ལྷ་སའི་ཉང་དོག་གྲིབ་གསུམ་བཅས་ཀྱི་གནའ་ཤུལ་ཁག་གི་ལོ་རྒྱུས།

ལེའུ་དགུ་པ། ལྷ་སའི་ཉང་དོག་གྲིབ་གསུམ་བཅས་ཀྱི་གནའ་ཤུལ་ཁག་གི་ལོ་རྒྱུས་ངོ་སྤྲོད།

རེ་གཅིག ཉང་བྲན་ཁོངས་ཀྱི་གནའ་ཤུལ་ངོ་སྤྲོད།

ཀ༽ འཇའ་ཚོན་ཆུ་མིག

འཇའ་ཚོན་ཆུ་མིག་ནི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཁོངས་བྲག་རི་ཁུག་ ༼ལྷ་ས་བའི་ཁ་རྒྱུན་དུ་པ་རི་ཁུག་ཟེར་ཞིང༌། དེ་ནི་བྲག་རི་ཁུག་ཅེས་པ་སྒྲ་འགྱུར་བ་ཡིན།༽ གྲོང་ཚོའི་ཉེ་སྐོར་དུ་འཇའ་ཚོན་ཆུ་མིག་ཅེས་པའི་གླིང་ཁའི་ནང་སྔར་ཆུ་མིག་ཅིག་ཡོད་པ་དེར་དབྱར་དུས་སུ་གླིང་གཏོང་སྤྲོ་གསེང་དུ་ཡོང་མཁན་མང་པོ་ཡོད་ཅིང༌། ཆུ་མིག་དེའི་ནང་ཉ་འདྲ་མིན་སྣ་ཚོགས་ཡོད་པ་དེ་ཚོའི་རི་མོར་གཞིགས་ཏེ་ཉ་སྤ་ཕྲུག་གྱོན་པ་དང༌། མཐུར་མགོ་གྱོན་པ། རྟ་སྒ་བརྒྱབ་པ་སོགས་ཀྱི་མིང་བཏགས་ཡོད་ཅིང༌། དེང་སང་ཡང་དབྱར་ཁ་དེ་གར་གླིང་གཏོང་སྤྲོ་གསེང་གཏོང་མཁན་ཡོང་གི་ཡོད། ཤུག་གསེབ་རྗེ་བཙུན་རིག་འཛིན་ཆོས་དབྱིངས་བཟང་མོ་མཆོག་ལྷ་སའི་བྱང་ཕྱོགས་འཇའ་ཚོན་ཆུ་མིག་ཏུ་མཚམས་སྒྲུབ་ཀྱིས་བཞུགས་ཚུལ་རྣམ་ཐར་ནང་གསལ་བ་བཅས་སོ།།

ཁ༽ སྡེ་བཞིའི་འདམ་རྭ་ཆེན་མོ།

 

སྡེ་བཞིའི་འདམ་རྭ་སྟེ་ལྷ་ཀླུའི་འདམ་རྭ་ཆེན་མོ་ནི་གངས་ལྗོངས་ས་མཐོའི་ཐོག་གི་གཞི་རྒྱ་ཆེ་ཤོས་དང་ས་བབ་མཐོ་ཤོས་ཡིན་པའི་གྲོང་ཁྱེར་ནང་གི་རང་བྱུང་གི་འདམ་རྭ་ཞིག་ཡིན། རང་བྱུང་ལྷུན་གྱིས་གྲུབ་པའི་སྡེ་བཞིའི་འདམ་རྭ་ཆེན་མོའི་ནང་སྐྱེ་དངོས་སྲོག་ཆགས་ཀྱི་རིགས་ཕུན་སུམ་ཚོགས་པའི་ཁར། དེ་དག་ལ་རང་རང་གི་ཁྱད་ཆོས་ཆེ་ལ་ཤིན་ཏུ་དཀོན་པ་དང༌། སྟོངས་ལ་ཉེ་བའི་སྐྱེ་དངོས་ཀྱི་རིགས་མང་བ་མ་ཟད། ས་ཆུ་སྲུང་བའི་ནུས་པ་དང་གནམ་གཤིས་ལེགས་སུ་གཏོང་བའི་ནུས་པ་སོགས་ཡོད་པས་ན༑ དེས་གྲོང་ཁྱེར་ལྷ་སའི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་ཕྱིར་ནུས་པ་གལ་ཆེན་ཐོན་གྱི་ཡོད།

སྡེ་བཞིའི་འདམ་རྭ་ནི་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་གལ་ཆེའི་གསོས་རླུང་འབྱུང་ཁུངས་ཤིག་ཡིན་ལ། གྲོང་ཁྱེར་གྱི་མཁའ་རླུང་གཙང་སེལ་བྱེད་པའི་འཕྲུལ་ཆས་ལྟ་བུ་ཞིག་ཡིན་པ་མ་ཟད། སྡེ་བཞིའི་འདམ་རྭ་ཆེན་མོ་དེས་གྲོང་ཁྱེར་ལྷ་སའི་མཁའ་རླུང་ལ་བརླན་གཤེར་ཁ་སྣོན་དང༌། བྱེ་ཐལ་འཇིབ་ནས་བྱེ་འགྱུར་ལ་སྔོན་འགོག ཁོར་ཡུག་གི་མཛེས་རྒྱན་དང༌། སྐྱེ་ཁམས་དོ་སྙོམས་ཡོང་བ་སོགས་ལ་གལ་ཆེའི་ནུས་པ་ཐོན་གྱི་ཡོད་པས་ལྷ་ས་བ་ཚོས་ལྷ་ལྡན་ཞིང་གི་རང་བྱུང་གསོས་རླུང་འབྱུང་ཁུངས་ཞེས་བོས་ནས་བསྔགས་བརྗོད་ཀྱི་མེ་ཏོག་རྟག་ཏུ་འཐོར་བཞིན་ཡོད། ཕྱི་ལོ་ ༢༠༠༢ ལོར་སྡེ་བཞིའི་འདམ་རྭ་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ནས་ལྕགས་རི་ཡུག་ཅིག་ཏུ་བསྐོར་ནས་སྲུང་སྐྱོབ་ཅུང་ཟད་ལེགས་ཙམ་ཐུབ་ཡོད། འོན་ཀྱང་དེ་སྔོན་ནས་འདམ་རྭའི་ཕྱོགས་མཚམས་གང་སར་འཛུགས་སྐྲུན་རྒྱ་ཆེ་བྱས་པས་འཛུགས་སྐྲུན་གྱི་འོག་ཏུ་ཤོར་ནས་སྔར་ལས་གཞི་རྒྱ་གང་འཚམས་ཆུང་དུ་ཕྱིན་ཡོད་པ་དང༌། འདམ་རྭའི་རི་མཚམས་ཕལ་མོ་ཆེར་རྒྱ་གཞུང་གིས་མེ་སྒྱོགས་སོགས་ཀྱི་དམག་སྒར་རིམ་པར་གསར་རྒྱག་བྱས་པ་སོགས་ནི་མིག་མཐོང་ལག་ཟིན་དུ་ཡིན།

བོད་ཀྱི་སྲིད་དོན་རྒྱལ་རབས་ལས། ལྷ་སའི་ནུབ་ཕྱོགས་འདམ་རྭ་ཆེན་མོའི་ནང་མཚོ་གླང་ཡོད་པ་དངོས་སུ་མཐོང་མི་མ་བྱུང་ཡང༌། མཚན་མོ་གླང་གི་སྐད་རྒྱབ་པ་ཐོས་པ་དང༌། ལྕི་བ་བཏང་བཞག་པ་མཐོང་མྱོང་མཁན་ནི་ལྷ་ཀླུ་སྐོར་པ་དང༌། སྐྱིད་ཚལ་ཀླུ་སྡིང་པ། འཇའ་ཚོན་ཆུ་མིག་གི་གླིང་སྲུང་བ་སོགས་ནས་རྩེ་མཐུན་གླེང་ཞེས་འཁོད་པ་བཅས་སོ།།

 

ག༽ ཉང་བྲན་གྲོང་སྨད་པ།

 

ཉང་བྲན་གྲོང་སྨད་པ་ནི། སྔོན་དུས་ཉང་བྲན་ཁུལ་གྱི་སྒེར་གཞིས་ཆེ་བ་ཞིག་ཡིན་པ་དེའི་ཞལ་ངོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བཟུང་སྟེ་གཙང་པ་རྒྱལ་པོ་དང་འཐབ་རྩོད་བྱེད་པའི་ནང་བྱས་རྗེས་གཟེངས་ཐོན་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་བྱ་སྤྱི་ལོ་ ༡༦༥༧ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་གཤེགས་རྗེས་ལྕགས་བྱི་ཕྱི་ལོ་ ༡༦༦༠ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་སྡེ་སྲིད་ཀྱི་འགན་ལོ་བརྒྱད་བཞེས་ནས་འདས། ས་ལུག་སྤྱི་ལོ་ ༡༦༧༩ ལོར་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོའི་ཚ་བོ་སངས་རྒྱས་རྒྱ་མཚོས་སྡེ་སྲིད་གནང༌།  གོང་གསལ་སྡེ་སྲིད་གཉིས་ཀྱི་ཁྱིམ་ཚང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཐུགས་འདྲིས་ཆེ་སྟབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གྲོང་སྨད་དུ་ཡང་ཡང་ཕེབས་པའི་ལོ་རྒྱུས་ཡོད།

གྲོང་སྨད་གཞིས་ཀ་ནས་ནུབ་ངོས་རི་འདབས་སུ་ར་མ་རྩེ་ཞེས་པའི་གྱང་རོ་ཞིག་གི་མཐའ་སྐོར་དུ་སྟར་ཁ་དང༌། ཁམ་བུའི་སྡོང་པོ་འགའ་ཞིག་ཡོད་ས་དེར་གྲོང་སྨད་ཀྱི་སྤྲོ་ཁང་ཡོད་པ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དེ་གར་འཁྲུངས་པ་ཡིན་ཟེར། སྡེ་སྲིད་ངག་དབང་རིན་ཆེན་ཡང་ཉང་བྲན་གྲོང་སྨད་པའི་མི་རྒྱུད་ཡིན་ཞིང༌། ཤིང་བྱ་སྤྱི་ལོ་ ༡༧༠༣ ལོར་ལྷ་བཟང་ཁང་གིས་སྲིད་དབང་བཟུང་རྗེས་གྲོང་སྨད་གཞིས་ཀ་གཞུང་བཞེས་ཀྱི་རྒྱུ་དངོས་སེ་རའི་གྲྭ་པར་བགོས་ཤིང་བདག་ཐོབ་སེ་ར་སྤྱི་སོར་སྤྲད། གཞིས་ཀའི་མཐའ་སྐོར་དུ་ཆགས་པའི་གྲོང་ཁྱིམ་ལ་སྤྱི་སོ་བསྐོར་པ་ཞེས་འབོད་པར་གྲགས།

 

ང༽ ཉང་བྲན་ལྗགས་སྨིན་ཆུ་འཁོར།

 

ཉང་བྲན་ལྗགས་སྨིན་ཆུ་འཁོར་ནི། ཉང་བྲན་ལུང་ཚོའི་ཁོངས་སུ་ལྗགས་སྨིན་ཆུ་འཁོར་ཁྱིམ་ཚང་ཞིག་ཡོད་པ་དེས་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས་སུ་གོང་ས་སྐྱབས་མགོན་ཆེན་པོའི་ལྗགས་སྨིན་གསོལ་ཞིབ་འཐག་ལས་གནང་གི་ཡོད་ལ། ཁྱིམ་ཚང་དེར་ལོ་ལྟར་ཟླ་རེའི་བོད་ཚེས་ ༡༥ དང་ ༣༠ བཅས་ལ་འཆར་ཅན་རྩེ་གསོལ་ཐབ་པ་སེར་སྐྱ་གཉིས་ནས་འགན་བཞེས་ཀྱིས་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་འཁོར་རྣམས་ཀྱི་གསོལ་ཞིབ་དང༌། གཟིམ་ཆུང་གི་མཆོད་པ་དང༌། ཚོགས་རྩམ་སོགས་འཐག་ལས་གནང་གི་ཡོད་སྟབས་ཁྱིམ་ཚང་དེར་ལྗགས་སྨིན་ཆུ་འཁོར་ཞེས་མིང་ཐོགས། དེང་སྐབས་ལྗགས་སྨིན་ཆུ་འཁོར་དེ་ཉིད་ཉང་བྲན་སྤྱི་གླིང་གི་ནང་དུ་ཚུད་ཅིང༌། སྤྱི་གླིང་སྦྱིན་བདག་ནས་བདག་གཉེར་དང་བཅས་སྔར་གྱི་ལྗགས་སྨིན་ཆུ་འཁོར་ལས་འཐག་པའི་རྩམ་པར་ལྗགས་སྨིན་གསོལ་ཞིབ་ཅེས་མིང་བཏགས་ནས་ཚོང་འགྲེམས་བྱེད་བཞིན་པ་མ་ཟད། ལྗགས་སྨིན་གསོལ་ཞིབ་དེ་ཡང་བྲིན་ཁ་རྒྱུགས་ལ་སྐད་གྲགས་ཆེ་བའི་རྩམ་པར་གྱུར་ཡོད།

 

ཅ༽ ཉང་བྲན་གྱི་ཁང་སེར་ཆུ་འཁོར།

 

ཉང་བྲན་ཁུལ་དུ་ཆུ་འཁོར་གསར་པ་དང༌། གོ་ང་ཆུ་འཁོར་བཅས་ཁང་སེར་པོ་ཅན་གྱི་ཆུ་འཁོར་ཁག་གཉིས་ཡོད་ཅིང༌། དེ་སྐོར་ཉང་བྲན་ཁུལ་གྱི་རྒན་རབས་པ་རྣམས་ལ་བཅར་འདྲི་བྱེད་སྐབས། རྒན་རབས་པ་ཞིག་ནས་ཉང་བྲན་ཁུལ་དུ་ཁང་སེར་གསུམ་ཡོད་ཅིང༌། དེ་དག་ལས་གཅིག་ནི་ཉང་བྲན་རྒྱལ་ཆེན་སྐར་མ་འཕྲིན་གྱི་སྐུ་བསྟེན་གྱི་གཟིམ་ཤག་ཡིན་པ་དང༌། དེ་མིན་ཁང་སེར་གཞན་གཉིས་ནི་ཆུ་འཁོར་ཡིན་གནས་བརྗོད་པ་དང༌། དེ་གསུམ་གཞན་དང་མི་འདྲ་བར་ཁང་སེར་ཡིན་དོན་ནི་སྔར་ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་མཆོད་ཆང་མཆོད་ས་ཡིན་ཞིང༌། དེ་རྗེས་དེའི་ཤུལ་རྗེས་གོ་ཐོབ་ལྟར་ཁང་སེར་དུ་གྱུར་བ་ནི། བར་སྐོར་ཤར་ངོས་ཀྱི་ཁང་སེར་དང༌། སྦྲ་ནག་ཞོལ་གྱི་ཁང་གསེར་སོགས་དང་རྒྱུ་མཚན་མཚུངས་པ་ཡིན་ཞེས་དང༌། དེ་རྗེས་མཆོད་ཆང་མཆོད་སའི་ཁང་པ་དེ་གཉིས་ཆུ་འཁོར་དུ་བསྒྱུར་བས་མིང་དེ་ལྟར་ཐོགས་པ་དང༌། དེང་སྐབས་གོ་ང་ཆུ་འཁོར་གྱི་ཁྱིམ་བདག་ནས་ཆུ་འཁོར་གྱི་ལས་རིགས་མི་བྱེད་པར་ཆུ་འཁོར་དེ་ཉིད་སྡོད་གནས་སུ་བཟོ་བཅོས་ཞུས་འདུག་ཀྱང་ཁྱིམ་ཚང་དེའི་མིང་ལ་ད་ལྟའང་གོ་ང་ཆུ་འཁོར་ཞེས་འབོད་མུས་ཡིན་པ་དང༌། ཆུ་འཁོར་གསར་པ་ནི་ད་ལྟའི་ཉང་བྲན་ཁུལ་གྱི་ཆུ་འཁོར་གྲགས་ཅན་གྱི་གྲས་ཤིག་ཡིན་ལ། རྩམ་པ་འཐག་ལས་བྱེད་མུས་ཡིན་པ་བཅས་སོ།།

 

ཆ༽ ཉང་བྲན་ཆོས་གོང་གྲོང་ཚོ།

 

ཉང་བྲན་ཆོས་གོང་གྲོང་ཚོའི་རྡོ་ཆས་དུས་རབས་གསར་པའི་གནའ་ཤུལ། དེ་ནི་ལྷ་སའི་བྱང་ངོས་སེ་ར་དགོན་པའི་ནུབ་ངོས་ཉང་བྲན་ཁོངས་ཆོས་གོང་གྲོང་ཚོའི་བྱང་གི་རི་འདབས་སུ་གནས་ཡོད། གནའ་ཤུལ་དེ་ལྷ་སར་ཐོག་མར་ཕྱི་ལོ་ ༡༩༨༤ ལོར་གསར་དུ་རྙེད་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་ཞིག་ཡིན་ལ། གནའ་ཤུལ་དེའི་ཤར་ནུབ་བར་དུ་རྒྱང་ཐག་སྤྱི་ལེ་ ༡༥༠ ཙམ་དང༌། ལྷོ་ནས་བྱང་བར་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་ཡོད་པ་དང༌། དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༥༠༠༠ ལ་ཉེ་བ་ཞིག་ཡོད། དུས་ཡུན་རིང་པོར་ས་ཆུ་ཤོར་བའི་རྐྱེན་གྱིས་གཅོང་རོང་དྲུག་གིས་ཁག་སོ་སོར་ཕྱིན་པ་དང༌། ཆུ་ལོག་འགོག་པའི་ཆུ་ཡུར་གཅིག་དང་སྟབས་བདེའི་གཞུང་ལམ་ཞིག་གིས་གནའ་ཤུལ་གྱི་ཤར་ནུབ་འཕྲེད་བཀག་བྱས་པ་དེས་གནའ་ཤུལ་དེར་གཏོར་བཤིག་ཚབས་ཆེན་བཟོས་ཡོད། གསར་རྙེད་བྱུང་རྗེས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༢༣་༤ སར་སྔོག་འདོན་བྱས་པས། ཐལ་དོང་གཉིས་དང༌། ས་ཕུག་གཅིག དུས་རབས་མཇུག་མའི་རྡོའི་སྤུར་སྒམ་གཅིག་བཅས་སྔོག་ཐོན་བྱུང་ཡོད་ལ། ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་བོད་རིག་པ་སྤྱི་བཤད་ནང་དུ། ཆུ་གོང་གནའ་དུར་ནས་མི་རོ་སུམ་ཅུ་ཙམ་རྙེད་པ་དང༌། དུས་རྫས་རིགས་མི་འདྲ་བ་མང་པོ་ཞིག་རྙེད་པ་དེ་དག་ལ་དཔྱད་ན་གནའ་བོའི་བོད་ཀྱི་ནག་རྩིས་ལུགས་ལྟར་སྲོག་ཆགས་དང༌། རྫས་རིགས་དངོས་པོ་སྦས་ཡོད་པར་མཐོང་བས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཙམ་སྐབས་སུ་ཡིན་དགོས་ཞེས་གསུངས།

གཞན་ཡང་ཐལ་དོང་ནང་ནས་བརྡར་བཟོས་ཀྱི་གཡང་ཊིའི་སྟེའུ་དང༌། རུས་པའི་ཁབ། རུས་པའི་སྙུང་ཁབ། རུས་པའི་གྲི། རྫ་ཕྲུག རུས་པའི་ཡོ་བྱད་དང༌། རྡོ་ཆས། བརྡུང་བཟོས་རྡོ་ཆས་དང་རྫ་ཧྲུག་འབོར་ཆེན་སྔོག་ཐོན་བྱུང་ཡོད་ལ། དེ་ལས་ཁབ་རྩེ་དང་ཁབ་མིག་མཉམ་དུ་ཡོད་པ་ཞིག་དང༌། རྫ་ཆས་སྲབ་མོ། ཟངས་ལས་གྲུབ་པའི་མདའ་རྩེ། ཟངས་ལས་གྲུབ་པའི་མེ་ལོང་ལྕགས་ཀྱི་ཡུ་བ་ཅན། རྫ་ལས་གྲུབ་པའི་སྤྲེལ་གདོང་གཅིག་སོགས་རྙེད་ཡོད་ལ་དེ་དག་ཡ་མཚན་ཅན་གྱི་ཡོ་བྱད་ཤ་སྟག་ཡིན། ཆོས་གོང་གྲོང་ཚོའི་གནའ་ཤུལ་ནི་ལྷ་སར་དང་ཐོག་བཙལ་རྙེད་ཐུབ་པའི་རྡོ་ཆས་གསར་པའི་རིག་གནས་ཀྱི་གནའ་ཤུལ་ཞིག་ཡིན་ལ། ཆོས་གོང་གྲོང་ཚོ་ནས་རྡོ་ཆས་དུས་རབས་གསར་མའི་རྗེས་ཤུལ་གསར་དུ་རྙེད་པ་དེའི་ཐོག་ནས་མི་ལོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་ནས་ལྷ་ས་སྐྱིད་ཆུའི་གཡས་གཡོན་གྱི་ས་གཞི་གཤིན་པོ་འདིའི་ཐོག་གདོད་མའི་རྡོ་ཆས་ལ་བརྟེན་ནས་མི་རྣམས་འཚོ་གནས་དང་སྐྱེ་འཕེལ་བྱེད་འགོ་ཚུགས་ཟིན་པ་ར་འཕྲོད་བྱུང་ཡོད་པ་མ་ཟད། བོད་ལྗོངས་སུ་ཡོད་པའི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གནས་གནའ་ཤུལ་ཞིབ་འཇུག་ཐད་ཀྱི་སྟོང་ཆ་ཁ་གསབ་བྱས་པ་ཞིག་ཀྱང་ཡིན། དེ་ནི་ཆབ་མདོ་ཁ་རུབ་གནའ་ཤུལ་གྱི་རྗེས་སུ་བོད་ལྗོངས་ནང་ཚན་རིག་རྟོག་ཞིབ་དང་སྔོག་འཚོལ་བྱས་ནས་རྙེད་པའི་རྡོ་ཆས་གསར་མའི་རིག་གནས་ཀྱི་གནའ་ཤུལ་གཉིས་པ་དེ་ཡིན། ཆོས་གོང་གནའ་ཤུལ་དེ་ཁ་རུབ་གནའ་ཤུལ་ལས་ཕྱི་བ་ཡོད་པ་དང༌། དེ་ནི་བོད་ལྗོངས་རྡོ་ཆས་གསར་མའི་དུས་མཇུག་གི་དམིགས་བསལ་གྱི་རིག་གནས་རྣམ་པ་ཞིག་ཡིན་ལ། ལྷ་སའི་ཆོས་གོང་ངམ་ཆུ་གོང་གི་རྗེས་ཤུལ་ནི་ད་བར་ལོ་ ༤༠༠༠ ཡས་མས་སོང་བའི་གནའ་ཤུལ་གྲགས་ཅན་ཞིག་ཀྱང་ཡིན་ནོ།།

 

རེ་གཉིས། དོག་སྡེའི་ཁོངས་གནའ་ཤུལ།

 

ཀ༽ དོག་སྡེ་ཆབ་རྫིང་གླིང་ཁ།

དོག་སྡེ་ནི་ལུང་པ་ཕུ་དོག་ལ་མདའ་བདེ་བ་ཞིག་ཡོད་པས་དོག་བདེ་ཞེས་མིང་ཐོགས་པར་གྲགས་ཀྱང་དེང་སྐབས་དོག་སྡེ་ཞེས་འབྲི་སྲོལ་དར་ཁྱབ་ཆེ༑ དོག་སྡེ་ཆབ་རྫིང་ཞེས་པ་ནི། ལྷ་སའི་ཉེ་འདབས་དོག་སྡེ་ཤང་ལྷོ་མོས་གྲོང་ཚོའི་ནུབ་ངོས་སུ་ཆབ་རྫིང་གླིང་ཁ་ཞེས་པ་དེ་ནི་ཡོངས་འཛིན་ཕུར་ལྕོག་སྐུ་ཕྲེང་གསུམ་པ་བྱམས་པ་རྒྱ་མཚོ་ཕུར་ལྕོག་རི་ཁྲོད་དུ་བཞུགས་སྐབས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཇལ་བར་ཕེབས་སྐབས་གླིང་ཁ་དེའི་ནང་ཆབ་རྫིང་དུ་ཆབ་བཞེས་གནང་གི་ཡོད་པ་རེད་ཟེར་སྲོལ་ཡོད། དེང་དེ་གར་མི་མང་སྤྱི་གླིང་ཞིག་གསར་སྐྲུན་གྱིས་དབྱར་ཁ་ལྷ་སའི་ཁུལ་ནས་གླིང་ཁ་གཏོང་མཁན་ཧ་ཅང་མང་པོ་ཡོད་སྐད།

 

ཁ༽ དོག་སྡེའི་གློག་ཁང་རྙིང་པ།

 

དོག་སྡེའི་གློག་ཁང་རྙིང་པ་ཞེས་པ་ནི། ལྷ་སའི་ཉེ་འདབས་ཀྱི་དོག་སྡེ་གློག་ཁང་རྙིང་པ་ནི་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་སྤྱི་ལོ་ ༡༩༢༤ ལོར་བཙུགས་པའི་བོད་ཀྱི་གློག་ཁང་དང་པོ་དེ་ཡིན་པ་དང༌། གློག་ཁང་གསར་རྒྱག་གི་ཇུས་འགོད་དང༌། ཐིག་ལེན། འཕྲུལ་འཁོར་སྒྲིག་གཤོམ་སོགས་ཚང་མ་དབྱིན་ཇིའི་ལོན་ཀྲོན་དུ་སློབ་སྦྱོང་གནང་མྱོང་བའི་བྱང་ངོས་པ་རིག་འཛིན་རྡོ་རྗེས་འགན་བླངས་ཤིང༌། རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ་ ༡༩༢༨ ལོར་ཆུ་ཤུགས་གློག་ཁང་དངོས་སུ་ལེགས་བསྒྲུབས་ཟིན་ནས་གློག་འདོན་ཐུབ་པ་བྱུང༌། ད་ལྟའང་གློག་ཁང་རྙིང་པའི་ཁང་ཤུལ་དང་ཆུ་རྫིང་བསྡད་ཡོད། ཤིང་རྟ་སྤྱི་ལོ་ ༡༩༥༤ ལོར་རྒྱ་གཞུང་ནས་གྲོན་དངུལ་ཆེད་གཏོང་གིས་གློག་ཁང་རྙིང་པའི་ཤར་དུ་ཡོད་པའི་མཁར་རྡོའི་རི་འདབས་སུ་གློག་ཁང་གསར་པ་བཟོ་བསྐྲུན་བྱས་པ་དེ་གཞི་ཁྱོན་ཆེ་ལ། འཕྲུལ་ཆས་སོགས་གང་ས་ནས་ཆ་རྐྱེན་བཟང་སྟབས་གློག་ཁང་རྙིང་པ་དེ་གོ་མི་ཆོད་པར་གྱུར་རོ།།

 

ག༽ དོག་སྡེའི་དངུལ་དཔར་ཁང༌།

 

དོག་སྡེའི་དངུལ་དཔར་ཁང༌། གློག་ཁང་རྙིང་པའི་འགྲམ་དེར་དངུལ་དཔར་ཁང་ཞེས་པ་ཞིག་ཡོད་པ་དེ་ནི། སྔར་དེ་གར་བོད་དངུལ་དཔར་རྒྱག་བྱེད་ས་ཡིན་འདུག་ཀྱང་དེ་རྗེས་གྲ་བཞིར་སྤོས་ཤིང༌། དེའི་གྱང་རོ་ད་ལྟའང་བསྡད་ཡོད། གཞན་ཡང་དོག་སྡེའི་ནང་དུ་བཙན་པོའི་དུས་སུ་ཐེམ་གྲངས་ཁྲི་སྐོར་ཡོད་པའི་ཤོད་རྒྱུན་འདུག་ཅིང༌། ས་བྱ་སྤྱི་ལོ་ ༡༩༦༩ ལོར་ཞིང་ལས་ཏ་ཀྲེར་སློབ་སྦྱོང་བྱེད་དུས་ས་ཞིང་ལ་རགས་སྐྱོར་བཟོ་བྱེད་ས་རྡོ་སྔོག་སྐབས་ས་འོག་ནས་རྩིག་ཤུལ་དང༌། ཐབ། རྫ་ཁོག་སོགས་དོན་འདུག་པ་བཅས་སོ།།

ང༽ གསང་ཡིབ་ཆུ་ཚན།

༤ གསང་ཡིབ་ཆུ་ཚན་ནི། ལྷ་སའི་ཉེ་འདབས་དོག་སྡེ་ཤང་གི་ཁོངས་སུ་གསང་ཡིབ་ཆུ་ཚན་ཞེས་ཆུ་ཚན་ཞིག་ཡོད་པ་དེ་ནི་ལྷ་ས་གྲོང་ཁུལ་དུ་ཅུང་གྲགས་ཆེ་ཙམ་ཡོད། གསང་ཡིབ་ཆུ་ཚན་དེ་མཁལ་གྲུམ་དང༌། པགས་ནད། ཕོ་བ་སོགས་ལ་ཕན་པོ་ཡོད་སྟབས་སྟོན་དཔྱིད་གཉིས་ལ་ཆུ་ཚན་རྒྱག་མཁན་མང་པོ་ཡོད། ཆུ་ཚན་དེའི་འགྲམ་གྱི་རི་འདབས་དང༌། རི་འདབས་ཀྱི་བྲག་ཕུག་སོགས་ལ་རྒྱ་བཟའ་ཀོང་ཇོ་བཞུགས་པའི་རྗེས་ཤུལ་དང༌། ལོ་རྒྱུས་འགའ་ཤོད་སྲོལ་ཡོད་ཀྱང་རྗེས་ཤུལ་ཡོད་པའི་བྲག་རྡོ་དང་བྲག་ལྡེབས་ཀྱི་རྒྱ་བཟའི་སྐུ་བརྙན་རྣམས་ད་ལྟ་བསྡད་མེད།

༥ དོག་སྡེའི་ལྗགས་སྨིན་ཆུ་འཁོར། ལྷ་སའི་ཉེ་འདབས་ཀྱི་དོག་སྡེ་ཤང་གི་ཁོངས་སུ་ལྗགས་སྨིན་ཆུ་འཁོར་ཞེས་པ་ཞིག་ཡོད་པ་དེ་ནི་རྩེ་གསོལ་ཐབ་ཀྱི་ལྗགས་སྨིན་གྲོ་ཞིབ་དེ་ནས་འཐག་ལས་གནང་སྲོལ་ཡོད་པས་ལྗགས་སྨིན་ཞུ་འཁོར་ཞེས་གྲགས།

 

 

 

 

 

རེ་གསུམ། གྲིབ་དང་ཚལ་གུང་ཐང་གི་གནའ་ཤུལ།

ཀ༽ གྲིབ་ཀྱི་རྫོང་བཙན།

ལྷ་ལྡན་གྲོང་ཁྱེར་གྱི་སྐྱིད་ཆུའི་ལྷོ་ངོས་གྲིབ་ཅེས་པའི་ཡུལ་དུ། རི་ལོགས་བཀྲ་ཤིས་རྟགས་བརྒྱད་ལས་བུམ་པ་རིའི་འདབས་ཀྱི་རྫོང་རིའི་ཐོག་ཏུ་རྫོང་བཙན་སྐུ་མཁར་ཞིག་ཡོད་པ་དེར་གྲིབ་རྫོང་བཙན་ཆོས་སྐྱོང་བཞུགས་སུ་གསོལ་ཡོད། དེ་ཡང་གྲིབ་ཅེས་པ་ནི། སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་བཀྲོངས་རྗེས་རྟ་དཀར་པོར་སོལ་བ་བྱུག་པ་དང༌། གོས་ཀྱི་ཕྱི་ནག་པོར་ནང་དཀར་པོ་ཡིན་པ་གྱོན་ཏེ་སྐྱིད་ཆུའི་རབ་ལས་ཐོན། རྟ་ལ་སོལ་བ་བྱུག་པ་ཆུས་དག་ནས་དཀར་པོར་གྱུར། གོས་ནག་པོ་ཕྱི་ནང་སློག་སྟེ་གྱོན་ནས་ཤར་གྱི་ཕྱོགས་སུ་བསྐྱོད། དེ་མར་རྗེས་འདེད་པ་རྣམས་དེར་འབྱོར་ཏེ་འདི་ནས་རྟ་ནག་མི་ནག་ཅིག་སོང་ངམ་ཞེས་དྲིས་པར། དེར་ཡོད་ཡུལ་མི་ཚོས་རྟ་ནག་མི་ནག་མ་མཐོང་རྟ་དཀར་མི་དཀར་ཞིག་རིབ་ཙམ་མཐོང་བྱུང་ཞེས་བཤད་པས། དུས་དེ་ནས་བཟུང་ཡུལ་དེར་རིབ་ཅེས་མིང་ཐོགས་པ་རིམ་བཞིན་གྲིབ་ཅེས་པར་སྒྲ་འགྱུར་བ་ཡིན་ཞེས་བརྗོད་སྲོལ་ཡོད།

གྲིབ་རྫོང་བཙན་ནི་མཐུ་ནུས་ཆེ་བའི་བསྟན་སྲུང་ཞིག་ཡིན། རྒྱ་རྗེའི་ཡུལ་ནས་འོན་ཤིང་ཀོང་ཇོ་ཡི། །རྗེས་འབྲངས་བོད་ཡུལ་སྲུང་མ་མཐུ་རྩལ་ཅན། །སྤྱན་སྔར་ཁས་བླངས་ཀླུ་བཙན་ཐུ་བོ་ཆེ། །དྲེགས་པའི་དེད་དཔོན་རྫོང་བཙན་ཆེན་པོར་བསྟོད། །ཆེས་ཤོད་སྲོལ་ཡོད། དེ་ཡང་སྔོན་གྱི་དུས་སུ་ཤར་ཕྱོགས་མཧཱ་ཙི་ནའི་ཡུལ་གྲུ་ཆེན་པོར་ཧན་གྱི་རྒྱལ་པོ་ཁྱ་ན་རྡི་ཞེས་བྱ་བ་ཞིག་གི་བློན་པོ་ཡུའུ་ཞེས་བྱ་བའི་རིགས་ཅན་དཔའ་མཛངས་རྟུལ་ཕོད་པ་ཞིག་བྱུང༌། མཐུ་སྟོབས་ཤིན་ཏུ་ཆེ་བའི་དམག་དཔོན་མཛད་དེ་ཡུལ་གྲུ་ཐ་དད་པའི་དགྲ་བོ་མ་རུང་བ་རྣམས་ཚར་བཅད་ནས་སྟེང་གི་རྒྱལ་པོ་དང༌། རྒྱལ་ཕྲན་གྲངས་ལས་འདས་པ་ཞིག་བཙན་ལྷ་གཉན་པོ་དང༌། ཡུམ་སྲོག་བདག་བཙན་མོའི་སྲས་སུ་འཁྲུངས་པར་བདུད་ནག་སྐྱེས་གཅིག་རལ་པ་ཅན་དུ་བཏགས། དེ་ནས་འཇང་གི་ཡུལ་དུ་བྱོན་པས་ལྷ་བཙན་མདུང་དམར་ཅན་དུ་གྲགས། འཇང་རྒྱལ་པོའི་སྲོག་ལྷ་མཛད། དེ་ནས་བོད་དུ་བྱོན། ཇོ་བོ་བྲག་བཙན་དམར་པོའི་མཚན་གསོལ། རྗེའི་མགུར་ལྷ་དང༌། འབངས་ཀྱི་སྲོག་ལྷ་མཛད་པ་ཡིན། ཡོངས་འཛིན་བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་སྐུལ་མ་མཛད་པ་བཞིན་པཎ་ཆེན་བསྟན་པའི་ཉི་མས་རྫོང་བཙན་གྱི་གསོལ་མཆོད་ཀྱང་བརྩམས་ཡོད་པ་སྟེ། རྒྱ་རྗེའི་ཡུལ་ནས་འོངས་བཞིན་ཀོང་ཇོ་ཡི། །རྗེས་འབྲངས་བོད་ཡུལ་སྲུང་མར་སྲོང་བཙན་གྱི། །སྤྱན་སྔར་ཁས་བླངས་ཀླུ་བཙན་མཐུ་བོ་ཆེ། །བྲག་རི་བརྩེགས་པའི་གནས་ནས་གཤེགས་སུ་གསོལ། །ཁྲོས་པའི་སྤྱན་མིག་ཉི་ཟླའི་གཟི་འོད་ཅན། །དམར་པོར་འཁོར་བས་དགྲ་བོའི་སྙིང་འབྱིན་ཅིང༌། །ཤངས་ནས་དུས་མཐའི་རླུང་ཆེན་ཤུགས་སྒྲ་ལྡང༌། །བདུད་འདུལ་དམག་དཔོན་ཆེན་པོ་ཁྱེད་ལ་བསྟོད། །ཅེས་གསུངས་སོ།།

 

 

ཁ༽ གུང་ཐང་མེ་ཏོག་མཆོད་པ།

གུང་ཐང་མེ་ཏོག་མཆོད་པ་ནི་ལྷ་སའི་བཅོ་ལྔ་མཆོད་པ་དང༌། རྭ་སྒྲེང་ཁུ་བྱུག་མཆོད་པ། ལོ་གནམ་གང་མཆོད་པ་བཅས་དབུས་ཀྱི་མཆོད་པ་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ལ། གུང་ཐང་མེ་ཏོག་མཆོད་པ་ནི་ལོ་ལྟར་བོད་ཟླ་ ༤ ཚེས་ ༡༥ ཉིན་གྲིབ་རྫོང་བཙན་དང་གུང་ཐང་ལྷ་མོ་གཉིས་ལྷན་འཛོམས་ཀྱི་དུས་དྲན་ཞིག་སྲུང་རྩི་གནང་སྲོལ་ཡོད། དེ་ཡང་དམངས་ཁྲོད་དུ་གཏམ་རྒྱུད་འདི་འདྲ་ཞིག་ཤོད་སྲོལ་ཡོད། རྫོང་བཙན་ཆོས་སྐྱོང་ཐོག་མ་ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་ཀྱི་ཡོད་ཅིང༌། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་སྲུང་བ་ཡིན། དུས་ནམ་ཞིག་དགོན་པའི་འཚོ་བར་ཡིད་སུན་སྣང་སྐྱེས་ནས་དཔལ་ལྡན་ལྷ་མོའི་བུ་མོ་སྦལ་གདོང་མར་སེམས་ཆགས། གནས་ཚུལ་དེ་བཀའ་དབང་བཙན་པའི་དཔལ་ལྡན་ལྷ་མོས་མཁྱེན་རྗེས་སྐུ་རླུང་ཆེན་པོ་བཞེངས་ཏེ༑ རང་གི་བུ་མོའི་བློ་འབྲིད་མཁན་ཆོས་སྐྱོང་དེ་ལྷ་ལྡན་གཙུག་ལག་ཁང་ནས་ཕྱིར་བསྐྲད་ནས། གཡུ་འབྲུག་སྔོན་མོ་འདྲ་བའི་ལྷ་སའི་སྐྱིད་ཆུའི་ཕ་རོལ་གྱི་གྲིབ་ཚེ་མཆོག་གླིང་གི་གྲོང་སྡེར་སྤྱུགས།

ཉིན་ཞིག་ྋརྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་ནས་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་ཡང་སྟེང་ནས་སྐྱིད་ཆུའི་ཕར་ངོགས་ཀྱི་གྲོང་སྡེའི་ནང་ཆར་རླུང་གི་སྡུག་བསྔལ་མྱོང་བཞིན་པའི་རྫོང་བཙན་ཆོས་སྐྱོང་གཟིགས་ཤིང༌། སྙིང་རྗེ་དྲག་པོ་འཁྲུངས་ཏེ་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་མཆོག་ལ་སྐྱིད་ཆུའི་ཕར་ངོགས་སུ་ཚེ་མཆོག་བསམ་གཏན་གླིང་དགོན་པ་ཕྱག་འདེབས་སུ་བཅུག་པ་དང༌། རྫོང་བཙན་ཚེ་མཆོག་གླིང་གྲོང་སྡེའི་གཞི་བདག་དང༌། ཚེ་མཆོག་གླིང་དགོན་པའི་ཆོས་སྐྱོང་དུ་བསྐོས་ཤིང༌། ལྷ་སའི་ཡུལ་གྱི་ཆར་ཆུ་ལོ་ལེགས་འབྱུང་མིན་སོགས་རྫོང་བཙན་ལ་བདག་སྐྱོང་བྱེད་དུ་བཅུག

ཡིན་ཡང་རྫོང་བཙན་སྐྱིད་ཆུའི་ལྷོ་ངོགས་སུ་དུས་ཡུན་གང་ཙམ་བཞུགས་རྗེས། གྲིབ་ནས་སྤྱི་ལེ་ལྔ་ཙམ་གྱི་ཤར་ཕྱོགས་སུ་ཡོད་པའི་གུང་ཐང་གྲོང་སྡེའི་གུང་ཐང་དགོན་གྱི་ལྷ་མོར་སེམས་ཆགས་པས་ཚེ་མཆོག་གླིང་གི་གྲོང་མི་རྣམས་ཀྱིས་ཆར་ཆུ་དུས་འབབ་ཆེད་རྫོང་བཙན་གྱི་བློ་ཁ་དང་བསྟུན་ཏེ༑ ལོ་རེའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གུང་ཐང་མེ་ཏོག་མཆོད་པའི་སྐབས་སུ། བྱེད་སྒོ་གཟབ་རྒྱས་སྤེལ་ནས་གྲིབ་རྫོང་བཙན་གྱི་སྐུ་དེ་གྲོང་ཚོ་ཚང་མས་དུང་རྒྱ་སོགས་ཀྱི་སྤྱན་རྒྱའི་ཁྲོད་གུང་ཐང་དགོན་དུ་གདན་ཞུས་ཀྱིས་གུང་ཐང་ལྷ་མོ་དང་ལྷན་དུ་ཞག་གཅིག་བཞག་སྲོལ་ཡོད།

དེ་མཚུངས་གུང་ཐང་གི་གྲོང་མི་རྣམས་ནས་ཀྱང་གུང་ཐང་གཙུག་ལག་ཁང་ནས་གུང་ཐང་ལྷ་མོ་གདན་ཞུས་ཀྱིས་རྫོང་བཙན་ལ་ཕེབས་བསུའི་གྲ་སྒྲིག་ཞུ་ལམ་ཡོད། ཉིན་དགུང་ཙམ་ལ་གུང་ཐང་གྲོང་ཚོའི་མདུན་དུ་ཡུལ་མི་རྣམས་ཀྱི་དགའ་འབོད་ཀྱི་སྐད་སྒྲའི་ཁྲོད་གུང་ཐང་ལྷ་མོ་དང་གྲིབ་རྫོང་བཙན་རྣམ་གཉིས་ཞལ་འཛོམས་ཀྱི་ཡོད།

ཉིན་གཉིས་པར་སྲོལ་རྒྱུན་གྱི་གུང་ཐང་མེ་ཏོག་མཆོད་པའི་མཛད་སྒོ་འཚོགས་ཏེ་འཆམ་སྣ་མི་འདྲ་བ་བཅུ་གཅིག་ཙམ་འཁྲབ་སྟོན་གནང་གྲུབ་རྗེས་སྐབས་དེར་ཚལ་གུང་ཐང་དང༌། གྲིབ་པ། དཔལ་ལྡིང༌། གླིང་ཁ་བ། སྤྲི་ཞལ་སོགས་ཀྱི་གྲོང་མི་ཚོས་དགའ་བའི་གླུ་ལེན་ཞིང༌། སྐྱིད་པའི་ཞབས་བྲོ་བརྒྱབ་པ། གླུ་བཤགས་དང༌། འདོད་གཞས་སོགས་འགྲན་བསྡུར་གྱིས་ནས་ཟླ་བཀྲག་འོག་ནམ་ཕྱེད་ཕར་ལ་སྐྱེལ་ཞིང་ཐོ་རེངས་ཚུར་ལ་བསུས་གུང་ཐང་ལྷ་མོ་དང༌། གྲིབ་རྫོང་བཙན་ཞལ་འཛོམས་པའི་བཀྲ་ཤིས་བདེ་ལེགས་ཞུ་ལམ་ཡོད་པ་མ་ཟད། སྐབས་དེའི་གཞས་ཚིག་ལའང༌།

ཆུ་མོ་ལྷ་གདོང་ཤན་ཁ། །གྲུ་ཤན་སྔ་གྲུ་ཐོངས་དང༌། །

གུང་ཐང་མེ་ཏོག་མཆོད་པའི། །སྔ་མཇལ་རགས་ས་མ་རེད། །

 

དུང་དང་རྒྱ་གླིང་གོ་དུས། །དབེན་པའི་རི་ཁྲོད་དྲན་བྱུང༌། །

ལྗང་པསཤུགས་གླུ་ལེན་དུས། །མེ་ཏོག་མཆོད་པ་དྲན་བྱུང༌། །

 

སྐལ་ལྡན་ལས་འཕྲོ་ཅན་པ། །ཟམ་པའི་སྒང་ནས་མཇལ་ཆོག །

ཅེས་སོགས་གླུ་གར་གྱི་དགའ་སྐྱིད་དཔལ་ལ་རང་འདོད་ཅི་དགར་རོལ་ནས་དུས་བཟང་འདིར་བཀྲ་ཤིས་བདེ་ལེགས་ཀྱི་དགའ་སྐྱེལ་གནང་སྲོལ་དང༌། ལོ་རྗེས་མར་ཡང་བསྐྱར་མཇལ་བའི་རེ་སྨོན་དང་བཅས་ཕན་ཚུན་འབྲལ་དཀའི་ངང་ནས་སོ་སོར་གྱེས་ཀྱི་ཡོད། མི་ཡུལ་དུ་ཕན་ཚུན་ཞེན་ཅིང་ཆགས་པའི་ཆགས་ལྡན་ཕོ་མོ་ཡོད་པ་སུས་ཀྱང་རྟོགས་མོད་ཀྱང༌། མི་རྣམས་ཀྱིས་མཆོད་མཇལ་བྱ་ཡུལ་དུ་གྱུར་པའི་ལྷ་དང་ལྷ་མོ་ལ་ཡང་དེ་ལྟ་བུའི་འཆར་ཡན་གྱིས་ཕྱུག་ཅིང་མི་ཕྱེད་མཛའ་བས་བཅིངས་པའི་བརྩེ་ཞེན་ཡོད་པ་སུ་ཞིག་གིས་རྟོགས་ཐུབ། འདི་ནི་གྲིབ་ཏུ་བྱུང་བའི་སྙན་ལ་འཇེབས་པའི་ངག་རྒྱུན་ཞིག་གོ།    །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།