ལྷ་སའི་སྐྱིད་ཚལ་ཁག་གི་ལོ་རྒྱུས།

ལེའུ་དྲུག་པ། ལྷ་སའི་སྐྱིད་ཚལ་དང༌། སྤྲོད་སྐྱིད་གཏོང་ཡུལ་གླིང་ཁ། དུས་ཆེན་དང༌། རྒྱན་གོས་ངོ་སྤྲོད།

 

ང་བཞི། ལྷ་སའི་སྐྱིད་ཚལ་ཁག་གི་ལོ་རྒྱུས།

ཀ༽ ནོར་འཛིན་སྐྱིད་ཚལ་ནི། ལྷ་ས་གྲོང་ཁྱེར་གྱི་ཀླུ་སྦུག་ཏུ་ཡོད་པའི་ནོར་འཛིན་སྐྱིད་ཚལ་ཞེས་པའི་ཁང་པ་ནི། དུས་རབས་བཅུ་བདུན་པའི་ནང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན་པར་གྲགས་ཤིང༌། ཕྱི་ལོ་ ༢༠༠༣ ལོར་བོད་ཁང་ཐོག་བརྩེགས་བཞི་ཅན་གསར་རྒྱག་གིས་ཀླུ་སྦུག་གི་གྲོང་མི་གནས་སྡོད་བྱེད་མུས་ཀྱིས་སྔར་གྱི་གནའ་ཤུལ་ད་ལྟ་བསྡད་མེད་ལ། སྔར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཇུག་ཆོག་ཏུ་སྨོན་ལམ་གཏོར་རྒྱག་ཅེས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དང༌། དཔལ་ལྡན་འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ནས་ཧོར་ཟླ་དང་པོའི་ཚེས་ ༢༤ ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་སྒྲིལ་ཟིན་པའི་སྨོན་ལམ་གཏོར་རྒྱག་གི་བྱེད་སྒོ་གནང་ཡུལ་ཀླུ་སྒུག་སྡེར་ཐང་ཞེས་གཞི་རྒྱ་ཆེ་བའི་ཐང་སྡེར་དེ་ཡང་དེང་སྐབས་འཛུགས་སྐྲུན་གྱིས་མཐོང་ཡུལ་དུ་མ་མཆིས་སོ།།

ཁ༽ ཀླུ་ལྡིང་སྐྱིད་ཚལ་ལམ་སྐྱེད་ཚལ་ཀླུ་སྡིང་ཞེས་པ་ནི། སྔར་ལྷ་སའི་ནུབ་པ་རི་ཁུག་དོན་གཅོད་ཁང་ཁོངས་སུ་གཏོགས་ཤིང༌། ལྷ་ས་གྲོང་ཁྱེར་ནས་འབྲས་སྤུངས་སུ་འགྲོ་བའི་ལམ་རྒྱུད་དུ་གླིང་ཁ་ལྕགས་རི་དང་བཅས་པ་ཡོད། དེ་ནི་ཐོག་མ་ྋརྒྱལ་དབང་ལྔ་པ་ཆེན་པོའི་འཁྲུངས་ལྷ་གསོལ་ཡུལ་གྱི་ས་གནས་མཛད། དེ་རྗེས་ནུབ་ཕྱོགས་སུ་སྐུ་འཁྲུངས་པའི་ྋརྒྱལ་དབང་ན་རིམ་གྱི་འཁྲུངས་ལྷ་གསོལ་ཡུལ་ཡིན་ཞིང༌། ལྷ་ཁང་དུ་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་གཅིག་བཅའ་བཞུགས་མཛད་པ་དང༌། ལོ་ལྟར་འཁྲུངས་གསོལ་གནང་གི་ཡོད།

གཞན་ཡང་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཕེབས་སྐབས་གནས་འདིར་ཕེབས་བསུ་ཕེབས་སྐྱེལ་གྱི་གྲ་སྒྲིག་ཞུ་ཡུལ་ཡིན། དེར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ནས་སྐུ་ངལ་གསོ་ཡུལ་བཞུགས་ཁྲི་དང་ཆིབས་སྟེགས་བཅས་ཡོད་པ་བར་ལམ་ཉམས་ཉེས་ཀྱིས་དེང་འཛུགས་སྐྲུན་གྱིས་ས་ངོ་ཡང་མི་ཆོད་པའི་གནས་སུ་གྱར་ཡོད་ཀྱང༌། དེ་རྒྱུད་ཀྱི་གཞུང་ལམ་ལ་ཀླུ་ལྡིང་ལམ་ཞེས་ད་ལྟའང་འབོད་མུས་སུ་ཡོད།

གཞན་ཡང་ལྷ་སའི་རྔ་ཆེན་དོན་གཅོད་ཁང་ཁོངས་འཁྲུངས་ལྷ་ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དེ་ནི་ྋརྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་འཁྲུངས་ལྷ་རྨ་ཆེན་སྤོམ་རའི་གསོལ་ཡུལ་གྱི་ས་གནས་ཡིན་ལ། དེར་ལྷ་ཁང་ཡོད་པས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་ཞིག་བཅའ་བཞུགས་མཛད་ནས་ལོ་ལྟར་གཞུང་ཕྱོགས་ཀྱིས་ཤར་ཕྱོགས་སུ་སྐུ་འཁྲུངས་པའི་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་འཁྲུངས་ལྷ་གསོལ་ཡུལ་ཡིན་ཞིང༌། དེ་གར་མགོན་ཁང་དང༌། མཐའ་སྐོར་དུ་གླིང་ཁ་བཅས་ཡོད་པ་ལོ་ཤས་སྔོན་ནས་ཤུལ་མེད་དུ་བཏང་སྟེ་ས་གནས་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱར་ཡོད་པ་མ་ཟད། བར་ལམ་རྒྱ་ཆེའི་མང་ཚོགས་སྨོས་ཅི་དགོས། དེ་ཁུལ་འཁྲུངས་ལྷ་གྲོང་ཚོའི་མང་ཚོགས་རྣམས་ནས་ཀྱང་དེ་ཁུལ་དུ་བསངས་གསོལ་དར་འཛུགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། སྔར་དེ་ཁུལ་དུ་བསངས་གསོལ་ཞུ་ཡུལ་གྱི་བསང་བུམ་དག་ཀྱང་གཏོར་བཤིག་བྱས་ཡོད་པས་བོད་མི་རྣམས་ལ་ཆོས་བྱེད་ཀྱི་རང་དབང་ཇི་ཙམ་ཡོད་མེད་ཀྱི་དཔང་རྟགས་ཤིག་ཀྱང་ཡིན།

དེ་དང་ཕྱོགས་མཚུངས་འཁྲུངས་སྐར་ཉིན་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་ལ། ཚོགས་ཀྱང་འཚོགས་མི་ཆོག་ཅིང༌། ཐ་ན་དེ་ཉིན་གྲོང་ཆོག་ཏུ་འགྲོ་བསྐྱོད་མི་ཆོག་པ་དང་གཅིག རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་རང་ཉིད་གནས་ཡུལ་གྱི་ཨུ་ཡོན་ལྷན་ཁང་རིམ་པ་ནས་བཟུང་སྒོ་ར་རེ་རེ་བཞིན་དེ་ཉིན་བསངས་གསོལ་དར་འཛུགས་བྱེད་མི་ཆོག་པ་དང༌། ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་ནས་གུང་གསེང་ཀྱང་གཏོང་མི་ཆོག་པར་སྔར་རྒྱུན་ལྟར་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་གཉིས། ལས་ཁུངས་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་ཆོས་བྱེད་མི་ཆོག་ལ། ནང་དུ་མཆོད་གཤོམ་སྒྲིག་གཤོམ་དང༌། ཐ་ན་ཕ་མ་གྲོངས་སྐབས་སུའང་ནང་དུ་མཆོད་མེ་ཞིག་ཀྱང་འབུལ་མི་ཆོག་ལ། ལྷག་པར་འཁྲུངས་སྐར་དང་ས་ག་ཟླ་བ། དྲུག་པ་ཚེས་བཞི་སོགས་སུ་གླིང་སྐོར་དང༌། བར་སྐོར་ཞིག་ཀྱང་བརྒྱབ་མི་ཆོག་པར་དེ་ལྟར་བྱས་ཚེ་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཉེན་བརྡ་བཏང་བ་དང་གསུམ། ལས་འཁྱུར་རྒན་ཡོལ་རྣམས་ལ་དེ་མཚུངས་ཆོས་ཀྱི་བྱེད་སྒོར་ཞུགས་ཚེ་རྒན་ཡོལ་ཕོགས་ཐོབ་མེད་པར་བཟོ་རྒྱུ་སོགས་ཀྱི་ཉེན་བརྡའི་དམ་བསྒྲགས་ཀྱིས་རང་དབང་མེད་པ་དང་བཞི། རང་རིགས་སློབ་ཕྲུག་རྒན་གཞོན་རྣམས་ཀྱང་ཆོས་ཕྱོགས་ཀྱི་དུས་ཆེན་སྐབས་གུང་གསེང་དུ་འཇོག་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོར་འཛུལ་ཞུགས་མི་ཆོག་ཅིང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་ཞུགས་པ་དང༌། ཐ་ན་གླིང་སྐོར་དང༌། བར་སྐོར། རྩེ་སྐོར་སོགས་བྱས་པ་མཐོང་ཐོས་བྱུང་ཚེ་སློབ་གྲྭ་ནས་ཕྱིར་འབུད་བྱ་རྒྱུའི་བཙན་བཀའ་བཏང་བ་དང་བཞི། མདོར་ན་བོད་མི་ཡོངས་ལ་ཆོས་བྱེད་ཀྱི་རང་དབང་མེད་ལ། རྒྱ་ཕྱོགས་ནས་བརྙན་འཕྲིན་ཐོག་ལག་པར་ཕྲེང་བ་དང་མཎི་ལག་འཁོར་འཁྱེར་བ་དང༌། བསངས་གསོལ་དར་འཛུགས་བྱེད་མི་དག་སྟོན་ནས་བོད་ལ་ཆོས་དད་ཀྱི་རང་དབང་ཡོད་ལུགས་དྲིལ་བསྒྲགས་ཀྱིས་བརྗོད་བཞིན་ཡོད་ཀྱང༌། དོན་དུ་ཆོས་དད་དང་ཆོས་ལུགས་ཀྱི་བྱེད་སྒོའི་རང་དབང་མིང་དོན་མཚུངས་པ་ཞིག་མེད་ཁར། ཆོས་དད་རང་དབང་ཡོད་ཚུལ་སྟོན་བཞིན་པའི་བསངས་གསོལ་དར་འཛུགས་ཀྱང་རང་དབང་གི་སྒོ་ནས་བྱེད་དབང་མེད་པར། དམ་བསྒྲགས་ཤིན་ཏུ་ཆེ་བས་བོད་མི་རྣམས་རང་ཡུལ་ཆོས་ལྡན་ཞིང་དུ་ཆོས་བྱེད་ཀྱི་རང་དབང་སྤུ་ཙམ་མེད་པར་ལྕགས་ཁྲའི་ནང་གི་བྱིའུའི་ངང་ཚུལ་ལྟར་ཡིད་སྐྱོ་ཐབས་སྡུག་དང༌། དངངས་ཚབ་དང་འཇིགས་སྐྲག་ཁོ་ནའི་འོག་ཏུ་མི་ཚེ་སྐྱེལ་བཞིན་ཡོད་པ་ནི་སེམས་ཀྱིས་བཟོད་ཐབས་མེད་པ་ཞིག་ཡིན།

ག༽ ལྷ་ཀླུ་དགའ་ཚལ་ནི། ཕོ་བྲང་པོ་ཏཱ་ལ་ནས་བྱང་དུ་ལེ་དབར་གཉིས་ཀྱི་ཐང་དཀྱིལ་དུ་ཆགས་ཤིང༌། གནའ་དུས་སུ་ནེའུ་གསིང་མེ་ཏོག་གིས་བརྒྱན་པའི་སྟེང་དུ་རང་བྱུང་གི་ནགས་ཚལ་རབ་ཏུ་རྒྱས་པ། མཚེའུ་ཆེ་ཆུང་དུ་མས་མཛེས་པའི་ཡུལ་ལྗོངས་ཤིག་ཡིན་སྟབས་མི་ཚོས་ལྷ་དང༌། ཀླུའི་བུ་དང་བུ་མོ་སྤྲོ་གསེང་བྱ་ཡུལ་དགའ་བའི་ཚལ་ཞིག་རེད་ཅེས་བརྗོད་སྲོལ་ལ་གཞིགས་ཏེ་ལྷ་ཀླུ་དགའ་ཚལ་ཞེས་མིང་ཐོགས། པུར་རྒྱལ་བཙན་པོ་མང་སྲོང་གི་དུས་ཙམ་ནས་བཟུང་ཁུལ་དེར་སྤྲོ་གསེང་གཏོང་ཡུལ་ཡིན་ཞེས་བརྗོད་སྲོལ་ཡོད།

སྤྱི་ལོའི་དུས་རབས་ ༡༧ པའི་ནང་ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་ཆོས་སྲིད་ཀྱི་མཛད་དབར་དུ་སྤྲོ་གསེང་ལ་ཕེབས་པ་དང༌། མཛེས་ལྗོངས་ཀྱི་དབུས་སུ་གནས་པའི་མཚེའུའི་སྟེང་དུ་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཞིག་གསར་སྐྲུན་མཛད་དེ་སྐུ་འཁོར་ཉུང་ཙམ་དང་བཅས་སྤྲོ་གསེང་ལ་ཡང་ཡང་ཕེབས་པས་སྐབས་དེར། ལྷ་ས་ལྷ་ས་སྐྱིད་པ། །དེ་ལས་ལྷ་ཀླུ་སྐྱིད་པ། །ལྷ་ས་ལྷ་ཀླུའི་བར་ལ། །རྫོང་རྒྱབ་ཀླུ་ཁང་སྐྱིད་པ། །ཞེས་པའི་དམངས་གཞས་དེ་ཡང་སྐབས་དེ་ནས་བྱུང་ཞིང༌། ལྷ་བཟང་ཁང་གིས་བོད་ཀྱི་སྲིད་དབང་བཟུང་རྗེས་ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ཆོས་སྲིད་ཀྱི་ཁྲི་ལས་ཕབ་སྟེ་སྐུ་འཁོར་བཅས་ལྷ་ཀླུར་བཞུགས་སུ་བཅུག་པ་དང༌། གཞན་ཡང་ལྷ་ཀླུ་དགའ་ཚལ་ནི་རྒྱལ་པོ་ལྷ་བཟང་གི་སྤྲོ་ཁང་ཡང་ཡིན་སྐད།

རབ་བྱུང་ ༡༣ པའི་ཆུ་རྟ་སྤྱི་ལོ་ ༡༧༦༢ ལོར་ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་གསེར་ཁྲི་མངའ་གསོལ་ཞུས་རྗེས་ཡབ་ཡུམ་སྐུ་མཆེད་རྣམས་ཀྱི་བཞུགས་གནས་དེ་ལྷ་ཀླུ་དགའ་ཚལ་གྱི་ཕོ་བྲང་ཤར་ངོས་སུ་ཡོད་པའི་གཞིས་ཁང་ཞེས་འགོ་པའི་སྡོད་ཁང་ཆུང་ཆུང་ཞིག་ཡོད་པ་དེ་བཤིགས་ནས་ཡབ་གཞིས་གསར་རྒྱག་བྱས་པར་ཡབ་གཞིས་ལྷ་ཀླུ་ཞེས་མིང་ཆགས། རབ་བྱུང་ ༡༤ པའི་མེ་འབྲུག་སྤྱི་ལོ་ ༡༨༦༠ ལོར་ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་གསེར་ཁྲི་མངའ་གསོལ་ཞུས་རྗེས་དེའི་ཡབ་གཞིས་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་དང་ཟླ་བསྒྲིལ་བས་ལྷ་ཀླུ་ནི་ྋརྒྱལ་བ་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཡིན། རིག་གསར་སྐབས་ཉམས་སྐྱོན་ཆེར་མ་བྱུང་བར་དེང་སྐབས་ཡབ་གཞིས་ལྷ་ཀླུའི་གཟིམ་ཁང་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་གྲོང་མི་ཨུ་ཡོན་ལྷན་ཁང་བྱེད་མུས་ཡིན།

 

ང་ལྔ། སྔོན་དུས་ལྷ་སའི་སྤྲོ་སྐྱིད་

གཏོང་ཡུལ་གྱི་གླིང་ཁ།

སྤྱི་ལོ་ ༡༩༥༩ ལོའི་གོང་གི་གྲོང་ཁྱེར་ལྷ་སའི་མཐའ་འཁོར་གྱི་རང་བཞིན་ཁོར་ཡུག་ཏུ་མཚོན་ན་དབྱར་དུས་གྲོང་མི་སེར་སྐྱ་རྣམས་དགའ་སྤྲོ་རྩེད་འཇོའི་དཔལ་ལ་རོལ་བའི་དབྱར་སྐྱིད་གཏོང་ཡུལ་གྱི་མིས་བཟོས་སྐྱེད་མོལ་ཚལ་ལམ་གླིང་ཁ་ཁག་ལྔ་བཅུ་སྐོར་ཡོད་པ་ལས་གྲགས་ཆེ་བ་ནི། ༡ ནོར་བུ་གླིང་ཁ་དང༌། ༢ ནོར་སྟོད་གླིང་ཁ། ༼ནོར་གླིང་རྒྱབ་ཀྱི་ལྷ་ས་བཟོ་པའི་སྨན་ཁང་དང་བོད་དམག་ཁུལ་ཁང་གི་པར་འདེབས་བཟོ་གྲྭ་དང༌། ནོར་གླིང་ལྷོ་ཕྱོགས་ཀྱི་ལྷ་ས་འགྲིམ་འགྲུལ་བབས་ཚུགས་ནས་བརྒྱད་གཅིག་ཞིང་ལས་ཀུང་སིའི་བར་གྱི་ས་ཆ་ཁག་གཅིག༽ ༣ བཞུགས་ཁྲི་གླིང་ཁ། ༼བོད་རང་སྐྱོང་ལྗོངས་སྲིད་གཞུང་གནས་ཡུལ། པཎ་ཆེན་རིན་པོ་ཆེའི་བཞུགས་གནས་རྡོ་རྗེ་ཕོ་བྲང་གི་ས་གནས།༽ ༤ རྩེ་དྲུང་གླིང་ཁ། ༼ལྷ་ས་དམག་ཁུལ་ཁང་ཁོངས། ལྷ་ས་སྐྱིད་ཆུའི་འགྲམ་གྱི་ཚྭ་རོང་དང༌། ཀྲུང་གོ་དངུལ་ཁང་གི་ལྷོ་ངོས་སུ་ཡོད།༽ ༥ འཕྲལ་བདེ་གླིང་ཁ། ༼དེང་སང་བོད་དམག་ཁུལ་ཁང་གནས་ཡུལ།༽ ༦ གཉེར་ཚང་གླིང་ཁ། ༧ བཤད་སྒྲ་གླིང་ཁ། ༨ འཇག་མ་གླིང་ཁ༑ ༼ལྷ་ས་སྐྱིད་ཆུའི་ཉེ་འགྲམ་ཉི་འོད་གླིང་ཕྲན་ཆགས་ཡུལ།༽ ༩ ཕྱག་མཛོད་གླིང་ཁ༑ ༼བོད་དམག་ཁུལ་ཁང་གི་ཤར་ངོས་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་གནས་ཡུལ།༽ ༡༠ སྤོ་བོ་གླིང་ཁ། ༼ལྷ་ས་ལུས་རྩལ་ཐང་ཆེན་གནས་ཡུལ།༽ ༡༡ དྲུང་སྤྱི་གླིང་ཁ༑ ༼ལྗོངས་སློབ་ཆེན་གནས་ཡུལ།༽ ༡༢ ཉི་གཞོན་གླིང་ཁ། ༼དེང་སང་ལྷ་ས་བྱིས་གསོ་ཁང་གནས་ཡུལ།༽ ༡༣ ཀརྨ་ཤག་གླིང་ཁ། ༼ལྷ་ས་སྤྱི་སྤྱོད་རླངས་འཁོར་ཀུང་སི་གནས་ཡུལ།༽ ༡༤ འདོད་དཔལ་གླིང་ཁ། ༡༥ གྲྭ་བཞི་གླིང་ཁ། ༼བོད་དམག་ཁུལ་ཁང་གི་མཚོན་ཆ་ཉམས་གསོ་བཟོ་གྲྭ་དང༌། གྲྭ་བཞི་བཙོན་ཁང་གནས་ཡུལ།༽ ༡༦ གཤོང་ཁ་གླིང་ཁ། ༼གྲོང་ཁྱེར་བྱང་རྒྱུད་དུ་ལྷ་ས་འོ་མ་ཀུང་སི་དང༌། གཤོང་ཁ་མཐུན་སྒྲིལ་གྲོང་ཚོའི་ཤར་ངོས་དང༌། སྤྱི་ཚོགས་ཚན་རིག་ཁང༌། མཐུན་སྒྲིལ་ཁང་དང་བཅས་པ་གནས་ཡུལ།༽ ༡༧ ཁ་ཆེ་གླིང་ཁ། ༡༨ བདེ་སྐྱིད་གླིང་ཁ། ༼ལྕགས་པོ་རི་ནས་ནོར་བུ་གླིང་ཁའི་བར་དུ་གནས།༽ ༡༩ ཀུ་ཤུ་གླིང་ཁ། ༼རྒྱང་བསྒྲགས་ལས་ཁུངས་གནས་ཡུལ།༽ ༢༠ ང་ཕོད་གླིང་ཁ། ༢༡ ཞོལ་ཁང་གླིང་ཁ། ༢༢ ཆབ་རྫིང་གླིང་ཁ། ༼ལྷ་ས་གློག་བརྙན་ཀུང་སི་གནས་ཡུལ།༽ ༢༣ ཚ་རོང་གླིང་ཁ། ༢༤ རྦ་ཏི་གླིང་ཁ། ༼སེ་རྭ་ཤར་གྱི་གླིང་ཁ།༽ ༢༥ རྭ་ཀོག་གླིང་ཁ། ༼མཚམས་ཁུང་བཙུན་དགོན་གྱི་མདུན་ངོས་རབ་གསལ་གྲོང་ལྷན་ཁོངས་གྲོང་མི་དང༌། ཟ་ཁང༌། ཚོང་ཁང༌། གྲོང་ཁྱེར་ལྷ་ས་སློབ་ཆུང་གཉིས་པ་སོགས་གནས་ཡུལ།༽ ༢༦ སྤོམ་མདའ་གླིང་ཁ། ༢༧ ཞི་བདེ་གླིང་ཁ༑ ༼ད་ལྟའི་མེ་སྒྱོགས་དམག་སྒར་གནས་ཡུལ།༽ ༢༨ རྨེ་རུ་གླིང་ཁ། ༼ལྷ་ས་སློབ་འབྲིང་དང་པོ་གནས་ཡུལ།༽ ༢༩ རྡོ་རོག་གླིང་ཁ། ༼གློག་ལས་ཅུས་དང༌། ཡིག་ཟམ་གསོལ་མགྲོན་ཁང་གནས་ཡུལ།༽ ༣༠ ཟུར་ཁང་གླིང་ཁ། ༼གྲོང་ཁྱེར་སྲིད་གྲོས།༽ ༣༡ གར་པོ་གླིང་ཁ། ༣༢ རྒྱ་མཚོ་གླིང་ཁ། ༼ཝ་པ་གླིང་འབྲུ་རིགས་ཚོང་ཁང་གནས་ཡུལ།༽ ༣༣ སྦྱར་རགས་གླིང་ཁ། ༼ལྷ་ས་སློབ་འབྲིང་གནས་ཡུལ།༽ ༣༤ འཕར་ར་གླིང་ཁ། ༼བོད་ལྗོངས་སློབ་གྲྭ་ཆེན་མོ་དང༌། ལྷ་ས་སྲིད་གྲོས། ལྷ་ས་བཅའ་ཁྲལ་ལས་ཁུངས་བཅས་གནས་ཡུལ།༽ ༣༥ གླིང་ཁ་གསར་པ༑ ༼གྲོང་ཁྱེར་སྨན་ཁང་སྟེ་ལྷ་ས་ཕྱུགས་རིགས་སྨན་ཁང་གནས་ཡུལ།༽ ༣༦ དཔལ་ལྷའི་མཚོ་འཁོར་གླིང་ཁ། ༼ལྷ་ས་མི་དམངས་འཐུས་ཚོགས་གནས་ཡུལ།༽ ༣༧ སྤྱི་རི་གླིང་ཁ། ༼འབྲས་སྤུངས་དགོན་པའི་གཤམ་དུ་ཡོད་པའི་འབྲས་སྤུངས་དགོན་གྱི་གླིང་ཁ།༽ ༣༨ ལྕང་གསེབ་ཤར་གླིང་ཁ། ༼ལྷ་ས་སློབ་ཆུང་དང་པོ་གནས་ཡུལ་དང༌། པེ་ཅིང་དཀྱིལ་ལམ་གྱི་ས་ཆ་ཁག་གཅིག་ཡིན།༽ ༣༩ འཁྱགས་པ་གླིང་ཁ༑ ༼ལྕགས་པོ་རི་ནས་ནོར་བུ་གླིང་ཁའི་བར་དུ་གནས་ཡོད།༽ ༤༠ རྒྱའུ་གླིང་ཁ། ༤༡ ཕྱག་མཛོད་གླིང་ཁ། ༼དམག་ཁུལ་ཁང་མགྲོན་ཁང་གཉིས་པ།༽ ༤༢ གཉེར་ཚང་གླིང་ཁ། ༤༣ ཕ་ལྷ་གླིང་ཁ། ༼ལྗོངས་སློབ་ཆེན་གྱི་བྱང་རྒྱུད།༽ ༤༤ ཀརྨ་དགོན་གསར་གླིང་ཁ། ༤༥ དབང་ཆེན་གླིང་ཁ། ༼ལྗོངས་སྨན་རྩིས་ཁང་གི་ཕྱི་ཤར་དུ་ཡོད།༽ ༤༦ མཁན་པོ་གླིང་ཁ། ༼རྩེ་ཕོ་བྲང་གི་རྒྱབ་ཕྱོགས་ཀྱི་ནུབ་ངོས་དེང་སང་རྒྱང་བསྒྲགས་ལས་ཁུངས་དང༌། བྱིས་པའི་ཕོ་བྲང་སོགས་ཀྱི་འོག་ཏུ་ཚུད་ཡོད།༽ གཞན་ཡང་སེ་འབྲས་དགའ་གསུམ་ལ་སོགས་པའི་དགོན་པ་དང་ཁང་ཚན་ཁག་ལ་གླིང་ཁ་རེ་རེ་ཡོད་པ་བཅས། མདོར་ན་ནོར་བུ་གླིང་ཁ་གཙོ་གྱུར་གྱི་ལྷ་སའི་ཕྱོགས་མཚམས་ཀུན་ཏུ་གླིང་ཁ་མང་པོ་ཡོད་པར་བརྟེན་གྲོང་ཁྱེར་དེ་ནི་མེ་ཏོག་ལྡུམ་རྭ་ཞིག་དང་མཚུངས་ཤིང་རགས་རྩིས་བརྒྱབ་པར་གཞིགས་ན་རྒྱ་ཁྱོན་ཆེ་ཆུང་ལ་མ་བལྟོས་པར་ཧ་ལམ་གླིང་ཁ་ལྔ་བཅུ་ལྷག་ཙམ་ཡོད་པ་དེ་དག་ལས་ད་ལྟ་གླིང་རེ་གཉིས་ཙམ་ལས་ལྷག་མེད།

སྔོན་དུས་ལྷ་སར་གོང་གསལ་གླིང་ཁ་མང་བས་མི་རྣམས་དབྱར་དུས་སུ་གླིང་གཏོང་སྤྲོ་སྐྱིད་གཏོང་སའི་གླིང་ཁ་མང་པོ་ཡོད་པའི་ནང་ནས་འཇག་མ་གླིང་ཁ་དེ་ཉིད་སྔོན་དུས་དེ་གར་ཆུ་བཟང་ཞིང༌། ལྕང་མ་མང་བ། ལྷ་སའི་སྐྱིད་ཆུའི་འགྲམ་མི་རྣམས་གླིང་ཁ་གཏོང་ས་དང༌། ཆུ་བརྒལ་ས། ཁྲང་འཁྲུ་རྒྱག་ས་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་ས་ཆ་དེ་ཉིད་དེང་ཉི་འོད་གླིང་ཕྲན་དུ་གྱུར་ཟིན་པས་སྔར་གྱི་རྣམ་པ་ད་ཆ་མཐོང་རྒྱུ་མེད་ལ། འཇག་མ་གླིང་ཁ་ཞེས་པ་དེ་མིང་གི་ལྷག་མར་གྱུར།

ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་ཐད་གོང་གསལ་ནོར་བུ་གླིང་ཁ་དང་རྦ་ཏི་གླིང་ཕུད་དེ་མིན་གནའ་བོའི་གླིང་ཁ་ཚང་མ་ཉི་འོད་གླིང་ཕྲན་ལྟར་གྲོང་ཁྱེར་འཛུགས་སྐྲུན་འོག་རྩ་བའི་ཆ་ནས་རྩ་མེད་དང་མིང་གི་ལྷག་མ་ཙམ་དུ་གྱུར་ཟིན་ལ། ལྕགས་པོ་རི་ནས་ནོར་བུ་གླིང་ཁའི་བར་དུ་ཡོད་པའི་བདེ་སྐྱིད་གླིང་ཁ་དང༌། འཁྱགས་པགས་གླིང་ཁ་སོགས་ནི་དེང་རྩ་བའི་ཆ་ནས་རྩ་མེད་དུ་འགྲོ་བཞིན་ཡོད་པ་དང༌། ལྷ་ས་གླིང་བརྒྱུད་ལམ་དེ་སྔོན་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང༌། རུམ་འཐག་ལས་ཁུངས་གནས་ཡུལ། ཝ་པ་གླིང་ཚོང་ཁང་དང་བཅས་པའི་ཁུལ་དེ་དག་གླིང་ཁ་ཡིན་པས་ན་དུས་འགྱུར་གྱི་རྗེས་སུ་གྲོང་ཁྱེར་སྲིད་གཞུང་གི་གཞུང་ལམ་འདིར་གླིང་བརྒྱུད་ལམ་ཞེས་བཏགས་པ་དང་དེང་སྐབས་ཅང་སུའུ་ལམ་ཞེས་ཟེར།

དེ་སྔོན་ལྷ་ལྡན་དུ་གླིང་ཁ་མང་དག་ཅིག་ཡོད་པར་བརྟེན་རང་རེའི་གྲོང་ཁྱེར་དེ་ཉིད་ཀྱི་མཁའ་རླུང་དྭངས་གཙང་ཡོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་པ་མ་ཟད། ཡུལ་གྱི་ཁོར་ཡུག་མཛེས་ཆ་དང༌། ཆུ་རླུང་དྲག་པོའི་གནོད་འཚེ་སྔོན་འགོག་སོགས་ལ་ནུས་པ་ཆེན་པོ་ཡོད་ཚུལ་དེང་རབས་ཀྱི་ཚན་རིག་ཤེས་བྱ་ལས་མཁྱེན་ནོ།།

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།

ཀུན་དགའ་རྭ་བ་མེ་ཏོག་ཚལ། །

ལྷ་མཆོད་དུས་ཀྱི་དགའ་སྟོན་ས། །

བྲོ་གར་གླུ་ཡི་རེག་བྱེད་སོགས། །

འཇིག་རྟེན་དགའ་བ་བསྐྱེད་ཕྱིར་བཞག །

ཅེས་བོད་འདིར་གནའ་བོ་ནས་མེ་ཏོག་གི་ཚལ་དང་བཅས་པའི་སྐྱེད་མོས་ཚལ་རྣམས་ནི་མི་རྣམས་ལ་དགའ་བའི་རང་བཞིན་བསྐྱེད་པར་བྱ་ཡུལ་གྱི་གནས་བཟང་པོ་ཞིག་ཡིན་པའི་ཕྱིར་ན་གླིང་ཁ་དེ་དག་རང་སར་བཞག་དགོས་པར་གསུངས་ཡོད། འོན་ཀྱང་དེང་སྐབས་སྤྲོ་སྐྱིད་གླིང་གཏོང་བྱ་ཡུལ་གྱི་གླིང་ཁ་གཙོ་བོ་ནི་ནོར་བུ་གླིང་ཁ་དང༌། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང༌། གསར་དུ་སྐྲུན་པའི་གཞོན་ནུའི་གླིང་ཁ། ཉང་བྲན་དམངས་སྲོལ་དགའ་ཚལ། ལྷ་ཞབས་གླིང་ཕྲན་སྤྲོ་སྐྱིད་ཁང༌། ཀརྨ་དགོན་གསར་གླིང་ཁ། ཀླུ་ཁང་ཆུང་བ། སྐལ་བཟང་གླིང་ཁ། སྤྱི་རི་གླིང་ཁ་སོགས་སྔར་ལྷག་རེ་ཟུང་དང་འགའ་ཞིག་གསར་བསྐྲུན་བྱས་ཡོད།

གཞན་ཡང༌། བོད་ལྗོངས་ས་མཐོའི་སྟེང་གི་གྲོང་ཁྱེར་ལྷ་ས་ཁོ་ནར་མཚོན་ན། སྐབས་དེའི་གྲོང་ཁྱེར་འདི་ཧ་ཅང་ཆུང་བ་ཡིན་ནམ། ཡང་ན་མི་འབོར་ཧ་ཅང་ཉུང་བའི་རྐྱེན་གྱིས་ཡིན་ནམ། གང་ལྟར་རིག་གནས་གསར་བརྗེའི་གོང་དུ་གྲོང་ཁྱེར་འདིའི་རི་ངོས་སུ་གཟིག་དང༌། སྤྱང་ཀི། འཕར་ར་སོགས་གཅན་གཟན་མང་པོས་ངར་སྐད་སྒྲོག་ཅིང༌། ཝ་མོ་དང༌། གཡི། གནའ་བ། གླ་བ། རི་བོང༌། ཨབ་ར། སྲེ་མོང༌། སྒོམ་ཆེན་སོགས་རི་དྭགས་གྲངས་ཀྱིས་མི་ལངས་པ་བག་ཕེབས་ཏེ་བརྩེ་ཞིང༌། རྒོད་དང༌། གོ་བ༑ བྱ་གླག ཁྲ། བྱ་རོག སྤིང་ཀྱུ་མ། འུག་པ། ཁྭ་ཏ། ཁྲུང་ཁྲུང༌། ངང་པ་དཀར་སེར། ཁུག་རྟ། ཁང་བྱིའུ། སྐྱ་ཅུང༌། ཅོ་ཀ རི་བྱིའུ། ཕོ་རོག ཆུ་སྐྱར་སོགས་འདབ་ཆགས་རྣམས་ཀྱིས་འདབ་གཤོག་གར་སྟབས་སྒྱུར་བ་ལ་སོགས་པས་ལྷ་ས་ནི་མིང་དོན་མཚུངས་པའི་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཡིན།

དེ་ལྟར་གནའ་བོའི་དུས་སུ་གྲོང་ཁྱེར་ལྷ་ས་ཁོ་ནར་གཅན་གཟན་དང༌། རི་དྭགས། འདབ་ཆགས་ཀྱིས་དེ་ལྟར་བརྒྱན་པར་གྱུར་ཡོད་ན། སྐབས་དེའི་བོད་ཡོངས་ཀྱི་ཁོར་ཡུག་གི་མཛེས་ཉམས་ཇི་ལྟར་ལྡན་ཚུལ་ནི་མི་རྣམས་ཀྱིས་དཔོགས་པར་ནུས་སོ།།

དེང་སྐབས་ཀྱི་གྲོང་ཁྱེར་ལྷ་ས་ལྟ་བུར་མཚོན་ན་གཅན་གཟན་དང༌། རི་དྭགས། འདབ་ཆགས། ཆུར་ཉལ་སྲོག་ཆགས་རྩ་བའི་ཆ་ནས་མིང་ཙམ་ཡང་མ་ལུས་པར་འགྱུར་བཞིན་ཡོད་ལ། འཛམ་གླིང་ཐོག་ལ་ཐུན་མོང་མ་ཡིན་པའི་གཅན་གཟན་དང༌། རི་དྭགས། འདབ་ཆགས་ཀྱི་གྲོང་ཁྱེར་གཉིས་པ་མེད་པ་འདི་ད་ལྟ་འགྲོ་བ་མི་གཅིག་པུའི་ཐུན་མོང་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འཕོ་འགྱུར་ཕྱིན་ཡོད།

སྤྱིར་གངས་ལྗོངས་ས་མཐོའི་སྟེང་དུ་ཡོད་པའི་གཅན་གཟན་དང༌། རི་དྭགས། འདབ་ཆགས། ཆུར་ཉལ་སྲོག་ཆགས་ཇེ་ཉུང་དུ་སོང་སྟེ་འཛམ་གླིང་སྲོག་ཆགས་རྭ་བར་ཉེན་ཁའི་རང་བཞིན་ཞིག་གནས་ཡོད་པར་གཞིགས་ན་མི་རྣམས་ཧང་སངས་དགོས་པ་ཞིག་དང་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

 

ང་དྲུག སྔོན་དུས་ལྷ་སའི་དུས་ཆེན་ཆེ་ཁག

གངས་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོ་ལྷ་སར་ལོ་ལྟར་སྔར་སྲོལ་གྱི་དུས་ཆེན་ཆེ་རིགས་དཔེར་ན་བོད་ལུགས་ལོ་གསར་ཏེ། ལོ་གསར་ཚེས་གཅིག་ལ་བླ་མ་ལོ་གསར་དང༌། ཚེས་གཉིས་ལ་རྒྱལ་པོ་ལོ་གསར། ཚེས་པ་གསུམ་ལ་ཆོས་སྐྱོང་ལོ་གསར་བཅས་ལོ་གསར་ཚེས་ ༡༥ ཙམ་བར་གཏོང་བ་དང༌། ལོ་གསར་ཚེས་ ༣ ཉིན་ཆོས་སྐྱོང་གཟབ་གསོལ་གྲུབ་རྗེས་སྨོན་ལམ་རིང་གི་མཛད་སྒོའི་ཐོག་མ་ཚེས་གསུམ་ཐོག་མདའ། ཆོ་འཕྲུལ་ཟླ་བའི་ཚེས་ ༤ ཙམ་ནས་ཚེས་ ༢༥ བར་ཉིན་ ༢༡ རིང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྟེ་སྔོན་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་ ༡ ཚེས་ ༨ ནས་ཚེས་ ༡༥ བར་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཚར་གཅད་པའི་དུས་དྲན་དུ་ལྷ་ལྡན་སྨོན་ལམ་ཆེན་མོ། བོད་ཟླ་ ༡ ཚེས་ ༡༥ ཉིན་བཅོ་ལྔ་མཆོད་པ། བོད་ཟླ་ ༡ ཚེས་ ༡༨ ཉིན་སྨོན་ལམ་གྱི་བྱེད་སྒོའི་གྲ་སྒྲིག་བཅོ་བརྒྱད་ཐོག་མདའ། བོད་ཟླ་ ༡ ཚེས་ ༢༢ ཀླུ་སྒུག་སྒར་སྒྲིག་ཅེས་སྨོན་ལམ་ཆེན་མོ་གྲོལ་ཁའི་ཀླུ་སྒུག་སྒར་སྒྲིག་དུས་ཆེན། བོད་ཟླ་ ༡ ཚེས་ ༢༣ ཉིན་མི་རྟ་གོ་མཚོན་ཚང་འགྲིག་རྩིས་བཤེར་གྱི་གྲྭ་བཞི་རྩིས་བཤེར། བོད་ཟླ་ ༡ ཚེས་ ༢༤ ཉིན་ལྷ་ལྡན་སྨོན་ལམ་ཆེན་མོ་མཇུག་སྒྲིལ་ཟིན་པའི་སྨོན་ལམ་གཏོར་རྒྱག བོད་ཟླ་ ༡ ཚེས་ ༢༥ ཉིན་ཇོ་བོ་རགས་གསོ། བོད་ཟླ་ ༡ ཚེས་ ༢༥ ཉིན་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་རྗེས་ཚེ་ལོ་བཅུ་པ་འཆར་རྒྱུ་ལྡོག་ནས་རྗེ་བཙུན་བྱམས་པ་མགོན་པོའི་བསྟན་པ་མྱུར་དུ་འཆར་བའི་རྟགས་དང་རྟེན་འབྲེལ་ཆེད་བྱམས་པ་གདན་འདྲེན། བོད་ཟླ་ ༡ ཚེས་ ༢༦ ཉིན་རྟ་དམག་རྣམས་ཀྱི་དྲག་རྩལ་མདའ་མེ་བཅས་རྒྱུགས་བཞེས་མཚོན་བྱེད་རྫོང་རྒྱབ་ཞར་འཕེན། བོད་ཟླ་ ༡ ཚེས་ ༢༧ ཉིན་སྨོན་ལམ་ཆེན་མོའི་མཛད་ཆེན་གྲོལ་སྟོན་དང་གནམ་མདའ། བོད་ཟླ་ ༢ ཚེས་ ༣ ནས་ ༡༥ བར་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་ཉམས་བཞེས་དགའ་ལྡན་སྟག་རྩེ་སྒྲུབ་མཆོད། བོད་ཟླ་ ༢ ཚེས་ ༡༨ ནས་ ༢༩ བར་ྋགོང་ས་ལྔ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཆེན་མོ་ལྟར་མཆོད་འབུལ་ཤིན་ཏུ་རྒྱ་ཆེ་བྱེད་པའི་ཚོགས་མཆོད་ཆེན་མོ། བོད་ཟླ་ ༢ ཚེས་ ༣༠ ཉིན་རྒྱལ་བ་ལྔ་པའི་སྐུ་མཆོད་ཉིན་བདུན་ཐོག་སྐུ་ཕྲེང་བདུན་པ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌། སྐུ་ཕྲེང་བརྒྱད་པ་རྒྱལ་བ་འཇམ་དཔལ་རྒྱ་མཚོ། སྐུ་ཕྲེང་བཅུ་གསུམ་པ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་བཅས་ཀྱི་སྐུ་མཆོད་འཕར་མ་བཅས་ཀྱི་མཆོད་འབུལ་དང་སྦྲགས་ཚོགས་མཆོད་སེར་སྦྲེང༌། བོད་ཟླ་ ༣ ཚེས་ ༨ ཉིན་མགོན་པོ་གུར་ཞལ་གྱི་ལོ་འཁོར་དུས་མཆོད་གཟབ་གསོལ་དང༌། རྩེ་ཤོད་ཞབས་གསར་བ་བཞིས་གསར་མཇལ་ཞུས། གཞུང་ཞབས་རྣམས་དབྱར་ཁའི་ན་བཟའ་བརྗེ་བཞེས་ཀྱི་བརྒྱད་གཏོར་མཛད་སྒོ༑ བོད་ཟླ་ ༤ པའི་ཚེས་ཆ་གང་བཟང་ཞིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་སྐལ་བཟང་ཕོ་བྲང་དུ་བདུད་རྩི་སྨན་གྱི་འཕྲོད་བཞེས་སུ་ཆིབས་བསྒྱུར་ཆེན་མོ། བོད་ཟླ་ ༤ ཚེས་ ༡༥ ཉིན་སངས་རྒྱས་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ཆེན་དང༌། བྱང་ཆུབ་བརྙེས་པའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་བཅས་དུས་ཆེན་གསུམ་འཛོམས་ཀྱི་ས་ག་ཟླ་བ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན། བོད་ཟླ་ ༥ ཚེས་ ༡༥ ཉིན་གུ་རུས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་ལས་བསྐུལ་བས་བསམ་ཡས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རིའི་རྩེར་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་གསོལ་རྒྱ་ཆེར་གནང་བའི་འཛམ་གླིང་སྤྱི་བསང། བོད་ཟླ་ ༦ ཚེས་ ༤ སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ནས་ཉིན་ ༤༩ སོང་བ་ན་ཝ་ར་ན་སིར་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་རྗེས་དྲན་དུས་ཆེན་དྲུག་པ་ཚེས་བཞི། བོད་ཟླ་ ༦ ཚེས་ ༡༥ ཉིན་གནས་བཅུའི་ཞལ་ཐང་དེ་དག་དགའ་ལྡན་ཚོགས་ཆེན་གྱི་མདུན་དུ་སྤྱི་གསོ་ཆོས་རར་བཀྲམ་ནས་མདུན་དུ་ཉེ་མཆོད་དང༌། འཁྲུས་གསོལ་རབ་གནས་སོགས་དུས་སྟོན་དགའ་ལྡན་གསེར་ཐང༌། བོད་ཟླ་ ༦ ཚེས་ ༣༠ སེར་འབྲས་དགེ་གསུམ་གྱི་དབྱར་གནས་སྐབས་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་དང༌། ལྷ་གཞུང་འཁྲབ་སྟོན་སོགས་ཀྱི་ཞོ་སྟོན་དུས་ཆེན། བོད་ཟླ་ ༧ ཚེས་ ༨ ཉིན་འབྲས་སྤུངས་དགོན་པའི་ཀླུ་འབུམ་ལ་དུས་མཆོད་བྱེད་པའི་འབྲས་སྤུངས་ཀླུ་འབུམ། བོད་ཟླ་ ༩ ཚེས་ ༢༢ ཉིན་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་ཆོས་གསུང་ཕྱིར་སྟོན་པ་ལྷ་གནས་སུ་ཕེབས་པ་རྒྱལ་པོ་གསལ་རྒྱལ་གྱི་སླར་གདན་དྲངས་ནས་མི་ཡུལ་དུ་ཕེབས་པའི་ལྷ་བབས་དུས་ཆེན། བོད་ཟླ་ ༡༠ ཚེས་ ༡༥ ཉིན་ལྷ་ལྡན་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་དཔལ་ལྷའི་རི་ཁྲོད། བོད་ཟླ་ ༡༠ ཚེས་ ༢༤ ཉིན་སེ་ར་ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེའི་དགོངས་རྫོགས་མཆོད་འབུལ་བཞི་མཆོད། བོད་ཟླ་ ༡༠ ཚེས་ ༢༥ ཉིན་རྗེ་ཙོང་ཁ་པའི་དགོངས་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད། བོད་ཟླ་ ༡༡ ཚེས་ ༦ ཉིན་ངན་པ་དགུ་འཛོམས། བོད་ཟླ་ ༡༠ ཚེས་ ༧ ཉིན་བཟང་པོ་བཅུ་འཛོམས། བོད་ཟླ་ ༡༢ ཚེས་ ༢༧ སེར་བྱེས་གྲྭ་ཚང་དུ་ཡོད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་བའི་དུས་ཆེན་སེ་ར་ཕུར་མཇལ། བོད་ཟླ་ ༡༢ ཚེས་ ༢༩ ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་ནས་དགུ་གཏོར་གར་འཆམ་དང་གཏོར་རྒྱག་རྒྱག་པའི་དུས་ཆེན་རྩེ་དགུ་གཏོར་ཆེ་མོ། བོད་ཟླ་ ༡༢ པའི་ཚེས་ ༣༠ ཉིན་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་གསུམ་གྱི་མཁན་བླ་དགེ་འདུན་དང་བཅས་པས་ར་མོ་ཆེར་གསོ་སྦྱོང་དང་སྨོན་ལམ་རྒྱ་ཆེ་འཚོགས་སྲོལ་ཡོད་པའི་རྭ་ཆེ་སྨོན་ལམ། དེ་མིན་སྐར་མ་རི་ཥི། གཟིམ་ཆུང་ཆབ་ཞུགས་ཆེན་མོ། དྲུང་སྤྱི་དབྱར་སྐྱིད། བཀའ་ཤག་ཐུགས་སྤྲོ༑ ལྷ་སའི་ཉེ་འཁོར་གྱི་འོང་སྐོར་སོགས་མང་དག་ཡོད་ཅིང༌། བོད་ལ་དུས་འགྱུར་བྱུང་བ་དང་ཆབས་ཅིག་གོང་གསལ་དུས་ཆེན་ཁག་ལའང་འགྱུར་བ་ཆེན་པོ་བྱུང་སྟེ་དེང་སྐབས་གོང་གསལ་དུས་ཆེན་ཁག་ལས་ཕྱེད་ཙམ་མ་གཏོགས་གཏོང་སྲོལ་མེད་ལ། དེ་དག་ལས་ཧོར་ཟླ་བདུན་པའི་ནང་སྔར་སྲོལ་དུས་སྟོན་འབྲས་སྤུངས་ཞོ་སྟོན་སྐབས། ནོར་གླིང་དང༌། རྫོང་རྒྱབ་ཀླུ་ཁང་སོགས་སུ་ལྷ་མོ་འཁྲབ་པ་དང༌། གཞན་ཡང་དུས་དེ་ནི་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་དང༌། གནས་མཇལ་བ། འཚོང་གཉེར་བ། རིག་གནས་སློབ་གསོའི་ལས་གཉེར་བ་སོགས་མི་གྲངས་ཁྲི་ཕྲག་མང་པོ་ཕྱོགས་འདིར་འབྱོར་གྱི་ཡོད་ལ། དེང་ལོ་གསར་དང༌། ས་ག་ཟླ་བ། དྲུག་པ་ཚེས་བཞི། ཞོ་སྟོན། དཔལ་ལྡན་རི་རབ་བཅས་དུས་སྟོན་གཙོ་བོ་ཞིག་གཏོང་སྲོལ་དུ་གྱུར་ཡོད་པ་བཅས་དུས་ཆེན་གྱི་སྐོར་མཁྱེན་པར་འདོད་ན་ཁོ་བོས་བྲིས་པའི་བོད་ཀྱི་དུས་ཆེན་ངོ་སྤྲོད་དང༌། རི་མོའི་མཚོན་སོགས་ཟུར་དུ་བྲིས་པ་ལ་གཟིགས་པར་འཚལ་ལོ།།

 

ང་བདུན། ལྷ་ས་བའི་ཆས་གོས་དང་རྒྱན་ཆ།

ལྷ་ལྡན་གྲོང་ཁུལ་གྱི་སྐྱེས་པ་ཕལ་ཆེར་དབུ་སྐྲ་ལྕང་ལོ་གཅིག་ལྷས་པའི་སྣེ་མོར་སི་ཤན་གྱི་སྐྲ་གཞུག་དམར་པོ་རྩ་བ་ལྷས་མ་གཅིག་གི་སྣེ་མོ་ངོ་གཅིག་ལ་ཏུང་ཆབ་ཚོམ་བུ་གཅིག་དང༌། ངོས་གཅིག་ལ་ཏུང་ཆབ་ཚོམ་བུ་གཉིས་ཡོད་པའི་རྩ་བར་རྒྱ་ནག་ལྕགས་རི་སོགས་ཀྱི་འཆིང་བརྒྱབ་པ་ཞིག་བཏགས་པའི་ལྕང་ལོ་རྒྱབ་ཏུ་གློད། རྣ་བ་གཡས་ལ་གཡུ་ཆུང་ཞིག་དང༌། རྣ་བ་གཡོན་པར་གསེར་གྱི་རྣ་ལོང་གཡུ་ཕྲ་ཅན་ཞིག་བཏགས། རང་འཁོས་ལ་གཞིགས་པའི་གོས་ཆེན་ནམ། ཐེར་མ། རས། སྣམ་བུ་སོགས་ཀྱི་དོར་མ་དང་ཕྱུ་པའི་སྒབ་མཇུག་པུས་མོ་མ་མཐོང་ཙམ་བར་སྡོག་སྟེ་རྒྱབ་ཏུ་རྐུབ་སུལ་བཞི་སྒྲིག་ ༼རྐུབ་སུལ་མང་པོ་བསྡུས་ན་དཀྲོག་དཀྲོག་ཏུ་བརྩི།༽ ལྷམ་སྤུ་མའི་ཤོལ་རྩེ་དང༌། ཀོ་བའི་ཤོལ་རྩེ། འཇུར་རྟ། ཟོམ་པ་སོགས་གྱོན། བར་ལམ་གཞོན་ནུ་ཕལ་ཆེ་བས་ལོ་གསར་དང་དུས་ཆེན་མ་གཏོགས་དུས་རྒྱུན་ཀོང་སྐྲ་ཞེས་ལྕང་ལོ་གཉིས་ལྷས་པའི་སྐྲ་གཞུག་སི་ཤན་ལྷུག་མ་དཀྱིལ་དུ་མདུད་པ་ཅན་རེ་སྒར་ཏེ་ལྕང་ལོ་མགོ་བོར་དཀྲིས་པ་ཡིན།

དེ་སྔ་སྐྱེས་པ་ཚོས་འོག་འཇུག་དཀར་པོ་ཁོ་ན་གྱོན་གྱི་ཡོད་ཀྱང༌། ཕྱིས་ན་གཞོན་ཚོས་འོག་འཇུག་ཁྲ་ཁྲ་དང༌། སྔོ་དཀར་སོགས་གྱོན་ཞིང༌། མིང་གྲགས་ཅུང་ཡོད་པའི་རྒན་གྲས་ཚོས་སྐྲ་ལྕང་ལོ་གཅིག་རྐྱང་དང༌། ཕྱུ་པར་སྐེད་ཟུར་གཉིས་སྤྱད་པའི་སྐེ་རགས་དམར་པོ་ཁོ་ན་བཅིངས་ཤིང༌། གོས་སྣེ་འཇོལ་འཇོལ་བྱེད། ལྷམ་ཕལ་ཆེར་སྤུ་ཤོལ་དང༌། ཟོམ་པ་གྱོན། རྣ་བ་གཡོན་པར་སོག་བྱིལ་བཏགས་ཀྱི་ཡོད། སེར་སྲུང་སྔགས་པ་ཚོ་གྱོན་པ་གྱོན་སྟངས་གོང་མཚུངས་ལ་རྣ་བ་གཉིས་ཀར་རྣ་ལོང་གཡུ་ཕྲ་ཅན་ཆུང་ཆུང་རེ་འདོགས་སྲོལ་ཡོད། མགོ་རིལ་ཡིན་ན་འོག་འཇུག་གོང་བ་རྩེ་རྣོ་ཅན་ལིང་ཧང་དང༌། སེར་པོ། ཕྱུ་པ་དམར་པོའམ། རྒྱ་སྨུག ལྷམ་སྨུག་ཤས་ཆེ་བ་གྱོན། ཕྱུ་པའི་སྣེ་ཡང་ལྷམ་སྒྲོག་མ་མཐོང་ཙམ་དུ་སྡོག ཞྭ་མོའི་ཚོས་གཞི་སེར་སྨུག་སོགས་ལས་ཞྭ་གོས་ནག་པོ་དང༌། དཀར་པོ་མི་གྱོན་ནོ།།

སྤྱིར་ན་སྐྱེས་པ་ཕལ་ཆེ་བས་དབྱར་དུས་ཕྱིང་ཞྭ་དང་དགུན་དུས་པགས་ཞྭ་གྱོན། དེ་ཡང་རྒན་རབས་ཚོས་ཞྭ་དཔངས་ཅུང་མཐོ་བ་སྣེ་མདུན་རྒྱབ་གཉིས་ཆུང་ལ་གཡས་གཡོན་གཉིས་ཆེ་ཙམ་ཡིན་པའི་ཞྭ་སྣེར་དགུན་དུས་པགས་པ་དང༌། དབྱར་དུས་གྲུའུ་ཙེ་བཏང་བའི་རྒྱ་སེའི་སྐེད་འཆིང་སོགས་མེད་པའི་གོས་ཆེན་ནག་པོ་འཇམ་སེང་གི་རྒྱབ་ཤ་ཅན་བྱུ་རུ་ཆུང་ཆུང་མང་པོར་དྲུག་བཅིངས་བཟོས་པའི་ཏོག་ལྡན་ཞིག་གྱོན་པ་ཡིན།

ན་གཞོན་ཚོས་ཕྱིང་པའི་པགས་ཞྭ་རྒྱ་སེའི་སྐེད་འཆིང་དང༌། གསེར་སྐུད་ཀྱི་པན་ཀྱོག་ཡོད་པའི་ཞྭ་སྣེ་ཆེ་བ་གཅིག་མདུན་དུ་བསྟན་ཅིང༌། ཞྭ་སྣེ་རྒྱབ་མ་ནང་དུ་ལྟེབས་ནས་གྱོན། རྒན་གཞོན་ཇི་ལྟར་ཡང་རང་ལ་འབྱོར་འཁོས་ཡོད་ན་མཐེ་བོང་གཡོན་པར་ཛུལ་དང་བ་སོ་སོགས་ཀྱི་ཤ་ཀྲད་དང༌། སེན་མཛུབ་གཡོན་པར་གསེར་གྱི་ཚིགས་ཁེབས་དང༌། མཛུབ་དཀྲིས་གྱོན་པ་སོགས་བྱེད། དེ་བཞིན་ཐ་མག་གང་ས་འཐེན་མཁན་གྱིས་ཛུལ་གྱི་བཅུད་རྩི་དང༌། གང་ཕོར་ཡང་དངུལ་བྱེད་པ་དང༌། སྐྱ་སེར་སྣ་ཐག་འཐེན་མཁན་གྱི་སྣ་རུ་ཛུལ་དང༌། མ་ནུ་ཧོག ཧྲུལ་ཅིང་སོགས་བྱེད།

བུད་མེད་ཚོས་སི་ཤན་ཚོས་ཚོགས་ཀྱི་སྐྲ་གཞུག་སྒར་བའི་ལྕང་ལོ་གཉིས་རྒྱབ་ཏུ་གློད། འབུ་རས་དང༌། རས་སོགས་ཀྱི་སྨད་གཡོག་དང༌། གྲུའུ་ཙི་སོགས་ཀྱི་འོག་འཇུག དབྱར་ཁ་ཕྱུ་པ་ཕུ་མེད་དང༌། དགུན་ཁ་ཕྱུ་པ་ཕུ་ཡོད་གྱོན། འོག་འཇུག་གི་སྟེང་ཕོ་ཁེབས་ཞེས་རྒྱ་སེའམ་གོས་ཆེན་ཚོན་ཁྲ་གྲུ་བཞི་ཞིག་གིས་གཤམ་ཆར་གོས་ཆེན་ནམ་རས་ཀྱི་འཐུད་ཅན་ཞིག་བྲང་དུ་བཅིངས། ཕྱུ་པའི་གཤམ་ཆ་ལྷམ་མགོར་སླེབས་ཙམ་འཇོལ་འཇོལ་གྱི་རྒྱབ་ཏུ་སྐེད་ཟུར་གཉིས་སྟོན་པའི་སྐེད་རགས་བཅིངས་པའི་སྟེང་ཁ་བཅིངས་ཞེས་གྲུའུ་ཙིའི་སྐེད་རགས་ཤིག་ལེབ་ལྟེབས་སུ་དཀྲིས། མདུན་དུ་པང་གདན་ཁྲ་བོ་བཅིངས། ལྷམ་ཟོམ་པ་གྱོན། ༼སྐྱེས་པ་ཕོ་ཟོམ་དང་བུད་མེད་ཀྱིས་གྱོན་པའི་མོ་ཟོམ་ལ་བཟོ་ལྟ་དང༌། ཕར་ཕྱིན་སོགས་ཀྱི་ཁྱད་པར་ཡོད།༽ རྣ་བར་དེ་སྔ་གཡུ་ཆུང་རེ་འདོགས་ཀྱི་ཡོད་སྐད་ཀྱང༌། ཕྱིས་སུ་ཁྲ་སྣ་ཚོགས་དང་གསེར་གྱི་རྣ་རྒྱན་འདོགས་སྲོལ། ལོ་རབས་སུམ་ཅུ་པའི་འགོ་ཙམ་བར་བུད་མེད་ཚོས་ལག་པ་གཡས་པར་དུང་དཀར་ ༼གཡས་དུང་ཟེར།༽ ཞིག་གྱོན་སྲོལ་ཡང་ཕྱིས་དེ་མི་གྱོན། རྒྱུན་དུ་རྣ་རྒྱན་དང༌། སྐེ་ཕྲུག ལག་གདུབ། སོར་གདུབ་སོགས་གྱོན་རྒྱུར་དགའ་པོ་བྱེད།

གཟབ་མཆོར་སྤྲོད་སྐབས་གཡུ་བྱུར་གྱི་སྤ་ཕྲུག་དང༌། སྐྲ་ལན་རྩེ་གསེར་གྱི་ཨ་སྒོར་གཡུ་ཁྲ་ཅན། སྐེ་རྒྱན་གསེར་གྱི་གའུ་ཕྲ་ལྡན་གཟི་བྱུར་མུ་ཏིག་གི་བཀག་བཅད་ནང་འཁྱིག་དང་བཅས་པ། བྲང་སྟེང་གཡས་སུ་མུ་ཏིག་དང༌། ཛུལ། གཟི་ཕྲུག་སོགས་ཀྱི་འཕྲུལ་འཕྲུལ། ལན་རྩེ་ལན་བུ་གཉིས་ཀྱི་སྐྲ་གཞུག་སྒྱིད་གུག་གྲོལ་ཙམ་དུ་སླེབས་པ་དེའི་སྐེད་པའི་མཚམས་སུ་སྐྲ་འཁྱིག་ཅེས་མུ་ཏིག་གི་ཆུན་པོར་གཡུ་བྱུར་གྱི་བརྒྱན་པ་ཞིག་བཅས་བཏགས། གོང་གསལ་བུད་མེད་ཀྱི་རྒྱན་གོས་དེ་ནི་གྲོང་མི་སྤྱིར་བཏང་བའི་ཡིན་པ་ལས་མི་དྲག་ཚོའི་ལྕམ་གྱི་རྒྱན་གོས་རྒྱས་སྤྲོས་ཆེ་བ་རྣམས་མིན།

མི་དྲག་ཚོའི་ལྕམ་གྱི་རྒྱན་གོས་གཟབ་གྱོན་ལྟ་བུར་རགས་ཙམ་བརྗོད་ན༑ རྒྱ་སེའམ་རྒྱ་འདྲའི་ཕྱུ་པ་ཕུ་ཡོད་ ༼དབྱར་དགུན་ཁྱད་མེད།༽ རྒྱ་འདྲའམ་སྐྱིན་ཁེབས་ཀྱི་སྟེང་བརྩེགས། པང་གདན་འཛར་པང༌། ལྷམ་རྟ་ཟོམ། སྐེ་རྒྱན་གའུ་སོགས་གོང་མཚུངས་ཐོག ཛུལ་གྱི་སྐེ་ཕྲེང་མུ་ཏིག་གི་ཡར་འཐེན་ཅན། ལན་རྩེ་དང༌། ཨ་སྒོར་སྤྱི་མཚུངས་སུ་མུ་ཏིག་སྤ་ཕྲུག་སྟེང་གཡུ་ཐག་པ་ཞེས་མུ་ཏིག་གི་དྲ་བ། སྐེད་རྒྱབ་སྐྲ་འཁྱིལ་ལ་ནོར་བུ་དགའ་འཁྱིལ་ཞེས་གསེར་གྱི་ཚོམས་ལ་གཡས་གཡོན་དུ་མུ་ཏིག་དྲ་བ་ཅན། མདུན་འཆིང་སྡིག་ར་གློ་ཕྲེང་སོགས་རིན་ཆེན་སྣེ་མང་གི་རྒྱན་ཆ་འདོགས་པ་དང༌། སྒལ་རྒྱབ་ཏུ་གོས་གཟན་རིན་ཆེན་སྣ་ལྔ་ཞེས་གོས་འཇའ་སྒྲིག་གི་གཟན་གྱོན། སྟེང་བརྩེགས་མ་གྱོན་ན་སྤ་སྤྲུག་སྟེང་རྩེ་གཡུ་ཐག་པ་དང༌། སྐྲ་འཁྱིག་ནོར་བུ་དགའ་འཁྱིལ། རྒྱབ་གཟན་རིན་ཆེན་སྣ་ལྔ༌། མདུན་འཆིང་སྡིག་ར་གློ་ཕྲེང༌། ལྷམ་རྟ་ཟོམ། པང་གདན་འཛར་པང་སོགས་མི་དགོས་པར་སྐྲ་འཁྱིལ་དང་པང་གདན་ཁྲ་ཁྲ། ལྷམ་ཟོམ་པ་སོགས་བུད་མེད་སྤྱི་མཚུངས། གཞན་ཡང་རྒྱན་གོས་དེ་ལས་རྒྱས་པ་ཡོད་ཀྱང་ཡིག་ཚོགས་ཆེ་བས་འདིར་མ་བྲིས།

གནའ་དུས་སུ་སྐྱེས་པའམ་བུད་མེད་གང་ཡིན་རུང་ལུས་ཀྱི་སྨད་དུ་གོས་ཞེས་དར་གོས་དང་སྣམ་ཐེར་གང་རུང་ནག་པོ་ཞིག་ལ་སུལ་མང་པོ་ཡོད་པ་སྐྱེས་པས་འཛབ་ཐུང་ལ་བུད་མེད་ཚོས་འཛབ་རིང་པོ་ཞིག་གྱོན། སྟོད་དུ་ཕུ་སྟོད་ཅེས་དར་གོས་སམ་སྣམ་བུ་ཚོས་ཚོགས་སྒྲིག་པའི་སྟོད་གོས་ཕུ་ཐུང་ཆེ་བ་ཞིག་གི་ནང་གྱོན་འོག་འཇུག་གོང་བ་དང༌། ཕུ་ཐུང་གི་སྣེ་མོ་ཚོས་སྣ་ལྔ་ལྡན། ལྷམ་རྡོག་གཅིག་མ་རྩེ་སྙུང་འགོ་སྣམ་མམ་སྣམ་བུ་དམར་ལྗང་གི་བོལ་ཅན་ཡུ་རིང་ཞིག་གྱོན་པའི་ཉྭ་རྩེར་ལྷམ་སྒྲོག་ཁྲ་ཁྲ་སོགས་བཅིངས། བུད་མེད་ཚོས་པང་གདན་སྣེ་འཛར་ཅན་བཅིངས་ཐོག སྟེང་རྩེགས་ཕུ་མེད་གྱོན། སྐྱེས་པ་ཚོས་རྣ་རྒྱན་ཀོང་རྣ་པན་རྡོག་ཅེས་གསེར་དངུལ་རག་གསུམ་གང་རུང་ལ་གཡུ་ཆུང་དུ་མའི་ཕྲ་སྦྱར་བ་གཡས་ངོས་ལེབ་མོ་སྒོར་དབྱིབས་རྩེ་མོ་གྱེན་བལྟས་སྙུང་ཙམ་ཞིག་དང༌། གཡོན་ངོས་རིལ་བུ་རྩེ་སྙུང་ཐུར་བལྟས་འཛར་ལོ་ཅན་ཞིག་བཏགས། མགོ་བོར་སྦ་རིལ་ཞེས་རས་དཀར་པོ་སྦོམ་ཕྲ་སྦུ་དབྱུག་ཙམ་སྒོར་མོ་ཕྱོགས་བཞིར་རས་དམར་སེར་གྱི་འཇའ་སྒྲིག་ཅན་གྱིས་སྐྲ་མནན། སྐེད་པར་གྲི་གཟེར། མཐེ་བོང་གཡོན་པར་བ་སོ་སོགས་ཀྱི་ཤ་ཀྲད་གྱོན་པ་སོགས་བྱེད།

བུད་མེད་ཚོས་སྐྲའི་ལན་བུ་རྒྱབ་ཏུ་དཔྱང༌། རྣ་བའི་ཐད་གྲུམ་འཛར་ཞེས་གསེར་དངུལ་རག་སོགས་གཡུ་ཕྲ་ཅན་ཞིག་བཏགས། སྐེ་ལ་གའུ་དང༌། གཡུ་བྱུར། སྤོས་ཤེལ་སོགས་གྱོན། ཕྲུག་དམར་པོའི་སྐྲ་གནོན་སྦ་རིལ་ཁ་གཡུ་བྱུར་གྱིས་བརྒྱན་པ་ཞིག་མགོ་བོར་གྱོན་པ་ནི་ཕྱིའི་དུང་ཕྱུག་ཅེས་པ་དེ་ཡིན། བུ་མོ་ལོ་བཅོ་ལྔ་ཙམ་དུ་མ་སླེབས་བར་སྐྲ་ལྕང་ལོ་གཅིག་ལས་མི་རྒྱག་པ་དང༌། པང་གདན་ཡང་བཅིངས་ཀྱི་མེད། ལོ་རབས་སུམ་ཅུ་པའི་རྗེས་ཙམ་བར་བུ་མོའི་ལྕང་ལོའི་ཐོག་སྟག་འཛར་ཞེས་གཡུ་བྱུར་སྤེལ་མ་ཞིག་སྒར་བ་དེ་སྤ་ཕྲུག་བཟོ་དམིགས་ཡིན་འདུག་ཀྱང་རྗེས་སུ་ལྟག་འཛར་སྒར་སྲོལ་མེད། སྤ་ཕྲུག་དངོས་སུ་གཡོག་པ་ནས་སྐྲ་ལན་བུ་གཉིས་ལྷས་ཏེ་པང་གདན་བཅིངས་ཀྱི་ཡོད་པ་བཅས་མདོ་ཙམ་ལགས་སོ།།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དངོས་གནས་ལེགས་པོ་འདུག ལོ་རྒྱུས་རིག་གནས་ཐད་ནས་རིན་ཐང་ཆེན་པོ་འདུགང་ལ་ལྷ་སའི་ལོ་རྒྱུས་དང་དཔྱད་གཞིའི་ཐད་ནས་དྲི་བ་མང་པོ་ཞིག་འདུགམཁས་དབང་ཉིད་ལ་ཕྲན་གྱིས་ག་རེ་བྱས་ནས་འབྲེལ་བ་བྱས་ཆོག་གམ།
ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།