན། མཐོ་རིས་གྱི་གནས་གསུམ་པ་ལྷའི་གནས་ནི། སྤྱིར་གསོན་པའི་དུས་སུ་བདེ་སྐྱེད་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་རྣམ་གཡེང་ཁོ་ནའི་ངང་དུ་དུས་འདའ་་་བས་དམ་པའི་ཆོས་སྒྲུབ་པའི་བློ་མི་སྐྱེ། ཚེ་བསྐལ་བའི་བར་དུ་གནས་ཀྱང་སྐད་ཅིག་མ་གཅིག་གི་སྣང་བ་ཡང་མེད་པར་ཡེངས་མ་ལམ་ལ་ཚེ་ཟད་དེ་འཆི་བ་ལ་ཐུག རྒྱ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ། མཚེ་མ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་ལྷའི་གནད་རིགས་དྲུག་པོ་གང་ཡིན་ཀྱང་འཆི་འཕོས་བའི་སྡུག་་་་་བསྔལ་མྱོང་དགོས། དེའང་ལྷ་རྣམས་འཆི་བར་ཉེ་བ་ན་རང་རང་གི་འོད་དཔག་ཚད་དང་རྒྱང་གྲགས་སོགས་སུ་སྣང་བའི་བཀྲག་མདངས་ཉམས། ལྷའི་སྟན་ལ་ཅི་ཙམ་བསྡད་ཀྱང་མི་དགའ་བ་མེད་པ་ལ། སྡོད་སྙིང་མི་འདོད་ཅང་མི་བདེ་བ་དང་མི་དགའ་བ་གྱུར། ལྷའི་མེ་ཏོག་གི་ཕྲེང་བ་དང་གོས་སོགས་རྙིང་རྒྱུ་མེད་པ་ལ། རྙིང་ནས་དྲི་མ་ཆགས་པ་དང༌། ལྷའི་ལུས་ལ་རྔུལ་འབྱུང་རྒྱུ་མེད་པ་ལ་རྔུལ་ཆུ་འབྱུང་བ་དང༌། འཆི་འཕོས་སྔ་ལྟས་ལྔ་ཤར་བས་རང་ཉིད་ཀྱིས་ཀྱང་འཆི་བ་ཤེས་་་ཏེ་འཇིགས་ཤིང་སྐྲག་པའི་སྡུག་བསྔལ་བ། ལྷའི་ཟླ་བོ་དང་བུ་མོ་རྣམས་ཀྱིས་ཀྱང་འཆི་བར་ཤེས་ནས་དྲུང་དུ་ཉེ་མི་ནུས་ཤིང༌། རྒྱང་རིང་པོ་ནས་མེ་ཏོག་འཐོར་ཏེ། ཁྱོད་འདི་ནས་ཤི་འཕོས་ཏེ་མི་ཡུལ་དུ་སྐྱེ། ལས་དགེ་བ་ལ་སྤྱད་དེ། སླར་ཡང་ལྷ་ཡུལ་དུ་སྐྱེ་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་ནས་འགྲོ རང་ཉིད་གཅིག་པུར་ལུས་པས་ཤིན་ཏུ་སྡུག་བསྔལ་ཞིང་ཕྱི་མ་གར་སྐྱེ་ལྷའི་མིག་གིས་བལྟས་པས་སྡུག་བསྔལ་བའི་གནས་སུ་སྐྱེ་བར་མཐོང་ནས་འོ་དོད་འབོད་བཞིན་ལྷའི་ཞག་བདུན་དུ་སྡོད་དགོས། ལྷའི་ཞག་བདུན་ནི་མི་ལོ་བདུན་བརྒྱ་ཡིན་པས་དེའི་བར་དུ་མྱ་ངན་སེམས་ལ་དྲན་ནས་སྡུག་བསྔལ་བ། ཁམས་གོང་མ་གཉིས་ལ་འཆི་འཕོའི་མངོན་གྱུར་མེད། དེ་ལྟར་དམྱལ་བ། ཡི་དྭགས། དུད་འགྲོ མི་ལྷ་ལྷ་མིན་སོགས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་བདེ་བ་སྐད་ཅིག་ཙམ་ཡང་མེད།།

བཅུ་ལྔ་པ། དྲི་བ། ཞིང་ཁམས་ལ་བདེ་སྐྱིད་ག་ཚད་ཡོད་དམ།།

ལན། ཞིང་ཁམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལ་སངས་རྒྱས་རྣམ་པར་སྣང་མཛད་བཞུགས་པ་དང༌། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ལ་སངས་རྒྱས་རིན་ཆེན་འབྱུང་ལྡན་བཞུགས་པ་དང༌། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ་དང༌། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ལ་སངས་རྒྱས་་དོན་ཡོད་གྲུབ་པ་བཞུགས་པ་དང༌། དབུས་ཕྱོགས་འོག་མིན་ཆོས་དབྱིངས་ཕོ་བྲང་ལ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས་པ་དང༌། ཞིང་ཁམས་དེ་དག་གཅིག་ཏུ་བསྡུས་པའི་བདག་ཉིད་ནི། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་དེ་ལ་སངས་རྒྱས་པདྨ་འབྱུང་གནས་བཞུགས་་པ་སོགས་ཞིང་ཁམས་མང་དུ་ཡོད་པ་ལས། རང་རེས་རྣམས་སྐྱེ་སླ་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ། རིན་པོ་ཆེ་དུ་མ་ལས་གྲུབ་པའི་ས་གཞི་མཐོ་དམན་མེད་པ་ཁོད་སྙོམས་པ་དྲི་མ་མེད་པས་གསལ་ཞིང་རིན་པོ་ཆེའི་རང་འོད་དང་སངས་རྒྱས་ཀྱི་སྐུའི་འོད་ཕོག་པ་སོགས་ཀྱིས་འོད་ཟེར་རབ་ཏུ་འབར་བ་དང༌། འགྲོ་བའི་སྐབས་སུ་ས་གཞི་ཐམས་ཅད་མར་མནན་ན་ནེམ་ཞིང་རྐང་པའི་རེག་པ་ཙམ་གྱིས་བདེ་བ་ཚད་མེད་སྐྱེ། དར་གྱི་འབོལ་གདན་ལྟར་རེག་བྱ་འཇམ་པ་དང༌། ཡུལ་ཕྱོགས་ཀུན་ལ་རིན་པོ་ཆེའི་ལྗོན་ཤིང་རེ་རེ་ལ་ཁ་དོག་དུ་མ་དང༌། རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུ་རྱ། ལོ་མ་ཤེལ། འདམ་མ་སྦུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་ལས་གྲུབ་སྟེ་སྣ་བདུན་ལས་བྱས་པ་དང༌། ཤིང་དེ་འོད་དཔག་མེད་འཕྲོས་པ་མ་ཟད། བློ་ཅི་བསམ་གྱི་འདོད་རྒུ་ཐམས་ཅད་འབྱུང༌། ཤིང་དེའི་མཐའ་ན་ཏཱ་ལའི་ཕྲེང་བ་མང་པོས་བསྐོར་བ། ལོ་མ་རྣམས་ཅོད་པན་སོགས་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་དར་ཟབ་དང་འབྲས་བུ་རྣམས་ཀྱིས་བརྒྱན་པ། དེའི་སྟེང་སངས་རྒྱས་རྣམས་ཀྱི་སྤྲུལ་བའི་བྱ་རིགས་སྣ་ཚོགས་པ། ཀ་ལ་པིང་དང་ཁུ་བྱུག་ནེ་ཙོ་ལ་སོགས་པ་དུང་ལྟར་དཀར་བ་དང༌། གཡུ་སྟར་སྔོ་བ། བྱུ་རུའི་ལྟར་དམར་བ་སོགས་མདོག་དང་དབྱིབས་མི་འདྲ་བ་སྣ་ཚོགས་པ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི་མཛེས་པ་པི་ཝཾ་སྤྲེང་བ་ལྟར་སྐད་སྙན་པའི་ཆོས་ཀྱི་སྒྲ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་སོགས་སྒྲ་རྣམ་པ་སྣ་ཚོགས་པ་སྒྲོགས་པས། སེམས་ཀྱི་འཁྲུལ་རྟོག་སྐད་ཅིག་ལ་ཞི་བས་བདེ་ཉམས་ཚད་མེད་པ་སྐྱེད་པ་དང༌། ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་ཆུ། མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། འཐུང་བ་ཙམ་གྱི་ལུས་སེམས་བདེ་བ་དང༌། དེ་བཞིན་དུ་བདུད་རྩིའི་རང་བཞིན་གྱི་ཁྲུས་ཀྱི་རྫིང་བུ་རྣམས་ཀྱང་རིན་ཆེན་སྣ་བདུན་ལས་གྲུབ་པའི་ནང་དུ། ཁྲུས་ལན་རེ་བྱས་ན་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ། དེ་དག་གི་ཕྱི་རོལ་འཁོར་ཡུག་དག་ན་ལྷའི་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུ་ཏ་དང༌། པདྨ་དཀར་པོ་ལ་སོགས་པ་དྲི་ཞིམ་པོའི་འབྲས་བུ་དང་ལྡན་པས་ཁྱབ་པ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཞིང༌། འོད་ཟེར་རེ་རེའི་རྩེ་མོ་ལ་སྤྲུལ་བའི་སངས་རྒྱས་གྲངས་མེད་པས་བརྒྱན་པ་དེ་དག་སངས་རྒྱས་མི་བཞུགས་པའི་ཞིང་གཞན་དུ་བྱོན་ནས་འགྲོ་བའི་དོན་མཛད་པ་དང༌། ཞིང་དེ་ན་མི་ཁོམ་པ་དང་འདོ་ཆགས་ཞེ་སྡང་གཏི་མུག་ནད་གདོན་བགེགས་རྐུ་འཕྲོག་སོགས་སྒྲ་ཙམ་ཡང་མི་གྲགས། རྒྱུ་ཟས་ཀྱིས་དབུལ་ཞིང་ཕོངས་པས་ཕན་ཚུན་འཐབ་རྩོད་སྡུག་བསྔལ་སོགས་མཐོང་མ་མྱོང་ན་དངོས་སུ་འབྱུང་བ་ཕར་ཞོག དེ་བཞིན་དུ་ཐམས་ཅད་མེ་ཏོག་པདྨའི་ནང་ནས་འཁྲུངས་ཤིང༌། སྐུ་ལུས་ཁྱད་པར་མེད་པར་གསེར་གྱི་ཁ་དོག་དང་ལྡན་པ་མ་ཟད། དབུ་ལ་གཙུག་ཏོར་སོགས་མཚན་བཟང་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སོགས་བརྒྱན་པ། རྫུལ་འཕྲུལ་གྱི་མངོན་ཤེས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་སོགས་ལྡན་པའི་སྟོབས་ཀྱིས་ཞིང་ཁམས་བྱེ་བ་ཁྲག་ཁྲིག་རྣམས་སྐད་ཅིག་ཡུད་ཙམ་ལ་བགྲོད་ནུས་པ་དང༌། བསོད་ནམས་ཀྱི་སྟོབས་ལས་དཀའ་ཚེགས་ཀྱིས་བཟོས་མི་དགོས་པ། རང་བྱུང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་གཞལ་ཡས་ཁང་མཛེས་ཤིང་ཡིད་དུ་འོང་བ་གང་ནུས་ཡོད་པ་དང༌། རྒྱན་དང་གོས་སོགས་རང་གིའི་ཅི་འདོད་ལོངས་སྤྱོད་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་རྩོལ་མི་དགོས་པ་ལྷུན་གྱིས་གྲུབ་པ་དང༌། སངས་རྒྱས་ཀྱི་སྤྲུལ་བ་ལྷའི་བུ་དང་བུ་མོ་ཡིད་དུ་འོང་བ་རྣམས་རྟག་ཏུ་མཆོད་པ་སྣ་ཚོགས་བྱེད་པ་དང༌། ལོ་གྲངས་ཅི་ཙམ་སོང་ཡང་རྒས་པ་དང་ན་བ་འཆི་བ་སོགས་ཀྱི་སྡུག་བསྔལ་སྒྲ་ཙམ་ཡང་མེད་པ་མ་ཟད། མཐར་སངས་རྒྱས་འོད་དཔག་མེད་དང་དབྱེར་མེད་པ་གྱུར་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ།།

བཅུ་དྲུག་པ། དྲི་བ། ལས་དགེ་སྡུག་གི་དབྱེ་བ་གང་འདྲ་ཞིག་ཡིན་ནམ།།

ལན། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤངས་ནས་དགེ་བ་སྒྲུབ་པ་དེ་ཡིན། དེ་གང་ཞེ་ན། ༡༽སྲོག་གཅོད་པ་སྤངས་ནས་སེམས་ཅན་རྣམས་སྲོག་བསྐྱབ་དགོས། དེ་ཡིས་འབྲས་བུ་ཚེ་རབས་ཀུན་ཏུ་ཚེ་རིང་བ་ནད་མེད་པར་འགྱུར། དེ་ལུས་ཀྱི་དགེ་བ་གཅིག་ཡིན། མ་བྱིན་པར་ལེན་པ་སྤངས་ནས་སྦྱིན་པ་གཏོང་དགོས། དེ་ཡི་འབྲས་བུ་ལོངས་སྤྱོད་དང་ལྡན་ཞིང་དགྲ་རྐུ་མེད། དེ་ལུས་ཀྱི་དགེ་བ་གཉིས་པ་ཡིན། ལོག་གཡེམ་སྤངས་ནས་ཚུལ་ཁྲིམས་བསྲུང་དགོས། དེ་ཡི་འབྲས་བུ་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང༌། དེ་ལུས་ཀྱི་དགེ་བ་གསུམ་པ་ཡིན། ༢༽རྫུན་སྤངས་ནས་བདེན་པར་སྨྲ་དགོས། དེ་ཡི་འབྲས་བུ་ཀུན་གྱིས་བསྟོད་ཅིང་བྱམས་པ། དེ་ངག་གི་དགེ་བ་གཅིག་ཡིན། ཕྲ་མ་(དབྱེན་དཀྲུག་)སྤངས་ནས་འཁོན་པ་ཟླུམ་དགོས། དེ་ཡི་འབྲས་བུ་འཁོར་གཡོག་རྣམས་རང་ལ་གུས། དེ་ངག་གི་དགེ་བ་གཉིས་པ་ཡིན། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་དགོས། དེ་ཡི་འབྲས་བུ། སྙན་པར་ཐོས། དེ་ངག་གི་དགེ་བ་གསུམ་པ་ཡིན། ངག་འཁྱལ་སྤངས་ནས་ཁ་ཏོན་བྱེད་དགོས། དེ་ཡི་འབྲས་བུ་ཚིག་རྩུན་ལ་ངག་སྙན། དེ་ངག་གི་དགེ་བ་བཞི་བ་ཡིན། ༣༽བརྣབ་སེམས(གཞན་གྱི་རྒྱུ་རྫས་ངའི་ཡིན་ན་སྙམ་པ་)སྤངས་ནས་གཏོང་སེམས་འཆར་དགོས། དེ་ཡི་འབྲས་བུ་དོན་ཀུན་འགྲུབ། དེ་ཡིད་ཀྱི་དགེ་བ་གཅིག་ཡིན། གནོད་སེམས་སྤངས་ནས་ཕན་སེམས་སྒོམ་དགོས། དེ་ཡི་འབྲས་བུ་འཚེ་བ་དང་བྲལ། དེ་ཡིད་ཀྱི་དགེ་བ་གཉིས་པ་ཡིན། ལོག་ལྟ་སྤངས་ནས་ཡང་དག་པའི་ལྟ་བ་རྒྱུད་ལ་བསྟེན་དགོས། དེ་ཡི་འབྲས་བུ་ལྟ་བ་བཟང་པོ་རྒྱུད་ལ་སྐྱེས། དེ་ཡིད་ཀྱི་དགེ་བ་གསུམ་པ་ཡིན། བྱེད་པ་རྒྱུ་མཐུན་ཀྱིས་ཚེ་རབས་ཐམས་ཅད་དུ་དགེ་བ་བྱེད་པ་ལ་སྤྲོ་ཞིང་དགེ་བ་གོང་འཕེལ་དུ་འགྱུར་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི་གདོན་མི་ཟའོ།།

བཅུ་བདུན་པ། དྲི་བ། བླ་མ་ཡང་དག་ཡིན་མིན་ངོས་ཟིན་ཐབས་ཡོད་དམ།།

ལན། ཡོད། དང་པོ་བླ་མ་ཡང་དག་མ་ཡིན་པ་ནི། རང་ལ་མེད་པའི་ཡོན་ཏན་ཡོད་པ་ལྟར་སྨྲར་བ་ཐམས་ཅད་མི་ཆོས་བླ་མའི་རྫུན་ཡིན། དེང་སོང་མི་ཐམས་ཅད་བསམ་བློ་བསྒྱུར་སླ་བས། བླ་མའམ་གྲུབ་ཐོབ་ཁ་ཅིག་གཡོ་སྒྱུར་གཞན་མགོ་བསྐོར་བ་ལྷུར་ལེན་ཞིང༌། ལྷ་ངས་མཐོང་ལྷ་ལ་གཏང་རག་བྱིན། འདྲེ་ངས་མཐོང་འདྲེ་ལ་ཆད་པར་བཅད་ཟེར་བ་ཕལ་ཆེར་མི་ཆོས་བླ་མའི་རྫུན་ཁོ་ན་ཡིན་པ་དང༌། ཁྱད་པར་དུ་རྟོགས་པའི་ཡོན་ཏན་གང་ཡང་མེད་པར་གྲི་དང་ཁབ་འབུག་སོགས་ལ་བེད་སྤྱོད་བྱས་ནས་ལོག་པའི་ལམ་དུ་བསྒྱུར་བ་རྣམས་ནི་མི་ཆོས་བླ་མའི་རྫུན་ཁོ་ན་ཡིན་པས་གདོན་མི་ཟའོ། གཉིས་པ་བླ་མ་ཡང་དག་ནི། བླ་མ་རྣམས་ལ་ཡོན་ཏན་འདི་དག་ངེས་པར་ཚང་དགོས། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཏེ་སྡོམ་པ་གསུམ་ལ་འགལ་བ་མ་སོང་བས་རྒྱུད་གཙང་བ། མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་མཁས་པ། མཐའ་ཡས་པའི་སེམས་ཅན་རྣམས་ལ་བརྩེ་བ་སྙིང་རྗེ་ཆེན་པོའི་བུ་གཅིག་པའི་མ་ལྟར་བྱམས་ཀྱིས་སྐྱོང་བར་བྱེད་པའི་རྒྱུས་ཡོད་ཀྱི་ཆོས་པ་སྙོམས་ཆུང་ཕྱི་ནང་མཚུངས་པ། དོན་ཉམས་སུ་བླངས་པ་ལ་བསྟེན་ནས་རང་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངོན་དུ་གྱུར་པ། འཇིག་རྟེན་ཚེ་འདིས་ཞེན་པ་སྤངས་པས་བྱ་བ་ཉུང་ཞིང༌། ནན་ཏན་གྱི་ཆོས་ལ་སེམས་པ་ལྟ་བུ་ཞིག་དགོས།།

བཅུ་བརྒྱད་པ། དྲི་བ། བླ་མ་དེ་ལ་བསྟེན་ཚར་བའི་རྗེས་སུ་གང་འདྲ་བྱེད་དགོས།།

ལན། བླ་མ་དེ་ལ་བསྟེན་ཚར་བའི་རྗེས་སུ་སྲོག་ལ་བབས་ཀྱང་དྲིན་ཅན་རྩ་བའི་བླ་མའི་ཐུགས་དང་འགལ་བར་མི་བྱ་སྙམ་ནས་སྙིང་སྟོབས་ཆེན་པོ་ངང༌། འཁོར་བ་ཐོག་མ་མེད་པ་ནས་བདག་གི་ལུས་དཔག་ཏུ་མེད་པ་ལན་ཞིང་འདོད་པའི་རྒྱུ་དམྱལ་བའི་གནས་སུ་ལུས་གྲངས་མེད་པ་བཤགས་ཤིང་གཏུབས་ཏེ་ཆུད་ཟོས་ཀྱང་འདི་ལྟ་བའི་ཆོས་ཀྱི་ཆེད་དུ་ཀྱང་མ་ཡིན། འདི་ལྟ་བའི་སྐྱེས་བུ་དམ་པ་ལ་བཀུར་བསྟི་བྱ་བའི་ཆེད་དུ་ཡང་མ་ཡིན། ད་རེས་མི་ལུས་དོན་དང་ལྡན་པ་ཞིག་བྱེད་ནས། ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བས་ངང་བྱ་བ་དང་སྤྱོད་པ་ཐམས་ཅད་བླ་མའི་ཐུགས་དང་བསྟུན་ནས་སྒྲུབ་དགོས། འཕྲལ་རྐྱེན་ངན་གྱིས་བློ་མི་འགྱུར་བ་ཤིན་ཏུ་བརྟན་པོ་ཡོད་དགོས་པ་མ་ཟད། བླ་མའི་མཛད་སྤྱོད་མ་ངེས་པ་ཇི་ལྟར་མཛད་ཀྱང་ཐབས་ལ་མཁས་པའི་མཛད་སྤྱོད་ཡིན་པ་ཤེས་ནས་དག་སྣང་ཁོ་ན་བྱ་དགོས། སྐྱེ་རིམ་གྱི་ལྷ་སྒོམ་པ་ཐམས་ཅད་ཀྱང་རྣམ་པ་ལྷ་དེ་ཡིན་པ་ལ་ངོ་བོ་རང་གི་རྩ་བའི་བླ་མ་ལས་གཞན་མེད་པར་ཤེས་ན་བྱིན་རླབས་འཇུག་པ་མྱུར། རྫོགས་རིམ་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཐམས་ཅད་ཀྱང་བླ་མའི་བྱིན་རླབས་ཁོ་ན་ཡིན་པ་མ་ཟད། བླ་མ་ལ་སངས་རྒྱས་དངོས་ཡིན་སྙམ་ནས་ཟང་ཟིང་གི་འབུལ་བ་རྒྱུ་ཟས་ལོངས་སྤྱོད་རྣམས་ལ་ཆགས་པ་དང་ཞེན་པ་ཏིལ་འབྲུ་ཙམ་ཡང་མེད་པ། གཏོང་ཕོད་ཀྱི་སྒོ་ནས་བླ་མ་ལ་མཉེས་པ་བྱེད་པ་བྱ། གལ་སྲིད་ཆགས་ཞེན་ཡོད་ན་འབུལ་མི་དགོས། དེ་ནས་རང་གི་ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་བཀོད་ནས་ཞབས་ཞུ་བྱེད་པ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་ཚུལ་བཞིན་ཉམས་སུ་ལེན་ན་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གདོན་མི་ཟའོ། དེ་བཞིན་དུ་དད་པ་དང་མོས་གུས་རབ་ཅིག་ཡོད་ན་བྱིན་རླབས་ཡང་རབ་ཅིག་འཇུག དད་པ་དང་མོས་གུས་འབྲིང་ཞིག་ཡོད་ན་བྱིན་རླབས་ཡང་འབྲིང༌། དད་པ་དང་མོས་གུས་ཐ་མ་ཞིག་ལ་བྱིན་རླབས་ཡང་ཐ་མ། དད་པ་དང་མོས་གུས་རྩ་བ་ནས་མེད་ན་བྱིན་རླབས་དང་ཐུགས་རྗེ་གཏན་ནས་མི་འཇུག དཔེར་ན། ས་བོན་མེ་ཚིག་པ་ལ་མྱུག་གུ་མི་སྐྱེ་བ་ལྟར་རོ།།

བཅུ་དགུ་པ༌། དྲི་བ། ཟབ་མོ་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་སྒྲིབ་བག་ཆགས་ཡིན་པས། དེ་འདག་པའི་ཐབས་ཡོད་དམ།།

ལན། ཡོད། སྡིག་སྒྲིབ་སྦྱངས་པའི་ཐབས་མཆོག་ཏུ་གྱུར་བ་ནི། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན། དེ་ཡང་སྤྱིར་སྡིག་པའི་ལས་གང་ཡང་བཤགས་པས་མི་འདག་པ་མེད། སྔོན་དམ་པ་དག་གི་ཞལ་ནས། སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང༌། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས། སྔོན་ལ་སྡིག་པ་བྱས་ནས་བཤགས་པ་བྱས་པས་ཆོག་སྙམ་ནས་སྡིག་པ་བྱས་ན་བཤགས་པས་སྦྱང་མི་ནུས། དེ་ལས་གཞན་སྡིག་པའི་ལས་སྔོན་ཅི་ཙམ་ཚབས་ཆེ་ཡང༌། བཤགས་པས་མི་འདག་པ་མེད། བཤགས་པའི་སྐབས་སུ། རང་གིས་སྔར་བྱས་པའི་སྡིག་པའི་ལས་དེ་ཉིད་དྲན་ཏེ། ད་ཉི་མ་ཕྱིན་ཆད་སྲོག་དམར་པོ་འདི་ལ་བབས་ཀྱང༌། དེ་ལྟ་བུའི་སྡིག་པའི་ལས་མི་བགྱིད་སྙམ་ནས། སྙིང་ཐག་པ་ནས་ལེགས་པར་བཤགས་ན་འདག་པ་ཡིན། ངག་ནས་མཐོ་ལོ་བཤགས་སོ་སོགས་བཤགས་ཚིག་ཙམ་ཁ་ཏོན་བྱས་ཀྱང་མི་འདག་གོ།

ཉི་ཤུ་བ། དྲི་བ། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི་གང་འདྲ་ཞིག་ཡིན་ནམ།།

ལན། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། དང་པོ་རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་་གི་ནམ་མཁའ་པདྨ་དཀར་པོ་འདབ་མ་སྟོང་དུ་ཟླ་བའི་དཀྱིལ་འཁོར་ཞིག་སྒོམ། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་དང་ལྡན་པ་གཅིག་སྒོམ། ཧཱུྃ་ཡིག་དེ་ལས་འོད་ཟེར་སྤྲོས་བསྡུས་སོགས་ཡོད་ཀྱང་རང་གི་ལུས་ལ་མེད། དེ་ནས་ཧཱུྃ་ཡིག་དེ་ཉིད་གནས་གྱུར་ནས། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཉི་མ་འབུམ་གྱིས་འཁྱིག་པ་ལྟ་བུ་ཞལ་གཅིག་ཕྱག་གཉིག་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་བ་ཐུགས་ཀར་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། ཡུམ་སྙེམས་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྤྱི་བོ་རང་གི་ཁ་ཕྱོགས་སུ་ཞལ་གྱུ་ནས་བཞུགས་པ་སྒོམ། ཡབ་ཡམ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་ཀར་གླེབས་པ་ཙམ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཞིག་གསལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པྭ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏྭི་ཥྠ་ཏྲྀ་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ་ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སི་དྡྷི་མེ་པྲ་ཡཙྪ༌། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝ་ན་སརྦ་ཏ་ཐཱ་ག་ཏཱ། བཛྲ་མཱ་མེ་མུ་ཉྩ་བཛྲ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཅེས་ཡི་གེ་བརྒྱ་བ་རྗོད་པས། ཧཱུྃ་གི་མཐའ་སྐོར་དུ་ཡི་གེ་བརྒྱ་བོ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྐོར་བར་བསམ། དེ་ནས་ཡིག་འབྲུ་རྣམས་ལས་ཐུགས་རྗེས་ཡེ་ཤེས་ཀྱི་བདུད་རྩི་ཐིག་ཐིག་ཧྲམ་ཧྲམ་དུ་བབས་པས། ཡབ་ཡུམ་སྙོམས་པར་བཞུགས་པའི་སྦྱོར་མཚམས་ནས་ཐོན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གི་ནད་ཐམས་ཅད་ཁྲག་རུལ་རྣག་རུལ། གདོན་ཐམས་ཅད་སྲོག་ཆགས་སྡོམ་སྦལ་བ་ཉ་སྦྲུལ་ཤིག་ལ་སོགས་པའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པ། དེ་དག་ཐམས་ཅད་ཆུ་སྣ་རྒྱུག་པས་ས་རྡུལ་དེད་པ་ལྟར་བདུད་རྩིའི་རྒྱུན་གྱིས་ཐོག་པ་མེད་པར་དེད་དེ་རྐང་ཐིལ་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་གྱིས་ཕྱིར་ཐོན། རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ཀྱི་ནང་དུ་སོང་་བར་བསམ་ལ་ཡིག་བརྒྱ་བཟླ། དེ་ནས་མཐར་ས་འོག་ན་འཁོད་པའི་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་ལན་ཆགས་བུ་ལོན་ཤ་མཁོན་བདག་པོ་བདག་མོ་རྣམས་ཀྱང་ངོམས་ཤིང་ཚིམ། ས་གས་པ་ཡང་སོས། རང་གི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་ཡོད་པའི་ལུས་དབུས་སུ་རྩ་དབུ་མ་དང༌། དེ་ལས་གྱེས་པའི་ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་ཡར་གྱུ་བ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཁ་མར་གྱུ་བ། མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་ཁ་ཡར་གྱུ་བ། སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབས་སུམ་ཅུ་རྩ་གཉིས་ཁ་མར་གྱུ་བ་དེ་ལྟར་གསལ་འདབ། སླར་ཡང་བདུད་རྩིའི་རྒྱུན་སྔར་ལྟར་བབས་པས། རང་གི་ལུས་སྤྱི་བོ་བདེ་ཆེན་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞི་ཐམས་ཅད་དང། དེ་ལས་གྱེས་པའི་ལུས་ཀྱི་ནང་ཐམས་ཅད་རྐང་ལག་གི་སོར་མོའི་རྩེ་ཚུན་ཆད། ཤེལ་བུམ་འོ་མས་གང་པ་ལྟར་བདུད་རྩིའི་རྒྱུན་གྱིས་སྐྱ་ལྟེམ་མེ་གང༌། བུམ་དབང༌། གསང་དབང༌། ཤེར་དབང༌། ཚིག་དབང༌། རིན་པོ་ཆེ་སྟེ། དབང་བཞི་ཐོབ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ་སྟེ་སྒྲིབ་པ་བཞི་དག དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ནས་བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་་་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ། ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་གནས་གྱུར། དེ་ནས་རང་ཉིད་ཀྱི་ཐུགས་ཀར་ནས་ཟླ་བའི་དཀྱིལ་འཁོར་ཡུངས་འབྲུ་གླེབས་པ་ཙམ་གྱི་སྟེང་དུ། དབུས་སུ་ཧཱུྃ་མཐིང་ག དེའི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་རྣམས་གསལ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་བཟླས་པ་དང་མཉམ་དུ་ཡིག་འབྲུ་ལྔ་བོ་ལས། འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡར་འཕྲོས་པའི་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱི་ཕྱག་ན་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། གསེར་གྱི་འཁོར་ལོ་རྩིབས་སྟོང༌། དུང་དཀར་གཡས་འཁྱིལ། མེ་ཏོག་སྤོས་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིངས་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་རྗེས་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བྱུང་ནས་རང་ལ་ཐིམ་པས། མཐར་ཐུག་གི་འབྲས་བུ་མངོན་དུ་གྱུར་བར་བསམ། ཡང་ཡིག་འབྲུ་ལྔ་བོ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བརྒྱ་སྟོང་གྲངས་མེད་པ་མར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག དེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་སངས་སངས་དག ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་དཀར་སེར་དམར་ལྗང་་མཐིང་ག་ལྔའི་རང་བཞིན་དུ་གྱུར་ནས། དེ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་འུར་དི་རི་རི་སྒྲོགས་པར་བསམ་ནས་ཟླ། དེ་ལྟ་བུ་སེམས་ཅན་ཐམས་ཅད་ཀྱི་དོན་ཡང་མཉམ་དུ་སྒྲུབ་ནུས་པ་ཡིན། དེ་ལྟར་བཟླས་པ་ཅི་ནུས་བྱས་བའི་རྗེས་སུ་ཐུན་བསྡུ་རན་པ་ན། ཕྱི་སྣོད་ཀྱི་འཇིག་རྟེན་མངོན་དགའི་ཞིང་དུ་སྣང་བ་ཐམས་ཅད་ནང་བཅུད་ཀྱི་རྡོར་སེམས་རིགས་ལྔའི་ལྷ་ཚོགས་ལ་བསྡུས། དེ་རྣམས་ཀྱང་རིམ་གྱིས་འོད་དུ་ཡལ་ནས་རང་ལ་བསྡུས། རང་ཡང་མཐའ་ནས་རིམ་གྱིས་འོད་དུ་ཡལ་ནས་ཐུགས་ཀའི་ཨོཾ་ལ་ཐིམ། ཨོཾ་བཛྲ་ལ། བཛྲ་ས་ལ། ས་ཏྭ་ལ། ཏྭ་ཧཱུྃ་ལ། ཧཱུྃ་ཞབས་ཀྱུ། འ་ཆུང་ཧ་ཁོག མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་རིམ་བཞིན་ཐིམ་ནས། ནཱ་ད་ཡང་ནམ་མཁར་འཇའ་ཚོན་ཡལ་བ་ལྟར་མི་དམིགས་པ་སྟོང་བའི་རང་མདངས་ཧྲིག་གེ་བ་འདིས་ངང་ལ་དར་ཅིག་ལྷོད་དེ་མཉམ་པར་བཞག གལ་སྲིད་སྟོང་བའི་རང་མདངས་ངོ་མི་ཤེས་པ་རྣམས་ནི། རང་གི་རྩ་བའི་བླ་མ་ལ་བློ་རྩེ་གཅིག་ཏུ་གསོལ་བ་འདེབས་ན་འགྲིག དེ་ནས་ཡང་རྣམ་རྟོག་ཞིག་འཆར་བ་རྩོམ་པ་ན། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་བཀྲ་ལམ་གྱིས་གསལ་ལ། མཐར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའམ་སྨོན་ལམ་ཡང་ཡང་འདེབས་པ་ནི་མཇུག་བསྔོ་བ་དམ་པའོ། དེ་ལྟར་དམིགས་པ་ཐམས་ཅད་གསལ་ནུས་ན་བཟང༌། གལ་ཏེ་མི་ནུས་ན་གང་ཐུབ་ཐུབ་བྱེད་ན་འགྲིག་གོ།

སླར་སྨས་པ།

བདག་གི་རྗེས་སུ་བཟུང་བའི་སློབ་ཚོགས་རྣམས།། ད་རེས་ལུས་འདི་ཆུ་ཟོས་མ་ཤོར་བར།། ཐོས་བསམ་སྒོམ་པ་ང་ཡི་སྙིང་གཏམ་ཡིན།། དལ་འབྱོར་ཆུ་ཟོས་ཤོར་ན་ཀྱེ་མ་ལེགས།། ཕྱི་མའི་བར་དོ་འགྲིམ་ཉིན་ཅི་ཞིག་བྱ།། ཁམས་གསུམ་འཁོར་བའི་སྡུག་བསྔལ་དྲག་པོ་འདིར།། ཡང་ཡང་བསམ་ན་མིག་ནས་འཆི་མ་ཤོར།། དེ་ལྟར་མྱུར་དུ་དམ་ཆོས་མ་བརྩོན་ན།། མི་ལུས་ལན་གཅིག་ཐོབ་ཀྱང་དོན་མེད་འགྱུར།། འཆི་བདག་བདུད་ཀྱི་ཞགས་པ་མགོ་བོ་འཐུམ།། མི་རྟག་ལས་དབང་བཙན་པོས་ཕྱོགས་སུ་ཁྲིད།། རྣམ་གཡེང་འདིར་འཛིན་ཅན་དེ་དབང་མེད་རྒྱལ།། སྒྱུ་ལུས་དྲི་ངན་རྐྱེན་དེ་རྗེས་ལ་ལུས།། འཆི་བ་བར་དོ་ཡིན་པ་ངོ་མ་ཤེས།། མི་དགེའི་ལས་ལ་བསྟེན་ནས་ངན་སོང་སྐྱེས།། ཚ་གྲང་སྡུག་བསྔལ་མྱོང་ནས་ངུ་འབོད་བྱེད།། མི་འདོད་ལས་འདི་དྲན་ན་ཡིད་རེ་སྐྱོ།། སྐྱོ་ཞིང་སྐྱོ་བའི་ངང་ནས་དམ་ཆོས་འབད།། སྔར་གྱི་སྡིག་པའི་ཚོགས་རྣམས་འགྱོད་ཅིང་བཤགས།། ཕྱིན་ཆད་མི་དགེ་སྲོག་ལ་བབ་ཀྱང་སྤོང༌།། ལུས་ཀྱི་སྒྲིབ་པ་བྱང་ཞིང་དག་པར་བྱ།།

༈ མ་མགོན་གཟའ་དང་དམ་ཅན་རྡོར་ལེགས་དང༌།། ངན་ནེ་མ་དང་ཚེ་རིང་གཡུ་སྒྲོན་མ།། ཕུར་བའི་སྲུང་མ་གྲིབ་བཙན་ཙིའུ་དམར་བཅས།། གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད།། ཁྱེད་རྣམས་སློབ་དཔོན་པདྨའི་བཀའ་བཞིན་དུ།། གསང་སྔགས་བསྟན་པ་སྲུངས་པའི་ལས་ལ་སྩོལ།། བདག་གི་དྲི་ལན་མེ་ཏོག་ཕྲེང་བ་འདིར།། སྐད་ཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས།། མཐོང་ཐོས་ཙམ་གྱི་སེམས་ལ་ངེས་གྱུར་ནས།། ཀ་དག་གདོན་མའི་བཙན་ས་ཟིན་གྱུར་ཅིག།

དགེ་རྩ་འདི་ཡིས་མ་གྱུར་འགྲོ་བ་ཀུན།། མི་འདོད་ཉེ་འཚེ་མཐའ་དག་ཞི་གྱུར་ནས།། མཐུན་རྐྱེན་ལེགས་ཚོགས་མ་ལུས་མྱུར་འགྲུབ་ཤོག།

ཅེས་པ་དགེ་བའི་རྩ་བ་འདི་ལ་བསྟེན་ནས། བདག་ལ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ། གནས་སྐབས་འཁྲུག་རྩོད་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ནས་བསམ་པའི་དོན་མ་ལུས་པ་ལྷུན་གྱིས་འགྲུབ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག། ཆུ་དམར་པ་དྷརྨཛུཥྱ༔འམ་བསོད་ནམས་དགའ་བ་དེས།། བོད་རབ་བྱུང་ ༡༧ པ་ཤིང་བྱ་ལོ་འཕགས་ཡུལ་རྫོགས་ཆེན་དགོན་ནས་ བྲིས་པ་དགེའོ།། སརྦྤམངྒལྃ༔

 

༄༅། །གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་དྲི་ལན་མེ་

ཏོག་ཕྲེང་བ་ཞེས་བྱ་བ་བཞུགས་ས།།

 

འཇའ་ལུས་ཆོས་སྐུ་ཐོབ་པའི་གདམ་ངག་ཞིག་དགོས་ན།། འོད་གསལ་སྣང་བཞི་ཉེ་ལམ་རང་ཤར་གྱིས་བསྐྱངས་ནས།། མཚུངས་མེད་དཔལ་ལྡན་བླ་མའི་ཐུགས་དགོངས་ཀྱི་མདུན་པ།། གནས་མཆོག་འདི་རུ་དཀྲོལ་བས་མཐར་ཐུག་གི་རེ་སྨོན།།

ཅེས་པ་འདིར་གསང་སྔགས་རྫོགས་པ་ཆེན་པོ་དངོས་ཡིན་པས་ལུང་དང་ཁྲིད་སོགས་མེད་ན་གཟིགས་མི་རིང་བའི་ཐུགས་སྨོན་གནང་བ་མཁྱེན།།

ཉེར་གཅིག་པ། དྲི་བ། ཚེ་ཅིག་ལུས་གཅིག་ལ་སངས་རྒྱས་པའི་ཐབས་ཡོད་དམ།།

ལན། ཡོད། གསང་སྔགས་རྫོགས་པ་ཆེན་པོའི་ཚེ་ཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་ངག་ཁྱད་པར་ཅན་ཞིག་ཡོད། དེ་སྒོམ་པ་ལ་དང་པོ་ཞི་གནས་གལ་ཆེ།།

ཉེར་གཉིས་པ། དྲི་བ། ཞི་གནས་སྒོམ་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཞི་གནས་སྒོམ་པ་ལ་དང་པོ་ལུས་གནད་གལ་ཆེ། ལུས་གནད་ལེགས་པར་བཅའ་མ་ཤེས་ན་བསྒོམ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་གེགས་སུ་འགྲོ་བས་ལུས་གནད་གལ་ཆེ་སྟེ། ལུས་དྲང་བས་རྩ་དྲང༌། རྩ་དྲང་བས་རླུང་དྲང༌། རླུང་དྲང་བོ་གནས་པས་རིག་པ་རྣལ་དུ་ཕོབས་ནས་བསྒོམ་རང་བབས་སུ་འབྱུང་བ་དང༌། དེ་ཡང་ལུས་ཀྱི་འཁྲིལ་འཁོར་དངོས་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་མདའ་ལྟར་དུ་བསྲངས། གསུས་པ་སྒལ་ཚིག་ལ་སྦྱར། མགྲིན་པ་བག་ཙམ་དགུག ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བསྒོམ་རྒྱུ་ཅི་ཡང་མེད་པར་ཧྲིག་གེ་བལྟ། ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད། དེ་ནས་མདུན་དུ་རང་གི་རྩ་བའི་བླ་མའི་སྐུ་དཔར་གཅིག་བཞག་ལ། མིག་མི་བཙུམ་པར། དེ་ལ་ཅེར་རེ་བལྟ་བ་དང་ལྷན་ཅིག་ཏུ་སེམས་ཀྱང་གཞན་གང་དུ་ཡང་མ་གཡེང་པར་དེའི་ཐོག་ཏུ། ཧྲིག་གེ གསལ་ལེ་བཞག སེམས་ཀྱང་གྲིམ་ལྷོད་རིམ་པ་བྱ། སེམས་དམུ་རྒོད་འདི་ཡང་དྲག་ཏུ་འཛིན་ན་རྟོག་པ་ཇེ་མང་དུ་འཕྲོས་པའི་སེམས་རང་བབས་སུ་བཞག དེ་ལ་ཟླ་བ་གསུམ་སྒོམ། དེ་ནས་ཡང་ལུས་གནད་སོགས་སྔར་ལྟར་ལས། རང་གི་མདུན་གྱི་ནམ་མཁའ་ལ། རྣམ་པ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྣང་ལ་རང་བཞིན་མ་གྲུབ་པ་ཞིག་ལ། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་དེ་ལ་སེམས་མ་ཡེངས་ཙམ་དུ་ཧྲིག་གེ་གཏད། དེ་ཡང་དང་པོ་རྟོག་པ་མང་དུ་འགྲོ་ཞིང༌། དེ་ནི་སྒོམ་ཅུང་ཟད་སྐྱེ་བའི་རྟགས་ཡིན། རྟོག་པ་དེ་རྣམས་བཀག་ཀྱང་མི་བཀག། རྗེས་སུ་མི་འབྲང་བར་སེམས་མ་བཅོས་པའི་རང་བབས་སུ་བཞག དེ་ལ་ཟླ་བ་གསུམ་སྒོམ། དེ་ནས་ཡང་ལུས་གནད་སོགས་སྔར་ལྟར་ལས། སེམས་མ་བཅོས་རང་བབས་ངང༌། རྣམ་རྟོག་གང་ཡང་མེད་པ་མིག་བར་སྣང་སྟོང་བ་ལ་ཅེ་རེ། ཡེ་རེ། གསལ་ལེ། ལྷན་ནེ་བཞག དེ་ལ་ཟླ་བ་དྲུག་སྒོམ།།

ཉེར་གསུམ་པ། དྲི་བ། གསང་སྔགས་རྫོགས་པ་ཆེན་པོ་དངོས་ནི་གང་འདྲ་ཞིག་ཡིན་ནམ།།

ལན། གསང་སྔགས་རྫོགས་པ་ཆེན་པོ་དངོས་ལ་བཞི། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོས་་ཀྱི་ཁྲིད་ཡིག་དང༌། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་ཐོད་རྒལ་གྱི་ཁྲིད་ཡིག གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་རྨི་ལམ་འོད་གསལ་ཀྱི་ཁྲིད་ཡིག གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ཁྲིད་ཡིག་དང་བཞིའོ།།

ཉེར་བཞི་བ། དྲི་བ། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་ཁྲིད་ཡིག་ནི་གང་འདྲ་ཞིག་ཡིན་ནམ།།

ལན། དང་པོ་སེམས་པ་བཙལ་དུ་འཇུག་པ་ནི། དེའང་ལུས་ཀྱི་འཁྲུལ་འཁོར་ལྟ་སྟངས་སོགས་སྔར་ལྟར་གྱིས་ལ་སེམས་མདུན་གྱི་ནམ་མཁའ་ཧྲིག་གེ་ཞོག ཡེ་གདོད་མ་ནས་ཡོད་པའི་རང་བྱུང་གི་རིག་པའམ་སེམས་དེ་ཅི་འདྲ་འདུག་ལེགས་པར་ལྟོས། གཅིག་འདུག་དང་གཉིས་འདུག་ལྟོས། གཉིས་འདུག་ན་གཅིག་སངས་རྒྱས་ཙམ་ན་གཅིག་འཁོར་བར་འཁྱམས་དགོས་པས། གཉིས་སུ་ཨེ་འདུག་ལེགས་པར་ཐག་ཆོད་པ་གཅིག་ལྟོས། གཅིག་ལས་མི་འདུག་ན། གཅིག་པོ་དེ་སེམས་ཡིན་པར་འདུག་གམ། སེམས་ཟེར་བ་དེ་དོན་ལ་ཅི་འདྲ་རང་འདུག་ལྟོས། ཕྱིའི་ཡུལ་དུ་ཚོལ་བས་རྙེད་པ་མི་སྲིད། དེ་ཡང་སེམས་དེ་ཅི་འདྲ་གཅིག་ཡོད་དམ་སྙམ་མཁན་གྱི་ཤེས་པ་དེ་ཁོ་རང་ལ་ལྟོས་ནས་ཚོལ་ཅིག དོན་ལ་སེམས་ཟེར་བ་དེ་ཡོད་པ་གཅིག་ཡིན་པར་འདུག་གམ་ལྟོས། ཡོད་ན་དབྱིབས་དང་ཁ་དོག ཆེ་ཆུང་སོགས་གྲུབ་དགོས་པའི་ཅི་འདྲ་འདུག ཟླུམ་པོ་འདུག་གམ། གྲུ་བཞི། ཟླ་གམ། གྲུ་གསུམ། དཀར། སེར། དམར། ལྗང༌། ཆེ་ཆུང་སོགས་གང་འདྲ་འདུག ཐག་ཆོད་པ་གཅིག་ལྟོས་ལ་དབྱིབས་དང་ཁ་དོག་ཆེ་ཆུང་སོགས་ང་ལ་སྟོན་ཅིག་བྱ། བསྟན་རྒྱུ་མི་འདུག་ཟེར་ན། བསྟན་རྒྱུ་མེད་པའི་དངོས་པོ་ཅན་སྲིད་དམ། སེམས་ཟེར་བ་དེ་མི་འདུག་ཟེར་ན། འོ་ན་ཅི་ཡང་མེད་པའི་སྟོང་པ་གཅིག་འདུག་གམ། འདུག་ཟེར་ན་ཅི་ཡང་མེད་པའི་སྟོང་པས་སྒོམ་ཅི་ལ་ཤེས། མ་རྙེད་ཟེར་རྒྱུ་ཅི་ལ་ཡོད། ཅི་ཡང་མེད་ན་ཞེ་སྡང་སྐྱེ་མཁན་དེ་གང་ཡིན། དེས་ན་ཡོད་མེད་གཉིས་ཀྱི་མཚམས་སུ་ཅི་འདྲ་འདུག་ཐག་ཆོད་པར་ལྟོས། ཡོད་མེད་གཉིས་གའི་མཚམས་སུ་ཅི་ཡང་མ་རྙེད་ཟེར་ན། མ་རྙེད་སྙམ་མཁན་གྱི་སེམས་དེ་ལ་ལེགས་པར་ལྟོས་ལ། ཡེ་རེ་བ་གཅིག་འདུག་ཟེར་ན་ཞི་གནས་ཡིན་པས་དེས་མི་འོང༌། རིག་པ་རྩད་ཆོད་ལ། ཧྲིག་གེ་བ་འདྲ་བ་གསལ་ལེ་བ་འདྲ་བའི་ཤེས་པ་གཅིག་་འདུག་སྟེ། སྨྲ་མ་བཏུབ་ཟེར་ན་ཅུང་ཟད་ངོ་འཕྲོད་པས། ཐག་ཆོད་པ་དང་ངོ་སྤྲད་པར་བྱའོ། དེ་ནི་ཞག་བདུན་ནམ་རིམ་པར་བྱ། ད་ནི་རིག་པ་ངོ་སྤྲོད་པ་ནི། སློབ་མ་རྣམས་རེ་རེ་བཞིན་བླ་མའི་མདུན་དུ་བཞུགས་ནས་ངོས་སྤྲོད་པ་བྱ། དེ་ཡང་ལུས་ཀྱི་འཁྲུལ་འཁོར་ལྟ་སྟངས་སོགས་སྔར་ལྟར་གྱིས་ལ། སེམས་མདུན་གྱི་ནམ་མཁའ་ལ་ཧྲིག་གེ་ཞོག ལ་ལས་སེམས་ཅད་མེད་སྟོང་བ་མ་ཡིན་པ། སྟོང་བའི་རང་མདངས་ཧྲིག་གེ་བ་འདི་རིག་པའམ་སེམས་ཀྱི་ངོ་བོ་ཁོ་ན་ཡིན་པར་འདུག་སྙམ་པའི་རྟོག་པ་འཆར། ལ་ལས་གསལ་ཧྲིག་གེ་བའི་ཉམས་འཆར། ལ་ལས་སྟོང་སང་ངེ་བའི་ཉམས་འཆར། དེ་ལ་སོགས་པའི་ཉམས་སྣང་སྣ་རེ་མི་འཆར་མི་སྲིད་དོ། དེའི་དུས་སུ་བླ་མས་འདི་སྐད་ངོ་སྤྲད་དོ། འོ་དེ་ལྟར་སེམས་མ་བཅོས་པའི་ངང་ལ་ལྷན་ནེ་གནས་པ་ཅིག་མི་འདུག་གམ། འོ་འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་མ་ཡིནནོ། ད་ཁྱོད་ཀྱི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ཅེ་རེ་ལྟོས་དང༌། དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཅི་ཡང་མེད་པའི་སྟོང་ལྷན་ནེ་བ་གཅིག་མི་འདུག་གམ། འདི་ལ་ངོ་བོ་སྟོང་བ་ཞེས་པ་ཡིན་ནོ། སྟོང་པ་དེའི་གདངས་མ་འགགས་པར་གསལ་བ་འདྲ་བ། སང་ངེ་འདྲ་བ། ཝལ་ལེ་གསལ་བ་གཅིག་མི་འདུག་གམ། འདི་ལ་རང་བཞིན་གསལ་བ་ཞེས་བྱ་བ་ཡིན་ནོ། ངོ་བོ་ཅི་ཡང་མ་གྲུབ་པའི་སྟོང་སང་ངེ་བ་དང༌། དེའི་གདངས་མ་འགགས་པར་གསལ་ལེ་བ་དེ་གཉིས་དབྱེར་མི་ཕྱེད་པར། ཧྲིག་གེ་བ་འདྲ་བ། ལྷང་ངེ་བ་འདྲ་བའི་རིག་པ་གཅིག་ཡོད། དངོས་སུ་སྨྲ་རྒྱུ་གཅིག་མ་རྙེད་པའི་ཤེས་པ། ད་ལྟའི་ཧྲིག་གེ་བ་འདི་ལ་ཡེ་གདོད་མ་ནས་ཡོད་པའི་རང་བྱུང་གི་རིག་པའམ་སེམས་ཀྱི་ངོ་བོ་་ཞེས་མིང་དུ་བཏགས་པ་ཡིན་ནོ། རང་བྱུང་གི་རིག་པའམ་སེམས་ཀྱི་ངོ་བོ་དེ་ཡེ་གདོན་མ་ནས་ཁོ་རང་གི་གཤིས་དེ་ཀ་ལྟར་རྒྱུན་མ་ཆད་པར་ཡོད་པ་ཡིན་ཀྱང༌། སྔར་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་ངོ་མ་ཤེས། དཔེར་ན། མིག་གིས་ཕར་ཐམས་ཅད་མཐོང་ཡང༌། ཚུལ་ཁོ་རང་གིས་ཁོ་རང་མ་མཐོང་བ་ལྟར། རང་ངོ་རང་གིས་མ་ཤེས། རང་སྐྱོན་རང་གིས་མ་རིག་པའི་ད་བར་འཁྲུལ་བ་ཡིན་ནོ། ད་ནི་ནོར་བདག་པོ་ལ་འཕྲོད། རང་ངོ་རང་གིས་ཤེས། རང་སྐྱོན་རང་གིས་རིག སེམས་ངོ་འཕྲོད་པ་ཞེས་བྱ་བ་ཡིན་ནོ། དེ་ཡང་སངས་རྒྱས་ནས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། བསྐྱབས་པའི་ནུས་མཐུ་སོགས་དེ་ཐམས་ཅད་གསལ་རིག་སྟོང་གསུམ་དབྱེར་མེད་པའི་རིག་པ་ཧྲིག་གེ་བ་འདི་ཁོ་ནས་འབྱུང་བ་ཡིན་པས་ཡང་ནས་ཡང་དུ་རྒྱུན་མ་ཆད་པར་སྒོམ་ཐུབ་པ་ནི་ངས་སྙིང་ཐག་པ་ནས་རེ་བ་ཡིན།།

ཉེར་ལྔ་བ། དྲི་བ། གསང་ཆེན་འོག་གསལ་རྫོགས་པ་ཆེན་པོའི་ཐོད་རྒལ་གྱི་ཁྲིད་ཡིག་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ད་ནི་ཆོས་ཉིད་མངོན་སུམ་གྱི་རིག་པ་ངོ་སྤྲོད་པའི་ལམ་ཐོད་རྒལ་གྱི་ཁྲིད་ནི། དང་པོ་ལུས་གནད་ལ་གསུམ་ཡོད། དེ་ལས་དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟ་བུ་ནི། ལུས་ཁྱི་ཚུགས་སུ་འདུག རྐང་མཐིལ་གཉིས་སར་ཕབ། ལག་པ་རྡོ་རྗེ་ཁུ་ཚུར་བཅངས་ཏེ། རྐང་པའི་མཐེའུ་ཆུང་རྩར་ས་ལ་བཙུགས། རོ་སྟོད་སེང་གེ་ལྟར་བརྒྱང་སྟེ། རྩལ་འཇིང་པ་ལ་བསྐུར། དབང་པོ་ཡུལ་ལ་གཏད། གཟིགས་སྟངས་གྱེན་དུ་ལོག་ནས་བལྟས་པས། འཁྲུལ་བའི་སྣང་བ་དུས་གཅིག་ལ་འགག་པའི་དགོས་པ་ཡོད། གཉིས་པ་ལོངས་སྐུའི་འདུག་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། གླང་ཆེན་ལྟར་ལུས་ཁ་སྦུབས་ཉལ། པུས་མོ་དང་བྲང་སྤྲད། རྐང་སོར་ཕྱིར་ཕུལ། གྲུ་མོ་གཉིས་ས་ལ་སྦྱར། འཇིང་པ་ཡིད་ཙམ་གྱེན་ལ་བཏེད། གཟིགས་སྟངས་ཟུར་གྱིས་བལྟས་པས། ཡེ་ཤེས་དག་པའི་སྣང་བ་མཐོང་བའི་དགོས་པ་ཡོད། གསུམ་པ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། ལུས་ཙོག་པུར་བྱས་ལ། རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་ས་ལ་ཕབ། ལུས་ཆ་བསྲངས། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ་པུས་མོ་ལ་འཁྱུད། རྒལ་ཚིགས་དྲང་བོར་བསྲང༌། གཟིགས་སྟངས་ཐུར་དུ་ཕབ་པའི་ཚུལ་གྱིས་བལྟས་པས། རླུང་སེམས་ལ་དབང་ཐོབ་པའི་དགོས་པ་ཡོད། དེ་ལྟར་ལུས་ཀྱི་གནད་རྣམ་པ་གསུམ་གཟིར་བས། ལུས་ལ་རིག་པ་ཡེ་ཤེས་ཡོད་པ་དེ། གནད་གཟིར་བས་མངོན་སུམ་དུ་མཐོང་བ་དང༌། གཞན་ཡང་ངག་ཇེ་ཉུང་བྱས་ནས་ཉི་མ་གཅིག་ལ་ལན་གསུམ་མམ་བཞི་ལས་མི་སྨྲ་བར་དང༌། ཅི་ཡང་མི་བརྗོད་པར་ལྐུགས་པ་ལྟར་བརྟན་པ་སོགས་བྱའོ། དེ་ནས་ཡང་རླུང་གནད་ཤིན་ཏུ་དལ་བ་བསླབ། རྗེས་སུ་རླུང་རང་བབས་སུ་ཤིན་ཏུ་དལ་བར་བྱའོ། ད་ནི་འོད་གསལ་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་ཁྲིད་དངོས་ནི། དང་པོ་རང་ཉིད་གཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གང་རུང་བྱས་ནས། ཉི་མ་དང༌། གློག མར་མེ་སོགས་ལ་གཟིགས་ནས། རང་གི་སྨིན་ཕྲག(མིག་གི་སྨིན་མ་གཉིས་ཀྱི་བར་ལ་ཟེར་)ཏུ། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། འཇའ་ཚོན་ལྟ་བུའམ། རྨ་བྱའི་སྒྲོ་མདོངས་ལྟ་བུ་འཆར་རོ། དེའི་ནང་དུ་ཐིག་ལེ་སྟོང་བའི་སྒྲོན་མ་ཞེས་བྱ་བ། ཀོ་མོག་ཆུ་ལ་རྡོ་བསྒྱུར་བའི་ཆུ་ཉེར་ལྟ་བུའམ། ཕུབ་ཀྱི་སྦ་སྐོར་ལྟ་བུའི་ནང་དུ། ཐིག་ལེ་ཡུངས་འབྲུའམ་སྲན་འབྲུ་ཙམ་དུ་འཆར་རོ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། མུ་ཏིག་རྩར་ལ་བརྒྱུས་པ་ལྟར་བུ་དང༌། ལྕགས་ཐག་ལྟ་བུ་དེ་ཐམས་ཅད་ཀྱང་གཉིས་སྤྲེལ་དང་གསུམ་སྤྲེལ་ལ་སོགས་པ་འཆར་ཏེ། དེ་ནི་རང་གི་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཡིན་ནོ། དེ་ཡང་དང་པོ་སྐད་ཅིག་ཀྱང་མི་སྡོད་པ་གཡོ་འགུལ་ཅན་ཡིན་པའི་དེ་གཡོ་འགུལ་མེད་པ་བཙོན་དུ་བཟུང་ཐུབ་པ་བྱ་དགོས་སོ། དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པས། ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟ་ཤའི་སྒྲོན་མ་(ཡེ་གདོན་མ་ནས་ཡོད་པའི་རང་བྱུང་གི་རིག་པའམ་སེམས་དེ་ལ་ཟེར་)དཀྱིལ་ན་གནས་ནས། ལམ་དབང་པོའི་དྭངས་མ་མིག་ལ་མངོན་སུམ་དུ་འཆར་བའི་ཆོས་ཉིད་མངོན་སུམ་སྣང་བ་ཞེས་བྱ། དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། དེ་ནས་ཐུན་ཇེ་རིང་ཇེ་རིང་དུ་ཡུན་བསྲིང། དེ་ལྟར་ཉམས་སུ་ལེན་ནས་རང་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཚུལ་ནི། སྣང་ཉམས་ཀྱིས་བཟུང་ཞིང༌། དེ་ལྟར་སྣང་ཉམས་ལས། དབྱིངས་རིག་རེས་གསལ། རེས་མི་གསལ་བ་འབྱུང་ངོ༌། ད་རུང་ཉམས་སུ་བླངས་བས། དབྱིངས་རིག་སྨིན་མཚམས་ལས་འབྲལ་ཏེ། དབང་པོ་དངོས་པོ་དང་བྲལ་ཏེ། ཐིག་ལེ་སྟོང་བའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ༌། ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ ད་རུང་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང༌། གྱེན་འགྲེང་དང་རྩིབས་ཤར་དང༌། མདུང་རྩེ་ལྟ་བུ་དང༌། རེ་ལྡེའི་རྣམ་པ་ལྟ་བུ་དང༌། གུར་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང༌། འོད་དེ་དག་རང་གི་མདུན་ཙམ་དུ་ཁྱབ་པར་འཆར་རོ། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང༌། རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འགྱུར་རོ། ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལ། རིན་པོ་ཆེའི་དྲྭ་བ་ལྟ་བུ་དང༌། འོད་ཀྱི་དྲྭ་བ་དང་དྲྭ་ཕྱེད་དང་མིག་མང་རིས་ལྟ་བུ་དང༌། མིག་ཚག་དང༌། མདུང་རྩེ་དང༌། མཆོད་རྟེན་བརྩེགས་པ་ལྟ་བུ་དང༌། པདྨ་སྟོང་ལྡན་དང༌། གུར་ཁྱིམ་དང༌། ཉི་ཟླ་དང༌། མཁར་ཐབས་རིས་དང༌། རལ་གྲི་དང༌། རྡོ་རྗེ་དང༌། འཁོར་ལོ་དང༌། ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ། འོད་ལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར། ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་རེ་སྣང༌། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་འབྱུང་ངོ༌། རིག་པ་འགུལ་འཕྲིག་མེད་པ་སྡོད། དེ་ལྟར་ཤར་བའི་དུས་ན་བར་དོའི་སྣང་བ་ད་ལྟར་གཏན་ལ་ཕེབས་པས། ཕྱིས་བར་དོ་མེད་དོ། ཡང་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་ཉམས་སུ་བླངས་པས། གོང་གི་ཐིག་ལེ་དེ་དག་རེ་རེའི་ནང་དུ། སྐུ་ཡབ་ཡམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས། འགྱུར་བ་མེད་པས་བྲེལ་ཚད་སྲང་ཚད་ལ་ཕེབས་པ་ལྟར་ཚད་ལ་ཕེབས་ཏེ། དེ་ནས་མ་བསྒོམས་ཀྱང་ཆོག་པའོ། དེ་ཙམ་ནས་ལུས་འོག་གསལ་དུ་གྲོལ་ལོ།།

ཉེར་དྲུགཔ། དྲི་བ། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་རྨི་ལམ་འོད་གསལ་གྱི་ཁྲིད་ཡིག་ནི་གང་འདྲ་ཞིག་ཡིན་ནམ།།

ལན། དང་པོ་ཉིན་མོ་གྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུར་སྦྱང་བར་བྱ། ཡུལ་དང་གྲོང་ཁྱེར་ཁང་ཁྱིམ་གྲོགས་དང་གླེང་བརྗོད་བྱ་བྱེད་ཐམས་ཅད་རྨི་ལམ་ཡིན་ནོ་སྙམས་པའི་འདུན་པ་དྲག་པོ་བྱ། ངག་ཏུ་ཡང་རྨི་ལམ་ཡིན་ཞེས་བརྗོད། དེ་ནས་ཉལ་བའི་དུས་སུ་ཡང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྨི་ལམ་འོད་གསལ་འདི་སྦྱང་སྙམ་དུ་སེམས་་སྐྱེད། སེང་གེའི་ཉལ་སྟབས་གཞོགས་གཡས་པ་ས་ལ་ཕབ། མགོ་བྱང་དུ་བསྟན། ལག་པ་གཡས་ཀྱིས་འགྲམ་པ་སྐྱོར། གཡོན་པ་དཔྱིའི་སྟེང་དུ་བཞག་ལ། ལུས་རང་རང་གི་ཡི་དམ་དུ་གསལ་ན་སྒོམ། མ་གསལ་ན་ཡིན་ནོ་སྙམ། སྔས་མགོ་སུ་རང་གི་རྩ་བའི་བླ་མ་ཞལ་འཛུམ་མདངས་དང་བཅས་བཞུགས་པ་དེའི་པང་དུ་མགོ་བཞག་པར་བསམས་ལ། རང་གི་མགྲིན་པར་ཨོ་རྒྱན་པདྨ་འབྱུང་གནས་འཛུམ་མདངས་ཅན། སྣང་ལ་རང་བཞིན་མེད་པ་ཡེ་རེ་བ་ལེ་སེམས་གཏད། རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཡིད་ཀྱིས་བཏབ་ལ། ལན་མང་དུ་བསྐྱར་ཞིང་འདུན་པ་དྲག་པོས་ནན་ཏན་ཏུ་བྱའོ། ནང་པར་གཉིད་སད་པ་དང༌། མདངས་རྨི་ལམ་དེ་ཙམ་ཞིག་རྨིས་པ་ཐམས་ཅད་སད་པའི་དུས་ན་གཅིག་ཀྱང་མི་འདུག་པ། དེ་དང་འདྲ་བར། དེ་རིང་གི་ཉིན་སྣང་འདི་རྣམས་ཐམས་ཅད་དོ་ནུབ་རྨི་ལམ་ཤར་བ་དང་ཁྱད་གཅིག་ཀྱང་མེད། སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱ་ལ་ལན་མང་དུ་སྦྱང་པས། ཐ་མ་ཡང་ཟླ་བ་གཅིག་ཚུན་ཆད་ལ་ཟིན་ནོ། དང་པོར་རྨི་ལམ་མང་དུ་འགྲོ དེ་ནས་གསལ་དུ་འགྲོ དེ་ནས་ཟིན་པར་འགྱུར་རོ། གལ་ཏེ་ཟླ་བ་གཅིག་ཚུན་ཆད་མ་ཟིན་ན། དམ་ཚིག་ལ་སེལ་ཡོད་པ་ཡིན་པས། སྐྱབས་འགྲོ་སེམས་བསྐྱེད། བསྐངས་བཤགས་ཡིག་རྒྱ། ཚོགས་འཁོར་སོགས་ལ་འབད་ནས། སྔར་བཞིན་བསྒོམས་པས་ཟླ་བ་གཉིས་གསུམ་ཙམ་ལ་ཟིན་ནོ། དེ་ནས་རྨི་ལམ་སྤྲུལ་བསྒྱུར་ལ་བསླབས་པ་ནི། ༡༽རྨི་ལམ་ཟིན་པའི་དུས་སུ། ད་ལྟ་རྨི་ལམ་གྱི་དུས་ཡིན་པས། གང་དུ་ཡང་བསྒྱུར་དུ་རུང་སྙམ་དུ། རྨི་ལམ་དུ་འདྲེའི་ཆོ་འཕྲུལ་ལམ་མི་ཁྱི་ཉ་ལ་སོགས་པ་གང་བྱུང་བ་དེ། རང་གིའི་རྩ་བའི་བླ་མ་འམ་ཡི་དམ་གྱི་ལྷར་བསྒོམས་པས་དེ་འགྱུར་རོ། དེ་མང་དུ་སྤྲུལ་ཞིང་གང་འདོད་པ་དེར་བསྒྱུར་བ་ལ་བསླབ་པའོ། ༢༽ཡང་ཤར་ཕྱོགས་མངོན་པར་དགའ་བའམ། ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་སོགས་ལ་འགྲོ་བའི་འདུན་པ་དྲག་པོ་གཏད་པས། དེ་འགྲོ་ཞིང་ཆོས་ཞུ་ནུས་པ་དང༌། གདོན་གྱི་ཆོ་འཕྲུལ་དང་ཁྱུང་རྟ་མགྲིན་ལ་སོགས་པ་གང་འདོད་དུ་སྤྲུལ་ཞིང་བསྒྱུར་བ་ལ་སྦྱོང་ངོ༌། གཞན་ཡང་མང་པོ་གཅིག་ཏུ་བསྡུས། གཅིག་མང་པོ་ལ་སྤེལ་བ་ལ་སོགས་པ་སྦྱོང་ངོ༌། ༣༽ཡང་རྨི་ལམ་ཡིད་ཀྱི་ལུས་ཡིན་པའི། ཆུ་ཡིས་ཁྱེར་བ་མེད་སྙམ་དུ་བསམ་ལ་ཆུར་འཆོངས་པས་ཆུས་ཁྱེར་བ་མེད་པར་བདེ་སྟོང་དུ་ཕྲིལ་ཕྲིལ་འཆར་རོ། དང་པོ་བདག་འཛིན་གྱི་ཞེན་པས་ཅུང་ཟད་མི་ཕོབ། གོམས་ནས་ཡང་བག་ཚ་མི་འབྱུང་ངོ༌། དེ་བཞིན་དུ། མེ་དང་གཅན་གཟན་ལ་སོགས་པ་ཐམས་ཅད་ལ། དེའི་ཐོག་རྫིས་བྱས་པས། ཡང་བ་ཐམས་ཅད་ཏིང་ངེ་འཛིན་དུ་འཆར་རོ། དེ་ཐམས་ཅད་ཀྱི་གནད་ཉིན་སྣང་སྒྱུ་ལུས་ལས་འབྱུང་ངོ། གཞན་ཡང་སད་འབྱམས་དང༌། བརྗེད་འབྱམས། འཁྲུལ་འབྱམས། སྟོང་འབྱམས། དྲེད་འབྱམས་བཅས་ལྔ་ལས། དང་པོ་སད་འབྱམས་ནི། ལས་དང་པོ་བས་རྨི་ལམ་ཡིན་སྙམ་ནས་ངོས་ཟིན་མ་ཐག་གཉིད་སད། དེ་བསལ་བ་ནི། དམིགས་པ་སྙིང་ཁ་མན་ཆད་ལ་བཟུང་ཞིང༌། རྐང་མཐིལ་གཉིས་སུ་མུན་པའི་ཡི་གེ་ཞེས་བྱ་བ། ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཏད་དེ་གཉིད་པས་སེལ་ལོ། གཉིས་པ་བརྗེད་འབྱམས་ནི། རྨི་ལམ་འཁྲུལ་ཞིང་རང་ཁར་མར་འགྲོ་བ་ལ། དེ་བསལ་བ་ནི། ཉིན་པར་རྨི་ལམ་གྱི་འདུན་པ་ལ་གོམས་པར་བྱ། གཉིད་དུ་འགྲོ་ཁར་ཡང༌། རྨི་ལམ་རྨི་ལམ་དུ་ཤེས་ཤིང་མ་འཁྲུལ་བར་བྱ་སྙམ་པའི་འདུན་པས་གཉིད་ལོག་ཅིང༌། རྨི་ལམ་ཟིན་དུས་ཀྱང་མ་འཁྲུལ་བར་བྱ་སྙམ་ནས་དྲན་པ་བརྟེན་པོ་བྱས་པས་སེལ་ལོ། གསུམ་པ་འཁྲུལ་འབྱམས་ནི། བག་ཆགས་ངན་པའི་འཁྲུལ་སྣང་ཁོ་ན་རྨིས་ཤིང་ཡེ་ནས་མ་ཟིན་ན། ཉིན་པར་རྨི་ལམ་གྱི་འདུན་པ་དྲག་པོ་དང༌། སྒྱུ་ལུས་ནན་ཆེར་སྦྱང༌། སྒྲིབ་སྦྱང༌། བསྐང་བཤགས། ཚོགས་བསགས་ལ་འབད། རླུང་སྲོག་རྩོལ་དྲག་ཏུ་བསྒོམས་ཅང་སེལ་ལོ། བཞི་བ་སྟོང་འབྱམས་ནི། འདུན་པ་དྲག་པོས་གཉིད་ཡར་ཏེ་ཤེས་པ་གཏིང་ནས་གཉིད་མི་ཕེབས་པར་གྱུར་ན། དེ་བསལ་བ་ནི། སྙིང་གི་དཀྱིལ་དུ་ཐིག་ལེ་ནག་པོ་ཞིག་བསམ་སྟེ། འདུན་པ་མི་དྲག་ཙམ་ཡུད་དེ་པ་ལ་གཉིད་ལ། མི་འགྲོ་པར་ཀློག་པས། གཉིད་ཕེབས་པ་དང༌། ཟིན་པ་འགྱུར་རོ། ལྔ་བ་དྲེད་འབྱམས་ཀྱི་གེགས་ཞེས་བྱ་བ་ནི། དང་པོ་སྐྱོ་ཤས་ངེས་འབྱུང་གིས་རི་ཁྲོད་སོགས་ལ་སྒྲུབ་བ་ཅུང་ཟད་རེ་ཡང་བྱས། རྨི་ལམ་ཡང་ཟིན་ནས་ཡོད་པ་ལ། རྗེས་སུ་འདོད་ཡོན་འཁྲི་བ་མ་ཆོད་ནས་འདུ་འཛིན་ལ་གཡེངས་པས། ཇེ་ཞན་དུ་གྱུར་ནས་དྲེད་པོ་ཆོས་རྒྱུས་མཁན། གཞན་གྱིས་ཆོས་དང་ཉམས་ལེན་གང་བྱེད་པ་ཐམས་ཅད་ལ་དག་སྣང་མི་སྐྱེ་བར། རང་ཉམས་ལ་མཇལ་ཞིང་དེ་ཙམ་གཅིག་དང་རང་གིས་ཀྱང་བྱས་ཏེ་ད་ལྟ་འདི་འདྲ་རེད། གཞན་ཡང་དེ་དང་འདྲ་སྙམ་ནས་དྲེད་པོ་འགྱུར་ན། དེ་སེལ་བ་ནི། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་སོགས་བསྒོམ་པ་གཙོ་ཆེར་བྱས་ལ་ཚེ་འདི་བློས་བཏང་ཞིང༌། རི་ཁྲོད་སོགས་དབེན་པར་རྩེ་གཅིག་ཏུ་སྒྲུབ་པ་ལ་འབད་པས། སྔར་གྱི་ཉམས་རྟོགས་སོར་ཆུད་ནས་རྨི་ལམ་ཡང་ཟིན་པར་འགྱུར་རོ། གཞན་ཡང་བླ་མ་ལ་མོས་གུས་མེད་ན་རྨི་ལམ་མི་ཟིན། དམ་ཚིག་ཉམས་ན་མི་ཟིན། གོམས་པ་ཆུང་ན་མི་ཟིན། གདམ་པའི་གནད་མེད་ན་མི་ཟིན་པས། དེའི་བཅོས་ཐབས་ཤེས་པར་བྱའོ། དེ་ཡང་རྨི་ལམ་བར་དོ་འདི་བྱང་ན། ཆོས་ཉིད་དང་སྲིད་པ་བར་དོ་ཡང༌། རྨི་ལམ་དང་འདྲ་པས་བར་དོ་ཟིན་པར་གསུངས་སོ། དེ་ཡང་རྨི་ལམ་ལན་བདུན་ཟིན་ན་བར་དོ་ངོས་ཟིན་པར་ཡིན་ནོ། དེ་ནས་རྨི་ལམ་འོད་གསལ་དུ་བསྒྱུར་བའི་ཁྲིད་གཏི་མུག་རང་གྲོལ་ལ་བསླབས་པ་ནི། ཟླ་བ་གཅིག་གི་བར་དུ་མཚམས་དམ་དུ་བཅད་ཅིང་གྲིབ་མ་ལ་འདུག ཟས་བཟང་ཞིང་བཅུད་ཆེ་བ་ཟ། བཀུ་མཉེ་ལ་སོགས་པ་བྱའོ། དེ་ནས་ཚེས་གཅིག་ནས་གསུམ་གྱི་བར་དུ་གཉིད་བཅག་ལ། དེ་ནས་བཅོ་ལྔའི་བར་དུ། མཚན་ཐུབ་པའི་མར་མེ་འམ་གློག་ལ་སོགས་པ་སྤར། བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་འཁོར་འབུལ། གཏོར་མ་བཤམས། རང་གིའི་དྲིན་ཅན་རྩ་བའི་བླ་མ་ཡོད་ན་རབ། དེ་མེད་ན་རྫོགས་པ་ཆེན་པོ་མཉམ་དུ་ཞུས་པའི་གྲོགས་ཉམས་མྱོང་ཡོད་པ་གཅིག་རྩར་བཞག་གོ དེ་ནས་ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏི་མུག་འོག་གསལ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། མགོ་བྱང་དུ་བསྟན་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལ། རླུང་ཅུང་ཟད་བཟུང་ལ་མགྲིན་པར་དགུག མིག་གྱེན་ལ་ཧྲིག་གེ་བལྟ། སྙིང་གར་ཐིག་ལེ་དཀར་པོ་འོད་ཀྱི་རྣམ་པ་ཅན་གཅིག་ཡེ་རེ་གསལ་བ་ལ་དམིགས་པ་གཏད་དེ། རིག་པ་གསལ་ཡེ་རེ་བ། འོད་གསལ་གྱི་ངང་ལ་གཉིད་དུ་སོང་བ་དང༌། རྨི་ལམ་དུ་སེམས་འོག་གསལ་ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུ། གསལ་སྟོང་བློ་བྲལ་དུ་འཆར་རོ། དེ་ནི་འཆི་ཁའི་དུས་སུ། བར་དོ་གཞིའི་འོག་གསལ་འཆར་བས་དུས་སུ་མ་པང་བུ་རྒྱུག་པ་ལྟར་ངོ་འཕྲོད་པར་འགྱུར་ཏེ། སྐད་ཅིག་གི་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པ་ཐེ་ཚོམ་མེད། འདི་ངོ་འཕྲོད་པར་བྱེད་པ་ལ་ཁྲེགས་ཆོད་འམ་རིག་པ་ངོ་འཕྲོད་པ་ཤིན་ཏུ་གལ་ཆེ། དེ་ཡང་རིག་པ་ངོ་འཕྲོད་པའི་གང་ཟག་རྣམས་ལ་ཆོས་ཉིད་ཀྱི་ངང་དུ་འོད་གསལ་འཛིན་པ་ནི། ལུས་གནད་གོང་ལྟར་བཅས་པའི་ངང་ནས། རིག་པ་གཅུན་ཏེ། གསལ་སྟོང་ཡེ་རེ་བ་ལ་རིག་པ་སྙིང་ཁར་གཏད་ལ་མ་ཡེངས་བར་གཉིད་ལོག་གོ གཉིད་ཟ་ཟིའི་དུས་སུ། གསལ་སྟོང་དབྱེར་མེད་དུ་ཡེ་རེ་བ་དེ་ངོས་ཟིན་ན། འོད་གསལ་ངོས་ཟིན་པའོ། དེས་རྨི་ལམ་དང་བག་ཆགས་མི་འོང་བར་གཉིད་ལོག་པ་ཐམས་ཅད་བསྒོམ་པའི་ཉམས་དང་མ་བྲལ་བར་གནས་པ་ནི། གཉིད་འོད་གསལ་ངང་ལ་གནས་པའོ། དེ་ལ་ཡང་ནས་ཡང་དུ་སྦྱངས་ཤིང༌། རང་གིའི་དྲིན་ཅན་རྩ་བའི་བླ་མ་དང༌། གྲོགས་པོ་གཉིས་གང་ཡོད་ན། གཉིད་དུ་སོང་ནས་དལ་གཅིག་ཙམ་ན་དལ་བུས་བསླངས་ལ་འོད་གསལ་ཟིན་ནམ་དྲི། མ་ཟིན་ན་ལན་མང་དུ་བསྐྱང་བས་ཟིན་པར་འགྱུར་རོ། དེ་ལྟར་འོད་གསལ་ངོ་འཕྲོད་པ་རྣམས་ནི། བར་དོ་ལ་སངས་རྒྱས་པ་ཐེ་ཚོམ་མེད་དོ།།

ཉེར་བདུན་པ། དྲི་བ། གསུང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ཁྲིད་ནི་གང་འདྲ་ཞིག་ཡིན་ནམ།།

ལན། དང་པོ་འཁོར་བ་ལ་ཡིད་སྐྱོ་ཞིང༌། ནམ་འཆི་མི་ཤེས་པས་ད་ལྟ་ནས་བྱང་བར་བྱས་ཏེ། ནམ་འཆི་བར་ངེས་པ་དང༌། ལས་ལ་སྦྱར་མ་རག་པར་བྱང་བ་བྱ་བ་ཤིན་ཏུ་གལ་ཆེའོ། དེ་ཡང་དང་པོ་ཁྲིད་ཀྱི་དུས་སམ། འཕོ་བའི་སྒོམ་ཁྲིད་བྱེད་ཀྱང་རུང་སྟེ། དང་པོ་དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། འཁོར་བའི་སྡུག་བསྔལ་སོགས་དྲན་པར་བྱ། དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ཁྲིད་འདིར་སྦྱང་སྙམ་དུ་སེམས་བསྐྱེད་དོ། ད་ནི་འཕོ་བའི་ཁྲིད་དངོས་ནི། བདེ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ། འཁོར་བའི་སྒོ་དགག་པ་ནི། ལུས་དྲང་པོར་བསྲངས། ལག་གཉིས་ས་གནོན་གྱི་ཕྱག་རྒྱས། པུས་མོ་གཉིས་ཀས་ཀབ་ལ། དཔུང་པ་བརྒྱང༌། དེ་ནས་རང་གི་སྙིང་ཁར་ཡི་གེ་ཧཱུྃ་མཐིང་ག་འོད་དུ་འབར་བ་གཅིག་ལས་ཧཱུྃ་གཅིག་ཆད། བཤང་ལམ་དུ་སོང། དམྱལ་བའི་སྒོ་ཁྲིག་གིས་བཀག ཡང་ཧཱུྃ་གཅིག་ཆད་སྲིད་པའི་སྒོ་སོང༌། ཡི་དྭགས་ཀྱི་སྒོ་དགག དེ་བཞིན་དུ་ཧཱུྃ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག ཧཱུྃ་གཅིག་ལྟེ་བ། དེ་ནས་ཁ། དེ་ནས་སྣ་བུག་གཉིས། དེ་ནས་མིག་གཉིས། དེ་ནས་རྣ་བའི་བུག་པ་གཉིས། དེ་རྣམས་ཧཱུྃ་འོད་དང་ལྡན་པ་རེ་རེས་ཁྲིག་གིས་བཀག་པར་བསམ། སྤྱི་བོ་ཚངས་པའི་བུ་ག་ནི། ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པས་བཀག་པར་བསམ། ལུས་ཀྱི་དབུས་སུ་རྩ་དབུ་མ་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་མར་སྣེ་ལྟེ་འོག་ཏུ་ཟུག་པ། ཡར་སྣེ་ཚངས་ཁུག་ཏུ་ཟུག་པ། དཀར་ལ་སེར་བའི་མདངས་དང་ལྡན་པ། ལུས་ཀྱི་དབུས་སུ་དྲང་ཁྲོད་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུལ་མདོར། རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། གསལ་ལ་དྭངས་བ། དབུགས་ཀྱི་མ་ཀྱིམ། འཕར་ལྷབ་ལྷབ། ཡར་ལ་ཁད་ཁད་ཡོད་པར་བསམ། སྤྱི་བོའི་སྟོང་གི་ནམ་མཁར། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་འཛུམ་མུ་ལེ་བཞུགས་པར་བསམས་ལ། ལུས་ཤེད་སྟོད་དུ་སྤུངས་ལ་བསྒྲིམ། བཤང་ལམ་དྲག་ཏུ་བསྡམས། མིག་གྱེན་ལ་ལྡོག ལྕེ་རྐན་ལ་སྦྱར། ལག་པའི་ཐེ་བོང་གཉིས་ཀྱིས་སྲིན་ལམ་གི་རྩ་བ་མནན་པའི་ཁུ་ཚུར་དྲག་ཏུ་བཅང་ཞིང༌། ལྟེ་འོག་ནས་ཡར་དྲག་ཏུ་འཐེན་ཞིང༌། ངག་གི་གནད་དུ། ཧིག་ཀ ཧིག་ཀ ཞེས་ཁོང་ཤེང་དང་བཅས་པས་ཡང་དྲངས་པས། འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་དད་ཧྲི་ལི་ལི་དྲངས་པས། ཧིག་ཀ་བདུན་གྱིས་ལྟེ་བར་དྲངས། དེ་ནས་ཧིག་ཀ་བདུན་གྱིས་སྙིང་ཁར། དེ་ནས་བདུན་གྱིས་མགྲིན་པར། དེ་ནས་བདུན་གྱིས་སྨིན་མཚམས་སུ། དེ་ནས་ཧིག་ཀ་ཞེས་ཚངས་བུག་ཧཾ་དེ་ལ་ཏུག་ཐུག་པ་དང༌། ཡང་ཐིག་ལེ་མར་བབས་ཏེ་ལྟེ་འོག་ཏུ་ངང་འཁྱིལ་ལེ་གནས་པར་བསམ། དེའི་བར་དུ་ཅུང་ཟད་ངལ་བསོ། དེ་ལྟ་བུ་ལ་ལན་འགའ་ཙམ་གྱིས་འཕོ་བ་ཐེབས་པའི་རྟགས་སུ། ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང༌། གཡའ་བ་དང༌། ཟ་བ་དང༌། སྤྲིད་པ་དང༌། སྐྲང་པ་དང༌། སྤྱི་གཙུག་ཉོལ་མོར་སོང་བ་དང༌། བེམ་པ་(སྦྲིད་པའི་དོན་)དང༌། ཚངས་བུག་ཏུ་ཆུ་སེར་ཐོན་པ་དང༌། ཁྲག་ཐོན་པ་ལ་སོགས་པ་འབྱུང༌། དེའི་ཚེ་བླ་མས་ཚངས་བུག་ལེགས་པར་བཙལ་ལ་རྨ་བྱའི་མདོངས་སམ་འཇག་མ་གཙུགས་པས་ལྟེམ་མེ་ནུབ་པར་འགྱུར་རོ། དེས་ནི་འཕོ་བ་འབྱོང་བ་ཡིན་ཏེ། དེ་ཙམ་ལ་ཚོད་མ་བཟུང་ན། ཚེ་སྲོག་གི་བསྐུར་མར་འགྲོ་བས། དམིགས་པ་དང་འཁྲུལ་འཁོར་འཕྲོ་བཅད། སྤྱི་བོར་མར་རམ་འབྲུ་མར་གྱི་བཀུ་མཉེ་བྱའོ། དེ་ལྟར་རྟགས་མ་བྱུང་ན་རྩོལ་བ་དྲག་པོས་ཡར་འདྲེན་གྲངས་མང་དུ་བྱས་པས་རྟགས་འབྱུང་ངོ༌། སྤྱི་བོར་སྐྲངས་ཀྱང་ཚངས་བུག་མ་རྙེད་ན། མགོ་ན་བ་ལ་སོགས་པ་འབྱུང་པས། ཚངས་བུག་ཧཾ་ཕྱེ་ནས། ཐིག་ལེ་ཚངས་བུག་ནས་ཡར་རྒྱངས་སེ་ཐོན་ནས། བླ་མའི་ཞབས་ལ་གཏུག་པ་རེ་བྱས་ནས། ཡང་ཚངས་བུག་ཏུ་མར་བྱུང་སྟེ་ལྟེ་འོག་ཏུ་གནས་པར་བསམ། དེ་ལྟ་བུ་ལ་ལན་འགའ་ཙམ་གྱིས་ཚངས་བུག་བྱེ་སྟེ། ཁྲག་གམ་ཆུ་སེར་ངེས་པར་ཐོན་ནས་འཇག་མ་ཚུགས་པར་འགྱུར་རོ། དེ་ནས་ཚངས་བུག་ཧཾ་གིས་མ་བཀག་ན། ཚེ་སྲོག་གི་བསྐུལ་མར་འགྲོ་བས་བཀག་པ་གལ་ཆེའོ། དེ་ཕྱིན་ཆད་ནས་ཧིག་ཀ་དང་འཁྲུལ་འཁོར་མི་བྱའོ། དེས་ནི་འཕོ་བ་བྱང་བར་འགྱུར་རོ། གལ་ཏེ་རྩོལ་བ་དྲག་པོས་འཕོ་ཐལ་ན། རྟགས་སུ་ཤེས་པ་དྲན་མེད་དུ་འགྲོ་ལ་ཁད་པ་དང༌། རྣམ་ཤེས་སྟོད་དུ་བརྫངས་པ། མགོ་ཡུ་འཁོར་བ་ལ་སོགས་པ་བྱུང་ན། རྐང་མཐིལ་གཉིས་སུ་ཁུ་ཚུར་རྡེག སྤྱི་བོར་བཀུ་མཉེ་བྱ། དམིགས་པ་རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་ལྕི་བ་ལ་དམིགས་པ་དྲག་ཏུ་གཏད་ཅིང༌། འབེབས་མང་དུ་བྱས་པས་ཞི་བར་འགྱུར་རོ། གནད་ཕལ་ཆེར་ལག་ལེན་ལ་བལྟའོ། འདི་ནི་ཐོག་མའི་འཕོ་བ་ལྟར་ཡིན་ལ། དེ་ནས་འཆི་ལྟས་མ་ཚང་པ་འཕོ་ན་མཚམས་མེད་ལས་ཀྱང་ཉེས་པ་ཆེ་བའི། ངེས་པར་དུ་བརྟག་དགོས། དང་པོ་གཞན་གྱི་སྨྲ་བརྗོད་ཀྱི་གཏམ་ལ་སོགས་པ་རྒྱང་ནས་གྲགས་པ་རྣམས་སྒྲ་ཙམ་ཐོས་ཀྱང་ཚིག་འབྲུ་མི་ཐོས་པ་ཡིན། དེ་བཞིན་དུ་མིག་གི་གཟུགས་ལ་བལྟས་ཀྱང༌། རང་བཞིན་ཅི་ཡིན་པ་མི་མཐོང༌། དེ་ནས་སྣས་དྲི། ལྕེས་རོལ། ལུས་རེག་བྱ་ལ་སོགས་པ་མི་མྱོང་པར་འགྱུར་བ་དང༌། ཡང་སྨན་པ་དང་ནད་གཡོག་གི་རྣམ་འགྱུར་གྱིས་ཀྱང་ཤེས་ལ། ངེས་པར་དུ་འཆི་འདུག་ན། ཉེ་འཁོར་དུ་རྩ་བའི་བླ་མ་བཞུགས་ན་སྤྱན་འདྲན་དུ་བཏང་ལ། མེད་ན་རྡོ་རྗེ་སྤུན་གྲོགས་འམ་ཆོས་རྒྱུད་གཅིག་པའི་དམ་ཚིག་གི་སེལ་མེད་པ་གཅིག་ཀྱང་ཆོག རང་ལ་དངོསཔོ་ཅི་ཡོད་པ་ཐམས་ཅད་བླ་མ་ཕུལ། ཆགས་པ་སྐད་ཅིག་ཀྱང་མེད་པར་བྱ། ཅུང་ཟད་གཅིག་ལ་ཆགས་ན་ངན་སོང་དུ་འགྲོ་བ་ཡིན། དངོས་སུ་ཕུལ་མ་ཐུབ་ཀྱང༌། ཡིད་ཀྱིས་ཕུལ་བས་བློས་ཐོངས་པར་བྱའོ། ཁྱད་པར་དུ་ཡང་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་ཐོ་ཕྱིར་མི་བཞག་གོ དེ་ནས་སྔར་གྱི་དམ་ཚིག་ཉམས་ཆག་ཡོད་ན་བཤགས། ཉེས་ལྟུང་ཅི་ཡོད་ཕྱིར་བཅོས་བྱ། སྡོམ་ལྡན་ཡིན་ན་སྡོམ་པ་ཐམས་ཅད་གསོ་བ་བྱའོ། དེ་ནས་ལུས་གནད་བཅོས་ལ། སྔར་གྱི་འཕོ་བའི་དམིགས་པ་དེ་ཀ་བླ་མས་ལན་མང་དུ་གསལ་གདབ་པས། ཐེབས་པའི་རྟགས་སུ། སྤྱི་བོ་སྐྲངས་པའམ། ཁྲགས་གམ་ཆུ་སེར་ལ་སོགས་པ་ཐེབས་པའི་རྟགས་ངེས་པར་འབྱུང་ངོ༌། རྟགས་བྱུང་ན་བར་དོའི་གསལ་འདེབས་མི་དགོས་ལ། མ་བྱང་ན་བླ་མའམ་རྡོ་རྗེ་སྤུན་གྲོགས་རྣམས་ཀྱིས་རྣ་བར་མཆུ་གཏད་ནས། ཀྱཻ་རིགས་ཀྱི་བུ། ད་ནི་འཆི་བ་དེ་འོང་བར་འདུག་གིས། ཁྱོད་རང་སེམས་བསྐྱེད་འདི་ལྟར་མཛོད་ཅིག ཀྱེ་མ་བདག་ནི་འཆི་བའི་དུས་ལ་བབ་ནས་འདུག་གིས་ད་རེས་འཆི་བ་ལ་བརྟེན་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་བསྒོམ་པ་འབའ་ཞིག་གིས་ཐུགས་བསྐྱེད་དེ། ནམས་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བློ་བསྐྱེད་པ་དང༌། ཁྱད་པར་དུ་ད་རེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་ངོ་ཤེས་པར་བྱས་ཏེ། དེའི་ངང་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། དེ་ལྟར་མ་ཐོབ་ཀྱང་བར་དོ་ལ་བར་དོ་ངོ་ཤེས་པར་བྱས་ལ། བར་དོ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་མངོན་དུ་བྱས་ནས་གང་ལ་གང་འདུལ་གྱི་སྣང་བས། ནམ་མཁའ་མཐའ་དང་མཉམ་པའི་སེམས་ཅན་ཀྱི་དོན་དུ་བྱ་དགོས་སྙམ་དུ་སེམས་བསྐྱེད། དེ་ནས་རང་གིའི་རྩ་བའི་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ནས། སྔར་གྱི་ཉམས་ལེན་རྣམས་གསལ་གདབ་པར་བྱ་སྟེ། རིག་ཐོག་ཏུ་ཧྲིག་གེ ཡུན་རིང་དུ་བཞག་གོ དེའི་ངང་ལ་དབུགས་སོང་ན། གཞིའི་འོག་གསལ་དང༌། ད་ལྟ་བསྒོམ་པའི་ལམ་འོག་གསལ་གཉིས། མ་དང་བུ་འཕྲད་པ་ལྟར་འཕྲད་ནས། སྐད་གཅིག་ལ་གྲོལ་བར་འགྱུར་རོ། འདི་ནི་རྣམ་དག་ཆོས་སྐུའི་འཕོ་བ་ཞེས་བྱ་སྟེ། འཕོ་བ་ཀུན་གྱི་མཆོག་ཡིན་ནོ། ཡང་སྟོང་བ་ཉིད་ལ་ངེས་ཤེས་ཆུང་ན། ལུས་གནད་གོང་ལྟར་ཐུབ་ན་ཆོས་བདུན་བྱ། རང་གི་སྤྱི་བོའི་གཙུག་ཏུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་འཛུམས་མུ་ལེ་བཞུགས་པ་བསམ། ཚངས་པའི་བུ་ག་ཧཾ་གིས་བཀག་པ་དེ་ཁ་བྱེ་སྟེ། སྔར་གྱི་འཕོ་བའི་དམིགས་པ་ལྟར་བྱས་ནས། ཧྲིག་ཀ་ཧྲིག་ཀ་བྱས་མདའ་འཕངས་བ་བཞིན་སོང་ནས། སྤྱི་བོ་བླ་མའམ་ཡི་དམ་གྱི་ཐུགས་ཀར་བསྟིམ། མར་མི་ཕབ་པར་ཡང་ཡང་འདྲེན་ཞིང་བསྟིམ། དེ་ནས་ཡི་དམ་གྱི་ལྷ་ཡང་དམིགས་མེད་ཀྱི་ངང་ལ་བཞག་གོ དེའི་ངང་ལ་དབུགས་སོངས་ན། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། བདག་གལ་ཏེ་གློ་བུར་དུ་འཆི་བར་འགྱུར་ན། སྤྱི་བོ་བླ་མའམ་ཡི་དམ་དྲན་ན་རབ་ཡིན། དེ་དྲན་ལོང་མ་བྱུང་ན། འདུན་པ་སྤྱི་བོར་གཏད་པ་ནི་གནད་ཤིན་ཏུ་ཟབ་བོ། དེ་ནི་སྐད་ཅིག་མའི་འཕོ་བ་ཡིན་ལ། སྦྱོང་བའི་སྐབས་སུ་འདུན་པ་སྤྱི་བོར་གཏད་པ་དང༌། སྤྱི་བོར་བླ་མ་ལ་སོགས་པ་ཡང་ཡང་འདེབས་པ་སོགས་གལ་ཆེའོ། ཡང་སེམས་ཅན་གང་འཆི་ཡང༌། མགོ་བྱང་དུ་བསྟན། གཡས་ས་ལ་ཕབ། ཚངས་བུག་གི་སྐྲ་ལ་རེ་ཙམ་རེ་ཙམ་འཐེན་ནས། མགོ་ཕྱོགས་སུ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང༌། སངས་རྒྱས་སྨན་གྱི་སྷ་བཻཌཱུ་ཡ་འོད་གྱི་རྒྱལ་པོའི་སོགས་ནས་བརྗོད་ན། ངན་སོང་ལས་གྲོལ་བ་ཐེ་ཚོམ་མེད་དོ།།

གཞི་ཀ་དག་གི་དགོངས་པ་མ་ནོར་བ་ལུས་རྡུལ་ཕྲན་དུ་དེངས་ནས་སངས་རྒྱས་པས་གདམས་ངག་ཟབ་མོ་ཡིན་པའི། འདི་ལས་ལྷག་པའི་ཟབ་ལམ་ནི་ཐེག་པ་རིམ་དགུའི་ཆོས་ཞལ་བསྡུར་ཀྱང་མི་རྙེད། ལམ་ཐམས་ཅད་ཀྱི་གནད་འགག་མཐར་ཐུག་པ་དེ་ཡིན་པས། སྐྱེ་བོ་ཡོངས་ལ་འདི་ལྟ་བུ་གདམས་ངག་ཟབ་མོ་དང་མ་འཕྲད་ན། ཐོས་པ་རྒྱ་མཚོ་ལྟ་བུའམ་འདུལ་བ་འཛིན་པའི་མཁན་པོ། མཚན་ཉིད་ཀྱི་སྟོན་པ་ཆེན་པོ་རྣམས་ཀྱང༌། སྐབས་འདིར་འཁྲུལ་ནས་ངོ་མ་འཕྲོད་དེ། འཁོར་བ་འཁྱམས་པ་སོགས་ཡོད། འདི་ལྟར་གསང་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ་ཐ་མའི་ཐ་མ་ཅིག་ཡིན་ནའང༌། མ་དང་བུ་འཕྲད་པ་ལྟར་ངོ་ཤེས་ནས་གྲོལ་བ་ཐེ་ཚོམ་མེད་པས། དུས་དང་རྣམས་པ་ཐམས་ཅད་དུ་འདི་ཁོ་ན་ལ་ཉམས་ལེན་གྱི་མཐིལ་བཅོལ་ན། ཉམས་ལེན་གཞན་ཅི་ཡང་མེད་ཀྱང་རུང་བ་ཡིན་པས་སྙིང་ཐག་པ་ནས་འབད་པ་ཅི་ནས་ཀྱང་གལ་ཆེའོ།།

ཉེར་བརྒྱད་པ། དྲི་བ། གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་བླ་མ་ཡང་ཏིག་གི་བརྒྱུད་པ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ༡༽ཆོས་སྐུ་ཀུན་ཏུ་བཟང་པོ། ༢༽ལོངས་སྐུ་རྡོ་རྗེ་སེམས་དཔའ། ༣༽སྤྲུལ་སྐུ་དགའ་རབ་རྡོ་རྗེ། ༤༽སློབ་དཔོན་འཇམ་དཔལ་བཤེས་གཉེན། ༥༽རིག་འཛིན་ཤྲཱི་སེང་ཧ། ༦༽སློབ་དཔོན་ཛྙཱ་ན་སཱུ་ཏྲ། ༧༽པན་ཆེན་བཱི་མ་མི་ཏྲ། ༨༽སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ༩༽ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ༡༠༽ཉང་བན་ཏིང་འཛིན་བཟང་པོ། ༡༡༽གནས་བརྟན་ལྡང་མ་ལྷུན་གྲུབ། ༡༢༽ལྕེ་བཙུན་སེང་གེ་དབང་ཕྱུག ༡༣༽སྤྲུལ་སྐུ་རྒྱལ་བ་ཞང་སྟོན། ༡༤༽མཁས་པ་གུ་རུ་ཉི་འབུམ། ༡༥༽ཆོས་བདག་གུ་རུ་ཇོ་འབེར། ༡༦༽འཁྲུལ་ཞིག་སེང་གེ་རྒྱབ་པ། ༡༧༽གྲུབ་ཆེན་མེ་ལོང་རྡོ་རྗེ། ༡༨༽རིག་འཛིན་ཀུ་མ་རཱ་ཛ། ༡༩༽རྒྱལ་དབང་ཀློང་ཆེན་པ། ༢༠༽བྱ་བྲལ་བ་བཀྲ་ཤིས་འབྱུང་གནས། ༢༡༽གུ་རུ་གཞན་ཕན་རྡོ་རྗེ། ༢༢༽རྒྱལ་སྲས་ནམ་མཁའ་རྡོ་རྗེ། ༢༣༽རྒྱལ་སྲས་འོག་གསལ་ཀློང་ཡངས། ༢༤༽རྫོགས་ཆེན་པ་བསོད་ནམས་རིན་ཆེན། ༢༥༽བྱ་ཁྱུང་པ་ངག་དབང་པདྨ། ༢༦༽རྫོགས་ཆེན་པ་བསོད་ནམས་དབང་པོ། ༢༧༽ལྷ་བཙུན་ཀུན་བཟང་འཇིགས་མེད། ༢༨༽རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ། ༢༩༽རྫོགས་ཆེན་པ་པདྨ་རིག་འཛིན། ༣༠༽དཔོན་སློབ་ནམ་མཁའ་འོད་གསལ། ༣༡༽རྗེས་པདྨ་ཀུན་གྲོལ་རྣམ་རྒྱལ། ༣༢༽བཤེས་གཉེན་དམ་པ་སྐལ་བཟང་མཚན་ཅན། ༣༣༽ཉི་སྤྲུལ་པདྨ་ཐེ་མཆོག་བསྟན་པའི་རྒྱལ་མཚན། ༣༤༽ངེས་དོན་བསྟན་འཛིན་བཟང་པོ། ༣༥༽རྡོ་གྲུབ་འཇིག་མེད་ཕྲིན་ལས་འོད་ཟེར། ༣༦༽མི་འགྱུར་ནམས་མཁའི་རྡོ་རྗེ། ༣༧༽ཨོ་རྒྱན་བསྟན་འཛིན་ནོར་བུ། ༣༨༽མཁས་མཆོག་གཞན་ཕན་སྣང་བ། ༣༩༽འཇིགས་མེད་ཡོན་ཏན་མགོན་པོ། ༤༠༽རྟོགས་ལྡན་བླ་མ་བློ་གྲོས་རྒྱལ་མཚོ། ཅེས་སོ། དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཅག་གི་བླ་མ་དམ་པའི་བར་དུ། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་སླད་མ་ཞུགས་པར་ངེས་ཅན་ཡིན་པས། འདི་ཉིད་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་རྫོགས་ཆེན་བསྐོར་གྱི་ཁྲིད་རྒྱུན་རེ་སྤེལ་ནས་བྲིས་པ་ཡིན་ནོ།།

སླར་སྨས་པ།

དྲིན་ཅན་བླ་མ་བློ༵་གྲོ༵ས་རྒྱ༵་མཚོ༵་ཡིས།། ཆོས་དབྱངས་ཀུན་བཟང་ཀློངས་ནས་འབྲལ་མེད་དུ།། བདག་ཅག་སྙིགས་མའི་སེམས་ཅན་མ་ལུས་པ།། ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག། ཁམས་གསུམ་འཁོར་བ་རིགས་དྲུག་གང་གནས་ཀྱང༌།། སྡུག་བསྔལ་གསུམ་ལས་ཐར་བའི་དུས་མི་འོང༌།། དེར་བསྟེན་མྱུར་དུ་དམ་ཆོས་མ་བརྩོན་ན།། འཆི་བ་སྲོག་ལ་བབ་ཉིན་ཅི་ཞིག་བྱ།། དོན་མེད་མི་ཚེ་ཆུད་ཟོས་མ་ཤོར་བར།། ཐོས་བསམ་སྒོམ་པའི་ལམ་ལ་རྟག་ཏུ་གནས།། དྲིན་ཅན་བླ་མའི་ཞལ་གསུང་མ་ནོར་བ།། ཇི་བཞིན་བརྩོན་པ་ང་ཡི་སྙིང་གཏམ་ཡིན།། བློ་ཐག་བཅད་ནས་རང་བབ་ངང་ལ་གནས།། དོན་ཆེན་འགག་ལ་ཐུག་ཉིན་སེམས་མ་ཞན།། ཁྲེགས་ཆོད་དབྱིངས་རིག་སྨིན་མཚམས་འབྲལ་བར་ཤོག། ཐོད་རྒལ་རྒྱང་ཞགས་ཆུ་སྒྲོན་སྒོ་ཕྱེ་ཤོག། དབྱིངས་ཀྱི་སྒྲོ་མེ་སྣ་ཚོགས་བཀྲམས་པར་ཤོག། ཐིག་ལེ་སྟོང་སྒྲོན་མངོན་དུ་འགྱུར་བར་ཤོག། ཨ་ཏི་སྤྲོས་མེད་དབང་བཞི་ཅིག་ཆར་དུ།། འབྲས་བུ་ཀུན་བཟང་ཡེ་ཤེས་ཐོབ་པར་ཤོག། ལྟ་བའི་གནད་ལ་བཟང་ངན་མེད་པ་ཡིས།། སྐྱེ་རྫོགས་དབྱེར་མེད་རྟོགས་པའི་བཀྲ་ཤིས་ཤོག།

མ་མགོན་གཟའ་དང་དམ་ཅན་རྡོར་ལེགས་དང༌།། ངན་ནེ་མ་དང་ཚེ་རིང་གཡུ་སྒྲོན་མ།། ཕུར་བའི་སྲུང་མ་གྲིབ་བཙན་ཙིའུ་དམར་བཅས་གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད།། ཁྱེད་རྣམས་སློབ་དཔོན་པདྨའི་བཀའ་བཞིན་དུ།། གསང་སྔགས་བསྟན་པ་སྲུངས་པའི་ལས་ལ་སྩོལ།། བདག་གི་དྲི་ལན་མེ་ཏོག་ཕྲེང་བ་འདིར།། སྐད་ཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས།། མཐོང་ཐོས་ཙམ་གྱི་སེམས་ལ་ངེས་གྱུར་ནས།། ཀ་དག་གདོན་མའི་བཙན་ས་ཟིན་གྱུར་ཅིག།

དགེ་རྩ་འདི་ཡིས་མ་གྱུར་འགྲོ་བ་ཀུན།། མི་འདོད་ཉེ་འཚེ་མཐའ་དག་ཞི་གྱུར་ནས།། མཐུ་རྐྱེན་ལེགས་ཚོགས་མ་ལུས་མྱུར་འགྲུབ་ཤོག།

ཅེས་པ་དགེ་བའི་རྩ་བ་འདི་ལ་བསྟེན་ནས། བདག་ལ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ། གནས་སྐབས་འཁྲུག་རྩོད་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ནས་བསམ་་པའི་དོན་མ་ལུས་པ་ལྷུན་གྱིས་འགྲུབ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག། ཆུ་དམར་པ་དྷརྨཛུ་ཥྱ༔འམ་བསོད་ནམས་དགའ་བ་དེས། བོད་རབ་བྱུང་༡༧པ་ཤིང་བྱ་ལོ་འཕགས་ཡུལ་རྫོགས་ཆེན་དགོན་ནས་བྲིས་པ་དགེའོ།། སརྦྤམངྒལྃ༔

 

གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་དྲི་ལན་མེ་ཏོག་ཕྲེང་བ་ བར་དོ་ངོ་སྤྲོད་ཞེས་བྱ་བ་བཞུགས་སོ།།

 

བླ་མ་ཡི་དམ་ལྷ་ཚོགས་རྣམས།།

གུས་པས་སྙིང་ནས་སྐྱབས་སུ་མཆི།།

བདག་འདྲའི་སེམས་ཅན་ལས་ངན་ཀུན།།

བར་དོ་གྲོལ་བར་མཛད་དུ་གསོལ།།

ཅེས་གསུངས། དེ་ཡང་བར་དོ་ལ་སྒོམ་བྱ་མི་དགོས་པའི་དམ་ཆོས་ཟབ་མོ། ཐོས་པས་གྲོལ་བ། བསམ་པས་གྲོལ་བ། བལྟས་པས་གྲོལ་བ། ཀླག་པས་གྲོལ་བ། སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད་པའི་ཆོས། སྐད་ཅིག་གཅིག་གི་རྫོགས་སངས་རྒྱས་པའི་དམ་ཆོས་ཟབ་མོ་འདིར། མཚམས་མེད་ལས་བྱས་པའི་མི་སྡིག་པོ་ཆེ་ཡིན་ཀྱང༌། འདི་ལ་ནན་ཏན་བྱས་ན་ངེས་པར་གྲོལ་བ་གདོན་མི་ཟའོ།།

ཉེར་དགུ་བ། དྲི་བ། འཆི་ཁའི་བར་དོ་འོད་གསལ་དང་པོ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། འཆི་ཁའི་བར་དོ་འོད་གསལ་དང་པོ་ངོ་སྤྲོད་པ་ནི། འཆི་བའི་སྐབས་སུ་བློ་གཡས་པ་ས་ལ་ཕབ་ནས་སེངྒེ་འདུག་སྟངས་བྱས་ལ་མགོ་བྱང་དུ་བསྟན། དེ་ནས་འཆི་བའི་སྐབས་སུ་བར་དོ་དང་པོ་འོད་གསལ་ཞེས་བྱ་བ་ཆོས་སྐུའི་དགོངས་པ་ཕྱིན་ཅི་མ་ལོག་པ་སྔར་བླ་མས་ངོ་སྤྲད་པ་དེ་ཀ་རང་འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་ཏེ། དེ་ལ་ཕལ་བ་རྣམས་ཀྱིས་ཤེས་པ་བརྒྱལ་ཟེར་རོ། ཡུན་ནི་ངེས་པ་མེད། རྟེན་བཟང་ངན་དང་རྩ་རླུང་གི་རིམ་པ་ཡིན་ཏེ། ཉམས་ལེན་དུམ་བུ་རེ་ཡོད་པ་དང༌། ཞི་གནས་བརྟན་པོ་ཡོད་པ་དང༌། རྩ་བཟང་བའི་རིགས་ལ་ནི་ཡུན་རིང་གནས་པ་ཡོང་ངོ༌། སྡིག་པོ་ཆེ་དང་རྩ་ངན་པའི་རིགས་ལ་ནི་སེ་གོལ་རེའི་ཡུན་ལས་མི་གནས་པ་ཡང་འོང་ངོ༌། ལ་ལ་ཟན་ཟ་ཡུན་རེ་གནས་པ་ཡོད། མདོ་རྒྱུད་ཕལ་ཆེར་ལས་ཞག་ཕྱེད་དང་བཞིར་གནས་པས་འོད་གསལ་ངོ་སྤྲོད་འདི་ལ་ནན་ཏན་བྱས་པ་གལ་ཆེ། རང་གི་ཐུབ་ན་རང་གིས་གསལ་འདབས། རང་གིས་མི་ནུས་ན། བླ་མའམ་སློབ་མ༌། མཆེད་གྲོགས་བློ་སེམས་འདྲེས་པ་སོགས་ཀྱིས་རྣར་བ་མཆུ་གཏད་ནས་ཚིག་གསལ་བར་བཤད། བདག་ད་རེས་འཆི་བ་ལ་བརྟེན་ནས། བྱམས་པ་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་བསྒོམ་པ་འབའ་ཞིག་གིས་ཐུགས་བསྐྱེད་དེ། རང་གི་ད་ལྟའི་ཤེས་རིག་ངོ་བོ་སིང་ངེ་བ་འདི། དངོས་པོ་དང་མཚན་མ་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པ་སྟོང་སང་ངེ་བར་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། རང་གི་ཤེས་རིག་གི་ངོ་བོ་སྟོང་བའོ། སྟོང་པ་ཕྱལ་ཆད་དུ་མ་སོང་བར་རང་གི་ཤེས་རིག་མ་འགགས་པར་གསལ་ལེ། སིང་ངེ༌། ཝལ་ལེ་བ་འདི་ཀ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། རང་གི་རིག་པའི་ངོ་བོ་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང༌། རང་གི་ཤེས་རིག་ཝལ་ལེ་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ། སྐྱེ་ཤི་མེད་པ་སངས་རྒྱས་འོད་མི་འགྱུར་བ་ཡང་འདི་ཀ་ཡིན་ནོ། དེ་ངོ་ཤེས་ན་གྲོལ་བར་ཐེ་ཚོམ་མེད་དོ།།

སུམ་བཅུ་བ། དྲི་བ། བར་དོ་འོད་གསལ་གཉིས་པ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། གལ་ཏེ་འོད་གསལ་དང་པོ་དེ་ལ་ངོས་མ་ཟིན་ན། ཡང་འོད་གསལ་གཉིས་པ་ངོ་སྤྲོད་པ་ནི། དེ་ཡང་དུས་ཡུན་ནི་ཕལ་ཆེ་ཕྱི་དབུགས་ཆད་ནས་ཆུ་ཚོད་གཉིས་གསུམ་ཙམ་ནས་འོང་ངོ༌། ལས་བཟང་ངན་གྱིས་རྩ་གཡས་གཡོན་གང་རུང་གཅིག་ནས་རླུང་ཤོར་ཏེ། སྒོ་གང་རུང་གཅིག་ནས་ཕྱིར་ཐོན་མ་ཐག་ཤེས་པ་གསལ་ལམ་གྱིས་འོང་ངོ༌། ཤི་བ་ཡིན་ནམ་མ་ཤི་བ་ཡིན་སྙམ་དུ་ངོ་མི་ཤེས། ཉེ་འབྲེལ་རྣམས་ཕར་མཐོང་ཡང་ཚུལ་མི་མཐོང༌། སྐབས་དེར་ལས་ཀྱི་འཁྲུལ་སྣང་དྲག་པོ་ཡང་མ་ཤར། གཤིན་རྗེའི་འཇིགས་སྐྲག་ཀྱང་མ་སླེབ་པའི་བར་དེར་གདམས་ངག་འདི་དྲན་པ་བྱ་བ་གལ་ཆེ། དེ་ལ་རྫོགས་རིམ་དང་བསྐྱེད་རིམ་གཉིས་ལས། དང་པོ་རྫོགས་རིམ་ནི་གོང་གི་འོད་གསལ་ངོ་སྤྲད་པ་དེ་སྐྱར་ནས་གདབ་བོ། བསྐྱེད་རིམ་ཡིན་ན། རང་གི་རྩ་བའི་བླ་མའམ་ཡི་དམ་གྱི་ལྷ་གང་ཡིན་པ་དེར་སྣང་ལ་རང་བཞིན་མ་གྲུབ་པ་ཅིག་བསྒོམ། སྐྱེ་བོ་ཐ་མལ་པ་ཡིན་ན་འཕགས་པ་སྤྱིན་རས་གཟིགས་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ཅིག་བསྒོམ། དེ་ལྟར་ངོ་སྤྲད་པས་བར་དོ་ངོས་མི་ཟིན་པ་རྣམས་ཀྱང་ཟིན་པར་ཐེ་ཚོམ་མེད་དོ། དེ་ཡང་གསོན་པོའི་དུས་སུ་བླ་མས་ངོ་སྤྲད་ཀྱང་གོམས་འདྲིས་ཆུང་ན་བར་དོ་རང་གིས་གསལ་མི་ཐེབས་པས། བླ་མའམ་མཆེད་གྲོགས་ཀྱིས་ངེས་པར་གསལ་འདེབས་དགོས་སོ། དུས་དེར་གདམས་ངག་འདི་ཐེབས་ན། ཆོས་ཉིད་འོད་གསལ་ལ་མ་བུ་འཕྲད་པ་ལྟར་འཕྲད་ནས་གྲོལ་བ་ཡིན་ནོ།།

སོ་གཅིག་པ། དྲི་བ། བར་དོ་འོད་གསལ་གསུམ་པ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། གལ་ཏེ་འོད་གསལ་གཉིས་པ་དེ་ལ་ངོས་མ་ཟིན་ན། ཡང་འོད་གསལ་གསུམ་པ་ངོ་སྤྲོད་པ་ནི། བར་དོ་གསུམ་པ་ལས་ཀྱི་འཁྲུལ་སྣང་གི་བྱ་བ་ཤར་དུ་འོང༌། དེ་ཡང་ཉེ་འབྲེལ་རྣམས་ཀྱི་ངུ་སྐད་སྨྲེ་སྔགས་སོགས་ཐོས་ཀྱང༌། རང་གི་ཁོང་རྣམས་ལ་བོས་པ་མ་ཐོས། ཡང་རང་གིས་ཁོང་རྣམས་མཐོང་ཡང༌། ཁོང་རྣམས་ཀྱིས་རང་ལ་མ་མཐོང་པས། སྙིང་མི་དགའ་བ་གྱུར་ནས་ཕྱད་དེ་འགྲོའོ། དེའི་ཚེ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཇིགས་སྐྲག་ངང་ཤར་ནས་འོངས་ངོ༌། འདིའི་དུས་སུ་ཁྱོད་ཀྱིས་གང་ལ་ཡང་ཆགས་པ་དང་ཞེན་པ་ནི་མ་བྱེད་ཅིག དཀོན་མཆོག་གསུམ་ཡིད་ལ་དྲན་པར་གྱིས་ཤིག དེ་ནས་ཁྱོད་ཀྱི་ལུས་དང་སེམས་བྲལ་བའི་དུས་སུ། ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་བ། གསལ་ལ་འཚེར་བ་རང་བཞིན་དཀྲག་གསལ་ལ་ཉམས་ང་བ། སོས་ཀའི་ཐང་ལ་སྨིག་རྒྱུ་བཞིན་མེ་རེ་རེ་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག དེ་ནི་ཁྱོད་རང་གི་ཆོས་ཉིད་ཀྱི་རང་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག སྒྲ་ཡི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་དག་ལ་ལྡིར་ཆེ་བ། འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་དུ་དི་རི་རི་འོང་ངོ༌། དེ་ཡང་ཁྱོད་རང་གི་ཆོས་ཉིད་ཀྱི་རང་སྒྲ་ཡིན་པས། དེ་ལ་མ་འཇིགས་ཤིགས། མ་སྐྲག་ཅིག མ་དངངས་ཤིག ཁྱོད་ལ་བག་ཆགས་ཡིད་ཀྱི་ལུས་གཅིག་ཡོད་ཀྱང༌། ཤ་ཁྲག་གི་ལུས་ནི་མེད་པས། སྒྲ་འོད་ཟེར་གསུམ་གང་བྱུང་ཡང་ཁྱོད་ལ་གནོད་པ་མི་འོང་སྟེ། ཁྱོད་ལ་འཆི་རྒྱུ་མེད་དོ། དེ་ནས་ཞག་ཕྱེད་དང་བཞིའི་བར་དུ་བརྒྱལ་འགྲོ་སྟེ། བརྒྱལ་སངས་པ་དང་ང་ལ་ཅི་བྱུང་བ་ཡིན་ནམ་སྙམ་པའི་སྣང་བ་འབྱུང་སྟེ། དེའི་དུས་སུ་ཁྱོད་ཀྱི་བར་དོར་ངོ་ཤེས་པར་གྱིས་ཤིག དེའི་ཚེ་འཁོར་བའི་རུ་ལོ་གནས། སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། ནམ་མཁའ་ཐམས་ཅད་ཁ་དོག་མཐིང་ཁར་དུ་འཆར་རོ། གལ་ཏེ་འཆི་ཁའི་བར་དོ་འོད་གསལ་ངོས་ཟིན་ན་ཆོས་སྐུ་ཐོབ་བོ། དེའི་ཡན་ཆེད་འཆི་ཁའི་བར་དོ་འོད་གསལ་ངོ་སྤྲད་པ་ཡིན་ནོ།།

སོ་གཉིས་པ། དྲི་བ། ཞག་དང་པོ་ཞི་བའི་བར་དོ་ལས་དབུས་ཕྱོགས་བཅོམ་ལྡན་རྣམ་པར་སྣང་མཛད་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཞག་དང་པོ་ཞི་བའི་བར་དོ་ངོ་སྤྲོད་པ་ནི། དང་པོ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས། བཅོམ་ལྡན་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སེངྒེའི་ཁྲི་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་བསྣམས་པ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ༌། རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། འོད་མཐིང་ཁ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་ཁ། གསལ་ལ་དྭངས་བ། བཀྲག་ལ་འཚེར་བ་གཅིག་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་ཁྱོད་བར་དོའི་འཕྲང་ལ་བསུ་མ་འོང་བ་ཡིན་ནོ། དེ་དང་མཉམ་དུ་ལྷའི་འོད་དཀར་པོ་བཀྲག་མེད་པ་ཅིག་ཀྱང་མདུན་དུ་ཡེ་ཤེས་ཀྱི་འོད་དང་གཤིབ་མར་ཟུག་ནས་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག དེ་ཁྱོད་ཀྱིས་གཏི་མུག་དྲག་པོའི་བསགས་པའི་བག་ཆགས་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་ལྷའི་གནས་སུ་འཁྱམས་ཏེ། ཐར་བ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཐོབ་མི་སྲིད་པས། དེ་ལ་མ་ཆགས་ཤིག།

སོ་གསུམ་པ། དྲི་བ། ཞག་གཉིས་པ་ཞི་བའི་བར་དོ་ལས་ཤར་ཕྱོགས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་དང་པོ་དེ་ལ་ངོས་མ་ཟིན་ན། ཞག་གཉིས་པ་ལ་འབྱུང་བ་ཆུ་ཐམས་ཅད་རྣམ་པར་དག་པའི་འོད་དཀར་པོ་འཆར་རོ། དེའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་ཕྱག་ན་རྡོ་རྗེ་རྩེ་ལྔ་བ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཡུམ་སངས་རྒྱས་སྤྱན་མ་དང་ཞལ་སྦྱར་ནས་རང་ལ་འཆར་རོ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང༌། བྱམས་པ་མཻ་ཏྲི་གཉིས་ལ། སེམས་མ་ལཱ་སྱ་མ་དང་པུཥྤེ་མ་གཉིས་ཀྱིས་བསྐོར་ནས། འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ༌། གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དཀར་ལ་འཚེར་བ། གསལ་ལ་དྭངས་བ་གཅིག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་མིག་གིས་མི་བཟོད་པ་ཙམ་དུ་ཟུག་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་རྡོ་རྗེ་སེམས་དཔའི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་ཁྱོད་བར་དོའི་འཕྲང་ལ་བསུ་མ་འོངས་བ་ཡིན་ནོ། དེ་དང་མཉམ་དུ་དམྱལ་བའི་འོད་དུད་ཁ་བཀྲག་མེད་ཅིག་ཀྱང་མདུན་དུ་ཡེ་ཤེས་ཀྱི་འོད་དང་གཤིབས་མར་ཟུག་ནས་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག དེ་ཁྱོད་ཀྱིས་ཞེ་སྡང་དྲག་པོས་བསགས་པའི་སྡིག་སྒྲིབ་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་དམྱལ་བའི་གནས་སུ་ལྷུང་སྟེ། སྡུག་བསྔལ་སྲན་མི་བཟོད་པའི་འདམ་དུ་ཚུད་དེ། ཐར་བ་རྫོགས་པའི་སངས་རྒྱས་ཀྱི་སར་ཐོབ་མི་སྲིད་པས། དེ་ལ་མ་ཆགས་ཤིག།

སོ་བཞི་བ། དྲི་བ། ཞག་གསུམ་པ་ཞི་བའི་བར་དོ་ལས་ལྷོ་ཕྱོགས་ཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་གཉིས་པ་དེ་ལ་ངོས་མ་ཟིན་ན། ཞག་གསུམ་པ་ལ་འབྱུང་བ་ས་ཐམས་ཅད་རྣམས་པར་དག་པའི་འོད་སེར་པོ་འཆར་རོ། དེའི་དུས་སུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སེར་པོ་ནས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ། རྟ་མཆོག་གི་གདན་ལ་བཞུགས་པ། ཡུམ་མཆོག་མཱ་མ་ཀི་དང་ཞལ་སྦྱར་ནས་རང་ལ་འཆར་རོ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང༌། ཀུན་ཏུ་བཟང་པོ་གཉིས་ལ། སེམས་མ་མཱ་ལྱ་མ་དང་དྷུ་པེ་མ་གཉིས་ཀྱིས་བསྐོར་ཏེ། འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ༌། ཚོར་བའི་ཕུང་པོ་དབྱིངས་སུ་དག་པ། འོད་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་ལ་འཚེར་བ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ། གསལ་ལ་དྭངས་བ་མིག་གིས་བལྟ་མི་བཟོད་པ་ཅིག རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་མདུན་གྱི་སྙིང་གི་ཐད་ཀར་ལ་མིག་གིས་བལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱིས་ཁྱོད་བར་དོའི་འཇིགས་སྐྲག་ལ་བསུ་མ་འོང་བ་ཡིན་ནོ། དེ་དང་མཉམ་དུ་མིའི་འོད་སྔོན་པོ་བཀྲག་མེད་གཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་གཤིབ་ནས་ཟུག་དུ་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག དེ་ཁྱོད་ཀྱིས་ང་རྒྱལ་དྲག་པོས་བསགས་པའི་བག་ཆགས་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་མིའི་གནས་སུ་ལྷུང་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་འཁོར་བའི་འདམ་ནས་ཐར་བའི་དུས་མི་འབྱུང་སྟེ། དེ་ལ་མ་ཆགས་ཤིག།

སོ་ལྔ་བ། དྲི་བ། ཞག་བཞི་བ་ཞི་བའི་བར་དོ་ལས་ནུབ་ཕྱོགས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་གསུམ་པ་དེ་ལ་ངོས་མ་ཟིན་ན། ཞག་བཞི་བ་ལ་འབྱུང་བ་མེ་རྣམ་པར་དག་པའི་འོད་དམར་པོ་འཆར་རོ། དེའི་དུས་སུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དམར་པོ་ནས། བཅོམ་ལྡན་འདས་སྣང་མཐའ་ཡས་སྐུ་མདོག་དམར་པོ། ཕྱག་ན་པདྨ་བསྣམས་པ་རྨ་བྱའི་གདན་ལ་བཞུགས་པ། ཡུམ་མཆོག་གོས་དཀར་མོ་དང་ཞལ་སྦྱར་ནས་རང་ལ་འཆར་རོ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༌། འཇམ་དཔལ་གཉིས་ལ། སེམས་མ་གྷཱིརྟི་མ་དང༌། ཨཱ་ལོ་ཀེ་གཉིས་ཀྱིས་བསྐོར་ཏེ་འཇའ་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ༌། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། འོད་དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས་དམར་ལ་འཚེར་བ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ། གསལ་ལ་དྭངས་བ། བཀྲག་ལ་ཉམས་ང་བ་གཅིག་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཐུགས་ཀར་ནས། ཁྱོད་རང་གི་སྙིང་གི་ཐད་དཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་མེད་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་དང་མཉམ་དུ་ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་བ་ཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་གཤིབ་ནས་ཟུག་དུ་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག དེ་ཁྱོད་ཀྱི་འདོད་ཆགས་དྲག་པོས་བསགས་པའི་ཡི་དྭགས་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་ཡི་དྭགས་ཀྱིས་གནས་སུ་ལྷུང་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ། ཐར་ལམ་བཀག་པ་ཡིན་པས། དེ་ལ་མ་ཆགས་ཤིག།

སོ་དྲུག་པ། དྲི་པ། ཞག་ལྔ་བ་ཞི་བའི་བར་དོ་ལས་བྱང་ཕྱོགས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བཞི་བ་དེ་ལ་ངོས་མ་ཟིན་ན། ཞག་ལྔ་བ་ལ་འབྱུང་བ་རླུང་ཐམས་ཅད་རྣམ་པར་དག་པའི་འོད་ལྗང་ཁུ་འཆར་རོ། དེའི་དུས་སུ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ལྗང་ཁུ་ནས། བཅོམ་ལྡན་འདས་སངས་རྒྱས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། ནམས་མཁའ་ལྡིང་ཤང་ཤང་གི་ཁྲི་ལ་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་དང་ཞལ་སྦྱར་ནས་རང་ལ་འཆར་རོ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང༌། སྒྲིབ་པ་རྣམ་སེལ་གཉིས་ལ། སེམས་མ་གྷནྡྷེ་མ་དང༌། ནཱིར་ཏི་མ་གཉིས་ཀྱིས་བསྐོར་ཏེ་འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ༌། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། འོད་ལྗང་ཁུ་བྱ་བ་གྲུབ་པའི་ཡེ་ཤེས་ལྗང་ལ་འཚེར་བ། ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་པ། གསལ་ལ་དྭངས་བ། བཀྲག་ལ་ཉམས་ང་བ་གཅིག་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཐུགས་ཀར་ནས། ཁྱོད་རང་སྙིང་གི་ཐད་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་དང་མཉམ་དུ་ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་གཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་གཤིབ་ནས་ཟུག་དུ་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག དེ་ཁྱོད་ཀྱིས་ཕྲག་དོག་དྲག་པོས་བསགས་པའི་ལས་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་ལྷ་མ་ཡིན་གྱི་གནས་སུ་ལྷུང་ནས། འཐབ་རྩོད་ཀྱི་སྡུག་བསྔལ་བཟོད་གླག་མེད་པ་མྱོང་སྟེ། ཐར་ལམ་བཀག་པ་ཡིན་པས། དེ་ལ་མ་ཆགས་ཤིག།

སོ་བདུན་པ། དྲི་བ། ཞག་དྲུག་པ་ཞི་བའི་བར་དོ་ལས་བཅོམ་ལྡན་འདས་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་དུས་གཅིག་ལ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་ལྔ་བ་ལ་རིག་ལྔ་སོ་སོའི་ངོ་སྤྲོད་ཀྱང་མ་ཟིན་ན། ཞག་དྲུག་པ་འབྱུང་བ་བཞིའི་རྣམ་པར་དག་པའི་འོད་ཁ་དོག་བཞི་འཆར་རོ། དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས། སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་གོང་ལྟར་འཆར་དུ་འོང་ངོ༌། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ༌། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ༌། ནུབ་ཕྱོགས་པདྨ་བརྩེགས་པ་བདེ་བ་ཅན་གྱི་ཞིང་ཁམས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ༌། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས། སངས་རྒྱས་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་འཇའ་དང་འོད་ཀྱི་ཀློང་ནས་འཆར་དུ་འོང་ངོ༌། དེ་རྣམས་ཀྱི་ཕྱི་རིམ་དུ། སྒོ་བ་ཁྲོ་བོ་རྣམ་པར་རྒྱལ་བ་དང༌། གཤིན་རྗེ་གཤེད་པོ་དང༌། རྟ་མགྲིན་རྒྱལ་པོ་དང༌། བདུད་རྩི་འཁྱིལ་བ་དང༌། སྒོ་མ་ལྕགས་ཀྱུ་མ་དང༌། ཞགས་པ་མ་དང༌། ལྕགས་སྒྲོགས་མ་དང༌། དྲིལ་བུ་མ་དང། ལྷའི་ཐུབ་པ་དབང་པོ་རྒྱལ་བྱིན་དང༌། ལྷ་མ་ཡིན་ཐུབ་པ་ཐག་བཟང་རིས་དང༌། མིའི་ཐུབ་པ་ཤཱཀྱ་སེངྒེ་དང༌། བྱོལ་སོང་ཐུབ་པ་སེངྒེ་རབ་བརྟན་དང༌། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དང༌། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཀུན་བཟང་ཡབ་ཡུམ་གཉིས་ཀྱང་འཆར་དུ་འོང་ངོ༌། ཡུམ་ཡམ་དེ་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་བཞི་སྦྱོར་གྱི་འོད་ཟེར་ཕྲ་ལ་དྭངས་བ། བཀྲག་ལ་འཚེར་བ། ཐིག་ལེ་ལྔ་ལྔས་བརྒྱན་པ། དེའི་མཐའ་དང་དབུས་མེད་པ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ། དེ་རྣམས་ཉི་མའི་འོད་ཟེར་སྦ་ཐག་དྲིལ་བ་ལྟ་བུ་མེ་རེ་རེ། རང་གིའི་སྙིང་གི་ཐད་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་དངངས་ཤིག མ་སྐྲག་ཅིག བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པའི་ཐུགས་རྗེས་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་དང་མཉམ་དུ་མ་དག་འཁྲུལ་བའི་སྣང་བ་རིགས་དྲུག་གི་འོད་དྲུག་ཀྱང་འཆར་དུ་འོང་ཏེ། དེ་གང་ཞེ་ན། ལྷའི་འོད་དཀར་པོ་བཀྲག་མེད་དང༌། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དང༌། མིའི་འོད་སྔོན་པོ་བཀྲག་མེད་དང༌། དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་དང༌། ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དང༌། དམྱལ་བའི་འོད་དུ་ཁ་བཀྲག་མེད་བ་དེ་རྣམས་ཡེས་ཤེས་ཀྱི་འོད་དང་གཤིབས་ནས་འཆར་དུ་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག གལ་ཏེ་མ་དག་རིགས་དྲུག་འཁོར་བའི་འོང་དེ་ལ་ཆགས་ན་ནི། འགྲོ་བ་རིགས་དྲུག་གི་ལུས་བླངས་ཏེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་ཐར་བའི་དུས་མེད་པས། དེ་ལ་མ་ཆགས་ཤིག།

སོ་བརྒྱད་པ། དྲི་བ། ཞག་བདུན་པ་ཞི་བའི་བར་དོ་ལས་རིག་འཛིན་ལྷ་ཚོགས་རྣམས་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་དྲུག་པ་དེ་ལ་ངོས་མ་ཟིན་ན། ཞག་བདུན་པ་ལ་བག་ཆགས་དབྱིངས་སུ་དག་པའི་འོད་ལྔ་ཁྲ་བོ་འཆར་དུ་འོང་ངོ༌། དེའི་དུས་སུ་མཁའ་སྤྱོད་ཀྱི་ཞིང་ཁམས་དུ། འཇའ་དང་འོད་ཀྱི་དབུས་སུ་རྣམ་པར་སྨིན་པའི་རིག་འཛིན་བླ་ན་མེད་པ་པདྨ་གར་གྱི་དབང་ཕྱུག་ཞེས་བྱ་བ། སྐུ་མདོག་འོད་ལྔའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོ་ཁྲག་འཛིན་ཅིང༌། བལྟ་སྟངས་ཕྱགས་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་རོ། དཀྱི་འཁོར་དེའི་ཤར་ནས་ས་ལ་གནས་པའི་རིག་འཛིན་ཞེས་བྱ་བ། སྐུ་འདོག་དཀར་ཞིང་འཛུམ་པའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་དཀར་མོ་སྐུ་ལ་འཁྲིལ་ཞིང་གྲི་གུག་དང་ཐོ་ཁྲག་གི་གར་མཛད་ཅིང༌། བལྟ་སྟངས་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་རོ། དཀྱིལ་འཁོར་དེའི་ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་སེར་ཞིང་མཛེས་པའི་དཔེ་བྱད་དང་ལྡན་པ། ཡུམ་མཁའ་འགྲོ་མ་སེར་མོ་སྐུ་ལ་འཁྲི་བ། གྲི་གུག་དང་ཐོ་ཁྲག་གིས་གར་མཛད་ཅིང༌། བལྟ་སྟངས་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་གཅིག་འཆར་རོ། དཀྱིལ་འཁོར་དེའི་ནུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་དམར་ཞིང་འཛུམ་པའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོ་ཁྲག་གི་གར་མཛད་ཅིང༌། བལྟ་སྟངས་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་རོ། དཀྱིལ་འཁོར་དེའི་བྱང་ནས་ལྷུན་གྱིས་གྲུབ་པའི་རིགས་འཛིན་ཞེས་བྱ་བ། སྐུ་མདོག་ལྗང་ཞིང་ཞལ་ཁྲོ་འཛུམ་དང་ལྡན་པ། ཡུམ་མཁའ་འགྲོ་མ་ལྗང་ཁུ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོ་ཁྲག་འཛིན་པས་གར་མཛད་ཅིང༌། བལྟ་སྟངས་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་རོ། རིག་འཛིན་དེ་རྣམས་ཀྱི་རོལ་དུ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་གང་བ་མ་ཟད། དཔའ་བོ་དང་དཔའ་མོ། ཆོས་སྐྱོང་བའི་བསྲུང་མ་དང་བཅས་པ་ཐམས་ཅད་རུས་པའི་རྒྱན་དྲུག་གསོལ་ནས། ཞིང་ལྤགས་ཀྱི་རྒྱལ་མཚན་དང༌། མི་ལྤགས་ཀྱི་བླ་བྲེས་དང༌། མི་ལྤགས་ཀྱི་འཕན་དང༌། མི་གསུར་གྱི་དུད་པ་དང༌། རོལ་མོའི་དཔག་ཏུ་མེད་པ་དང་བཅས། གར་སྣ་ཚོགས་བྱེད་ཅིང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་བ་ཤིག་ཤིག ཡོམ་ཡོམ། འགུལ་འགུལ། རོལ་མོའི་སྒྲ་ཐམས་ཅད་ཀྱང་མགོ་འགས་པ་ཙམ་ལྡིར་ཆེ་བ། དེ་རྣམས་བག་ཆགས་དབྱིངས་སུ་དག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཁ་དོག་ལྔ་དང་པ། ཁྲ་ཤིག་ཤིག་གསལ་ལ་དྭངས་བ། བཀྲག་ལ་ཉམས་ང་བ་གཅིག རིག་འཛིན་གྱི་གཙོ་བོ་ལྔའི་ཐུགས་ཀ་ནས་ཁྱོད་རང་སྙིང་གི་ཐད་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ༌། དེ་ལ་མ་འཇིག་ཤིག མ་བྲོས་ཤིག བཅོམ་ལྡན་འདས་རིག་འཛིན་དཔའ་བོ་མཁའ་འགྲོ་འཁོར་དང་བཅས་པ་ཐུགས་རྗེས་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག དེ་མ་ཐག་བཅོམ་ལྡན་འདས་རིག་འཛིན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེ་བར་ཐེ་ཚོམ་མེད་དོ། དེ་དང་མཉམ་དུ་དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་ཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་མཉམ་དུ་ཤར་ནས་འོང་ངོ༌། དེ་ལ་དགའ་བར་མ་བྱེད་ཅིག མ་ཆགས་ཤིག མ་ཞེན་ཅིག གལ་ཏེ་དེ་ལ་ཆགས་ན་ནི། ཁྱོད་གཏི་མུག་དུད་འགྲོའི་གནས་སུ་སྐྱེས་སྟེ། གླེན་ལྐུགས་བཀོལ་གཅོད་ཀྱི་སྡུག་བསྔལ་མཐའ་ལས་འདས་པ་མྱོང་སྟེ། ཐར་བའི་དུས་མེད་པས། དེ་ལ་མ་ཆགས་ཤིག དེ་ལྟར་རིམས་པ་མང་དུ་ངོ་སྤྲད་པས་ལས་འཕྲོ་ཇི་ལྟར་ཞན་ཡང་ངོ་མི་འཕྲོདམི་སྲིད་དོ། གལ་ཏེ་ཆོས་ཉིད་ཞི་བའི་བར་དོ་ངོས་ཟིན་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། དེ་ཡན་ཆད་ཆོས་སྐུ་སྟོང་བའི་རྩལ་ལས་ཞི་བའི་བར་དོ་ངོ་འཕྲོད་པ་ཡིན་ནོ།།

སོ་དགུ་བ། དྲི་བ། ཞག་བརྒྱད་པ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་དཔལ་ཆེན་བུདྡྷ་ཧེ་རུ་ཀ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བདུན་པ་དེ་ལ་ངོས་མ་ཟིན་ན། ཞག་བརྒྱད་པ་ཁྲག་འཐུང་ཁྲོ་བོ་དཔལ་ཆེན་བུདྡྷ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་སྨུག་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སྨུག་ནག སྐུ་འོད་ཀྱི་ཕུང་པོ་འབར་བ། སྤྱན་དགུ་འཇིགས་པའི་སྡང་མིག་ཏུ་གཟིགས་པ། སྨིན་མ་གློག་བཞིན་དུ་འཁྱུག་པ། མཆེ་བ་ཟངས་གཡག་ཏུ་འབར་བ། ཨ་ལ་ལ་དང་ཧ་ཧའི་གད་རྒྱང་སྒྲོགས་པ། དབུ་སྐྲ་དམར་སེར་གྱེན་དུ་འཕྲོ་ཞིང་འབར་བ། ཉི་ཟླ་དང༌། སྦྲུལ་ནག ཐོད་སྐམ་གྱི་དབུ་བརྒྱན་པ། ཕྱག་དྲུག་གཡས་དང་པོ་ལ་འཁོར་ལོ། བར་བ་ན་དགྲ་སྟྭ། ཐ་མ་ན་རལ་གྲི གཡོན་དང་པོ་ན་དྲིལ་བུ། བར་བ་ན་མཐོང་བཤོལ། ཐ་མ་ན་བྷནྡྷ་བསྣམས་པ། ཡུམ་བུདྡྷ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང༌། གཡོན་པས་མདུང་དམར་ཞལ་དུ་སྟོབས་པ། རྐན་སྒྲ་ཐུག་ཆོམ་དང་འུར་སྒྲ་འབྲུག་ལྡིར་བ་ཙམ། རྡོ་རྗེ་འབར་བའི་སྤུ་སེབ་ནས་ཡེ་ཤེས་ཀྱི་མེ་འབར་བ། ཁྱུང་གི་བཏེགས་པའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ་གཅིག རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། དོན་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་དངོས་ཡིན་པས། ཡི་དམ་དུ་ངོ་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ།།

བཞི་བཅུ་བ། དྲི་བ། ཞག་དགུ་པ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་བཅོ་ལྡན་འདས་བཛྲ་ཧེ་རུ་ཀ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བརྒྱད་པ་དེ་ལ་ངོས་མ་ཟིན་ན། ཞག་དགུ་བ་ཁྲག་འཐུང་རྡོ་རྗེ་རིགས་བཅོ་ལྡན་འདས་བཛྲ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ཁ། ཕྱག་དྲུག་གཡས་དང་པོ་ན་རྡོ་རྗེ། བར་བ་ན་བྷནྡྷ། ཐ་མ་མཐོང་གཤོལ་བསྣམས་པ། ཡུམ་བཛྲ་ཀྲོ་ཏི་ཤོ་རི་མ། ཡབ་ཀྱི་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང༌། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། རང་གི་ཀླད་པ་དུང་ཁུང་ཤར་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། དོན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དངོས་ཡིན་པས། ཡི་དམ་དུ་ངོ་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ།།

ཞེ་གཅིགཔ། དྲི་བ། ཞག་བཅུ་བ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་དགུ་བ་དེ་ལ་ངོས་མ་ཟིན་ན། ཞག་བཅུ་བ་ཁྲག་འཐུང་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སེར་ནག་ཏུ་འབར་བ། ཕྱག་དྲུག་གཡས་དང་པོ་ན་རིན་པོ་ཆེ། བར་བ་ན་ཁ་ཊྭཾ་ག ཐ་མ་ན་བེ་ཅོན་བསྣམས་པ། གཡོན་དང་པོ་ན་དྲིལ་བུ། བར་མ་ན་བྷནྡྷ། ཐ་མ་ན་ཏྲི་ཤུལ་བསྣམས་པ། ཡུམ་རཏྣ་ཀྲོ་ཏི་ཤྭ་རི་མ། ཡབ་ཀྱི་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང༌། གཡོན་པས་དུང་དམར་ཞལ་ཏུ་སྟོབས་པ། རང་གི་ཀླད་པ་དུང་ཁུང་ལྷོ་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། དོན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དངོས་ཡིན་པས། ཡི་དམ་དུ་ངོ་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ།།

ཞེ་གཉིས་པ། དྲི་བ། ཞག་བཅུ་གཅིག་པར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བཅུ་བ་དེ་ལ་ངོས་མ་ཟིན་ན། ཞག་བཅུ་གཅིག་པར་ཁྲག་འཐུང་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། དབུས་དམར་ནག་ཏུ་འབར་བ། ཕྱག་དྲུག་གི་གཡས་ཀྱི་དང་པོ་ན་པདྨ། བར་བ་ན་ཁ་ཊྭཾ་ག ཐ་མ་ན་དབྱུག་ཐོ། གཡོན་གྱིས་དང་པོ་ན་དྲིལ་བུ། བར་བ་ན་བྷནྡྷ་དམར་གྱི་བཀང་བ། ཐ་མ་ན་རྔ་ཆུང་བསྣམས་པ། ཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང༌། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། རང་གི་ཀླད་པ་དུང་ཁུང་ནུབ་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། དོན་ལ་བཅོམ་ལྡན་འདས་སྣང་བ་འཐའ་ཡས་ཡབ་ཡུམ་དངོས་ཡིན་པས། ཡི་དམ་དུ་ངོ་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ།།

ཞེ་གསུམ་པ། དྲི་བ། ཞག་བཅུ་གཉིས་པར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བཅུ་གཅིག་པ་དེ་ལ་ངོས་མ་ཟིན་ན། ཞག་བཅུ་གཉིས་པར་ཁྲག་འཐུང་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་ལྗང་ནག་རྔམས་པ། ཕྱག་དྲུག་གཡས་དང་པོ་ན་རལ་གྲི བར་བ་ན་ཁ་ཊྭཾ་ག ཐ་མ་ལ་དབྱུག་ཐོ། གཡོན་དང་པོ་ན་དྲིལ་བུ། བར་བ་ན་བྷནྡྷ། ཐ་མ་ན་མཐོང་གཤོལ་བསྣམས་པ། ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ། གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། རང་གི་ཀླད་པ་དུང་ཁུང་བྱང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། དོན་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་དངོས་ཡིན་པས། ཡི་དམ་དུ་ངོ་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ།།

ཞེ་བཞི་བ། དྲི་བ། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་ཀེའུ་རི་མ་བརྒྱད་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞག་བཅུ་གཉིས་པ་དེ་ལ་ངོས་མ་ཟིན་ན། ད་ནི་ཤར་ནས་ཀེའུ་རི་དཀར་མོ་གཡས་ན་ཞིང་གི་དབྱུག་ཐོ་བསྣམས་པ། གཡོན་ན་བྷནྡྷ་དམར་གྱི་བཀང་བ་བསྣམས་པ་དང༌། ལྷོ་ནས་ཙོའུ་རི་མ་སེར་མོ་མདའ་གཞུ་འགེངས་པ་དང༌། ནུབ་ནས་པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་བསྣམས་པ་དང༌། བྱང་ནས་པེ་ཏའི་ནག་མོ་རྡོ་རྗེ་དང་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ་དང༌། ཤར་ལྷོ་ནས་པུ་ཀ་སི་དམར་སེར་གཡས་པས་སྒྱུ་མ་བཟུང་ནས་གཡོན་པས་ཞལ་དུ་གསོལ་བ་དང༌། ལྷོ་ནུབ་ནས་ཀསྨ་རི་ལྗང་ནག་གཡོན་ན་བྷནྡྷ་ཁྲག་གིས་བཀང་བ་བཟུང་ནས་གཡས་པའི་རྡོ་རྗེ་དཀྲུགས་ཅིང་རྔམས་པའི་ཚུལ་གྱིས་ཞལ་དུ་གསོལ་བ་དང༌། ནུབ་བྱང་ནས་ཙན་དྷ་ལི་སེར་སྐྱ་མགོ་ལུས་ཕྲག་ལ་བཀལ་ཏེ་གཡས་པས་ཙིཏྟ་བསྣམས་ནས་གཡོན་པས་བེམ་རོ་ཟ་བ་དང༌། བྱང་ཤར་ནས་སྨེ་ཤ་ནི་མཐིང་ནག་མགོ་ལུས་ཕྲལ་ནས་ཟ་བ། དེ་ལྟ་བུའི་ཀེའུ་རི་མ་བརྒྱད་པོ་ཡང་ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ཞེ་ལྔ་བ། དྲི་བ། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་ཕྲ་མེ་བརྒྱད་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཀེའུ་རི་མ་བརྒྱད་ལ་ངོས་མ་ཟིན་ན། ད་ནི་ཤར་ནས་སིང་ཧ་སྨུག་ནག་སེང་མགོ་མ། ལག་གཉིས་བྲང་མཁར་བསྣོལ་ནས་ཁའི་ནང་དུ་རོ་བསྣམས་ནས་རལ་བ་བསིགས་པ་དང༌། ལྷོ་ནས་བྱཱ་ཀྲི་མུ་ཁ་དམར་མོ་སྟག་མགོ་མ། ལག་གཉིས་བསྣོལ་ནས་མིག་འབྲུ་ཚུགས་སུ་བལྟ་ཞིང་མཆེ་བ་ཉེར་བ་དང༌། ནུབ་ནས་སྲི་ལ་མུ་ཁ་ཝ་མགོ་ཅན། གཡས་པས་རྒྱུ་མ་ཁྲག་དང་ལྡན་པ་བཟུང་ཞིང་སྤུ་གྲི་བསྣམས་ནས་གཡོན་པས་རྒྱུ་མ་ཟ་བ་དང༌། བྱང་ནས་ཤོ་ན་མུ་ཁ་མཐིང་ནག་སྤྱང་མགོ་ཅན། ལག་གཉིས་ཀྱིས་རོ་ཁ་ཕྱེ་ནས་མིག་འབྲུ་ཚུགས་སུ་བལྟ་བ་དང༌། ཤར་ལྷོ་ནས་ཀྲི་ཏ་མུ་ཁ་དཀར་སེར་བྱ་རྒོད་མགོ་ཅན། ཞིང་ཆེན་ཕྲག་ལ་ཁུར་ནས་ཀེང་རུས་ལག་ཏུ་བསྣམས་པ་དང༌། ལྷོ་ནུབ་ནས་ཀ་ཀ་མུ་ཁ་དམར་ནག་དུར་བྱའི་མགོ་ཅན། ཞིང་ཆེན་ཕྲག་ལ་ཁུར་བ་དང༌། ནུབ་བྱང་ནས་ཁ་ཁ་མུ་ཁ་ནག་མོ་བྱ་རོག་གི་མགོ་ཅན། གཡོན་དུ་བྷནྡྷ་བསྣམས་ནས། གཡས་པས་རལ་གྲི་བསྣམས་ཏེ་གློ་སྙིང་ཟ་བ་དང༌། བྱང་ཤར་ནས་ཧུ་ལུ་མུ་ཁ་མཐིང་ཁ་འུག་པའི་མགོ་ཅན། གཡས་སུ་རྡོ་རྗེ་བསྣམས་ཤིང༌། གཡོན་དུ་རལ་གྲི་བསྣམས་ནས་ཤ་ཟ་བ། དེ་ལྟ་བུ་ཕྲ་མེན་བརྒྱད་པོ་ཡང་ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ཞེ་དྲུག་པ། དྲི་བ། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལས་སྒོ་མ་བཞི་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཕྲ་མེ་བརྒྱད་ལ་ངོས་མ་ཟིན་ན། ད་ནི་ཤར་ནས་སྟག་གདོང་དཀར་མོ་ལྕགས་ཀྱུ་མ། གཡོན་པས་བྷནྡྷ་དམར་གྱི་བཀང་ནས་བསྣམས་པ་དང༌། ལྷོ་ནས་ཕག་གདོང་སེར་མོ་ཞགས་པ་འཛིན་པ་དང༌། ནུབ་ནས་སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ་དང༌། བྱང་ནས་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན་པ། དེ་ལྟ་བུ་སྒོ་མ་བཞི་བོ་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ཞེ་བདུན་པ། དྲི་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་ཤར་གྱི་རྣམ་འབྱོར་མ་དྲུག་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་སྒོ་མ་བཞི་ངོས་མ་ཟིན་ན། ད་ནི་ཤར་ནས་སྲིན་མོ་སྨུག་ནག་གཡག་མགོ་མ། ལག་ན་ཐོད་པ་བསྣམས་པ་དང༌། ཚངས་མ་དམར་སེར་སྦྲུལ་མགོ་མ། ལག་ན་པདྨ་བསྣམས་པ་དང༌། ལྷ་ཆེན་དཀར་ལྗང་གཟིགས་མགོ་མ། ལག་ན་ཏྲི་ཤུལ་བསྣམས་པ་དང༌། གཏོགས་འདོད་སྔོན་མོ་སྲེ་མོང་མགོ ལག་ན་འཁོར་ལོ་འཛིན་པ་དང༌། གཞོན་ནུ་དམར་མོ་དྲེད་ཀྱི་མགོ ལག་ན་མདུང་ཐུང་འཛིན་པ་དང༌། བརྒྱ་བྱིན་དཀར་མོ་དོམ་མགོ་མ། ལག་ན་རྒྱུ་ཞགས་བསྣམས་པ། དེ་ལྟ་བུ་ཤར་གྱི་རྣམ་འབྱོར་མ་དྲུག་པོ་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ཞེ་བརྒྱད་པ། དྲི་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་ལྷོ་ཡི་རྣལ་འབྱོར་མ་དྲུག་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཤར་གྱི་རྣམ་འབྱོར་མ་དྲུག་ངོས་མ་ཟིན་ན། ད་ནི་ལྷོ་ནས་དགའ་བ་སེར་མོ་ཕ་ཝང་མགོ ལག་ན་སྤུ་གྲི་བསྣམས་པ་དང༌། ཞི་བ་དམར་མོ་ཆུ་སྲིན་མགོ ལག་ན་བུམ་པ་བསྣམས་པ་དང༌། བདུད་རྩི་དམར་མོ་སྡིག་པའི་མགོ ལག་ན་པདྨ་བསྣམས་པ་དང༌། ཟླ་བ་དམར་མོ་ཁྲ་ཡི་མགོ ལག་ན་རྡོ་རྗེ་བསྣམས་པ་དང༌། བེ་ཅོན་ལྗང་ནག་ཝ་ཡི་མགོ ལག་ན་དབྱུག་ཐོ་བསྣམས་པ་དང༌། སྲིན་མོ་སེར་ནག་སྟག་གི་མགོ ལག་ན་ཐོད་ཁྲག་བསྣམས་པ། དེ་ལྟ་བུ་ལྷོ་ཡི་རྣམ་འབྱོར་མ་དྲུག་པོ་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ཞེ་དགུ་བ། དྲི་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་ནུབ་ཀྱི་རྣལ་འབྱོར་མ་དྲུག་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ལྷོ་ཡི་རྣལ་འབྱོར་མ་དྲུག་ངོས་མ་ཟིན་ན། ད་ནི་ནུབ་ནས་ཟ་བ་དམར་ལྗང་བྱ་རྒོད་མགོ ལག་ན་བེ་ཅོན་བསྣམས་པ་དང༌། དགའ་བ་དམར་མོ་རྟ་ཡི་མགོ ལག་ན་ཁོག་ཆེན་བསྣམས་པ་དང༌། སྟོབས་ཆེན་དམར་མོ་ཁྱུང་གི་མགོ ལག་ན་དབྱུག་ཐོ་བསྣམས་པ་དང༌། སྲིན་མོ་སེར་མོ་ཁྱི་ཡི་མགོ ལག་ན་རྡོ་རྗེ་སྤུ་གྲི་གཅོད་པ་དང༌། འདོད་པ་དམར་མོ་པུ་ཤུད་མགོ ལག་གཉིས་མདའ་གཞུ་འགེངས་པ་དང༌། ནོར་སྲུང་ལྗང་ཁུ་ཤྭ་བའི་མགོ ལག་ན་བུམ་པ་འཛིན་པ། དེ་ལྟ་བུ་ནུབ་ཀྱི་རྣམ་འབྱོར་མ་དྲུག་པོ་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ལྔ་བཅུ་པ། དྲི་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་བྱང་གི་རྣལ་འབྱོར་མ་དྲུག་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ནུབ་ཀྱི་རྣམ་འབྱོར་མ་དྲུག་ངོས་མ་ཟིན་ན། ད་ནི་བྱང་ནས་རླུང་ལྷ་སྔོན་མོ་སྦྲུལ་གྱི་མགོ ལག་ན་བ་དན་འཆར་བ་དང༌། མི་མོ་དམར་མོ་སྐྱིད་གྱི་མགོ ལག་ན་གསལ་ཤིང་འཛིན་པ་དང༌། ཕག་མོ་ནི་མོ་ཕག་གི་མགོ ལག་ན་རྒྱུ་ཞགས་བསྣམས་པ་དང༌། རྡོ་རྗེ་དམར་མོ་ཁྭ་ཏའི་མགོ ལག་ན་ཞིང་ཆུང་འཛིན་པ་དང༌། སྣ་ཆེན་ལྗང་ནག་གླང་གི་མགོ ལག་ན་བེ་ཅོན་བསྣམས་ཤིང་ཁྲག་འཐུང་བ་དང༌། ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ ལག་ན་སྦྲུལ་ཞགས་བསྣམས་པ། དེ་ལྟ་བུ་བྱང་གི་རྣམ་འབྱོར་མ་དྲུག་པོ་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ།

ང་གཅིག་པ། དྲི་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་སྒོ་མའི་རྣལ་འབྱོར་མ་བཞི་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་བྱང་གི་རྣམ་འབྱོར་མ་དྲུག་ངོས་མ་ཟིན་ན། ད་ནི་ཤར་ནས་རྡོ་རྗེ་ཕག་མོ་ཁུ་བྱུག་མགོ ལག་ན་ལྕགས་ཀྱུ་འཛིན་པ་དང༌། ལྷོ་ནས་རྡོ་རྗེ་སེར་མོ་ར་ཡི་མགོ ལག་ན་ཞགས་པ་འཛིན་པ་དང༌། ནུབ་ནས་རྡོ་རྗེ་དམར་མོ་སེང་གེའི་མགོ ལག་ན་ལྕགས་སྒྲོག་འཛིན་པ་དང༌། བྱང་ནས་རྡོ་རྗེ་ལྗང་ནག་སྦྲུལ་གྱི་མགོ ལག་ན་དྲིལ་བུ་འཛིན་པ། དེ་ལྟ་བུ་སྒོ་མའི་རྣམ་འབྱོར་མ་བཞི་ཡང་རང་གི་ཀླད་པ་དུང་ཁུང་ནས་འཆར་དུ་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། གལ་ཏེ་ཆོས་ཉིད་ཁྲོ་བོའི་བར་དོ་ངོས་ཟིན་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། དེ་ཡན་ཆད་ཆོས་སྐུ་གསལ་བའི་རྩལ་ལས་ཁྲོ་བོའི་བར་དོ་ངོ་འཕྲོད་པ་ཡིན་ནོ། དེ་ཡང་ཞི་བ་དང་ཁྲོ་བོའི་སྐུ་དེ་རྣམས་ཀྱང༌། ཆེ་བ་ནི་ནམས་མཁའ་དང་མཉམ་པ། འབྲིང་པོ་ནི་རི་རབ་ཙམ། ཆུང་བ་ནི་རང་བཅོ་བརྒྱད་ཙམ་འཆར་རོ། གང་ཤར་གྱི་སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། དེ་རྣམས་རང་གི་རིག་པའི་རང་མདངས་ཡིན་པ་ངོ་ཤེས་ན། དེ་མ་ཐག་སངས་རྒྱས་པ་ཐེ་ཚོམ་མེད་དོ།།

ང་གཉིས་པ། དྲི་བ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཁྲོ་བོའི་སྐུ་དེ་རྣམས་ངོས་མ་ཟིན་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་གྱུར་རོ། དེ་ནི་ཡ་སོ་མ་མཆུ་ནམ་པ། མིག་ལ་ཤེལ་མིག་ཡོད་པ། སྐྲ་སྤྱི་བོར་བཅིངས་བ། གསུས་པ་ཆེ་ལ་སྐེ་ཕྲ་བ། ལག་ན་ཁྲམ་ཤིང་བསྣམས་པ། ཁ་ནས་སོད་རྒྱོབ་ཀྱི་སྒྲ་སྒྲོག་པ། ཀླད་པ་འཐུང་བ། མགོ་ལུས་ཕྲལ་བ། དོན་སྙིང་འདོན་བ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ནས་འོང་ངོ༌། དེ་ལ་མ་འཇིགས་ཤིག མ་སྐྲག་ཅིག མ་དངངས་ཤིག དོན་ལ་ཁྱོད་རང་གི་རིག་པའི་རང་རྩལ་དུ་ཤར་བ་མ་གཏོགས། དངོས་སུ་གྲུབ་པ་མེད་པས། དེ་རང་ངོ་ཤེས་ན་དེ་མ་ཐག་འཇིགས་སྐྲག་ཐམས་ཅད་རང་སར་གྲོལ་ཏེ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ།།

ང་གསུམ་པ། དྲི་བ། སྲིད་པ་བར་དོ་ལས་དབང་པོ་ཀུན་ཚང་ཐོགས་མེད་ངོ་སྤྲོད་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་ཞི་ཁྲོའི་སྣང་བ་ཤར་ཡང་རང་ངོ་མ་ཤེས་ནས། སྐྲག་པའི་བརྒྱལ་འགྲོ་སྟེ། བརྒྱལ་སངས་པ་དང་ཤེས་པ་ཇེ་གསལ་དུ་སོང་ནས། ལུས་སྔ་མ་ལྟར་ཀྲོང་ངེ་སྐྱེ་བ་དང༌། ༡༽དེ་ཡང་གསོན་པའི་དུས་སུ། མིག་ལོང་བ་དང༌། འོན་པ། ཞར་བ་ལ་སོགས་པ་ཡིན་ཀྱང༌། ད་ལྟ་བར་དོ་ལ་དབང་པོ་སྐྱོན་མེད་པ་གསལ་བ་དང༌། ༢༽ཡང་ལུས་ནི་ཡིད་ཀྱི་ལུས་ཡིན་ཏེ། རིག་པ་རྟེན་དང་བྲལ་བས་གདོས་བཅས་ཀྱི་ལུས་ནི་མེད་པས། དེའི་ཕྱིར་རི་རབ་དང༌། ཁང་ཁྱིམ། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་དང༌། ༣༽ཡང་དྲན་པ་དགུ་འགྱུར་གྱིས་གསལ་བས་ཅི་བསླབས་པ་ཐམས་ཅད་སྒོམ་ཤེས་པ་དང༌། ༤༽ཡང་ལས་ཀྱི་ཤུགས་ལས་འབྱུང་བའི་སྐད་ཅིག་ཉིད་ལ་གླིང་བཞི་རི་རབ་དང་བཅས་པ་འཁོར་ནས། གང་འདོད་པའི་ཡུལ་དེ་དྲན་པ་ཙམ་གྱིས་སླེབ་ཟིན་པ་དང༌། ༥༽ཡང་བར་དོར་སྐྱེས་བའི་རིགས་མཐུན་པའི་ནང་ཚད་རྣམས་གཅིག་གིས་གཅིག་ལ་མཐོང་བ་དང༌། ༦༽ཡང་རང་གི་ཡུལ་དང་ཉེ་འབྲེལ་རྣམས་མཐོང་ནས་གཏམ་སྨས་ཀྱང་གཏམ་ལན་མི་འོང་བས། ཁོང་རྣམས་ངུ་བ་མཐོང་ནས་ང་འདིར་ཡོད་མ་ངུ་ཟེར། དེ་ཁོང་ཚོས་མ་ཐོས་པས། ང་ཤི་འདུག་པས་ཇི་ལྟར་བྱ་སྙམ་ནས་སྡུག་བསྔལ་བ། དེའི་དུས་སུ་དམྱལ་བ། ཡི་དྭགས། དུད་འགྲོ མི། ལྷ། ལྷ་མ་ཡིན་སོགས་རིགས་དྲུག་པོ་གང་ལ་སྐྱེ་ན་ཡང་དེ་ཡི་སྣང་བ་འབྱུང་བས། དེ་ཙ་ན་སྣང་བ་གང་བྱུང་བ་དེའི་རྗེས་སུ་མ་འབྲང་ཤིག མ་ཆགས་ཤིག མ་ཞེན་ཅིག གལ་ཏེ་ཆགས་ན་རིགས་དྲུག་ཏུ་འཁྱམས་ཏེ་སྡུག་བསྔལ་བར་འགྱུར་རོ། ད་ནི་སེམས་མ་ཡེངས་པར་སྔར་བླ་མའི་ངོ་སྤྲད་པ་དེའི་ཐོག་ཏུ་བཞག་ནས། མངལ་སྒོ་མི་འགྲིམ་པར་གལ་ཆེའོ། གལ་ཏེ་རང་ངོ་མ་ཤེས་ན། ཡི་དམ་གང་ཡིན་པ་འམ། རང་གི་རྩ་བའི་བླ་མ་སོགས་སྤྱི་བོར་བསྒོམས་ལ་མོས་གུས་དྲག་པོས་གསོལ་བ་ཐོབ་ཅིག།

ང་བཞི་བ། དྲི་བ། སྲིད་པ་བར་དོ་ལས་ཚོགས་བསགས་མ་བསགས་གི་སྣང་བ་འཆར་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་དབང་པོ་ཀུན་ཚང་ཐོགས་མེད་གྱི་སྣང་བ་ཤར་ཡང་རང་ངོ་མ་ཤེས་ན། ༡༽དེ་ཡང་མི་སྡིག་པོ་ཆེ་རྣམས་ལ། ལས་ཀྱི་རླུང་དམར་དྲག་པོའི་རྒྱབ་ནས་དེད། འཇིགས་པའི་མུན་ནག་ཆེན་པོའི་མདུན་ནས་བསུ། ཤ་ཟ་སྲིན་པོ་རྣམས་མཚོན་ཆ་སྣ་ཚོགས་པ་འཛིན་ནས། སོད་ཅིག་རྒྱོབ་ཅིག་གི་སྒྲ་ཆེན་པོ་འོང་བ་དང༌། གཞན་ཡང་ཁ་ཆར་དང༌། བུ་ཡུག རི་ཉིལ་བའི་སྒྲ མཚོ་ལུད་པའི་སྒྲ མེ་མཆེ་པའི་སྒྲ རླུང་ལངས་པའི་སྒྲ་ལ་སོགས་པ་མཐོང་མ་ཐག་སྐྲག་ནས་བྲོས་ཅིང༌། གཡང་ས་མཐོ་པོ་མཐོང་ནས་བྲོས་ས་གང་ཡང་མེད་པ། དེ་ལྟ་བའི་སྣང་བ་ཤར་ན་ཡང་མ་སྐྲག་ཤིག གཡང་ས་ལ་སོགས་པ་ཡོད་པ་མ་ཡིན་ནོ། ༢༽ཡང་གསོན་པོ་རྣམས་ཀྱིས་གཤིན་པོས་དོན་དུ་སེམས་ཅན་མང་པོ་སྲོག་བཅད་པ་ལྟར་མ་དག་པའི་སྣང་བ་ཤར་ནས། ཞེ་སྡང་དྲག་པོ་སྐྱེས་ཏེ་དམྱལ་བ་སྐྱེ་བར་འགྱུར་བས། དེའི་དུས་སུ་ཁྱོད་ཞེ་སྡང་མ་སྐྱེ་བར་བྱམས་པ་དང་སྙིང་རྗེས་སྒོམ་ཤིག ༣༽ཡང་ལས་ཀྱི་དབང་གིས་གྱེན་ལ་འགྲོ་བ་དང༌། འཕྲེད་ལ་འགྲོ་བ་དང༌། མགོ་ཐུར་ལ་བརྟེན་ནས་འགྲོ་བའི་སྣང་བ་འཆར་དུ་འོང་ངོ༌། དེ་ཙ་ན་ཐུགས་རྗེ་ཆེན་པོ་སྒོམས་ཤིག ༤༽ཡང་ཆོས་གཤའ་མར་བྱས་པ་རྣམས་ལ་ནི། བདེ་སྐྱིད་ཕུན་སུམ་ཚོགས་པ་རྣམས་པ་སྣ་ཚོགས་པ་ཡུད་ཙམ་རེ་ཉམས་སུ་མྱོང་ཡང༌། ཡུན་རིང་པོར་ནི་མི་ཆགས་པར་རིག་པ་ལུས་དང་བྲལ་བའི་དབང་གི་སྡོད་མི་ཚུགས་པར། ཚིག་པ་ཟ་བ་ལ་སོགས་པ་འོང་ངོ༌། དེའི་དུས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་མ་ཆགས་ཤིག བླ་མའི་ངོ་སྤྲད་པ་དེའི་ཐོག་ཏུ་ཞོག་ཅིག ༥༽ཡང་རང་གི་རོ་ལ་སོགས་པ་མཐོང་ནས། ད་ནི་ཤི་འདུག་པས། ངས་ལུས་ཅིག་ཐོབ་ན་ཅི་མ་རུང་སྙམ་ནས་ལུས་ཚོལ་དུ་འགྲོ་བའི་སྣང་བ་ཤར། དེའི་དུས་སུ་ལུས་ཚོལ་ཡང་སྡུག་བསྔལ་བ་ལས་མི་འོང༌། དེ་ཙ་ན་སྣང་བ་གང་བྱང་བ་དེའི་རྗེས་སུ་མ་འབྲང་ཤིག མ་ཆགས་ཤིག མ་ཞེན་ཅིག ད་ནི་སེམས་མ་གཡེངས་པར་སྔར་བླ་མའི་ངོ་སྤྲད་པ་དེའི་ཐོག་ཏུ་བཞག་ནས། མངལ་སྒོ་མི་འགྲིམ་པ་གལ་ཆེའོ། གལ་ཏེ་རང་ངོ་མ་ཤེས་ན། ཡི་དམ་གང་ཡིན་པ་འམ། རང་གི་རྩ་བའི་བླ་མ་སོགས་སྤྱི་བོར་བསྒོམས་ལ་མོས་གུས་དྲག་པོས་གསོལ་བ་ཐོབ་ཅིག དེ་ལྟ་བུའི་བར་དོ་ལ་ཞག་བདུན་ཕྲག་གཅིག་གམ། གཉིག་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། ཞག་ཞེ་དགུ་ལ་སོགས་པ་དང༌། ཕལ་ཆེ་བ་སྲིད་པ་བར་དོར་གྱི་སྡུག་བསྔལ་ཞག་ཉི་ཤུ་རྩ་གཅིག་འོང་བར་གསུངས་ཡོད་ཀྱང༌། ལས་ཀྱི་དབང་གིས་ཅིག་ཏུ་མ་ངེས་སོ།།

ང་ལྔ་བ། དྲི་བ། སྲིད་པ་བར་དོ་ལས་རྡེའུ་དཀར་ནག་འདྲེན་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ད་ནི་དགེ་བ་བྱས་ཚད་བསགས་ནས། རྡེའུ་དཀར་པོ་འདྲེན་དུ་འོང༌། སྡིག་པ་བྱས་ཚད་བསགས་ནས་རྡེའུ་ནག་པོ་འདྲེན་དུ་འོང་ངོ༌། དེའི་དུས་སུ་ཤིན་ཏུ་སྐྲག་ནས་སྡིག་པ་མ་བྱས་ཟེར་ནས་རྫུན་སྨས་ཀྱང་མི་ཕན། ལས་ཀྱི་མེ་ལོང་ལ་བཀྲ་ལམ་གྱིས་བྱུང་མ་ཐག རག་ཤ་གླང་མགོ་དང་འབྱུང་པོ་སྤྲེའུ་གདོང་ཅན་ལ་སོགས་པ་གཤིན་རྗེའི་ལས་མཁན་འཇིགས་སུ་རུང་བ་རྣམས་ཀྱིས་རྐེ་ཐག་པ་བཏགས་ཏེ་ཁྲིད་ནས། སྐེ་བྲེགས། སྙིང་འདོན། རྒྱུ་མ་ཕྱུང༌། ཀླད་པ་ལྡག ཁྲག་འཐུང༌། ཤ་ཟ། རུས་པ་མུར་ལུས་དུམ་བུར་གཏུབས་ཀྱང་སོས་ནས་འོང་བས། ཡང་ཡང་གཏུབས་པས་སྡུག་བསྔལ་བ་དང༌། དུས་དེ་ཙ་ན་རྡེའུ་འདྲེན་ནས་འདུག་ཀྱང་མ་ཞེད་ཅིག མ་སྐྲག་ཅིག མ་འཇིགས་ཤིག བརྫུན་མ་ཟེར་ཅིག རང་ཉིད་བག་ཆགས་ཡིད་ཀྱི་ལུས་སྟོང་པའི་རང་གཟུགས་ཡིན་པས་ཞེད་མི་དགོས། གཤིན་རྗེས་རྣམས་ཀྱང་སྟོང་པའི་རང་གཟུགས་ཡིན་པས། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། དེ་ཙ་ན་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ལ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་སྒོམས་ཤིག གལ་ཏེ་སྒོམ་མ་ཤེས་ན། འཇིགས་སྐྲག་སྐྱེ་མཁན་གྱི་ངོ་བོ་དེ་ལ་གཅེར་གྱིས་ལྟོས་དང༌། ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་ཅིག་ཡོད་དོ། དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། སྟོང་པ་དེ་ཡང་སྟོང་པ་ཕྱལ་ཆད་དུ་མ་སོང་བར། སྟོང་པའི་ངོ་བོ་རིག་པ་ཧྲིག་གེ གསལ་ལེ་བ་ཅིག་ཡོད། དེ་ནི་ལོངས་སྤྱོད་རྫོགས་པའི་དགོངས་པ་ཡིན་ནོ། སྟོང་པ་དང་གསལ་བ་གཉིས་ཡ་མ་བྲལ་བ་སྟོང་པའི་ངོ་བོ་གསལ་བ། གསལ་བའི་ངོ་བོ་སྟོང་པ། དེ་གཉིས་དབྱེར་མི་ཕྱེད་པའི་རིག་པ་བརྗེན་པ་ཅིག་ད་ལྟ་རང་གཟོ་མེད་ཀྱི་ངང་ལ་གནས་ནས་ཡོད་དོ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། དེ་ཉིད་རང་རྩལ་མ་འགགས་པར་ཅིར་ཡང་འཆར་བ་ཅིག་ཡོད་ཀྱི། དེ་ནི་ཐུགས་རྗེས་སྤྲུལ་བའི་སྐུ་ཡིན་ནོ། དེ་ལྟར་ངོ་ཤེས་པར་ཙམ་གྱིས་སངས་རྒྱས་པར་འགྱུར་རོ། སངས་རྒྱས་དང་སེམས་ཅན་གྱི་ས་མཚམས་འདི་ནས་ཕྱེད་པ་ཡིན་ནོ།།

ང་དྲུག་པ། དྲི་བ། སྲིད་པ་བར་དོ་ལས་མངལ་སྒོ་བཀག་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། གོང་དུ་ངོས་རྣམ་པ་སྣ་ཚོགས་སྤྲོད་ཀྱང་ངོས་མ་ཟིན་ན། འདིའི་དུས་སུ་ཕོ་མོ་ཆགས་པ་སྤྱོད་པར་མཐོང་བའི་སྣང་བ་ཤར་དུ་འོང༌། སྐབས་དེར་དེའི་བར་ལ་མ་འཇུག་པར་དྲན་པས་བཟུང་ལ། ཕོ་མོ་གཉིས་ནི་བླ་མ་ཡབ་ཡུམ་གཉིས་སྒོམས་ལ་ཕྱག་འཚལ་ནས། ཡིད་ཀྱིས་མཆོད་པ་འབུལ། མོས་གུས་དྲག་པོ་ངང་བདག་ལ་དངོས་གྲུབ་ཞུ་སྙམ་མདུན་པ་དྲག་པོ་གྱིས་ཤིག གལ་ཏེ་ཕོ་མོ་གཉིས་འཁྲིག་པ་སྤྱོད་པ་མཐོང་བའི་སྐབས་ཆགས་སྡང་གི་མངལ་དུ་འཇུག་ན། རྟ་དང་བྱ་ཁྱི་ཉ་འབུ་སྲིན་ལ་སོགས་པ་གང་ཡིན་ཡང༌། ཕོ་སྐྱེ་ན་ནི་རང་ཉིད་ཕོའི་སྣང་བ་འཆར་ཏེ། ཕ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང༌། མ་ལ་ཆགས་པ་སྐྱེ་བའི་སྣང་བ་ཤར། མོ་སྐྱེ་ན་ནི་རང་ཉིད་མོའི་སྣང་བ་འཆར་ཏེ། མ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང༌། ཕ་ལ་ཆགས་པ་སྐྱེ་བའི་སྣང་བ་ཤར་ནས། ཕའི་གཤང་ལམ་དུ་ཞུགས་ནས་ཐིག་ལེ་དཀར་དམར་འཕྲད་པའི་དབུས་སུ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས། བདེ་བའི་ངང་ལ་ཤེས་པ་རྒྱལ་སོང་ནས། མེར་མེར་པོ་དང༌། ནུར་ནུར་པོ་ལ་སོགས་པ་ལུས་སྨིན་དེ་མངལ་ནས་ཕྱིར་ཐོན་པའམ། མིག་ཕྱེ་བ་དང་ཁྱི་ཚང༌། ཕག་ཚང༌། ཉ་འབུ་སྲིན་ལ་སོགས་པའི་ཕྲུ་གུ་སྐྱེས་ཏེ་ཚུལ་ལོག་ས་ནི་མེད། དེ་ལྟར་འཁོར་བར་འཁྱམས་པ་ཡང་ཆགས་སྡང་གཉིས་ལ་བརྟེན་ནས་འཁྱམས་པ་ཡིན། ད་རུང་ཡང་འདི་ལྟ་བུའི་ཆགས་སྡང་བྱས་ན་ནི། རིག་དྲུག་ཏུ་སྐྱེ་ནས་སྡུག་བསྔལ་དཔག་ཏུ་མེད་པས་ཉམས་ཐག་པར་འགྱུར་བས། དེ་ལས་ཆགས་སྡང་བཟློག་ནས་མངལ་སྒོ་བཀག་པར་གལ་ཆེའོ། ད་ནི་ཆགས་སྡང་སྐྱེ་བའི་དངོས་པོ་ཐམས་ཅད་རང་གི་སེམས་ཡིན། སེམས་དེ་ནི་སྐྱེ་འགག་གཉིས་དང་བྲལ་བའི་སྟོང་བ་ཉིད་ཡིན་སྙམ་དུ་བསམ་ལ། སེམས་ལ་བཅོས་བསླད་མི་བྱ་བར། དཔེར་ན་ཆུ་ལ་ཆུ་བཞག་པ་བཞིན་དུ། སེམས་ཁོ་རང་གི་ཐོག་ཏུ་རང་ལུགས་སུ་ཙ་ན། རང་བབས་སུ་ལྷོད་དེ། སྟོང་སང་ངེ༌། ཧྲིག་གེ གསལ་ལེ། སེམས་མ་བཅོས་རང་བབས་སུ་བཞག་ན་མི་གྲོལ་མི་སྲིད་དོ།།

ང་བདུན་པ། དྲི་བ། སྲིད་པ་བར་དོ་ལས་གླིང་གང་དུ་སྐྱེ་བའི་རྟགས་དང་མཚན་མ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། ཡང་གལ་ཏེ་མངལ་སྒོ་བཀག་ཀྱང་མ་ཁེགས་ན། ད་ནི་མངལ་སྒོ་འདམ་པ་ཡིན་པས། གླིང་གང་དུ་སྐྱེ་བའི་རྟགས་དང་མཚན་མ་ངོ་ཤེས་པར་བྱའོ། ༡༽ཤར་ལུས་འཕགས་པོར་སྐྱེ་ན་ནི། ངང་བ་ཕོ་མོས་བརྒྱན་པའི་མཚོ་འདུག་པར་ཡང་མཐོང་ངོ༌། དེར་ཡང་མི་འགྲོ་བར་ཚུལ་ལོགས་ཅིག གལ་ཏེ་དེར་ཕྱིན་ན་ནི་བདེ་སྐྱིད་འཛོམ་ཀྱང་ཆོས་མི་དར་བས་མ་འཇུག་ཅིག ༢༽ལྷོ་འཛམ་བུ་གླིང་དུ་སྐྱེ་ན་ནི། ཁང་བཟང་ཉམས་དགའ་བར་མཐོང་ངོ༌། གལ་ཏེ་དེར་འཇུག་ན་འཇུག་པར་གྱིས་ཤིག ༣༽ནུབ་བ་ལང་སྐྱོད་སྐྱེ་ན་ནི། རྟ་ཕོ་མོ་བརྒྱན་པའི་མཚོ་འདུག་པར་ཡང་མཐོང་ངོ༌། དེར་ཡང་མི་འགྲོ་བར་ཚུལ་ལོགས་ཅིག གལ་ཏེ་དེར་ཕྱིན་ན་ནི་བདེ་སྐྱིད་འཛོམ་ཀྱང་ཆོས་མི་དར་བས་མ་འཇུག་ཅིག ༤༽བྱང་སྒྲ་མི་སྙན་དུ་སྐྱེ་ན་ནི། བ་གླང་གིས་བརྒྱན་པའི་མཚོའམ། ལྗོན་ཤིང་གིས་བརྒྱན་པའི་མཚོ་འདུག་པར་ཡང་མཐོང་ངོ༌། དེར་ཡང་མི་འགྲོ་བར་ཚུལ་ལོགས་ཤིག གལ་ཏེ་དེར་ཕྱིན་ན་ནི་ཚེ་དང་བསོད་ནམས་ཡོད་ཀྱང་ཆོས་མི་དར་བས་མ་འཇུག་ཅིག ༥༽ལྷར་སྐྱེ་ན་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཉམས་དགའ་བར་མཐོང་ངོ༌། གལ་ཏེ་དེར་འཇུག་ན་འཇུག་པར་གྱིས་ཤིག ༦༽ལྷ་མ་ཡིན་དུ་སྐྱེ་ན་ནི། ནགས་ཚལ་ཉམས་དགའ་བའམ། འགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ་མཐོང་ངོ༌། དེར་ཅི་ནས་ཀྱང་མི་འགྲོ་བར་ཚུལ་ལོགས་ཤིག གལ་ཏེ་དེ་ཕྱིན་ན་ཕན་ཚུལ་མི་མཐུན་པས་འཐབ་རྩོད་ཁོ་ནས་དུས་འདའ་བས་མ་འཇུག་ཅིག ༧༽དུད་འགྲོར་སྐྱེ་ན་ནི། བྲག་ཕུག་དང༌། ཁང་ཆུང༌། སྨུགས་པའི་ཚུལ་དུ་མཐོང་ངོ༌། དེར་ཡང་མི་འགྲོ་བར་ཚུལ་ལོགས་ཤིག གལ་ཏེ་དེར་ཕྱིན་ན་གཞན་གྱིས་གསོད་པ་དང་བཀོལ་སྤྱོད་བྱེད་པ་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་སྤྱོད་པས་མ་འཇུག་ཅིག ༨༽ཡི་དྭགས་སུ་སྐྱེ་ན་ནི། སྡོང་དུམ་དང༌། ནག་བྲེང་ངེ་བ་ལ་སོགས་པ་མཐོང་ངོ༌། དེར་ཅི་ནས་ཀྱང་མི་འགྲོ་བར་ཚུལ་ལོགས་ཅིག གལ་ཏེ་དེ་ཕྱིན་ན་ནི་བཀྲེས་སྐོམ་གྱིས་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བས་མ་འཇུག་ཤིག ༩༽དམྱལ་བ་སྐྱེ་ན་ནི། ལས་ངན་པའི་གླུ་དབྱངས་ཐོས་པ་དང༌། མུན་ནག་གི་གླིང༌། ཁང་པ་ནག་པོ་དང་དམར་པོ། ས་དོང་ནག་པོ། ལམ་ནག་པོ་སོགས་སྣང་བ་འོང་ངོ༌། དེར་ཅི་ནས་ཀྱང་མི་འགྲོ་བར་ཚུལ་ལོགས་ཅིག གལ་ཏེ་དེ་ཕྱིན་ན་ནི་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་ནས་ཐར་བས་དུས་མེད་པས་མ་འཇུག་ཤིག གལ་ཏེ་ལས་ཀྱི་དབང་གིས་རང་དབང་མེད་པར་འགྲོ་དགོས་པ་བྱང་ན། རང་གི་རྩ་བའི་བླ་མ་འམ་ཡི་དམ་གང་ཡིན་པ་དེ་སྒོམ་ནས་སྟོང་ཉིད་དོན་དྲན་པར་གྱིས་ཤིག དེའི་བྱིན་གྱིས་རླབས་ནས་མངལ་སྒོ་གདམས་པའི་དབང་ཐོབ་པ་ཡིན་ནོ།།

ང་རྒྱད་པ། དྲི་བ། སྲིད་པ་བར་དོ་ལས་མངལ་སྒོ་འདམ་ཚུལ་ནི་གང་འདྲ་ཞིག་ཡིན་ནམ།།

ལན། གལ་ཏེ་ལས་ཀྱི་དབང་གི་མངལ་དུ་འཇུག་དགོས་པར་བྱུང་ན། མངལ་སྒོ་གང་བྱུང་བྱུང་དུ་མ་འགྲོ་ཅིག དེ་ཡང་ད་ལྟ་མངོན་ཤེས་ཕྲ་མོ་ཡོད་པས། གནས་ཐམས་ཅད་རིམ་པ་ལྟར་ཤེས་ནས་འོང་བས་གདམས་པར་གྱིས་ཤིག དེ་ཡང་བདག་སྐལ་བ་གྲངས་མེད་པའི་དུས་རིང་པོ་ནས་ད་ལྟའི་བར་མ་དག་འཁོར་བའི་འདམ་དུ་ལུས་པ་ནི་སྐྱོ་བ་ལ། ད་ནི་དག་པ་མཁའ་སྤྱོད་ཀྱི་གནས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་སྣང་བ་མཐའ་ཡས་ཞབས་དྲུང་དུ་མེ་ཏོག་པདྨའི་ཁ་ལ་བརྫུས་ཏེ་སྐྱེ་བར་བྱ་དགོས་སྙམ་པའི་མདུན་པ་དྲག་པོའི་བློ་རྩེ་གཅིག་ཏུ་གཏད་ན། དེ་མ་ཐག་ཏུ་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། གལ་ཏེ་དེ་ལྟར་མ་ཐུབ་ཅིང་མ་དག་འཁོར་བའི་མངལ་དུ་འཇུག་པར་སྤྲོ་བའམ། འཇུག་དགོས་པར་བྱང་ན། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་བསྒྱུར་བའི་རྒྱལ་པོའམ། རིགས་བཟང་པོ་དང༌། ཆོས་རྒྱུད་དྲི་མ་མེད་པའི་རིགས་སམ། ཕ་མ་དད་པ་ཅན་གྱིས་རིགས་སུ་སྐྱེས་ནས། སེམས་ཅན་གྱི་དོན་བྱེད་ནུས་པའི་བུ་བསོད་ནམས་ཅན་ཅིག་བླང་བར་བྱའོ་སྙམ་པའི་མདུན་པ་གཏད་ནས་མངལ་དུ་འཇུག་པར་བྱའོ། མངལ་དེ་ཡང་ལྷའི་གཞལ་ཡས་ཁང་བྱིན་གྱིས་རླབས་ནས། ཡི་དམ་གྱི་ལྷ་ལ་སོགས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་དབང་སྐུར་ཞུ་སྙམས་པའི་མོས་པ་བྱའོ། དེ་ཡང་མངལ་སྒོ་འདམ་པ་ལ། ལས་ཀྱི་དབང་གིས་བཟང་པོ་ལ་ངན་པར་མཐོང་ངན་པ་ལ་བཟང་པོ་མཐོང་ནས་ནོར་ཉན་ཡོད་པས། ད་ནི་བཟང་པོ་སྣང་བ་བྱུང་ཡང་དེ་ལ་མ་ཆགས། ངན་པའི་སྣང་བ་བྱུང་ཡང་དེ་ལ་མ་སྡང་བར་བཟང་ངན་བླང་དོར་མེད་པར་ཆགས་སྡང་དང་བྲལ་བའི་གཏང་སྙོམས་ཆེན་པོ་ངང་ལ་ཞོག་ཅིག གལ་ཏེ་མངལ་སྒོ་འདམ་མ་ཤེས་ཤིང་ཆགས་སྡང་ཡང་བྲལ་མ་ཐུབ་ན། མགོ་གྱེན་དུ་བསྟན་ནས་འགྲོ་ལ། མིའི་འོད་སྔོན་པོ་དང་ལྷའི་འོད་དཀར་པོ་ལ་ཞུགས་ནས། རིན་པོ་ཆེའི་ཁང་བཟང་དང་སྐྱེས་མོས་ཚལ་དུ་སོང་ཤིག སྣང་བ་གང་ཤར་ཡང༌། དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་ཅིང༌། དེ་ལ་སྐྱབས་སུ་འགྲོ་བར་བྱས་ནས་གསོལ་བ་འདེབས་པར་བྱའོ། དེ་ལྟར་སྲིད་པ་བར་དོར་ངོས་ཟིན་ན་སྤྲུལ་སྐུ་ཐོབ་བོ། ཐ་ནའང་དལ་འབྱོར་གྱི་མི་ལུས་བཟང་པོ་ཞིང་ཐོབ་ནས། སླར་ཡང་གསང་ཆེན་འོག་གསལ་རྫོགས་པ་ཆེན་པོའི་དྲི་ལན་མེ་ཏོག་ཕྲེང་བ་དེབ་སྟོད་སྨད་བར་གསུམ་ཉམས་སུ་ལན་ནས། སྐྱེ་བ་ཕྱི་མ་ངེས་པར་དུ་སངས་རྒྱས་པ་གདོན་མི་ཟའོ།།

སླར་སྨས་པ།

ནམ་འཆི་མི་ཤེས་ཚེ་ཡི་འཕེན་པ་ཟད།། རང་ཉིད་གཅིག་པུ་བར་དོར་འཁྱམས་ཙ་ན།། རང་སྣང་སྟོང་བའི་གཟུགས་བརྙན་སྣ་ཚོགས་ཤར།། ཞི་དང་ཁྲོ་བོ་ཡིན་ཡང་ངོ་མ་ཤེས།། འཇིགས་ཤིང་སྐྲག་ནས་འཁོར་བའི་འདམ་དུ་ཚུད།། དེར་བསྟེན་མྱུར་དུ་དམ་ཆོས་མ་བརྩོན་ན།། བར་དོ་སྣང་བ་ཤར་དུས་སུ་ལ་རེ།། བག་མེད་བྱ་བ་ལོ་ཟླ་མི་འགྲོ་བར།། བར་དོ་འཆར་ཚུལ་འདི་ལ་ནན་ཏན་གྱིས།། ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེར།། མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག། ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར།། མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག། ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙ་ན།། དཀོན་མཆོག་གསུམ་གྱིས་སྡུག་བསྔལ་སེལ་བར་ཤོག། གར་སྐྱེ་རང་དབང་ཐོབ་ནས་གཞན་དོན་དུ།། མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག། ཐོས་བསམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིག། གང་དུ་སྐྱེ་བའི་ཡུལ་དེ་བཀྲ་ཤིས་ཤོག།

༈མ་མགོན་གཟའ་དང་དམ་ཅན་རྡོར་ལེགས་དང༌།། ངན་ནེ་མ་དང་ཚེ་རིང་གཡུ་སྒྲོན་མ།། ཕུར་བའི་སྲུང་མ་གྲིབ་བཙན་ཙིའུ་དམར་བཅས་གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད།། ཁྱེད་རྣམས་སློབ་དཔོན་པདྨའི་བཀའ་བཞིན་དུ།། གསང་སྔགས་བསྟན་པ་སྲུངས་པའི་ལས་ལ་སྩོལ།། བདག་གི་དྲི་ལན་མེ་ཏོག་ཕྲེང་བ་འདིར།། སྐད་ཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས།། མཐོང་ཐོས་ཙམ་གྱི་སེམས་ལ་ངེས་གྱུར་ནས།། ཀ་དག་གདོན་མའི་བཙན་ས་ཟིན་གྱུར་ཅིག།

དགེ་རྩ་འདི་ཡིས་མ་གྱུར་འགྲོ་བ་ཀུན།། མི་འདོད་ཉེ་འཚེ་མཐའ་དག་ཞི་གྱུར་ནས།། མཐུ་རྐྱེན་ལེགས་ཚོགས་མ་ལུས་མྱུར་འགྲུབ་ཤོག།

ཅེས་པ་དགེ་བའི་རྩ་བ་འདི་ལ་བསྟེན་ནས། བདག་ལ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་གཙོའི་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ། གནས་སྐབས་འཁྲུག་རྩོད་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ནས་བསམ་པའི་དོན་མ་ལུས་པ་ལྷུན་གྱིས་འགྲུབ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག། བོད་རབ་བྱུང་༡༧པ་ས་བྱི་ལོ་ཆུ་སྟོད་ཟླ་བ་ནང་འཕགས་ཡུལ་མཚོ་པདྨའི་མདུན་ངོས་སུ་ཆུ་དམར་པ་དྷརྨཛུ་ཥྱ༔འམ་བསོད་ནམས་དགའ་བ་དེས་བྲིས་པ་དགེའོ།། སརྦྤམངྒལྃ༔
ཐེག་དགུའི་ཡང་རྩེ་མན་ངག་གསང་བའི་དོན།།
འདི་དང་འཕྲད་པ་སྔོན་གྱི་ལས་སྨོན་ཡིན།།
མི་འཇིགས་གདེངས་ཆེན་མངོན་དུ་མ་གྱུར་བར།།
འབད་ནས་ཉམས་སུ་ལེན་དགོས་སྙིང་གི་བུ།།
མ་ཏི་ས་རས་གསུང༌།།
འཇའ་ལུས་ཆོས་སྐུ་ཐོབ་པས་གདམ་ངག་ཞིག་དགོས་ན།།
འོག་གསལ་སྣང་གཞི་ཉེ་ལམ་རང་ཤར་གྱིས་བསྐྱངས་ནས།།
མཚུངས་མེད་དཔལ་ལྡན་བླ་མས་ཐུགས་དགོང་གི་མདུད་པ།།
གནས་མཆོག་འདི་རུ་དཀྲོལ་བས་མཐར་ཐུག་གི་རེ་སྨོན།།
དྷརྨཛུཥྱ༔གསུང༌།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༠༢༠༤༡
མ་ཤུ་སྔོན་དུ་སྐྱབས་རྗེ་འདི་བ་མཇལ་ཁ་ཞིག་འི་རགས་ན ཁྱེད་ཀྱི་གསོལ་འདེབས་འདི་ནང་བཀོད་རོགས་ཞུ ་ལགས།།།།།།།།།།



བརྗོད་གཞི་གཞན་ཁག་ལ་གཟིགས།