ལྷ་སའི་གནའ་དེང་གི་ཨི་སི་ལམ་ཁ་ཆེའི་ལྷ་ཁང་ཁག་གི་ལོ་རྒྱུས་ངོ་སྤྲོད།

ལེའུ་བཅུ་པ། ལྷ་སའི་གནའ་དེང་གི་ཨི་སི་ལམ་ཁ་ཆེའི་ལྷ་ཁང་ཁག་གི་ལོ་རྒྱུས་ངོ་སྤྲོད།

རེ་བཞི། ལྷ་སའི་ཁ་ཆེའི་ཕྱག་ཁང་ཁག

རྐྱང་ཐང་སྒང་ནི། ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་འབྲས་སྤུངས་ངོས་སུ་འགྲོ་བའི་ལམ་རྒྱུད་ཀྱི་ཐང་ཆེན་པོ་ཞིག་སྟེ་མིང་སྟེ། སྔར་དེའི་རྒྱུད་ནགས་ཚལ་ཡོད་ཚུལ་མཁས་པའི་དགའ་སྟོན་ལས་གསུངས་ལ། ཡོངས་གྲགས་སུ་རྐྱང་ཐང་སྒང་ངམ་རྐྱང་ཐང་ན་ག་ཞེས་འབོད། དེ་ཡང༌།

རྐྱང་ཐང་ན་གའི་སྒང་ལ། །

རྟ་ལས་བོང་བུ་མགྱོགས་པ། །

བོང་བུ་མགྱོགས་པ་མ་རེད། །

རྒལ་རྨ་ཚ་བའི་རྟགས་རེད། །

ཅེས་བརྗོད་སྲོལ་ཡོད་པ་ལྟར་རྐྱང་ཐང་ན་ག་ཞེས་སུ་གྲགས་ཤིང༌། དེང་སང་ནི་ལྷ་ས་དང་འབྲས་སྤུངས་བར་གྱི་ལམ་རྒྱུད་གཡས་གཡོན་རྣམས་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་གསར་པ་ཞིག་ཏུ་གྱུར་ཟིན་པས་སྔར་གྱི་ཐང་ཆེན་པོ་དེ་ཉིད་མཐོང་རྒྱུ་མེད།

ཀ༽ རྐྱང་ཐང་སྒང་ཁ་ཆེའི་ཕྱག་ཁང༌།

 

ལྷ་སའི་ནུས་ངོས་ཀྱི་རྐྱང་ཐང་སྒང་ཁ་ཆེའི་ཕྱག་ཁང་ ༼ཁ་ཆེ་ཚོས་རྒྱང་མདའ་སྒང་ཞེས་ཟེར།༽ ནི་དུས་རབས་བཅུ་བདུན་པའི་ནང་ཀ་ཤི་སྨིར་ནས་ཡིན་པའི་ཁ་ཆེའི་ཆོས་པ་སྦི་ཡར་ཀོབ་ཅེས་པ་ལྷ་སར་འབྱོར་ནས་ཉིན་ལྟར་ཉིན་དགུང་ཉང་བྲན་མདོའི་ཉེ་འདབས་རི་ལྡེབས་བྲག་རྡོ་ཞིག་གི་སྟེང་དུ་ཕྱག་འཚལ་བརྒྱབ་པར་འགྲོ་བ་ྋརྒྱལ་མཆོག་ལྔ་པ་ཆེན་པོས་གཟིགས་ཏེ་ད་ལྟའི་ཁ་ཆེའི་ཕྱག་ཁང་དང༌། དུར་ས་ཡོད་སའི་གླིང་ག་དེ་གནང་སྐབས་ས་རྒྱ་ཆེ་ཆུང་མདའ་རྒྱང་མ་བརྒྱབ་སྟེ་གང་དུ་བབས་ས་དེ་མཚམས་སུ་བཟུང་བས་རྒྱང་མདའ་སྒང་ཞེས་བརྗོད། ལ་མའི་ལྕགས་རི་བསྐོངས་པའི་ནང་ཤིང་སྣ་མེ་ཏོག་སོགས་འདེབས་འཛུགས་བྱས་པར་ལྷ་ས་བ་ཚོས་ཁ་ཆེའི་གླིང་ག་ཞེས་འབོད། གླིང་ག་དེའི་ནང་མདའ་རྒྱང་མ་འཕེན་ས་དེར་སྒོ་ཆེན་ཞིག་དང༌། དེའི་ནུབ་ངོས་སུ་སྦི་ཡར་ཀོབ་ཀྱི་བང་སོ། ཕྱག་ཁང་ཆེ་ཆུང་གཉིས། ཕྱག་ཁང་དེར་ཕྱག་འཚལ་རྒྱག་མཁན་ཁ་ཆེའི་ཆོས་དད་པ་ཚོའི་དུར་ས་སོགས་ཡོད། སྙུང་གནས་དང༌། གོར་བན་དུས་ཆེན་སོགས་སུ་དེ་གར་ཡོང་མཁན་མང་པོ་ཡོད་ལ་ཉང་བྲན་མདོའི་ལྷ་ཁང་གི་རི་ལྡེབས་བྲག་རྡོ་དེར་ཡང་ཁ་ཆེའི་ཆོས་དད་པ་ཚོས་གནས་མཇལ་ཞུ་ཡི་ཡོད།

 

ཁ༽ ཀ་ཤི་སྨིར་ཁ་ཆེའི་ཕྱག་ཁང༌།

 

ཀ་ཤི་སྨིར་ཁོངས་ཁ་ཆེའི་ཕྱག་ཁང༌། ལྷ་སའི་ཀ་ཤི་སྨིར་ཁོངས་ཀྱི་ཁ་ཆེའི་ཕྱག་ཁང་ནི་ལྷ་སའི་གླིང་སྐོར་ལྷོ་ལམ་རགས་ཁ་སྨད་དུ་ཡོད། དེ་ནི་ཆིང་གོང་མ་ཁང་ཤི་སྐབས་ཏེ་སྤྱི་ལོ་ ༡༧༡༦ ལོར་བཏབ་པ་དང༌། དེ་སྔོན་ནས་ཀ་ཤི་སྨིར་ཁོངས་ཀྱི་ཚོང་པ་ཉུང་ཤས་ཤིག་ལྷ་སར་བསྡད་པ་དང༌། སྐབས་དེར་རགས་ཁ་སྨད་དུ་ཕྱག་ཁང་ཞིག་གསར་དུ་བཙུགས། རྗེས་སུ་ཕྱག་ཁང་དེ་རྒྱ་བསྐྱེད་ཐེངས་གཅིག་བྱས་པ་དང༌། དེ་སྔ་ཁ་ཆེའི་ཆོས་པ་སྦིར་ཡ་ཀོབ་ཟེར་བ་ཞིག་ལྷ་སར་བསྡད་དེ་ཉིན་ལྟར་ཉིན་དགུང་ཉང་བྲན་གྱི་རི་སྟེང་བྲག་རྡོ་ཞིག་གི་སྟེང་དུ་ཕྱག་འཚལ་རྒྱག་པར་འགྲོ་བ་དེ་ྋརྒྱལ་བ་ལྔ་པ་ཆེན་པོས་ཕོ་བྲང་པོ་ཏཱ་ལ་ནས་གཟིགས་ཏེ་དེར་ཐུགས་མོས་བྱུང་བས་རྒྱ་མདའ་སྒང་གི་ཁ་ཆེའིལྷ་ཁང་གི་ས་ཆ་གནང་ཞིང༌། རྒྱ་མདའ་སྒང་ནི་ས་དེའི་རྒྱ་ཁྱོན་གྱི་ཚད་ཡིན་ཟེར། དེ་སྐབས་ཀ་ཤི་སྨིར་ནས་འབྱོར་བའི་མི་ ༤༤ ཡོད་པ་དེ་དག་ལྷ་སར་གཏན་སྡོད་ཆོག་པ་དང་དེ་དག་ལ་དམིགས་བསལ་གཟིགས་སྐྱོང་གནང་སྟེ་ས་དེར་ཁྲལ་འུལ་རྒྱུགས་མི་དགོས་པའི་ཐོག་དུས་ཆེན་སྐབས་གཟིགས་བཟོས་ཀྱང་གནང་གི་ཡོད་སྐད། སྦིར་ཡ་ཀོབ་ཀྱིས་ཕྱག་འཚལ་རྒྱག་སའི་བྲག་རི་དེར་ཀ་ཤི་སྨིར་ཁོངས་ཀྱི་ཁ་ཆེ་ཚོ་ལོ་ལྟར་གནས་མཇལ་སྨོན་ལམ་འདེབས་པར་འགྲོ་སྲོལ་ཡོད། རྒྱ་མདའ་སྒང་ལ་མ་གཞི་ཕྱག་ཁང་ཞིག་ཡོད་ཀྱང་རྒྱུན་གཏན་ལྷ་སའི་ཕྱག་ཁང་དུ་ཕྱག་འཚལ་བྱེད་ཅིང༌། སྨྱུང་གནས་དང་གོར་པན་གྱི་དུས་ཆེན་མགྲོན་འབོད་དང༌། སེམས་ཅན་སྲོག་གཅོད་སོགས་བྱེད་རྒྱུར་ས་ཆ་གུ་ཡངས་ཤིང༌། ཆ་རྐྱེན་བཟང་བས་ཁ་ཆེ་རྣམས་རྒྱ་མདའ་སྒང་ལ་འགྲོ་བས་ཕྱག་ཁང་དེ་གཉིས་ཁོངས་གཏོགས་གཅིག་གི་ཕྱག་ཁང་ཡས་མས་ལྟ་བུར་གནས། ཀ་ཤི་སྨིར་ཁོངས་ཀྱི་ཁ་ཆེ་མང་ཆེ་བ་སྤྱི་ལོ་ ༡༩༦༡ ལོར་ཀ་ཤི་སྨིར་ལ་ལོག་འགྲོ་སྐབས་སྤྱི་རྫས་རྣམས་ཁྱེར་སྐད། ད་ཆ་ཕྱག་ཁང་ཡས་མས་གཉིས་ཀར་ཉམས་གསོ་དང་འབྲེལ་ལྷ་སར་ཡོད་པའི་རྒྱལ་ཁོངས་ཕྱི་རྒྱལ་བ་ཡིན་པའི་ཁ་ཆེ་རྣམས་ཕྱག་འཚལ་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན།

 

ག༽ ཝ་གླིང་ཧུད་རིགས་ཁ་ཆེའི་ཕྱག་ཁང༌།

 

ལྷ་སའི་ཝ་གླིང་ཧུད་རིགས་ཕྱག་ཁང་ནི། མིང་རྒྱལ་རབས་ཀྱི་དུས་མཇུུག་ནས་ཆིང་རྒྱལ་རབས་ཀྱི་ ༼༡༦༢༨ ནས་ ༡༦༦༢༽ ལོ་བར་ལ་བཙུགས། ད་ཡོད་ཕྱག་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༢༦༠༠ ཙམ་ཡོད། ཕྱག་ཁང་དེ་ནི་དེ་སྔ་རྒྱ་ནག་ནས་ཧུད་རིགས་ཁག་གཅིག་ལྷ་སར་ཚོང་ལ་ཡོང་ནས་རིམ་བཞིན་གཞིས་ཆགས་པར་བརྟེན་ལྷ་སའི་རགས་རྒྱབ་རྒྱུད་ལ་ཁྱིམ་གཞིས་བཙུགས་ནས་ས་ཆ་དེར་རྒྱ་སྐད་ལ་ཝ་པ་གླིང་ཞེས་ཟེར། དེའི་སྐབས་ཧུད་རིགས་རྣམས་ཕྱག་འཚལ་བ་དང་ནང་མི་འདས་གྲོངས་ཀྱི་དུར་འཇུག་སོགས་བྱེད་སྒོ་སྤེལ་སའི་ཕྱག་ཁང་མེད་པར་ལྷ་སའི་ཀ་ཤི་སྨིར་ཕྱག་ཁང་ལ་འགྲོ་བ་དང༌། དེ་རྗེས་མི་གྲངས་རིམ་བཞིན་འཕེལ་བར་བརྟེན་ཝ་གླིང་ས་གནས་རང་དུ་ཕྱག་ཁང་ཆུང་ཆུང་ཞིག་བཙུགས། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་སྐབས་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་སྤྱི་ལོ་ ༡༧༩༤ ལོར་གོར་དམག་བོད་ནས་མཐར་སྐྲོད་བཏང་ནས་རྒྱའི་དཔོན་དམག་ཕྱིར་ལོག་སྐབས་ལྷ་སའི་བོང་བ་རིའི་ཀོན་ཏིས་ལྷ་ཁང་སོགས་གསར་རྒྱག་བྱས་པ་དང་ཆབས་ཅིག་གྲྭ་བཞིར་ཧུད་རིགས་ཀྱི་ཕྱག་ཁང་ཞིག་ཀྱང་གསར་དུ་བརྒྱབ། དེ་རྗེས་སྤྱི་ལོ་ ༡༧༩༦ ནས་ ༡༨༢༡ ལོ་བར་གྲྭ་བཞིར་སྡོད་པའི་རྒྱ་རིགས་དཔོན་དམག་རྣམས་ལྷ་སའི་ཝ་གླིང་ཕྱག་ཁང་ཁོངས་སུ་སྤྲད། དེ་རྗེས་ཝ་གླིང་རྒྱུད་དུ་ཡོད་པའི་བོད་རིགས་ཀྱི་སྡོད་ཁང་དང་གྲྭྭ་བཞིར་ཡོད་པའི་ཕྱག་ཁང་གི་ས་ཆ་ཕན་ཚུན་བརྗེས་ནས་ཕྱག་ཁང་དེ་རྒྱ་སྐྱེད་དང་ཉམས་གསོ་རིམ་པར་བྱས། སྤྱི་ལོ་ ༡༩༥༩ ལོར་ཟིང་འཁྲུག་སྐབས་ཕྱག་ཁང་མེར་བསྲེགས་ཐེབས་ཀྱང་ཟིང་འཁྲུག་རྗེས་རྒྱ་གཞུང་ནས་རོགས་རམ་གྱིས་ཕྱག་ཁང་དང་ནང་གི་སྒྲིག་དངོས་ཆ་ཚང་གསར་བཟོ་བྱས། རིག་གནས་གསར་བརྗེའི་རྗེས་ལྷ་ཁང་ལ་ཉམས་གསོ་དང་ཐོར་གྱར་སོང་བའི་ཕྱག་ཁང་ནང་གི་སྒྲིག་དངོས་གསར་བཟོ་བྱས་ཏེ་ད་ཆ་ཧུད་རིགས་ཚོས་ཕྱག་འཚལ་སོགས་རྒྱུན་གཏན་ཆོས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་དང༌། ད་དུང་ལྷ་སར་ཡུལ་སྐོར་སྤྲོ་འཆམ་སོགས་ལ་ཡོང་མཁན་དབྱི་སི་ལན་གྱི་ཆོས་དད་པ་ཕྱི་རྒྱལ་བ་ཡང་དེར་ཕྱག་འཚལ་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་བར་ཡོང་གི་ཡོད།

 

 

ང༽ ལྷ་སའི་ཁ་ཆེའི་ཕྱག་ཁང་ཆུང་བ།

 

ལྷ་སའི་ཁ་ཆེའི་ཕྱག་ཁང་ཆུང་བ། ལྷ་སར་ཧུད་རིགས་ཀྱི་ཕྱག་ཁང་ཆུང་བ་ནི། ཆིང་རྒྱལ་རབས་སྔོན་ནས་ཀ་ཤི་སྨིར་གྱི་ཚོང་པ་ཁ་ཤས་ལྷ་སར་བསྡད་པ་དང་དེ་ཚོས་རགས་ཁ་སྨད་དུ་ཕྱག་ཁང་དེ་བཙུགས་སྐད། དེ་གར་ལྷ་སར་གཏན་སྡོད་རྒྱལ་ཁོངས་ཕྱི་རྒྱལ་བ་ཡིན་པའི་ཁ་ཆེ་ཚོས་ཕྱག་འཚལ་བྱེད་ཀྱི་ཡོད་འདུག་པ་བཅས་སོ།།

གོང་གསལ་གནའ་བོའི་གྲོང་ཁྱེར་ལྷ་སའི་ཡུལ་གྱི་དགེ་མཚན་དང༌། ས་ཁམས་ཆགས་ཚུལ། ས་མིང༌། རང་བྱུང་ཐོན་ཁུངས། ད་ལྟའི་སྲིད་འཛིན་ཁྱབ་ཁོངས། གནའ་ཤུལ་གྲགས་ཅན། དགོན་སྡེ་ལྷ་ཁང་ཁག་གི་ལོ་རྒྱུས་སོགས་ཅུང་ཟད་རྒྱས་ཙམ་འབྲི་རྩོམ་ཕྱོགས་བསྒྲིགས་ཞུས་པ་དེ་ལྟར་དང༌། ལྷག་པར་སྔོན་ཆད་འདས་ཟིན་པའི་ལོ་རབས་ནང་རང་རིགས་ཀྱི་མེས་པོ་གོང་མ་ཚོས་གྲོང་ཁྱེར་འདི་ཉིད་ལྟེ་བར་བྱས་ཏེ་ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང༌། དམག་དོན། ཚན་རིག ཆོས་ལུགས། འཕྲོད་བསྟེན། འགྲིམ་འགྲུལ་བཅས་ཀྱི་ཐད་རིན་ཐང་ཆེ་བའི་ཤུལ་བཞག་དངོས་པོ་གང་འདྲ་བཞག་ཡོད་པ་དང༌། ཕྱིས་འབྱུང་ཡར་རྒྱས་ཀྱི་རྨང་གཞི་གང་ཞིག་བཏིང་ཡོད་པ། དུས་སྐབས་དེའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་འཕེལ་རྒྱས་ཀྱི་ཚད་གཞི་ཇི་ཙམ་དུ་སླེབས་ཡོད་པ། ང་ཚོའི་མི་རབས་འདི་དང་མི་རབས་རྗེས་མ་རྣམས་ཀྱིས་སྔར་ཡོད་རྒྱུན་འཛིན་ཐོག་འཕེལ་རྒྱས་གཏོང་རྒྱུ་དང་གསར་གཏོད་བྱ་དགོས་པ་གང་དང་གང་ཡོད་སོགས་མཁྱེན་གལ་ཤིན་ཏུ་ཆེ་བས་དགོངས་དབྱིངས་སུ་འཇགས་པ་དང༌། གོང་གསལ་རྣམས་ལ་ཆད་པ་ཁ་སྐོང་དང༌། ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་བཀའ་སློབ་སྤྱི་སྩོལ་མཛད་དེ་དགའ་བསུ་ཞུ་རྒྱུ་བཅས་རྩོམ་པ་པོ་ཐུབ་བསྟན་ཡར་འཕེལ་གྱིས་གངས་ལྗོངས་ལྷ་ལྡན་དུ་བྲིས་པ་དགེ་བར་གྱུར་ཅིག།      །།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༡༢༠༡༠༡༩༤༨
འབའ་པ་སྐལ་བཟང་འཕྲིན་ལས་ལགས། རྩོམ་ཡིག་འདི་ལྷ་སའི་དངོས་བྱུང་བདེན་དཔང་ཞེས་པའི་ལྷ་སའི་ལོ་རྒྱུས་ཀྱི་དཔེ་དེབ་ཐོག་བཀོད་ཡོད་པས། ལྷ་སའི་དངོས་བྱུང་བདེན་དཔང་ཞེས་པའི་དེབ་དེ་ཁྱེད་ལ་དགོས་མཁོ་མཆིས་ཚེ་རིན་མེད་ཐོག་འབུལ་ལམ་ཞུ་བཞིན་ཡོད། གུས་པར་འབྲེལ་བ་གནང་རོགས་ཞུ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས།
1 ༢༧༢༠༡༠༡༧༤༩
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
ཡག་པོ་འདུག གྲོགས་ལགས ཁྱེད་ཀྱིས་རྩོམ་ཡིག་འདི་དུས་དེབ་འིག་སྟེང་དུ་འགོད་ན་ངོ་མ་ཡག་ས་རེད



བརྗོད་གཞི་གཞན་ཁག་ལ་གཟིགས།