ལྕགས་པོ་རི་དང༌། དེའི་ཉེ་ཁུལ་གྱི་གནའ་ཤུལ་ཁག་གི་ལོ་རྒྱུས་ངོ་སྤྲོད།

ལེའུ་བདུན་པ། ལྕགས་པོ་རི་དང༌། དེའི་ཉེ་ཁུལ་གྱི་གནའ་ཤུལ་ཁག་གི་ལོ་རྒྱུས་ངོ་སྤྲོད།

ང་བརྒྱད། ལྕགས་པོ་རིའི་གནའ་ཤུལ་ཁག

ཀ༽ ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང༌།

ལྷ་ལྡན་ལྕགས་པོ་རི། མཚན་རྒྱས་པར་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་ངམ། ལྕགས་པོ་རི་བཻཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་སྟེ། ལྟ་ན་སྡུག་པའི་སྨན་བླའི་ཞིང་ཁམས་གཉིས་པ་ཞེས་ཞུ་ཞིང༌། དེ་ནི་ཕོ་བྲང་པོ་ཏཱ་ལ་ནས་སྤྱི་ཁྲེ་ ༢༠༠ ཙམ་གྱི་ལྷོ་ནུབ་ངོས་ལྕགས་པོ་རི་སེངྒེ་གནམ་དུ་མཆོངས་པ་ལྟ་བུའི་སྟེང་དུ་ཆགས་ཡོད། ལྕགས་པོ་རི་ནི་རིགས་གསུམ་མགོན་པོའི་བླ་རི་དམར་ལྕགས་བོང་གསུམ་དུ་གྲགས་པའི་ཡ་གྱལ་དཔལ་ཕྱག་ན་རྡོ་རྗེའི་བླ་རི་ཡིན། འདི་སེངྒེ་གནམ་དུ་མཆོངས་པ་ལྟ་བུའི་དབྱིབས་སུ་སྣང་བ་སོགས་བཀོད་པ་ངོ་མཚར་ཞིང༌། རི་འདིར་ལྕགས་དང་གསེར་ལ་སོགས་པའི་གཏེར་ཡང་ཡོད་པར་གྲགས། ལྕགས་པོ་རི་ཞེས་པ་ནི། བལ་བཟའ་ཁྲི་བཙུན་གྱིས་ཕོ་བྲང་གི་ལྕགས་རི་དེར་གཏུགས་པས་ལྕགས་པོ་རི་དང༌། ཡང་ཕོ་བྲང་པོ་ཏཱ་ལའི་ལྕགས་རིའི་ཚུལ་ལྟར་གྱི་རི་སྟེ་ལྕགས་པོ་རི་ཞེས་གསུངས་སྲོལ་མི་འདྲ་བ་ཡོད་ཅིང༌། དེ་ནི་སྐྱེས་ཆེན་དུ་མས་མཆོད་པའི་གནས་སུ་མཛད་ཅིང༌། གཞན་ཡང་ལྷ་ས་ལྕགས་པོ་རི། རྩེད་ཐང་མགོན་པོ་རི། ལྕགས་ཟམ་ཆུ་བོ་རི། བསམ་ཡས་ཧས་པོ་རི་བཅས་བོད་ཀྱི་རི་ཆེན་བཞི་ཡི་ཡ་གྱལ་ཞིག་ཀྱང་ཡིན།

ཐོག་མར་གནས་དེར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུར་ཕེབས་སྐབས་སྤྱི་ལོ་ ༡༤༣༠ ལོར་སྒྲུབ་གནས་ལྟ་ན་སྡུག་པ་འདི་ཉིད་དུ་མཆོད་ཁང་དང་བཅས་པ་ཕྱག་བཏབ་ནས་དེར་ཡུན་རིང་བཞུགས་ཏེ་རི་དེའི་སྟེང་རང་དུ་ཁུ་ནག་གཉན་ཆེན་དམ་ལ་བཏགས་པ་དང༌། ཐོག་མར་གནས་དེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྒྲུབ་ཕུག་གམ། བཞུགས་གནས་ཤིག་ཡོད་པ་ལ། དེ་རྗེས་སྨན་རྒྱལ་མི་ཡི་ཟློས་གར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དཔལ་གྱིས་ཞབས་བཅགས་ཏེ་སྨན་གྱི་རི་བོའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་བར་བརྟེན་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མཇུག་སྟེ་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པ་གསར་དུ་བསྐྲུན་གནང་མཛད། དེའང་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་ཞབས་སྐོར་དུ་ཕེབས་སྐབས་ལྕགས་པོ་རི་དེ་སྨན་བླའི་དཀྱིལ་འཁོར་དུ་གཟིགས་ཤིང༌། བསྟན་མ་ཞལ་གཟིགས་པའི་རང་བྱོན་ཡང་ལྷོ་ངོས་དམག་ཟོར་རྡོ་ཕུང་ལ་ཞལ་གཏད་ནས་ཡོད། གྲྭ་ཚང་དེར་འདུ་ཁང་ཀ་རིང་བཞི་དང༌། ཀ་ཐུང་བཅོ་བརྒྱད་ཡོད་པའི་རྟེན་གཙོར་དུང་གི་སྤྱན་རས་གཟིགས་དང༌། གཡུ་ཡི་སྒྲོལ་མ་དང༌། བྱུ་རུའི་ཚེ་དཔག་མེད། པུ་ཤེལ་གྱི་རིན་ཆེན་མཁའ་འགྲོ་སོགས་སྐུ་གསུང་ཐུགས་རྟེན་རིན་བྲལ་མང་དུ་བཞུགས། སྔོན་དགེ་འདུན་ཞལ་གྲངས་ ༦༤ ནས་འཕར་ཆག་མི་ཆོག་ཅིང༌། དེ་དག་སྨན་དཔྱད་སོགས་ལ་སྦྱང་པ་མཐར་ཕྱིན་པ་མཛད་དེ་ཨེམ་རྗེའི་མཚན་གནས་གནང་གི་ཡོད། ལྕགས་པོ་རི་དགོན་དེ་ཕྱི་ལོ་ ༡༩༥༩ ལོ་དང་རིག་གསར་སྐབས་རྩ་གཏོར་སོང་སྟེ་ད་ལྟ་ལྕགས་པོ་རི་དགོན་ཤུལ་དུ་བརྙན་འཕྲིན་གནམ་སྐུད་བཙུགས་སྟབས་ཉམས་གསོ་བསྐྱར་བཞེངས་ཐུབ་ཐབས་མེད་པའི་གནས་སུ་གྱུར་ཡོད།

 

ཁ༽ ལྕགས་པོ་རི་སྨན་རྩིས་ཁང༌།

ལྷ་ས་ལྕགས་པོ་སྨན་རྩིས་ཁང་ནི། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྤྱི་ལོ་ ༡༩༡༦ ལོའི་ཟླ་ ༩ པར་གསར་དུ་བཙུགས་ཤིང༌། ཁང་པ་དབུས་མ་གཉིས་ཐོག་དང༌། ཤག་ཁོར་ཐོག་གཅིག་མ། མདུན་ངོས་སུ་སྔོ་སྨན་འདེབས་འཛུགས་བྱེད་སའི་ལྡུམ་རྭ་སོགས་ཡོད། དེ་གར་བོད་སྨན་དང༌། སྐར་རྩིས། སྙན་སུམ། སྒྲ་རིག་པ་སོགས་སློབ་གཉེར་གཙོ་བོར་གནང་ས་ཡིན་པ་དང༌། ཐོག་མར་འཛུགས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་སྤྱི་ཁྱབ་དང༌། མཁས་དབང་མཁྱེན་རབ་ནོར་བུས་དོ་དམ་པའི་ཐུགས་འགན་བཞེས་ཤིང༌། ལོ་འཁོར་གཏོང་གྲོན་དངུལ་འབབ་རྩེ་རྣམ་གན་དངུལ་བསྐྱེད་དོ་དམ་ནས་ཞུ་དགོས་པ་དང༌། དབུས་གཙང༌། ལྷོ་ཁ། དྭགས་ཀོང་བཅས་ཀྱི་གཞིས་དགོན་ཁག་ནས་སྨན་རྩིས་སློབ་གསར་ཤེས་རིག་ལྡན་པའི་གྲྭ་གཞོན་སྐོང་བསྡུ་བྱས་ཆོག་པའི་འགན་དབང་ཡོད་པ་དང༌། སློབ་མ་རྣམས་སྨན་རྩིས་དང་སྒྲ་རིག་སོགས་ལ་སློབ་གཉེར་མཐར་ཕྱིན་བྱུང་རྗེས་སློབ་ཐོན་ལག་ཁྱེར་བླངས་ཏེ་རང་གནས་སུ་ལོག་སྲོལ་ཡོད། སྨན་རྩིས་ཁང་དུ་སྨན་དང༌། རྩིས། སྒྲ་རིག་པ་སོགས་ཀྱི་དཔེ་ཆའི་པར་ཤིང་དང༌། སྨན་ཐང་སོགས་རིག་གནས་ཀྱི་སློབ་སྦྱོང་ལ་མཁོ་བའི་དཔེ་རིས་མང་པོ་ཡོད། རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་བོད་ལྗོངས་སྨན་རྩིས་ཁང་ནི་གཙུག་ལག་གི་མདུན་ངོས་སུ་ཆགས་ཡོད་པ་བཅས་སོ།།

 

ག༽ ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན།

བྲག་ལྷ་ཀླུ་སྒུག་དགོན་ནི་ལྕགས་པོ་རིའི་ཤར་ངོས་རི་འདབས་སུ་གནས་ཤིང༌། སྔར་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བཙུན་མོར་བླངས་རྗེས་ཁྲི་བཙུན་གྱི་བཞུགས་གནས་སུ་བཞེངས་པའི་ཕོ་བྲང་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་ཡོད་ས་དེར་བྲག་ལྡེབས་བྲག་ཕུག་ནང་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེ་རྡོ་བརྐོས་རང་བྱོན་ཞལ་ཤར་གཟིགས་མ་དེའི་མཐའ་སྐོར་དུ་སྐོར་ལམ་དང༌། བྲག་གི་ངོས་སུ་རྡོ་བརྐོས་སྐུ་བརྙན་རང་བྱོན་མང་པོ་དང༌། བྲག་ཕུག་དེའི་ལྷོ་ངོས་རི་ལྡེབས་སུ་རྟ་མགྲིན་སྒྲུབ་ཕུག་ཅེས་བྲག་ཕུག་ཆུང་བ་དེའི་ནང་རྟ་མགྲིན་རང་བྱོན་ཡོད་པ་རིག་གསར་སྐབས་གཏོར་བཤིག་སོང་ཞིང༌། ལྕགས་པོ་རིའི་ཤར་ཕྱོགས་ཀྱི་རི་སྣར་བྲག་ལྷ་བཙན་གདོང་ཞེས་བྲག་ལ་ཁྲོ་བོ་རྟ་མགྲིན་དང༌། བདུད་རྩི་འཁྱིལ་བ་འབུར་དོད་དུ་བརྐོས་པ་སོགས་རྡོ་བརྐོས་ངོ་མཚར་ཅན་ཡང་ཡོད།

ཡང་བཤད་སྲོལ་གཞན་ཞིག་ལ་བྲག་ལྷ་ཀླུ་སྒུག་ནི་བཙན་པོ་སྲོང་བཙན་གྱི་བཙུན་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བཞེངས་ཚུལ་བཀའ་ཆེམས་སུ་གསལ་ཞིང༌། ངག་རྒྱུན་དུ་བྲག་ལྷ་སྒུག་ནི་སྲོང་བཙན་སྒམ་པོའི་བཙུན་མོ་སྟོད་ལུང་མོང་བཟའ་ཁྲི་ལྕམ་གྱིས་བཞེངས་ཚུལ་དང༌། ཆོས་རྒྱལ་སྲོང་བཙན་གྱི་སྲས་གུང་རི་གུང་བཙན་ཡང་གནས་འདིར་འཁྲུངས་པར་གྲགས།

 

ང༽ ལྕགས་པོ་རི་སངས་རྒྱས་སྟོང་སྐུ།

ལྕགས་པོ་རི་བཻཌུརྱ་རྡོ་བརྐོས་ཀྱི་སངས་རྒྱས་སྟོང་སྐུ་ནི། ལྕགས་པོ་རིའི་རི་གཤམ་གྱི་ནུབ་ངོས་བྲག་ལྡེབས་སུ་སངས་རྒྱས་མི་འཁྲུག་པའི་སྐུ་ཆེན་པོ་ཞིག་གིས་གཙོས་སྐུ་བརྙན་སྟོང་ཕྲག་མང་པོ་བྲག་ལ་བརྐོས་པ་དེ་དག་ནི་ཐོག་མ་དུས་རབས་བཅུ་བཞི་པའི་ནང་རྡོ་རིང་པཌཎི་ཏས་ཡོན་སྦྱར་ནས་བཞེངས་སྐད་དང༌། ལྷ་སའི་གྲོང་མི་འདས་གྲོངས་སུ་གྱུར་བའི་སྐྱེས་རྟགས་བཞེངས་མི་ཐུབ་མཁན་ཡིན་ན་དེ་གར་སྐུ་དཀར་སྒྲོན་ན་འཐུས་ཚུལ་གྱིས་དེ་སྔ་དེ་ལྟར་བྱེད་སྲོལ་ཡོད་པར་གྲགས་ཀྱང༌། ཕྱིས་རྡོ་བརྐོས་ཀྱི་སྐུ་དེ་དག་ལ་ཚོན་གཏོང་སྐབས་ཚོན་གསོས་བྱེད་ཀྱི་ཡོད། རྡོ་བརྐོས་སྐུ་བརྙན་གཙོ་བོ་དེའི་གཡས་སུ།

གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །

ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །

སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི། །

ྋཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

ཅེས་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་ཡོད་པ་དེའི་ཚིགས་རྐང་གསུམ་པར། སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི། །ཞེས་གསལ་བར་དཔྱད་ན་རྡོ་བརྐོས་དེ་ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་རྡོ་རིང་པཌཎི་ཏས་ཡོན་སྦྱར་ནས་བརྐོས་ཟེར་བ་དེ་བདེན་པར་སེམས་སོ།།

ལྕགས་པོ་རི་སངས་རྒྱས་སྟོང་སྐུའི་ཉེ་འདབས་སུ་སྐོར་མི་ཚོས་རྡོ་རིལ་གྱི་མཌཎལ་ཕུལ་བས་སྐལ་བཟང་རྡོ་ཕུང་དང༌། དམག་ཟོར་རྡོ་ཕུང་སོགས་རྡོ་ཕུང་འགའ་ཤས་ཡོད་ལ། དམག་ཟོར་རྡོ་ཕུང་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོ་བོད་མི་ཞིག་ཡིན་སྟབས། ལར་ཞེན་ལ་དགོངས་ནས་རེ་བཅོལ་གྱི་བཀའ་བསྡུར་གནང་བར་ཕེབས་ཀྱང༌། རྒྱལ་པོ་ལྷ་བཟང་གི་བཙུན་མོ་སྟོད་ལུང་བ་ཚེ་དབང་རྒྱལ་མོས་སྣེ་ཁྲིད་པའི་དམག་དཔུང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་མིག་གིས་མཐོང་མ་ཐག་དྲི་བ་དྲི་ལན་ཙམ་ཡང་མ་བྱས་པར་མགུལ་བྲེགས་ནས་བཀྲོངས། དེ་རྗེས་ལྷ་བཟང་གིས་སྡེ་སྲིད་ཀྱིས་སྲས་ངག་དབང་རིན་ཆེན་རྒྱ་ནག་ཏུ་ཕྱིར་འབུད་དང༌། སྲས་གཞོན་པ་དམག་ཟོར་ཚེ་རིང་པོ་ཏཱ་ལའི་མདུན་ཐད་གཙང་པོའི་འགྲམ་དུ་བཀྲོངས་པས། དེར་དེའི་དྲན་གསོ་ལྟ་བུར་དམག་ཟོར་རྡོ་ཕུང་ཞེས་པ་བཙུགས་པ་ཡིན་ལ། དམག་ཟོར་རྡོ་ཕུང་གི་འགྲམ་དུ་སྔར་ཤིང་རིགས་གསུམ་མགོན་པོ་ཞེས་རྒྱ་ལྕང་གི་སྡོང་པོ་ཆེན་པོ་ཞིག་ལ་ཡལ་ག་གཅིག་སེ་བའི་སྡོང་པོ་མེ་ཏོག་དང༌། འབྲས་བུ་དུས་སུ་སྨིན་པ། ཡལ་ག་གཅིག་གྲོ་བའི་སྡོང་པོ་བྱས་པ་ངོ་མཚར་ཅན་ཞིག་ཀྱང་ཡོད།

 

ཅ༽ ལྕགས་པོ་རིའི་བཀའ་འགྱུར་མཆོད་རྟེན།

ལྕགས་པོ་རིའི་སངས་རྒྱས་སྟོང་སྐུའི་ཉེ་འགྲམ་དུ་བསྐྲུན་པའི་རྡོ་བརྐོས་བཀའ་འགྱུར་མཆོད་རྟེན་ནི། མདོ་ཁམས་ཀྱི་བླ་མ་རྟོགས་ལྡན་ཟླ་བ་མཆོག་ནས་རྒྱུ་སྦྱར་ཇུས་འགོད་ཀྱིས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ཕྱི་ལོ་ ༡༩༩༥ ས་ག་ཟླ་བའི་ཚེས་ ༡༠ ཉིན་གསར་བཞེངས་ལས་འགོ་བཙུགས་ཤིང༌། དེ་ནི་འཛམ་གླིང་རིག་དངོས་བང་མཛོད་ནང་གཟི་བྱིན་རབ་ཏུ་འཕྲོ་ཞིང༌། རིན་ཐང་གཞལ་དུ་མེད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཞེས་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་གླེགས་བམ་བརྒྱ་དང་བརྒྱད་ཀྱི་ཆོས་ཀྱི་ཕུང་པོ་རྡོ་བརྐོས་ཀྱིས་དབྱིབས་ཟུར་བཞི་རྩ་བ་སྦོམ་ལ་རྩེ་མོ་ཕྲ་བའི་བཟོ་བཀོད་ཕུན་སུམ་ཚོགས་པའི་སངས་རྒྱས་སྟོང་སྐུ་དང༌། རྡོ་བརྐོས་བཀའ་འགྱུར་མཆོད་རྟེན་གྱི་རྩེ་མོར་གསེར་ཟངས་རྒྱ་ཕིབས་སོགས་ལེགས་གྲུབ་ཟིན་ལ་ཉེ་བ་ནི་རང་མི་རིགས་ཀྱི་རྩ་ཆེའི་རིག་དངོས་གསར་བསྐྲུན་མྱུར་སྐྱོབ་ཀྱི་སྟོང་ཆ་ཞིག་ཁ་སྐོང་བྱས་པའི་ལོ་རྒྱུས་ཀྱི་དྲན་གསོའི་རྡོ་རིང་ཞིག་དང༌། དེ་ནི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་དཀར་བའི་བཅོས་མིན་གྱི་སྲི་ཞུ་ཞིག ཡངས་པའི་རྒྱལ་ཁམས་བདེ་ཞིང་འགྲོ་བའི་ཚོགས་གཉིས་ཀྱི་ཞིང་ས་བླ་ན་མེད་པ་ཞིག་ཡིན།

རླབས་ཆེན་གྱི་ལས་གཞིའི་ཐད་ཁམས་ཀྱི་བླ་མ་རྟོགས་ལྡན་ཟླ་བ་མཆོག་ནས་དད་ལྡན་མང་ཚོགས་ལ་འགྲོ་གྲོན་ཞལ་འདེབས་འདུ་སློང་དང༌། ལྷག་པར་བོད་རང་སྐྱོང་ལྗོངས་སོགས་འབྲེལ་ཡོད་ལས་ཁུངས་ལ་ཐེངས་མང་ཆེད་བཅར་གྱིས་བཀའ་འཁྲོལ་ཞུ་སྩལ་སོགས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་གནང་འདུག་པ་མ་ཟད། ལྷག་པར་རྒྱ་ཕྱོགས་ནས་དོན་མེད་ནག་མེད་ཉེས་འགེལ་བྱས་ཏེ་ལས་གཞིར་བར་ཆད་ཐེངས་མང་བྱུང་བ་མ་ཟད། བླ་མ་དེ་ཉིད་ཀྱང་རྒྱ་ཕྱོགས་ནས་འཛིན་བཟུང་བཙོན་འཇུག་ཐེངས་གཉིས་གསུམ་བྱས་འདུག་པ་བཅས་སོ།།

 

ཆ༽ ལྕགས་པོ་རིའི་སྨན་ཆུ།

ལྕགས་པོ་རིའི་སྨན་ཆུ་ནི། ལྕགས་པོ་རིའི་རི་འདབས་ཀྱི་བྱང་ངོས་སུ་ཡོད་པའི་སྨན་ཆུ་ཞེས་ཆུ་མིག་རྡོ་རྩིག་གི་ལྕགས་རི་སེར་པོ་ཅན་ཞིག་ཡོད་པ་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསོལ་ཐབ་ཀྱི་ཆབ་བཞེས་ས་ཡིན། དེའི་ལྕགས་རིའི་རྒྱལ་སྒོར་སྒོ་ལྕགས་བརྒྱབ་པའི་ལྡེ་མིག་ནི་རྩེ་གསོལ་ཐབ་ཀྱི་ཆབ་བསུ་བས་བདག་ཉར་གནང་ལམ་ཡོད། ཆུ་མིག་དེའི་ཆུ་ལྕགས་རིའི་ནང་ནས་རྒྱ་རྡོའི་ཡུར་བུ་ཞིག་བརྒྱུད་ལྕགས་རིའི་བྱང་གི་འོག་ནས་ཕྱིར་དོན་འགྲོ་ས་དེར་ཆུ་ལེན་མཁན་དང་ཁྲུས་རྒྱག་མཁན་སོགས་ཡོད། སྨན་ཆུ་དེ་ནི་ཆིག་སྟོང་དགུ་བརྒྱ་དགུ་བཅུའི་ལོ་སྟོད་བར་ཆུ་མིག་དེ་ཉིད་སྔར་བཞིན་ཉམས་མེད་གནས་ཡོད་ཀྱང༌། དེ་རྗེས་རིང་མིན་དེའི་གཡས་གཡོན་དུ་འཛུགས་སྐྲུན་གྱི་ལས་གཞི་དང༌། གཙང་འཕྲོད་ཞན་པ་སོགས་ཀྱིས་སྐམ་ནས་ལོ་ངོ་བཅུ་ཙམ་སོང་ཟིན་འདུག

དེ་བཞིན་ལྕགས་པོ་རིའི་ཤར་ངོས་བྲག་ལྷ་ཀླུ་སྒུག་གི་འགྲོ་ལམ་གྱི་ཉེ་འགྲམ་དུ་སྨན་ཆུའི་ཆུ་མིག་ཞིག་ཡོད་པ་དེ་བྲག་ལྷ་ཀླུ་སྒུག་ཏུ་གནས་སྡོད་རྣམས་ཀྱི་ཆུ་ལེན་ས་ཡིན་པ་དེའི་ཤུལ་ད་ལྟའང་ཡོད་མོད། བོད་དུ་དུས་འགྱུར་བྱུང་སྐབས་ནས་སྐམ་སྟེ་དེང་སྐབས་ཆུ་རྩ་བ་ནས་མེད་ལ། ཆུ་མིག་གི་སྟེང་དུ་དེང་སྐབས་བསངས་བུམ་ཞིག་བརྒྱབ་ཡོད་པ་བཅས་སོ།།

 

ཇ༽ ལྕགས་པོ་རིའི་གོ་མཛོད་རྡོ་རྗེ་གླིང༌།

གོ་མཛོད་རྡོ་རྗེ་གླིང་ནི། ལྷ་ལྡན་ལྕགས་པོ་རིའི་རྒྱབ་ངོས་སུ་གནས་ཤིང༌། དེ་ནི་སྔར་བོད་གཞུང་དགའ་ལྡན་ཕོ་བྲང་པའི་དུས་སྐབས་སུ། གོ་མཚོན་འཇོག་ཡུལ་གྱི་མཛོད་ཁང་སྟེ། དེ་སྔོན་བོད་གཞུང་གི་དམག་མིའི་གོ་ཁྲབ་དང༌། མཚོན་ཆ། རྫས་མདེལ་སོགས་འཇོག་ཡུལ་གྱི་ཁང་པ་ཞིག་ཡིན་ལ། དེང་སྐབས་རྒྱ་ཕྱོགས་ནས་གཏོར་བཤིག་གིས་དེ་ཁུལ་དུ་ལས་ཁུངས་ཁག་མང་དང༌། རྒྱ་རིགས་སྡོད་གནས་ཀྱི་ཁང་ཁུངས་གསར་སྐྲུན་གྱིས་གོ་མཛོད་རྡོ་རྗེ་གླིང་ཞེས་པ་དེ་དེང་སྐབས་མིག་ལམ་དུ་མཐོང་རྒྱུ་མེད། དེ་དང་ཉེ་བའི་སར་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་རྡོ་རྗེ་ཕོ་བྲང་ཞེས་པ་ཞིག་ཡོད་ཅིང༌། དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ཕེབས་བཞུགས་གནང་མྱོང་ཡོད་པ་བཅས་སོ།།

ཉ༽ གྲགས་ཅན་གྱི་མཆོད་རྟེན་བྲག་སྒོ་ཀཀཎཎི།

 

བྲག་སྒོ་ཀཀཎིའི་མཆོད་རྟེན། དེ་ཡང་བྲག་སྒོ་ཞེས་པ་ཀུན་གྱིས་མཁྱེན་གསལ་ལྟར་བྲག་གི་སྒོ་དང༌། ཀཀཎི་ནི་ལེགས་སྦྱར་གྱི་སྐད་དེ་མཆོད་རྟེན་བང་རིམ་འོག་ནས་འགྲོ་ས་ཡོད་པའི་སྒོ་ཡི་དོན་ཡིན། བྲག་སྒོ་ཀཀཎིའི་མཆོད་རྟེན་ནི་ལྷ་སའི་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་བར་དུ་གནས་ཤིང༌། མཆོད་རྟེན་ཆེ་ཆུང་གསུམ་ཡོད་པ་ལས་མཆོད་རྟེན་ཆེ་བ་ཀཀཎི་ནི་ལམ་གྱི་དབུས་དང༌། གཞན་ཆུང་བ་གཉིས་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་རི་སྣ་སོ་སོར་གནས་ཡོད། བྲག་སྒོ་ཀཀཎི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ལྷ་སར་སྐད་གྲགས་ཆེ་ཙམ་ཡོད་པའི་མཆོད་རྟེན་ཞིག་ཡིན། གནས་དེར་མཆོད་རྟེན་འདི་འདྲ་ཞིག་བཞེངས་པའི་དགོས་པ་ནི་སྔ་དུས་ལྕགས་པོ་རི་དང་དམར་པོ་རི་གཉིས་མུ་འབྲེལ་ནས་གླང་པོ་ཆེ་དང་སེངྒེའི་མཇུག་མ་སྦྲེལ་བ་ལྟ་བུ་ཡོད་པ་ནི་ས་དཔྱད་ཀྱི་དབང་དུ་ཧ་ཅང་དགེ་མཚན་ལྡན་པ་ཞིག་ཡིན་པ་སྟེ། རྒྱ་བཟས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་དང༌། རྒྱ་གར་གྱི་པཌཎི་ཏ་དུ་ཧར་ནག་པོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་ནང༌། ཡུལ་གྲོང་དང་རྒྱལ་པོའི་ཕོ་བྲང་ཆགས་སའི་ཐང་དཀྱིལ་དུ་རི་ཆུང་གི་སྣེ་ཕན་ཚུན་སྦྲེལ་བ་ཡོད་ན་ཡུལ་སྡེ་དེའི་མི་བརྒྱུད་ནང་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ལྡན་པའི་བརྒྱུད་པ་བར་མཚམས་མ་ཆད་པ་ཡོང་བ་དང༌། རི་སྣ་ཕན་ཚུན་ཆད་ན་དེ་ལས་ལྡོག་པའི་དམག་དང་མུ་གེ་སོགས་ཀྱི་སྐྱོན་ཆ་འབྱུང་ཚུལ་བཤད་ཡོད།

བཤད་སྲོལ་ལ་རྒྱ་བཟའ་སྔ་ཕྱི་གཉིས་བྱུང་བ་ལས་རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་ལོ་ཤས་སོང་རྗེས་བཙུན་མོ་བགྲེས་པ་སྣ་ནམ་བཟའ་ལ་སྲས་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་སྐབས་དེར། རྒྱ་བཟའ་དང་སྣ་ནམ་བཟའ་གཉིས་ཀས་སྲས་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱི་སྲས་ཡིན་པའི་རྩོད་གླེང་དང་ཕྲོགས་རེས་བྱུང་ཞིང༌། མཐའ་མའི་མཇུག་བསྡོམས་ཐད་བོད་ཀྱི་ལོ་རྒྱུས་སྔ་ཤོས་སུ་གྲགས་པ་རྦ་བཞེད་དང༌། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་གཉིས་ནང་འཁོད་དོན་དུ། སྐབས་དེར་སྲས་ཁྲི་སྲོང་གི་ཡུམ་རྒྱ་བཟའ་དང༌། སྣ་ནམ་བཟའ་སུ་ཡིན་མིན་རྒྱལ་བློན་སུས་ཀྱང་ཐག་གཅོད་བྱ་ཐབས་མ་བྱུང་བར་སྣ་ནམ་བཟས་ཕྲོགས་པ་དང༌། དེ་ལ་བརྟེན་ནས་རྒྱ་བཟའ་ཧ་ཅང་འཁྲོས་ཏེ། སྟག་རི་དང་ ༼བར་མ་རི།༽ སེང་རི་ ༼ལྕགས་པོ་རི།༽ གཉིས་ཀྱི་མཇུག་མ་སྦྲེལ་བཅད་པ་དང༌། དེ་བཞིན་ལྷོ་ཁ་སོགས་ས་གནས་གཞན་ལ་ཡོད་པའི་རི་དཔྱད་བཟང་བ་ཚང་མ་རྒྱ་བཟས་མེད་པར་བཟོས་པ། སྲས་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ལྔ་ལས་ཕེབས་མེད་པ་དེས་རང་ཉིད་ཀྱི་ཡུམ་རྒྱ་བཟའ་ཡིན་པར་ངོས་འཛིན་གནང་བར་བརྟེན་རྒྱ་བཟའ་ཧ་ཅང་དགའ་ནས་རང་ཉིད་ཀྱིས་སྔར་མེད་པར་བཟོས་པའི་རི་དཔྱད་བཟང་པོ་དེ་དག་ཉམས་གསོ་བྱས་ཤིང༌། སྟག་རི་དང་སེང་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་བཅད་པ་དེ་འབྲེལ་མཐུད་ཡོང་ཆེད་རི་སྣ་གཉིས་ལ་མཆོད་རྟེན་རེ་དང༌། དཀྱིལ་དུ་ཀཀཎིའི་མཆོད་རྟེན་འོག་ཏུ་འགྲོ་ལམ་ཡོད་པ་བཟོས་པ་སོགས་ཀྱི་གཏམ་རྒྱུད་སྙན་ལ་བདེན་བདེན་འདྲ་ཞིང༌། ཞིབ་ཏུ་བརྟག་ན་གད་མོ་བྲོ་དགོས་པ་སྒྲོ་གཏགས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཡོངས་གྲགས་སུ་བཤད་སྲོལ་རྒྱུན་འབྱམས་དེ་འདྲ་བཀོད་ཡོད་པ་དེ་ནི་སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བྲིས་པ་ཞིག་ཡིན་པ་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཡིག་ཆ་ཕན་ཚུན་བལྟ་བསྡུར་ཐོག་ནས་དབྱེ་ཞིབ་བྱེད་སྐབས་གསལ་པོར་ཤེས་ཐུབ་པ་ཞིག་ཡོད།

དེ་ཡང་རྒྱལ་རབས་རྦ་བཞེད་སོགས་ཀྱི་ནང་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཐང་གོང་མ་རང་ཉིད་ཀྱི་སྲས་མོ་ཡིན་པ་དང༌། དེ་ལ་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས་པ། དེ་སྣ་ནམ་བཟས་ཕྲོགས་པ་བཅས་ལོ་རྒྱུས་དངོས་གནས་ཡིན་ཚེ། རྒྱ་ཡིག་གི་ལོ་རྒྱུས་ཐང་དེབ་གསར་རྙིང་སོགས་སུ་ངེས་པར་བཀོད་དགོས་ལ་བཀོད་ངེས་ཀྱི་བཀྲ་ཤིས་པའི་གཏམ་བཟང་ཆབ་སྲིད་ཐོག་གལ་ཆེའི་དོན་སྙིང་ལྡན་པའི་ནང་དོན་ཞིག་ཡིན་བཞིན་དུ་དེ་ལྟར་བཀོད་མེད་པ་ནི་ལོ་རྒྱུས་དངོས་ཡོད་མིན་པའི་དབང་གིས་རེད།

ཡོངས་གྲགས་ཀྱི་ལོ་རྒྱུས་མང་པོའི་ནང་བཤད་སྲོལ་དུ། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གོང་མའི་སྲས་མོ་ངོ་མ་ཡིན་པ་དང༌། ཐོག་མར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོར་བླངས་པ་ཡིན་ཀྱང་ཀོང་ཇོ་བོད་དུ་མ་འབྱོར་གོང་དུ་སྲས་འཇང་ཚ་ལྷ་དབོན་རྟས་གཡུགས་ནས་གྲོངས་པར་བརྟེན། ཡབ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་བཞེས་ཤིང༌། དེ་ལ་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས་པ་དེ་བཙུན་མོ་ཆེ་བ་སྣ་ནམ་བཟས་འཕྲོག་ཚུལ་འཁོད་ཡོད།

ལོ་རྒྱུས་ཀྱི་བདེན་དོན་དངོས་ནི། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དང༌། ཐང་དེབ་གསར་རྙིང་སོགས་ལོ་རྒྱུས་ཁུངས་ལྡན་རྣམས་སུ། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གོང་མ་ཐང་ཀྲུང་ཙུང་གི་ཡང་ཚ་ཡིན་པ་ལས་སྲས་མོ་ངོ་མ་མིན་པ་དང༌། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དགུང་ལོ་བདུན་ལས་མ་ལོན་པའི་རྒྱལ་སྲས་ཤིག་ཡིན་པ་དང༌། སྲས་འཇང་ཚ་ལྷ་དབོན་དང༌། གྱིམ་ཤིང་ཀོང་ཇོ་གཉིས་ཀ་ལོ་གཅིག་གི་ནང་སྔ་རྗེས་སུ་འདས་པར་ཏུན་ཧོང་ཡིག་རྙིང་ནང་གསལ་པོར་འཁོད་ཡོད་པས། གྱིམ་ཤིང་ཀོང་ཇོ་བཙུན་མོར་བཞེས་མཁན་གྱི་རྒྱལ་པོ་ནི་འདུས་སྲོང་མང་པོ་རྗེ་ཡིན་པ་ལས་འཇང་ཚ་ལྷ་དབོན་དང༌། ཁྲི་ལྡེ་གཙུག་བརྟན་གཉིས་ཀ་མིན་པ་དང༌། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མ་ཡུམ་ནི་སྣ་ནམ་བཟའ་ཡིན་པ་ལས་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་མིན་པ་ར་སྤྲོད་ཐུབ་པ་སོགས་ཀྱི་དངོས་ཡོད་ལོ་རྒྱུས་དེབ་ཐེར་མང་པོར་འཁོད་ཡོད།

ད་དུང་ཕྱོགས་གཞན་ཞིག་ནས་བོད་ཡིག་གི་ལོ་རྒྱུས་གོང་གསལ་དེར་སྟག་རི་དང༌། སེང་རིའི་མཇུག་མ་སྦྲེལ་བ་ཞེས་པའི་སྟག་རི་ནི་བར་མ་རི་སྟག་མོ་ཚང་དུ་འཛུལ་བ་ལྟ་བུར་ཡོད་པ་དེ་ཡིན་པ་དང༌། སེང་རི་ནི་ལྕགས་པོ་རི་སེང་གེ་གནམ་དུ་མཆོངས་པ་ལྟ་བུར་ཡོད་པ་དེ་ཡིན་པས། དེ་གཉིས་མཐུད་འབྲེལ་བྱ་དགོས་ན་བར་མ་རི་དང༌། ལྕགས་པོ་རིའི་རི་སྣེ་གཉིས་ལ་མཆོད་རྟེན་རེ་དང༌། དཀྱིལ་དུ་ཀཀཎིའི་མཆོད་རྟེན་བཅས་བཞེངས་དགོས་ཀྱང༌། རི་སྣ་གཉིས་བཅད་པ་ནི་སྟག་རི་དང་སེང་རི་ཡིན་པའི་ཐོག དེར་མཆོད་རྟེན་མ་བརྩིག་པར་སེང་རི་ལྕགས་པོ་རི་དང༌། གླང་པོ་ཆེ་འཕྲེད་ལ་ཉལ་བ་ལྟ་བུའི་དམར་པོ་རི་གཉིས་ཀྱི་རི་སྣ་དེར་ཀཀཎིའི་མཆོད་རྟེན་རྩིགས་ཡོད་པ་དེར་ཡང་ལོ་རྒྱུས་སྔ་ཕྱིའི་ཚིག་ལ་འགལ་བ་ལྟག་སྤྲོད་ཀྱི་སྐྱོན་ཆེན་པོ་ཡོད་ལ། ལོ་རྒྱུས་ཡིག་ཆ་ཁག་མང་པོའི་ནང༌། སྟག་རི་དང་སེང་རིའི་བར་ཀཀཎིས་སྦྲེལ་ཞེས་རི་སྣ་གཉིས་མཇུག་མ་སྦྲེལ་བ་བཅད་པའི་རི་ནི་སྟག་རི་སྟེ་ཡོངས་གྲགས་སུ་བར་མ་རིར་འབོད་པ་དེ་དང༌། སེང་རི་ནི་ལྕགས་པོ་རི་ཡིན་པར་གཅིག་མཐུན་བྱུང་བས་དཔྱད་གཞི་ཤིན་ཏུ་ཆེའོ།།

བྲག་སྒོ་ཀཀཎིའི་མཆོད་རྟེན་གྱི་བྱུང་ཚུལ་དངོས་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ཆོས་འཁོར་རྣམ་གསུམ་སྟེ། ཁྲ་འབྲུག་དང༌། བསམ་ཡས། ལྷ་ལྡན་གཙུག་ལག་ཁང་བཅས་ཕན་ཚུན་བར་རྒྱུན་ལྡན་རྒྱལ་བློན་དང༌། མང་ཚོགས་སོགས་ཀྱི་འགྲིམ་འགྲུལ་བར་མ་ཆད་པར་ཡོད་པ་དང༌། ལྷོ་ཁ་ནས་ལྷ་ལྡན་བར་གྱི་འགྲིམ་འགྲུལ་ལྟེ་བའི་གཞུང་ལམ་ཆུ་ཤུར་ནས་གསང་ཕུ་མདའ་སྙེ་ཐང་དང༌། རྐྱང་ཐང་སྒང་བརྒྱུད་དུ་འཁེལ་བས། བར་མ་རི་དང༌། ལྕགས་པོ་རི། དམར་པོ་རི་བཅས་རི་སྣ་ཕན་ཚུན་སྦྲེལ་ནས་ཡོད་པ་དེས་ཤིང་རྟ་འཁོར་ལོའི་འགྲོ་ལམ་ལ་དཀའ་ངལ་ཤིན་ཏུ་ཆེ་བར་བརྟེན་རྒྱ་བཟའ་གྱིམ་ཤིང་ཀོང་ཇོས་རི་སྣ་ཁག་གཉིས་ཀྱི་སྦྲེལ་ལམ་བཅད་ནས་ཤིང་རྟ་འཁོར་ལོ་ཐད་ཀར་འགྲོ་བདེ་ཡོང་བ་བཟོས་པའི་ཐོག རི་སྣ་གཉིས་འབྲེལ་མཐུད་བྱས་ཏེ་ས་དཔྱད་མི་ཉམས་པ་གཉིས་ཀ་གོ་གཅིག་ཆོད་ཀྱིས་རི་སྣ་ཕན་ཚུན་གྱི་སྣེ་མོར་མཆོད་རྟེན་རེ་དང༌། དཀྱིལ་དུ་མཆོད་རྟེན་འོག་སྒོ་ཆེན་གཏོད་པའི་འགྲོ་ལམ་ཡོད་པ་བཟོས་པ་དེས། ལྷ་ས་གྲོང་ཁྱེར་གཞུང་སྒོ་ལྟ་བུར་མཛེས་ཤིང་བརྗིད་ཆགས་པ་ཞིག་ཏུ་གྱུར་བ་ཡིན།

དེ་ནས་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་བོད་ཁམས་ལ་མངའ་དབང་བསྒྱུར་བའི་སྐབས་སུ་པོ་ཏཱ་ལའི་འཕགས་པ་ལྷ་ཁང་གི་ཤར་ངོས་ནས་མཁར་རྫོང་གཞི་རྒྱ་ཆེ་ཙམ་ཞིག་རྒྱབ་ཚུལ་སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོའི་རྣམ་ཐར་ནང་གསལ་བ་མ་ཟད། ྋརྒྱལ་དབང་ལྔ་པ་ཆེན་པོ་རང་ཉིད་ཀྱི་མཛད་པའི་རང་རྣམ་ལས། དམར་ལྕགས་གཉིས་ཀྱི་བར་རྒྱ་མོ་བཟའ་ཕྱི་མས་བཅད་པའི་ས་དགྲ་གསོ་བྱེད་མཆོད་རྟེན་དང་ཕན་ཚུན་དུ་ལྕགས་ཐག་རྔ་གདང་དྲིལ་བུས་སྦྲེལ་དགོས་པ་གཏེར་ལུང་མང་པོར་གསལ་བ་བརྟེན་གཙང་དུས་བཞེངས་པ། ཞེས་གསལ་བར་བརྟགས་ན། གཙང་པ་རྒྱལ་པོས་པོ་ཏཱ་ལར་མཁར་རྫོང་བཞེངས་པ་དང་ཆབས་ཅིག་བྲག་སྒོ་ཀཀཎིའི་མཆོད་རྟེན་ལ་ཡང་ཉམས་གསོ་བྱས་པ་གསལ་པོར་ར་འཕྲོད་པ་ཡིན།

དེ་བཞིན་ཕྱི་ལོ་ ༡༦༣༧ ལོར་ཞིག་སྐྱོན་བྱུང་བར་བརྟེན་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་སྐབས་འཕྲལ་ཉམས་གསོ་གནང་ཡང་འགྱེལ་ཞིག་འགྲོ་ལ་ཉེ་བར། སླར་ཡང་ཕྱི་ལོ་ ༡༦༦༦ ལོར་སྡེ་སྲིད་འཕྲིན་ལས་རྒྱ་མཚོས་ཉམས་གསོ་རྒྱས་པར་མཛད་རྩིས་ཀྱིས་གསར་དུ་བཞེངས་ཀྱང༌། ཤིང་བཟོ་བ་གཙང་དུ་ལོག་རྒྱུར་བྲེལ་བ་བྱས་པའི་རྩིག་རྨང་བརྟན་པོ་མ་བྱུང་བར་བརྟེན་གས་སྐྱོན་ཆེན་པོ་ཐེབས་ནས་ཡང་བསྐྱར་རྗེས་ལོ་ཕྱི་ལོ་ ༡༦༦༧ ལོར་ཉམས་གསོ་མཛད་པ་དང༌། ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་རང་ཉིད་ཀྱིས་བཀོད་སྒྲིག་དང་རབ་གནས་ཀྱང་གནང་ཡོད་ལ། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་དང༌། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྣམ་གཉིས་ཀྱི་སྐུ་དུས་སུའང་རྒྱ་ཆེ་བའི་ཉམས་གསོ་གནང་ཡོད།

སྔར་གྱི་ལོ་རྒྱུས་ཅན་གྱི་མཆོད་རྟེན་རྣམ་གསུམ་རིག་གསར་སྐབས་རྩ་གཏོར་སོང་ཡང༌། དེང་སྐབས་ས་ཞིང་བརྟན་ལ་བཟོ་བཀོད་བརྗིད་ཆགས་ཤིང་རྣམ་པར་བཀྲ་བའི་མཆོད་རྟེན་དེ་དག་ཉམས་གསོ་གནང་སྟེ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཁྲ་ལྷམ་མེར་མཐོང་རྒྱུ་ཡོད་ལ། ལྷ་སའི་ནུབ་ཕྱོགས་ནས་ཡོང་མཁན་རྣམས་བྲག་སྒོ་ཀཀཎི་བརྒྱུད་ནས་ཡོང་གི་ཡོད་པས་དེ་ནི་ལྷ་སའི་ནུབ་ངོས་ཀྱི་གཞུང་སྒོ་ལྟ་བུ་ཞིག་ཡིན།

སྤྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ཟིང་འཚུབ་སྐབས་མཆོད་རྟེན་གསུམ་ཀ་གཏོར་བརླག་བཏང་མཐར། ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་སྐབས་བྲག་ལྷ་ཀླུ་སྒུག་དགོན་ནས་བྲག་སྒོ་ཀཀཎིའི་མཆོད་རྟེན་གསར་བཞེངས་བྱ་རྒྱུའི་ཞལ་འདེབས་འདུ་སློང་བྱས་པར་དད་ལྡན་རྒྱ་ཆེའི་མང་ཚོགས་ནས་བྲག་སྒོ་ཀཀཎི་བསྐྱར་བཞེངས་ཉམས་གསོའི་ཞལ་འདེབས་སུ་དངུལ་འབོར་ཤུགས་ཆེ་ཕུལ་འབྱོར་བྱུང་བ་བཞིན་གོང་རིམ་ལ་ཉམས་གསོ་ཆོག་པའི་འགྲོ་ལུགས་ཀྱི་སྙན་ཞུ་རིམ་པར་ཕུལ་ཡང་དོན་མེད་བསྙད་འདོགས་སྣ་ཚོགས་ཀྱིས་ཆོག་མཆན་མ་ཐོབ་ཁར། མང་ཚོགས་ནས་དད་འབུལ་བྱུང་བའི་དངུལ་འབོར་ཡོངས་རྫོགས་གཞུང་བཞེས་བཏང་ཞིང༌། སྐབས་དེར་གཞས་མ་གྲགས་ཅན་ཟླ་སྒྲོན་ལགས་ནས།

པོ་ཏཱ་ལ་ནས་བལྟས་པས། །བྲག་སྒོ་ཀཀཎི་དྲན་བྱུང༌། །

ལུང་པར་རྒྱལ་སྒོ་མེད་དུས། །ང་རང་སེམས་པ་སྐྱོ་བྱུང༌། །

 

མཆོད་རྟེན་བྲག་སྒོ་ཀཀཎི། །ལྷ་ལྡན་མཛེས་པའི་རྒྱན་རེད། །

མཆོད་རྟེན་བཞེངས་རོགས་གནང་དང༌། །ཞལ་འདེབས་ང་རས་ཕུལ་ཆོག།

 

བར་མ་རི་ནས་བལྟས་པས། །བྲག་སྒོ་ཀཀཎི་དྲན་བྱུང༌། །

དྲོ་སྐྱིད་ཉི་མའི་འོད་ཟེར། །དམངས་ཀྱི་སེམས་པ་མཚོན་ཡོད། །

 

མཆོད་རྟེན་བྲག་སྒོ་ཀཀཎི། །ལྷ་ལྡན་མཛེས་པའི་རྒྱན་རེད། །

མཆོད་རྟེན་བཞེངས་རོགས་གནང་དང༌། །ཞལ་འདེབས་ང་རས་ཕུལ་ཆོག །

ཅེས་པའི་གླུ་གཞས་ཀྱང་བཏང་ཡོད་ལ། སྐབས་དེར་གླུ་གཞས་དེ་ཉིད་ཆབ་སྲིད་ཀྱི་ཐོག་ནས་གོ་རྒྱུ་ཆེན་པོ་ཡོད་པའི་གླུ་གཞས་གྲགས་ཅན་ཞིག་ཏུའང་གྱུར། མཐར་སྤྱི་ལོ་ ༡༩༩༥ ལོར་མཆོད་རྟེན་གསུམ་པོ་བསྐྱར་བཞེངས་ཀྱིས་གནའ་བོའི་བརྗིད་ཉམས་སླར་ཡང་མངོན་པར་བྱས་པ་ནི་དགའ་བསུ་བྱེད་འོས་པ་ཞིག་ཡིན། བྲག་སྒོ་ཀཀཎིའི་མཆོད་རྟེན་གསུམ་ལས་དབུས་ཀྱི་མཆོད་རྟེན་ནི་ཆོ་འཕྲུལ་མཆོད་རྟེན་གྱི་བཟོ་དབྱིབས་དང༌། ལྕགས་པོ་རིའི་སྣེར་བསྐྲུན་པའི་མཆོད་རྟེན་ནི་བྱང་ཆུབ་མཆོད་རྟེན་ཡིན། དམར་པོ་རིའི་རི་སྣར་བསྐྲུན་པའི་མཆོད་རྟེན་ནི་རྣམ་རྒྱལ་མཆོད་རྟེན་བཅས་ཡིན།

༩ བྲག་སྒོ་རབ་འབྱམས་པའི་སྒྲུབ་ཁང་ནི། དམར་པོ་རིའི་སྣེར་བསྐྲུན་པའི་རྣམ་རྒྱལ་མཆོད་རྟེན་དང་ཉེ་བར་སྔོན་དུས་བྲག་སྒོ་རབ་འབྱམས་པའི་བཞུགས་གནས་སུ་གྲགས་པའི་སྒྲུབ་ཁང་ཆུང་ཆུང་ཞིག་ཡོད། དེ་ནི་ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་རྒྱ་མཚོས་བྲག་སྒོ་རབ་འབྱམས་པ་སྐུ་གཤེགས་པའི་རྗེས་དྲན་དུ་རབ་འབྱམས་པ་བྱ་བྲལ་གྱི་བརྟུལ་ཞུགས་འཛིན་ཏེ་བསྙེན་སྒྲུབ་མཛད་པའི་གནས་དང༌། དགོངས་པ་མྱ་ངན་ལས་འདས་པའི་ཤུལ་རྡོ་སྐྱོར་བསྐོང་བའི་ས་དེ་རང་ལ་སྒྲུབ་ཁང་ཞིག་བཞེངས་ཐོག་དེར་བྲག་སྒོ་རབ་འབྱམས་པའི་དབུ་ཐོད་ནང་རྟེན་དུ་བཞུགས་སུ་གསོལ་ཞིང༌། ྋརྒྱལ་དབང་ལྔ་པ་ཆེན་པོ་སྐུ་དངོས་ཀྱིས་རབ་གནས་མཛད་ཡོད་པར་གྲགས། བྲག་སྒོ་རབ་འབྱམས་པའི་སྒྲུབ་ཁང་དེ་ཉིད་རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་སྐབས་ཉམས་གསོ་ཞུ་ཐུབ་མེད་ལ། སྒྲུབ་ཁང་གནས་ཡུལ་དུ་དེང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ཟོག་ཚོང་ཁང་གསར་འཛུགས་བྱས་ཡོད་པ་བཅས་སོ།།     །།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།