ལྷ་སའི་གནམ་ས་གཉིས་ཀྱི་ཁྱད་ཆོས་དང༌། ཕྱོགས་མཚམས་ཀྱི་རྒྱུད།

ལེའུ་གཉིས་པ། ལྷ་སའི་གནམ་ས་གཉིས་ཀྱི་ཁྱད་ཆོས་དང༌། ཕྱོགས་མཚམས་ཀྱི་རྒྱུད་ངོ་སྤྲོད།

བཅུ་གཅིག ལྷ་ས་གྲོང་ཁྱེར་གྱི་ས་དཔྱད།

དེ་ཡང༌། བཀའ་ཆེམས་ཀ་ཁོལ་མ་ལས། ཨོང་ཅོས་སྤོར་ཐང་ཁྲ་བོ་བཏིང་ནས་ས་དཔྱད་ལེགས་པར་བལྟས་ཏེ། སའི་དཔྱད་འདི་ལ་བྱེད་པ་བརྒྱ་བརྩ་བརྒྱད། བརྟག་པ་དགུ་བཅུ་ཐམ་པ། ནོར་ལ་བདུན་ཅུ་དོན་གཉིས། སའི་དགྲ་ངོས་ཟིན་པ། དེ་བཟློག་པའི་ཐབས་དགོས་པས། དེ་དག་ཐམས་ཅད་བསྡུ་ན་སྐྱེ་བོ་མང་པོ་འདུ་བས་བདག་རྒྱལ་པོའི་ཕོ་བྲང་གི་ས་དང་གཅིག འཕགས་པའི་དགེ་འདུན་མང་པོ་འདུ་བ་གཙུག་ལག་ཁང་གི་ས་དང་གཉིས། དྲང་སྲོང་འབྱུང་བའི་གནས་འབྲོག་དགོན་པའི་ས་དང་གསུམ། རེ་ཞིག་བདེ་བར་སྤྱོད་པ་སྐྱེ་བོ་ཕལ་པའི་ས་དང་བཞི། ཅུང་ཞིག་གནས་པ་བས་མཐའི་ས་གཏན་ལ་དབབ་པ་དང་ལྔའོ།།

ད་རེས་འདིའི་དབང་དུ་བྱས་ན་ཡོན་ཏན་བརྒྱད་དང་ལྡན་པ་རྒྱལ་པོའི་ས་གཏན་ལ་འབེབས་དགོས། དེའི་མགོ་འདོན་པ་ལ་སྐྱོན་བཟློག་དགོས། དེ་ཡང་ལྷ་སའི་ཕྱོགས་བཞིའི་རི་རྒྱབ་ན། ཤར་ན་རི་པདྨ་སྤུངས་པ་འདྲ་བ་ཡོད། ལྷོ་ན་རིན་པོ་ཆེ་འདྲ་བ་ཡོད། ནུབ་ན་རི་མཆོད་རྟེན་བརྩིགས་པ་འདྲ་བ་འདུག བྱང་ན་པདྨ་ཁ་ཕྱེ་བ་འདྲ་བ་འདུས་པས་ས་ཕྱོགས་དེར་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་གཟུགས་སྐུ་གདུང་རིང་བསྲེལ་ལ་མཆོད་པ་རྒྱས་ཤིང་ཡུན་རིང་དུ་འབྱུང་བའི་རྟགས་ཡིན།

དེའི་ནང་ཁོངས་ན་བཀྲ་ཤིས་རྟགས་བརྒྱད་ཡོད་དེ། བྱང་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ལྟ་བུ་འདྲ་བའི་རི་ཡོད། ཤར་གྱི་གདོས་པའི་རི་བྲག་ལ་སྤྱན་ལ་ཉ་འདྲ་བའི་རི་ཡོད། ལྷོའི་ལྡོང་བཙན་རི་ལ་གསུང་འབུད་དུང་འདྲ་བ་ཡོད། རྫོང་བཙན་རི་ལ་ལྗགས་ལ་པདྨོའི་ལོ་འདབ་འདྲ་བ་ཡོད། གྲིབ་རྫོང་གི་བྲག་ལ་མགུལ་ལ་བུམ་པ་འདྲ་བའི་རི་ཡོད། སྒོ་ཕུ་ན་ཐུགས་དཔལ་བེའུ་འདྲ་བ་ཡོད། ནུབ་བྱང་ཕུ་ན་སྐུ་ལུས་རྒྱལ་མཚན་འདྲ་བ་ཡོད། སྟོད་ལུང་མདའ་ན་ཕྱག་ཞབས་འཁོར་ལོ་འདྲ་བ་རྣམས་ཡོད་དོ།།

ས་ལ་པདྨ་འདབ་བརྒྱད་འདྲ་བར་ཡོད། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད་པ་དེ་ནི་ས་ཕྱོགས་འདིར་ཡོན་ཏན་ཐམས་ཅད་འབྱུང་བའི་རྟགས་ཡིན། གཞན་ཡང་གཏེར་ཁ་རང་བྱུང་བཞི་ནི། དོག་སྡེ་ར་གའི་བྲག་ལ་རིན་པོ་ཆེ་ཟངས་ཡོད། དོག་སྡེ་སྒོ་ཕུ་ན་ལྕགས་ཡོད། ལ་དོང་གི་རི་ལ་དངུལ་ཡོད། ལྕགས་ཁ་རི་ལ་གསེར་ཡོད། འོ་ཐང་གི་མཚོ་འདི་ལ་ཤར་ན་སྟག་སྐྱ་བོ་ཡོད། ལྷོ་ན་འབྲུག་སྔོན་པོ་ཡོད། ནུབ་ན་བྱ་དམར་མོ་འདྲ་བའི་རི་ཡོད། བྱང་ན་རུས་སྦལ་ནག་པོ་འདྲ་བ་ཡོད། དེ་བཞི་ནི་གཙུག་ལག་ཁང་གི་ལྷ་བཞི་ཚང་བ་ཡིན། དེ་ཚོའི་ཐད་ཀ་ནས་ས་དགྲ་རེ་རེ་ཟུག་ཡོད་པས། དེ་ཚོ་བཟློག་པའི་ཐབས་ཤེས་དགོས་པ་ཡིན་ནོ།།

བོད་ཀྱི་ཡུལ་འདི་སྲིན་མོ་གན་རྒྱལ་དུ་སྒྱེལ་བ་འདྲ། ལྷ་སའི་མཐིལ་འདི་སྲིན་མོའི་སྙིང་ཁ་འདྲ་བ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་འདྲ་བར་མཁྱེན། དམར་པོ་རི་དང་ལྕགས་ཁ་རི་གཉིས་སྟག་དང་སེངྒེ་གཉིས་མཇུག་མ་སྦྲེལ་བ་འདྲ་བ་འདི་སྲིན་མོའི་གནོད་སེམས་ཡིན་པར་མཁྱེན། ར་མོ་ཆེ་ཀླུའི་ཕོ་བྲང་དུ་མཁྱེན། བྲག་ལྷ་ན་མ་མོའི་ཉལ་ཁང་ཡོད། གྲིབ་ཕུ་ནས་ཉང་བྲན་གྱི་བར་ལ་ཀླུ་བཙན་གྱི་རྒྱུ་སྲང་ཡོད། དཀར་ཆུང་ཟླ་བ་ཚལ་ན་འདྲེ་དང་ཐེའུ་རང་གི་འདུན་མ་བྱེད་པའི་ས་ཡོད། ཤར་ན་སྲིན་མོ་ལངས་པ་འདྲ་བའི་ས་དགྲ་ཡོད། ངན་ལམ་གྲོན་པ་རི་ཡོད། ལྷོ་ན་སྡིག་པ་ནག་པོ་གཟན་ལ་རུབ་པ་འདྲ་བ་དཀར་ཆུང་ཡུག་མའི་རི་ལ་ས་དགྲ་ཡོད། ནུབ་ན་ཤུན་གྱི་བྲག་རེའུ་རྩེ་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། བྱང་ན་ཉང་བྲན་དང་དོར་ཏེའུ་ ༼དོག་སྡེའི།༽ བར་གྱི་རི་ལ་གླང་པོ་ཆེ་གཡུལ་དུ་ཞུགས་པ་འདྲ་བའི་ས་དགྲ་ཡོད། སའི་ཡོན་ཏན་བརྒྱད་ནི། ས་ལ་པདྨ་འདབ་བརྒྱད། གནམ་ལ་འཁོར་ལོ་རྩིབས་བརྒྱད། ལོགས་སུ་བཀྲ་ཤིས་རྟགས་བརྒྱད་ཡོད་དོ།།

དང་པོར་སའི་བཅོས་བྱེད། འདྲེའི་མུན་ཁུང་ཤིག་བཙན་གྱི་རྒྱུ་སྲང་དུ་མཆོད་རྟེན་དཀར་པོ་བརྩིགས། ནུབ་བྱང་མཚམས་ལྕགས་ཁ་རི་ལ་མ་མོའི་ཉལ་ས་ཡོད་པས་དེ་ལ་བྲག་ལྷ་མགོན་པོ་བཞེངས། ཀླུའི་འཇིགས་གཟུགས་ཀྱི་ཕོ་བྲང་ཇོ་བོས་མནན་ནས་ཡོད། ཤར་བྱེ་མ་ལུང་སྟོང་ན་སྲིན་མོ་ནག་པོ་འདོམས་བཟེད་པ་འདྲ་བ་ཡོད། དེ་ལ་དབང་ཕྱུག་ཆེན་པོའི་ལིངྒ་ཚུགས། གཞན་ཡང་ཆུ་སྲིན་ལ་དུང་ཁ་སྟོན། སྡིག་པ་ལ་བྱ་ཁྱུང་སྟོན། བདུད་ནག་པོ་བྱ་ར་བྱེད་པ་ལ་བར་ཆུའི་ཁར་མཆོད་རྟེན་དམར་པོ་རྩིགས། གླང་པོ་ཆེ་ལ་སེངྒེ་སྟོན། དེ་རྣམས་གྲུབ་པ་དང་འཕན་ཡུལ་ནས་ར་དཀར་མོ་ལ་ས་སྐྱོས་ལ་མཚོ་བསྲུབས་ལ་ལྷ་ཁང་རྩིགས་ཤིག་ཅེས་ལྷ་ཅིག་རྒྱ་བཟའ་ཀོང་ཇོས་ས་དཔྱད་རིན་ཆེན་སྤུངས་པ་ལས་ཇི་སྐད་གསུངས་པ་ལྟར་རོ།།

གཞན་ཡང་ཀ་ཆེམས་ཀ་ཁོལ་མའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པ་དང་ཁ་བ་ཅན་གྱི་འདྲེ་སྲིན་བཏུལ་བའི་ལེའུ་ལས། རྒྱལ་པོ་ཆེན་པོའི་ཞལ་ནས་གཙུག་ལག་ཁང་རྩིག་པའི་ས་ཡུལ་རྒྱལ་པོ་ངའི་ས་ཆ་འདི་ལ་ས་ལ་པདྨ་འདབ་བརྒྱད་ཡོད། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད། ལོགས་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་དེ། ཡོན་ཏན་རེའི་སར་སྐྱོན་རེ་ཅིས་ཀྱང་ཡོད་ཀྱི་འདུག ལྷ་ས་འདིའི་བྱང་ཤར་ན་ཆུ་སྲིན་ནག་པོ་གནམ་ལ་ལངས་པ་འདྲ་བའི་ས་དགྲ་ཡོད། དེ་ལ་དུང་གི་ཁ་སྟོན། ཤར་དྲ་པོ་བྱེ་མ་ལུང་སྟོད་ན་སྲིན་མོ་འདོམས་བཟེད་པ་འདྲ་བའི་ས་དགྲ་ཡོད། དེ་ལ་དབང་ཕྱུག་ཆེན་པོའི་གསང་བའི་རྟེན་ཚུགས་ལ་སྟོན། ལྷོའི་གྲིབ་ཁ་སེར་ན་རུས་སྦལ་གཟན་ལ་ཟ་བ་འདྲ་བའི་རི་ཡོད། དེ་ལ་བྱ་ཁྱུང་གི་མཆུ་སྟོན་ལ་བཟློག ནུབ་ན་ཤུན་གྱི་རི་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེ་ལ་མཆོད་རྟེན་སེར་པོ་རྩིགས་པས་བཟློག བྱང་ཉང་བྲན་དང་དོར་ཏེའུ་བར་ན་རི་གྱད་ཆེན་གཡུལ་དུ་ཞུགས་པ་འདྲ་བའི་ས་དགྲ་ཡོད། དེ་ལ་རྡོའི་སེངྒེ་དཀར་མོ་ཚུགས་ལ་བཟློག རི་འདིའི་ནུབ་དགའ་ལྡན་གྱི་མཚོ་འགྲམ་ན་བཙན་གྱི་རྒྱུ་སྲང་ཡོད། དེ་མཆོད་རྟེན་དཀར་པོས་བཟློག ནུབ་བྱང་ལྕགས་ཁའི་རི་ལ་མ་མོའི་ཉལ་ས་ཡོད། དེ་མགོན་པོས་བཟློག བྱང་ན་ར་མོ་ཆེར་ནེའུ་ལ་ཀླུའི་ཕོ་བྲང་འཇིགས་གཟུགས་ཡོད་པ་དེ་ལྷ་ཤཱཀྱ་མུ་ནེས་མནན་ནས་ཡོད་ཅེས་གསུངས་དེ་དག་ཨོང་ཇོ་དང་མཐུན་ནོ།།

བཅུ་གཉིས། གནམ་ལ་འཁོར་ལོ་རྩིབས་བརྒྱད།

ལྷ་སའི་གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད་ཅེས་པ་ནི། བཀའ་གདམས་བུ་ཆོས་ལས། ལྷ་ས་གྲོང་ཁྱེར་གྱི་ལུང་པའི་ཁུལ་ཆ་བརྒྱད་དུ་གྱེས་པ་ལས། གནམ་གྱི་ཟུར་འཁོར་ལོ་རྩིབས་བརྒྱད་ལྟ་བུའི་བཟོ་དབྱིབས་ཐོན་པ་ཡིན་ཞེས་བཤད་ཅིང༌། དེ་ཡང་ལྷ་སའི་བྱང་ཕྱོགས་ཀྱི་ཐང་ཆེན་ཐོག་གན་རྐྱལ་དུ་ཉལ་ནས་མིག་གཉིས་ཀྱིས་གནམ་གྱི་བཟོ་དབྱིབས་ལ་བལྟས་པ་ན། གནམ་གྱི་ཟུར་འཁོར་ལོ་རྩིབས་བརྒྱད་ཀྱི་དབྱིབས་གསལ་པོར་མཐོང་ཐུབ་པར་བཤད།

ལྷ་ས་ཆགས་ཡུལ་འདིར་ཁྱད་འཕགས་ཀྱི་ས་བཀྲ་གཞན་དང་མི་འདྲ་བ་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང༌། ས་ལ་པདྨ་འདབ་བརྒྱད། རི་བོ་བཀྲ་ཤིས་རྟགས་བརྒྱད་སོགས་ཡོད་པ་ལས། འཁོར་ལོ་རྩིབས་བརྒྱད་ནི། ལུང་ཚན་བརྒྱད་གནམ་ཁ་ཤོ་བ་དེ་ཉིད་གདུགས་ཀྱི་ལྕགས་རྩིབས་ནང་བཞིན་ཕྱོགས་མཚམས་སུ་འཁེལ་བ་ལྟ་བུའི་དབྱིབས་འདྲ་བ་དང༌། ཡང་དེ་ལ།

གནམ་སྔོན་མོ་གཡུ་བྱའི་གདུགས་སུ་ཕུབ། །

རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། །

ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས། །

ཞེས་སོགས་གསལ་བའི་ས་དབྱིབས་དང༌། གནམ་དབྱིབས་ཟུར་བརྒྱད་རྩི་སྟངས་ནི། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་བ་ལྟར་ན། ༡ འཕན་པོའི་མདའ་སྟག་རྩེའི་ཕྱོགས་ཀྱི་བྱང་རི་དང་བྲག་དཀར་གྱི་ལྷོ་རི་གཉིས་བསྣོལ་མཚམས་མལ་གྲོ་བརྒྱུད་དུ་འགྲོ་བའི་ལམ་ཆེན་གྱི་ཐད་ཀར་ཟུར་ཅིག ༢ ཆོས་ལུང༌། ༣ སྒམ་པོ་ལུང༌། ༤ གྲིབ་རྣམས་ཀྱི་ལུང་པ་དང་རི་རྩེ་བསྣོལ་མཚམས་སུ་ཟུར་རེ་རེ། ༥ སྣེའུ་དང་སྟོད་ལུང་གཉིས་ཀྱི་བར་མཚམས་སུ་ཟུར་ཅིག ༦ ཆུ་ཤུར་ལམ་ཆེན་ལ་འགྲོ་བའི་གཞུང་རྒྱུད་དུ་ཟུར་ཅིག ༧ སྟོད་ལུང་གི་ལམ་ཆེན་དང་སྐྱོར་མོ་ལུང་གི་རྒྱབ་རི་བསྣོལ་མཚམས་སུ་ཟུར་ཅིག ༨ ཉང་བྲན་ཕུ་དང་དོག་སྡེའི་རྒྱུད་ཀྱི་རི་སུལ་གཉིས་ཀྱི་བསྣོལ་མཚམས་སུ་ཟུར་ཅིག་བཅས་ཟུར་བརྒྱད་ཡོད་པར་སྣང་ངོ༌།།

བཅུ་གསུམ། ས་ལ་པདྨ་འདབ་བརྒྱད།

ས་གཞི་པདྨ་འདབ་བརྒྱད་ནི། ལྷ་ས་གྲོང་ཁྱེར་ཆགས་སའི་ས་དབྱིབས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ་སྟེ། དེའི་རྩི་ཚུལ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས། དགའ་བཞི་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་སྟེང་ནས་ཕྱོགས་མཚམས་ཀྱི་ས་དབྱིབས་ལ་ཞིབ་ཏུ་བརྟགས་པ་ན། ལུང་པའི་སྲང་ཁ་དང་རི་བོ་རྣམས་བསྣོལ་བའི་མཚམས་དང༌། ལའི་འགྲུལ་ལམ་བཅས་ཀྱི་ཐོག་ནས་པདྨ་འདབ་བརྒྱད་ཀྱི་རྣམ་པ་གསལ་བར་འཆར་བ་སྟེ། དེ་ཡང༌། ༡ ཤར་ཕྱོགས་སྟག་རྩེ་ངོས་ཀྱི་བྱང་རི་དང་ལྷོ་བྲག་དཀར་གྱི་རི་གཉིས་བསྣོལ་མཚམས་མལ་གྲོ་ཕྱོགས་སུ་འགྲོ་བའི་ལམ་ཆེན་གྱི་ཐད་དུ་ཟུར་ཅིག ༢ ཆོས་ལུང༌། ༣ སྒམ་པོ་ལུང༌། ༤ གྲིབ་རྣམས་ཀྱི་ལུང་པ་དང་ལ་བཅས་ལ་ཟུར་རེ་རེ། ༥ ལྷོ་ནུབ་སྐྱིད་སྨད་ཀྱི་ཕྱོགས་སྣེའུ་དང་སྟོད་ལུང་གི་རི་བསྣོལ་མཚམས་ཆུ་ཤུར་ཕྱོགས་ཀྱི་ལམ་ཆེན་ཐད་དུ་ཟུར་གཅིག ༦ ནུབ་ཕྱོགས་སྟོད་ལུང་ནང་གི་ལམ་ཆེན་དང་སྐྱོར་མོ་ལུང་གི་རྒྱབ་རི་ཡབ་རི་བསྣོལ་མཚམས་སུ་ཟུར་གཅིག ༧ ནུབ་བྱང་ཉང་བྲན་གྱི་ཕུ་དང༌། ༨ དོག་སྡེ་གཉིས་ཀྱི་ལུང་ཤུར་དང་ལ་གཉིས་ལ་ཟུར་རེ་རེ་བཅས་ཟུར་བརྒྱད་པོ་དེ་ཡིན་ཞེས་གསུངས་སོ།།

བཅུ་བཞི། རི་ལོགས་བཀྲ་ཤིས་རྟགས་བརྒྱད།

གངས་ལྗོངས་ལྷ་ལྡན་གྲོང་ཁྱེར་ཆགས་ཡུལ་གྱི་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང༌། ས་ལ་པདྨ་འདབ་བརྒྱད། རི་ལོགས་བཀྲ་ཤིས་རྟགས་བརྒྱད་སོགས་ཕྱོགས་བཞིའི་ཁོར་ཡུག་ཏུ་བརྗིད་ཆགས་རི་བོས་ཡོངས་སུ་བསྐོར་བའི་ཁྲོད་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གསལ་བར་ཡོད་པའི་རི་བརྒྱད་ཡོད་པ་ནི། ༡ ཉང་བྲན་འཕན་དཀར་གྱི་རི་ལ་གདུགས་ཞེས་པ་ནི་སེ་ར་དགོན་པའི་ནུབ་ངོས་བཀྲ་ཤིས་ཆོས་གླིང་གི་རྒྱབ་རི་གདུགས་རི་ཞེས་ཡོངས་སུ་གྲགས་པ་དེ་ཡིན། ༼ཉང་བྲན་གྲོང་སྨད་ཀྱི་རྒྱབ་རི་ཕ་བོང་ཁ་དང་ཆུ་བཟང་གཉིས་ཀྱི་བར་དུ་ཡོད་པའི་རི་གདོང་གདུགས་ཀྱི་ཤམ་བུ་གསུམ་དང་ཏོག་བཅས་ཀྱི་བཟོ་དབྱིབས་ཅན་ནི་གདུགས།༽ ༢ མལ་གྲོའི་རི་ལ་གསེར་ཉ་ཞེས་པ་དེ་ནི། རྔ་ཆེན་ཁོངས་གཙང་རལ་གྲོང་ཚོའི་བྱང་ངོས་ནེ་ཆུང་རིའི་ལྷོ་ནུབ་ཀྱི་རི་ཟུར་ངོས་སུ་ཡོད། ༼མལ་གྲོང་རིའམ་རི་སྐྱའི་བྲག་ཉ་རིས་ཀྱི་དབྱིབས་ཅན་ནི་གསེར་ཉ། ལ་ལར་ར་ཁའི་བྲག་ལ་ཉ་ཞེས་འཁོད།༽ ༣ གདོང་དཀར་གྱི་བྲག་ལ་པདྨ་ཞེས་པ་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་གདོང་དཀར་གྲོང་ཚོའི་ནུབ་ཏུ་ཡོད་པའི་སྣུམ་མཛོད་ཀྱི་བྱང་ངོས་བྲག་རི་དེ་ཡིན་ཅིང༌། ༼དོག་སྡེ་རྭ་ཁ་བྲག་གི་རི་རྒྱུད་མེ་ཏོག་པདྨའི་དབྱིབས་གསལ་བར་དོད་པ་ནི་པདྨ། ལ་ལར་ཇོ་བོ་མདོ་མཁར་བ་གནས་པའི་ཤུན་གྱི་བྲག་ལ་པདྨ་ཞེས་འཁོད།༽ ༤ གྲིབ་ཀྱི་འཁྱགས་རོམ་ལ་དུང་ཞེས་པ་དེ་ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་གྲིབ་ཚེ་མཆོག་གླིང་གྲོང་ཚོའི་ཕུ་ཡི་རི་སྟེང་དུ་ཡོད། ༼ཕ་བོང་ཁའི་རྒྱབ་རི་སྲོང་བཙན་སྒམ་པོའི་ཞལ་འབག་ཏུ་གྲགས་པའི་རི་དབྱིབས་དུང་དཀར་གཡས་འཁྱིལ་གྱི་གཟུགས་དོད་པ་ནི་དུང་དཀར།༽ ༥ རྫོང་བཙན་རི་ལ་བུམ་པ་སྟེ་སྐྱིད་ཆུའི་ཟམ་ཆེན་གྱི་ལྷོ་ངོས་ཡོངས་གྲགས་སུ་བུམ་པ་རིར་འབོད་པ་དེ་ཡིན། ༼གྲིབ་རྫོང་བཙན་གྱི་རིའི་རྩེ་མོ་བུམ་པའི་གཟུགས་དབྱིབས་ཅན་ནི་བུམ་པ།༽ ༦ ཡུག་པའི་རི་ལ་དཔལ་བེའུ་ཞེས་པ་ནི། སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཁོངས་ར་མ་སྒང་གི་ལྷོ་ནུབ་སྤང་དང་བྱེ་མ་འདྲེས་པའི་རི་ངོས་སུ་ཡོད། ༼ལྷ་སའི་ལྷོ་ཕྱོགས་སྡིག་རག་གི་རྒྱབ་ཀྱི་ཡུག་མའི་རི་ཁ་ཤར་དུ་ལྟ་བའི་རྩེ་མོ་ལྔ་སྒྲོམ་གྱི་རྣམ་པར་ཐོན་པ་ནི་དཔལ་བེའུ།༽ ༧ འཕན་དཀར་གྱི་རི་ལ་རྒྱལ་མཚན་ཞེས་པ་དེ་ནི་སེ་ར་དགོན་པའི་རྒྱབ་རིའི་ངོས་སུ་ཡོད། ༼གདུགས་རིའི་བྱང་ཤར་ངོས་སུ་ཡོད་པའི་རྨོག་ལྕོག་ཟེར་བ་རི་དབྱིབས་རྒྱལ་མཚན་ཤམ་བུ་ཅན་དང་ཏོག་གི་རྣམ་པ་གསལ་བར་དོད་པ་ནི་རྒྱལ་མཚན།༽ ༨ བྲང་ཕུའི་བྲག་ལ་འཁོར་ལོ་ཞེས་པ་དེ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སྟག་ལུང་བྲག་གི་ཕུ་ལ་ཡོད། ༼སྟོད་ལུང་བྲང་ཕུའི་རིའི་ཉེ་འདབས་སུ་འཁོར་ལོའི་རྩིབས་རྣམས་བྲག་དང་རྩིབས་ཤུན་རྣམས་སྤང་གཤོང་དུ་ཡོད་པ་ཡོངས་གྲགས་སུ་ཧ་ལ་སྤང་ཁར་འབོད་པ་ནི་འཁོར་ལོ།༽ བཅས་ས་ཆ་དངོས་ཀྱི་འགྲམ་དུ་སླེབས་ན་ཧ་ཅང་འདྲ་ཤས་ཆེ་ལ་ལྷ་སའི་ཕྱོགས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་བཟོ་དབྱིབས་རང་བྱོན་དུ་གསལ་བའི་བཤད་ཚུལ་གྱི་རི་མོ་དེ་རྣམས་གསལ་པོར་མཐོང་རྒྱུ་ཡོད་དོ།།

མཆན། རི་དཔྱད་ངོས་འཛིན་ཚུལ་མི་འདྲ་བ་སྣ་ཚོགས་འདུག་པ་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་བ་རྣམས་ཤད་གུག་ནང་ཡིག་ཆུང་ཏུ་བཀོད་ཡོད།

བཅོ་ལྔ། ལྷ་སའི་ཉེ་འཁོར་གྱི་རི་ཆེན་བཞི།

དེ་ཡང་སྤོར་ཐང་རྩིས་ཀྱི་ལུགས་ལྟར། རྒས་མ་འཕྲེང་འགོའི་རི་ལ་ཤར་གྱི་སྟག་ཁྲ་བོ། སྐྱིད་ཆུ་ན་ལྷོའི་གཡུ་འབྲུག་སྔོན་མོ། ཤུན་གྱི་རི་ལ་ནུབ་ཀྱི་བྱ་དམར་པོ། ཕ་བོང་ཁའི་བྲག་ནི་བྱང་རུས་སྦལ་སེར་ ༼ནག་པོ༑༽ ཞེས་ངོས་འཛིན་མཛད་ཡོད་པ་དང༌། ཉང་དོག་དབར་སེ་རའི་རྒྱབ་རི་གླང་པོ་ཆེ་གཡུལ་དུ་བཞུགས་པ་ལྟ་བུ་སོགས་རི་དང་ས་དཔྱད་ཕུན་སུམ་ཚོགས་པ་རྒྱ་བཟའ་ཀོང་ཇོའི་རྩིས་སུ་གསལ་བ་རྣམས་ཕུད། ལྷ་སའི་ཉེ་འཁོར་གྱི་རི་ཆེན་བཞི་ནི། ཇོ་མོ་ཟེ་རི་དང༌། སྨིན་དྲུག་རྫ་རི། བུམ་པ་རི། དགེ་འཕེལ་རི་བཅས་ལས། ཀ༽ ཇོ་མོ་ཟེ་རི་ནི། ལྷ་སའི་བྱང་ཤར་གྱི་མཚམས་སུ་ཡོད་པའི་རྫ་རི་སྨུག་པོ་ཟུར་གསུམ་ཇོ་མོ་ཟེ་ཟེ་དང༌། གར་པའི་ཇོ་མོ་ཟེ་ཟེ་ཡང་ཟེར་ལ། དེ་ནི་ལྷ་སའི་ཤར་ཕྱོགས་གར་པ་གྲོང་ཚོའི་རྒྱབ་རི་དེ་ཡིན། ཤར་ཕྱོགས་ནས་སྐྱིད་ཆུའི་བྱང་ངོས་བརྒྱུད་ནས་ལྷ་སར་ཡོང་སྐབས་རི་འདིའི་རི་སྣ་སྒྲོལ་མཚམས་ལྷ་ས་གྲོང་ཁྱེར་དང༌། པོ་ཏཱ་ལའི་ཕོ་བྲང་མཇལ་གྱི་ཡོད་ལ༑ ཤར་ལྷོར་རི་ཆེན་ཇོ་མོ་ཟེ་ཟེ་ཞེས་གནས་བརྟན་མི་ཕྱེད་པའི་བཞུགས་གནས་གངས་ཅན་གྱི་རྒྱལ་པོའི་རྗེས་མཐུན་ནམ་བསྟན་སྐྱོང་རྡོ་རྗེ་གཡུ་སྒྲོན་མའི་གནས་རིར་གླེང་བའི་རྫ་རི་ཟུར་གསུམ་བརྗིད་ཆགས་པ་དེ་ཡིན་ཏེ། གནས་སྒོ་གདོང་བཙུན་དགོན་ནི་ལྷ་སའི་ཁྱད་དུ་འཕགས་པའི་རི་བཞིའི་ཡ་གྱལ་བྱང་གི་པདྨ་ཁ་བྱེ་བ་དང་འདྲ་བ་ཞེས་པ་མཁར་རྡོ་བྲག་རི་དང༌། ཤར་དུ་གནས་ནང་ཟངས་མདོག་དཔལ་རི་ཞེས་རི་རྩེ་བྲག་ལ་རི་གཤམ་སྤང་ཅན། ཤར་ལྷོར་རི་ཆེན་ཇོ་མོ་ཟེ་ཟེ་བཅས་རི་གསུམ་གྱི་འདབས་སུ་གནས་ཡོད་པས་རྟོགས་པར་གྱུར།

ཁ༽ སྨིན་དྲུག་རྫ་རི་ནི། ལྷ་ས་སྐྱིད་ཆུའི་ལྷོ་ངོས་སུ་ཡོད། ག༽ བུམ་པ་རི་ནི་ལྷ་སའི་མཐའ་སྐོར་གྱི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་ནང་ཚན་ཆོས་རྒྱལ་གྱི་བླ་རིར་གྲགས་པ་བུམ་པ་རི་ཞེས་པ་དེ་ཡིན་ལ། དེ་ནི་རྫོང་བཙན་རི་ལ་བུམ་པ་སྟེ་སྐྱིད་ཆུའི་ལྷོ་ངོས་ཀུ་རུ་ཟམ་པའི་ཉེ་འགྲམ་གྱི་ཡོངས་གྲགས་བུམ་པ་རིར་འབོད་པ་དེ་ཡིན། ང༽ ནུབ་བྱང་ཕྱོགས་སུ་ཡོད་པའི་དགེ་འཕེལ་དབུ་རྩེ་ནི། འབྲས་སྤུངས་དགོན་ཆགས་ཡུལ་གྱི་རྒྱབ་རི་དེ་ཉིད་ཡིན་ཞིང༌། དགེ་འཕེལ་རི་ཁྲོད་ཀྱི་དགེ་མཚན་བརྗོད་པ་ལས། རི་དེ་ནི་གླང་པོ་ཆེ་ཐལ་དཀར་ཉལ་བ་འདྲ་བ་ལ་སྟེང་དུ་རིན་པོ་ཆེའི་ཕུང་པོའི་ཁུར་གྱི་བརྗིད་པ་ལྟ་བུ། གཡས་ཕྱོགས་ན་རི་དམག་དཔོན་རལ་གྲི་ཐོགས་ནས་ཕ་རོལ་གྱི་དམག་དཔུང་འཇོམས་པ་འདྲ་བ། ནུབ་རིའི་རྩེ་མོ་མཐོ་ཞིང་ཅུང་ཟད་སྙུངས་པའི་རྣམ་པ་ཅན་གྱིས་བཙུན་པོ་རིན་ཆེན་ཉེ་བར་མཚོན་པ་སོགས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རྒྱལ་སྲིད་སྣ་བདུན་གྱི་མཚན་མས་མཛེས་པ། ཁོར་ཡུག་ཏུ་རྩི་ཤིང་སྣ་ཚོགས་སྐྱེས་ཤིང་ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་བཟང་པོ་ལྷུག་པར་འབབ་པ། དེ་དག་གི་གསེབ་ན་ཡིད་དུ་འོང་བའི་འཇོལ་མོའི་གསུང་སྐད་སྒྲོག་པ། མདུན་ན་སྐྱིད་ཆུ་གཡུ་འབྲུག་སྔོན་མོའི་ཚུལ་དུ་འབབ་པ་དང༌། ལྷག་པར་དུ་དགེ་འཕེལ་རི་འདི་སྨ་རི་རབ་འབྱམས་བསྟན་སྐྱོང་རྡོ་རྗེ་གྲགས་རྒྱལ་མའི་བླ་རིར་གྲགས་ཤིང༌། རི་བརྒྱུད་སྟོད་གངས་དཀར་ཏི་སེ་དང་སྨད་ཤར་རྨ་ཆེན་སྤོམ་རའི་བར་འབྲེལ། དེར་མ་ཟད་ལྷ་ཀླུ་གཞི་བདག་དུ་མའི་གསང་སྒྲུབ་ཇི་སྙེད་གཅིག་གནས་ཡོད་སྐད། གཞན་ཡང་རི་དེའི་རྩྭ་ཆུ་བཟང་ཞིང་ལྟག་ཏུ་རྩྭ་ཀླུ་བདུད་རྡོ་རྗེ་དང༌། ཆུ་འགྲོ་བ་འདྲེན་པ་སོགས་ཡོད་པས་རི་དེའི་ལྡེབས་ཀྱི་བཞོན་མའི་འོ་མ་བཅུད་ཆེ་ཞེས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ནུབ་བྱང་ཕྱོགས་སུ་ཡོད་པའི་སྤང་བྲག་འདྲེས་པ་འཇམ་དབྱངས་དབུ་རྩེའམ་སེ་ར་དབུ་རྩེར་འབོད་པ་ཡང་དྲངས་འདུག་པ་བཅས་རི་བཞིར་ལྷ་སའི་རི་ཆེན་བཞི་ཞེས་འབོད་ཅིང་དུས་བཟང་རྣམས་སུ་བསངས་གཏོང་དར་འཛུགས་བྱེད་སྲོལ་ཡོད།

དེ་བཞིན་གར་རི་དགོན་བསམ་གཏན་གླིང་གི་རྒྱབ་རིར་སྒྲོལ་མའི་རང་བྱོན་དང༌། ཤར་རི་འཇམ་དབྱངས་ཀྱི་བླ་རི་དང༌། དེའི་འོག་གནས་བརྟན་བྲག་རི། ནུབ་རིར་བདེ་མཆོག་གི་ཕོ་བྲང༌། བབས་ཆུར་རྣལ་འབྱོར་མའི་གཟུངས་སྒྲ་སྒྲོག་པ་སོགས་གནས་རི་དང༌། རང་བྱོན། སྨན་ཆུ་སོགས་ངོ་མཚར་ཆེ་བ་མང་དུ་མཆིས་སོ།།

བཅུ་དྲུག ལྷ་སའི་ཕྱོགས་བཞིའི་ཁྱད་དུ་འཕགས་པའི་རི་བཞི།

ལྷ་སའི་ཕྱོགས་བཞིའི་ཁྱད་དུ་འཕགས་པའི་རི་བཞི་ནི། ནུབ་གཛཉིའི་སྟེང་དུ་དུང་ཕོར་བཞག་པ་ལྟ་བུ་དང༌། བྲང་ཕུའི་བྲག་ལ་འཁོར་ལོ། གདོང་དཀར་གྱི་བྲག་ལ་པདྨ། ཡུག་པའི་རི་ལ་དཔལ་བེའུ་བཅས་བཞི་ཡིན། ལྷ་སའི་མཐའ་སྐོར་གྱི་རི་བོའི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གསལ་བར་ཡོད་པའི་ནང་ཚན། ༡ ནུབ་ཏུ་གཛཉིའི་སྟེང་དུ་དུང་ཕོར་བཞག་པ་ལྟ་བུ་ཞེས་པ་དེ་སྟག་བྲག་རི་ཁྲོད་གནས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང༌། གནས་ཆུང་ཤང་ར་མོ་ཆེ་གྲོང་གི་ཉེ་འགྲམ་བྲང་ཕུའི་བྱང་ངོས་རི་སྟེང་དུ་ཡོད་པ་དེ་དང༌། ༢ བྲང་ཕུའི་བྲག་ལ་འཁོར་ལོ་ཞེས་གསལ་བ་ཡང་གོང་གསལ་དུང་གི་རི་མོ་ཡོད་པའི་ནུབ་ངོས་བྲག་ལྡེབས་སུ་ཁ་ཤར་ལ་བལྟས་ནས་ཡོད། ༣ གདོང་དཀར་གྱི་བྲག་ལ་པདྨ་ཞེས་པ་དེ་སྟོད་ལུང་གདོང་དཀར་གྲོང་ཚོའི་རྒྱབ་ཀྱི་རིའི་ལྡེབས་སུ་ཡོད། ༤ ཡུག་པའི་རི་ལ་དཔལ་བེའུ་ཞེས་པ་ནི་སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཁོངས་ར་མ་སྒང་གྲོང་ཚོའི་ལྷོ་ནུབ་ཀྱི་རི་ངོས་སུ་གསལ་བ་བཅས་འདི་བཞི་ལ་ལྷ་སའི་ཕྱོགས་བཞྀའི་ཁྱད་དུ་འཕགས་པའི་རི་བཞི་ཞེས་གྲགས་སོ།།

ཡང་ལྷ་སའི་ཁྱད་དུ་འཕགས་པའི་རི་བཞི་ཞེས་པ་ནི། ལྷ་ལྡན་གནའ་གྲོང་ཆགས་ཡུལ་གྱི་ཁོར་ཡུག་ཏུ་བརྗིད་ཆགས་རི་བོས་ཡོངས་སུ་བསྐོར་བའི་ཁྲོད་ནས་ཁྱད་དུ་འཕགས་པའི་རི་བཞི་དང༌། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཡོད་པའི་རི་བརྒྱད། ས་བཀྲ་ངན་པའི་རི་ལྔ། དེ་མིན་རི་ཆེན་བཞི་སོགས་ཡོད་པས་ལས། བཀའ་ཆེམས་ཀ་ཁོལ་མ་ལས། བོད་ཁ་བ་ཅན་གྱི་དབུས་དབུ་རུ་ཀྱི་ཤོད་ཀྱི་མཐིལ་ན་སྲིན་མོའི་སྙིང་ཁ་ན་འོ་ཐང་གི་མཚོ་ཡོད་པས་འདི་སྲིན་མོའི་སྙིང་ཁྲག་ཡིན་པར་ཤེས། རྒྱལ་པོའི་ཕོ་བྲང་སྲིན་མོའི་སྙིང་ཁར་ཤེས། རི་བོགས་ཆད་གསུམ་འདུག་པ་འདི་སྙིང་ཀའི་ནུ་མ་སྲིན་མོའི་སྲོག་རྩར་ཤེས། ཕྱོགས་བཞི་ན་རི་རུས་སྦལ་གྱི་གཟུགས་འདྲ་བ་རེ་འདུག་པ་ནི་སྲིན་མོའི་ཁ་རུ་ཤེས། དམར་པོ་རི་དང་ལྕགས་ཁ་རི་གཉིས་སེང་གེ་མཇུག་མ་སྦྲེལ་བ་འདྲ་བ་འདི་སྲིན་མོའི་གནོད་སེམས་སུ་ཤེས། རི་བོགས་ཆད་གཉིས་འདུག་པ་འདི་སྲིན་མོའི་སྙིང་གི་རུས་པ་ཡིན་པས་སེམས་ཅན་གྱི་སྲོག་ཟ་བ་ཡིན་པར་མཁྱེན། དེ་ནི་དམར་ལྕགས་གཉིས་ཡིན་ནོ།།

རི་དེ་གཉིས་རྒྱལ་པོ་སྲོང་བཙན་སྒམ་པོ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་དངོས་དེ་དང༌། བལ་བཟའ་ཁྲི་བཙུན་སྒྲོལ་མ་དཀར་མོ་ཁྲོ་གཉེར་ཅན་གྱི་སྐུ་དངོས་ཡིན། དེ་གཉིས་ཀྱི་ཕོ་བྲང་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་འདྲ་བ་དེས་གནོན་དགོས་པར་རྒྱལ་པོས་མཁྱེན་ནས་མནན་ཡོད་པ་ཡིན་ནོ། །དེའི་ཕྱོགས་བཞི་ན་རི་སྡིག་པའི་གཟུགས་འདྲ་བ་བཞི་ཡོད་པ་དེ་སྲིན་མོའི་འཁོར་ཡིན་པར་མཁྱེན། རི་སྣ་ཐམས་ཅད་དབུས་སུ་ཟུག་པ་དེ་ནི་ལྷ་སར་མི་སྤྱོད་ངན་ཇག་པ་ལ་སོགས་པས་ས་གཅིག་ཏུ་གང་བར་ཤེས། ས་གཞི་འདིའི་ཕྱོགས་བཞིའི་རིའི་རྒྱབ་ན། ཤར་ཕྱོགས་ན་པདྨ་སྤུངས་པ་འདྲ་བའི་རི་ཡོད། ལྷོ་ན་རིན་ཆེན་སྤུངས་པ་འདྲ་བའི་རི་ཡོད། ནུབ་ན་མཆོད་རྟེན་བརྩེགས་པ་འདྲ་བའི་རི་ཡོད། བྱང་ན་མན་ཛིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བའི་རི་ཡོད། དེ་ནི་ས་ཕྱོགས་འདིར་དད་པ་ཅན་མང་དུ་འོང་བར་ཤེས། མི་ཆེན་བསོད་ནམས་ཅན་མང་པོ་དང༌། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མང་པོ། བྱང་ཆུབ་སེམས་དཔའ་ཐོད་རྒལ་བ་རེ་རེ་དུས་དུས་སུ་ཡོང་བར་མཁྱེན། ཕྱོགས་བཞིའི་མི་རྣམས་ལོངས་སྤྱོད་ཐམས་ཅད་ནི་འདིར་འོང་བར་མཁྱེན། མཚོའི་སྟེང་དུ་ལྷ་ཁང་བརྩིགས་ན་བོད་འདིར་རང་བཞིན་གྱིས་ཡོན་ཏན་འབྱུང་ཞིང་རྒྱས་པར་ཤེས། ས་གཞི་པདྨ་འདབ་བརྒྱད་ལྟ་བུར་ཤེས། ལོགས་བཞི་ལ་བཀྲ་ཤིས་རྟགས་བརྒྱད། གནམ་ལ་འཁོར་ལོ་རྩིབས་བརྒྱད་རྣམས་སུ་ཤེས། དེ་རྣམས་ལྷ་སར་ཡོན་ཏན་འབྱུང་བའི་རྟེན་འབྲེལ་ཡིན། དེ་རྣམས་ལ་གནོད་པའི་དགྲ་ལྔ་ཡོད། དེ་རྣམས་བཟློག་པའི་ཐབས་ལྔ་དགོས་པར་འདུག ར་མོ་ཆེ་ན་ས་བདག་ཀླུའི་ཕོ་བྲང་འཇིགས་གཟུགས་ཡོད་པར་གཟིགས་ནས་དེ་ལྷ་ཅིག་ཨོང་ཅོང་ ༼ཀོང་ཇོ།༽ གིས་ངའི་གསེར་གྱི་ལྷ་ཤཱཀྱ་མུ་ནེས་གནོན་དགོས་པར་མཁྱེན་ནས། ལྷའི་ཕྱོགས་བཞིར་གསེར་ལྡན་གྱི་ཀ་བ་བཞི་བཙུགས་ཞེས་གསུངས་སོ།།

དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བཞིན་བརྗོད་ན། བོད་ཁ་བ་ཅན་གྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུར་འདུག་པ་ལས། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག དམར་ལྕགས་ཀྱི་རི་ ༼དམར་པོ་རི་དང༌། ལྕགས་པོ་རི།༽ འདི་སྙིང་ཁྲག་རུས་པའི་རྣམ་པར་འདུག་ནའང༌། མཚོའི་སྟེང་དུ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པ་དང༌། འདིའི་རྩེར་རྒྱལ་པོའི་ཕོ་བྲང་ཡོད་པས་ནོན་ཅིང༌། དེ་དག་གི་མཐའ་སྐོར་ན་ས་དཔྱད་སྐྱོན་ཡོན་གཉིས་ལས།

དང་པོ་ཡོན་ཏན་ནི། ༡ ཤར་དུ་མཆོད་སྡོང་བཙུགས་པ་འདྲ་བ་ཞེས་པ་དེ་ད་ལྟ་སྟག་རྩེ་རྫོང་གནས་ཡུལ་བདེ་ཆེན་གྲོང་རྡལ་གྱི་ནུབ་ངོས་རི་ཟུར་ནས་ཐད་དྲངས་པའི་ཤིང་ཚང་ཕུར་རྫ་རི་ཞིག་ཡོད་པ་དེ་ཡིན་པ་དང༌། ༢ ལྷོ་རིན་པོ་ཆེའི་མཆོད་རྟེན་འདྲ་བ་ཞེས་པ་དེ་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ར་མ་སྒང་གི་ཕུའི་རྫ་རི་དེ་རྣམས་ཡིན། ༣ ནུབ་ན་མཛྙིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བ་ཞེས་པ་དེ་སྟོད་ལུང་བདེ་ཆེན་རྫོང་ཁོངས་བྲང་ཕུ་སྟེ་སྟག་ལུང་བྲག་གི་བྱང་ངོས་རི་ལ་ཡོད། ༤ བྱང་ན་པདྨ་ཁ་ཕྱེ་བ་འདྲ་བ་ཞེས་པ་དེ་ལྷ་སའི་བྱང་ངོས་དོག་སྡེའི་ཁོངས་མཁར་རྡོའི་རི་ངོས་སུ་ཡོད་པ་བཅས་གོང་གསལ་རྣམས་ལ་ལྷ་སའི་ཁྱད་དུ་འཕགས་པའི་རི་བཞི་ཞེས་གསལ་ལོ།།

བཅུ་བདུན། གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་ཡོད་པའི་རི་བཞི།

དེ་ཡང༌། བཀའ་ཆེམས་ཀ་ཁོལ་མ་ལས། གཞན་ཡང་གཏེར་ཁ་རང་བྱུང་བཞི་ནི། དོག་སྡེའི་ར་གའི་བྲག་ལ་རིན་པོ་ཆེ་ཟངས་ཡོད། དོག་སྡེ་སྒོ་ཕུ་ན་ལྕགས་ཡོད། ལ་དོང་གི་རི་ལ་དངུལ་ཡོད། ལྕགས་ཁ་རི་ལ་གསེར་ཡོད་ཅེས་གསུངས་པ་ལྟར་ལྷ་སའི་ཉེ་འཁོར་གྱི་ལྕགས་ཁ་རི་དང༌། ཤུག་པ་གདོང༌། ར་ཁ་བྲག ཇོ་མོ་ཟེ་རྣམས་ལ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་ཡོད་པའི་ནང་ནས། ༡ ལྕགས་ཁ་རི་ནི་མིང་གི་དག་སྡེབ་ཀྱི་ཆ་ནས་ལྷ་ས་ལྕགས་པོ་རི་དང་མཚུངས་ཤས་ཆེ་བ་དང་གཅིག གཉིས་ནས་རིགས་གསུམ་མགོན་པོའི་བླ་རི་དམར་ལྕགས་བོང་གསུམ་གྱི་རི་གསུམ་ལ་གསེར་དངུལ་ཟངས་གསུམ་གྱི་གཏེར་ཁ་ཡོད་པར་གྲགས་པས་བྲག་ལྷ་ཀླུ་སྒུག་དགོན་གནས་ཡུལ་དཔལ་ཕྱག་ན་རྡོ་རྗེའི་བླ་རི་སེངྒེ་གནམ་དུ་མཆོངས་འདྲའི་ལྕགས་པོ་རི་དེ་ཡིན་པར་ངེས་ཏེ། དེ་ཉིད་ལས། ནུབ་བྱང་མཚམས་ལྕགས་ཁ་རི་ལ་མ་མོའི་ཉལ་ས་ཡོད་པས་དེ་ལ་བྲག་ལྷ་མགོན་པོ་བཞེངས་ཞེས་གསལ་བ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན་གྱི་རྟེན་གཙོར་ཇོ་བོ་བྲག་ལྷ་མགོན་པོ་བཞེངས་པ་ད་ལྟའང་མཇལ་རྒྱུ་ཡོད་པ་འདི་ཉིད་ཀྱིས་ཀྱང་རྟོགས་པར་ནུས་སོ།།

༢ ཤུག་པ་གདོང་ནི་དོག་སྡེའི་གདོང་དཀར་ཤུག་པར་འབོད་པའི་རི་དེ་ཡིན་ལ། ལྷག་པར་དེང་སྐབས་རྒྱ་མིས་དོག་སྡེའི་གདོང་དཀར་ཤུག་པའི་བརྒྱུད་དང༌། དེ་བཞིན་ཉང་བྲན་བྱེ་མ་གཤོང་ཀོའི་རྒྱུད་ནས་ཀྱང་དེང་སྐབས་ལྕགས་རྡོའི་གཏེར་ཁ་སྔོག་འདོན་བྱེད་མུས་ཡིན་པས་དངོས་ར་གསལ་འཕྲོད་པ་འདི་ཡིན།

༣ ར་ཁ་བྲག་ནི་སེ་ར་ཤར་དུར་ཁྲོད་ཆགས་སའི་བྱང་ངོས། ར་ཁ་བྲག་རི་ཁྲོད་གནས་ཡུལ་གྱི་རྒྱབ་རི་དེ་ཡིན་སྐད་དང༌། བཀའ་ཆེམས་ཀ་ཁོལ་མ་ལས། ངའི་ཡབ་གནམ་རི་སྲོང་བཙན་དེས་ཚེ་སྤོང་གི་རི་ལས་གསེར་རྙེད། ལ་སྟོའི་རི་ལས་དངུལ་རྙེད། ར་གའི་བྲག་ལས་ལྕགས་རྙེད་ཅེས་གསུངས་པ་ལྟར་རོ།།

༤ ཇོ་མོ་ཟེ་ཟེ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གར་པའི་ཇོ་མོ་ཟེ་ཟེ་ཞེས་འཁོད་པ་ལྟར་ལྷ་སའི་ཤར་ཕྱོགས་གར་པ་གྲོང་ཚོའི་རྒྱབ་རི་ལ་ཟེར་ཞིང༌། ཤར་ཕྱོགས་ནས་སྐྱིད་ཆུའི་བྱང་ངོས་བརྒྱུད་ནས་ལྷ་སར་ཡོང་སྐབས་རི་འདིའི་རི་སྣ་སྒྲོལ་མཚམས་གྲོང་ཁྱེར་དང༌། ཕོ་བྲང་པོ་ཏཱ་ལ་མཇལ་གྱི་ཡོད་པས་གསལ་པོར་ཤེས་ཐུབ།

གཞན་ཡང༌། ༡ ཤར་གྱི་སྟག་དགའ་གདོང་འོག་མ་ནི་རྔ་ཆེན་རི་ཟུར་དུ་ཡིན་སྐད། ༢ ལྷོ་གཡུ་འབྲུག་གཙང་ཆབ་སྟེ་ལྷ་ས་སྐྱིད་ཆུ། ༣ ནུབ་ཀྱི་བྱ་རྟི་བུ་གདོང་ནི་སྟོད་ལུང་བདེ་ཆེན་རྫོང་གནས་ཡུལ་གྲོང་རྡལ་གྱི་བྱང་ངོས་སུ་ཡོད་པའི་དགའ་གདོང་དགོན་པའི་རི་འདབས་སུ་ཡོད། ༤ བྱང་རུས་སྦལ་ཕ་བོང་ཁ་ནི་ཉང་བྲན་ཁོངས་བྱང་ངོས་རི་ལྡེབས་སུ་ཡོད་པའི་ཕ་བོང་ཁ་རི་ཁྲོད་དུ་ཡོད་པ་སོགས་ནི་ས་དཔྱད་བཟང་བའི་རི་བོ་རྣམས་ཡིན་ནོ།།

བཅོ་བརྒྱད། རིགས་གསུམ་མགོན་པོའི་བླ་རི་གསུམ།

དེ་ཡང༌། དབུ་རུ་ཤོད་ཆེན་གྱི་སའི་ལྟེ་བ་འོ་ཐང་གི་མཚོའི་འགྲམ་དེར་ཡུལ་ལྗོངས་ཉམས་དགའ་ལ། ས་གཞི་འཁོད་སྙོམས་པའི་དབུས་སུ་གཡས་གཡོན་གྱི་རི་རྒྱུད་གཞན་དང་མ་འདྲེས་པའི་ཐང་གི་དཀྱིལ་ན་རི་དེའུ་གཉིས་ཏེ༑ སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུའི་དམར་པོ་རི་དང༌། དཔལ་ཕྱག་ན་རྡོ་རྗེའི་བླ་རི་སེངྒེ་གནམ་དུ་མཆོངས་པ་ལྟ་བུའི་ལྕགས་པོ་རི་གཉིས་སྦྲེལ་བའི་རི་རྒྱུད་གཅིག་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བླ་རི་སྟག་མོ་ཚང་དུ་འཛུལ་བ་ལྟ་བུའི་བར་མ་རི་སྟེ་རི་ཆུང་ཁེར་རྐྱང་པ་གཉིས་བཅས་རི་འདི་གསུམ་ནི་དཔལ་རིགས་གསུམ་མགོན་པོའི་བླ་རིར་གྲགས།

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། ལྷ་ས་གྲོང་ཁྱེར་ནང་དམར་པོ་རི་སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུ་དེའི་སྟེང་དུ་རྒྱལ་པོའི་ཕོ་བྲང་བཞེངས་ན་ལེགས་པ་བཞིན་ད་ལྟའི་ཕོ་བྲང་པོ་ཏཱ་ལ་ཆགས་པའི་རི་འདི་ཡིན་པ་དང༌། ཕྱག་ན་རྡོ་རྗེའི་བླ་རི་སེངྒེ་གནམ་དུ་མཆོངས་པ་འདྲ་བ་ཞེས་པ་ནི་ཡོངས་གྲགས་སུ་ལྕགས་པོ་རིར་འབོད་པ་འདི་ཡིན་ཅིང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བླ་རི་སྟག་མོ་བྱེ་ཁུང་དུ་འཛུལ་བ་ལྟ་བུ་ནི་ཡོངས་གྲགས་སུ་བོང་བ་རི་སྟེ་ངོ་མར་བར་མ་རི་ཞེས་འབོད་པ་འདི་ཡིན། རྒྱ་བཟའ་གྱིམ་ཤིང་ཀོང་ཇོས་སྟག་རི་དང་སེང་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་བཅད་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་འཁོད་པ་ལྟར་ན། སྟག་རི་སེང་རི་མཇུག་མ་སྦྲེལ་བ་ཞེས་སེང་རི་ལྕགས་པོ་རི་དང་སྟག་རི་བོང་བ་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་བཅད་པ་དེར་གོ་དགོས། འདི་སྐོར་རྒྱས་པ་བྲག་སྒོ་ཀགཎིའི་མཆོད་རྟེན་གྱི་ལོ་རྒྱུས་བཤད་སྲོལ་སྐབས་གཟིགས་པར་འཚལ།

གཞན་ཡང་བོད་ཀྱི་རི་ཆེན་བཞི་ཞེས་གྲགས་པ་ནི། ལྷ་ས་ལྕགས་པོ་རི་དང༌། བསམ་ཡས་ཧས་པོ་རི། ལྕགས་ཟམ་ཆུ་བོ་རི། རྩེད་ཐང་མགོན་པོ་རི་བཅས་བཞི་དང༌། ལ་ལར་བོད་ཀྱི་རི་ཆེན་བཞི་ནི་རྩེད་ཐང་མགོན་པོ་རི་དང༌། བསམ་ཡས་ཧས་པོ་རི། ལྕགས་ཟམ་ཆུ་བོ་རི། གཙང་གི་ཕུང་པོ་རི་བོ་བཅས་བཞི་ཡིན་ཚུལ་གསལ་ཞིང༌། ལྷ་སར་རིགས་གསུམ་མགོན་པོའི་བླ་རི་དམར་པོ་རི་དང༌། ལྕགས་པོ་རི། བར་མ་རི་སོགས་རི་ཆུང་ཆུང་དག་ལ་ཆེན་པོའི་མིང་གིས་བརྒྱན་པའི་རི་ཆེན་ཞེས་གྲགས་པ་ནི་རི་བོ་དེ་དག་རིགས་གསུམ་མགོན་པོའི་བླ་རི་ཡིན་པས་རི་ཆེན་དུ་འབོད་པ་ཡིན་སྐད་དོ།།

བཅུ་དགུ། ལྷ་སའི་ས་བཀྲ་ངན་པའི་རི་ལྔ།

གངས་ལྗོངས་ལྷ་ལྡན་ནི་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང༌། ས་ལ་པདྨ་འདབ་བརྒྱད། ཕྱོགས་བཞི་བཀྲ་ཤིས་རྟགས་བརྒྱད། དབུས་སུ་རིགས་གསུམ་མགོན་པོའི་བླ་རི། ཁྱད་དུ་འཕགས་པའི་རི་ཆེན་བཞི། གཙུག་ལག་ཁང་རྩིག་པའི་ཡོན་ཏན་ཕུན་སུམ་ཤིན་ཏུ་ཚོགས་ལ། འོན་ཀྱང་རྒྱ་བཟའ་ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་བའི་སྟེང་ནས་རྩིས་པའི་བོད་ཀྱི་ས་དཔྱད་སྤྱི་དང༌། བྱེ་བྲག་ལྷ་སའི་ཉེ་སྐོར་གྱི་ས་དཔྱད་བཟང་བ་རྣམས་གོང་སྨོས་དེ་དག་དང༌། ས་དཔྱད་ངན་པའི་རི་ལྔར་གྲགས་པ་དང༌། དེ་དག་གི་ཁ་གནོན་བཅས་ནི།

༡ ཤར་བྱེ་མའི་རི་ལ་སྲིན་མོ་འདྲ་བ་ཞེས་པ་དེ་ཚལ་གུང་ཐང་ཁོངས་དཔལ་ལྡིང་གྲོང་ཚོའི་ཤར་ངོས་རི་ལྡེབས་སུ་ཡོད་ཅིང༌། རི་དེར་དེ་ཁུལ་མང་ཚོགས་ཚོས་སྲིན་མོ་རི་ཞེས་འབོད་མུས་ཡིན། ༢ ལྷོ་ནུབ་ཏུ་སྡིག་པ་གཟན་ལ་རུབ་པ་འདྲ་བ་ཞེས་པ་དེ་ནི། ལྷ་སའི་ལྷོ་ནུབ་ཀྱི་ཕྱོགས་གཙང་པོའི་འགྲམ་སྟོད་ལུང་བདེ་ཆེན་རྫོང་སྣེའུའི་ཁོངས་ར་མ་སྒང་གི་རི་རྒྱུད་སྡིག་པ་རྭ་ཅན་གྱི་གཟུགས་དབྱིབས་དོད་པ་དེ་ཡིན། དམངས་ཁྲོད་དུ་རི་དེར་སྡིག་རི་ཞེས་འབོད་ཅིང༌། དེ་ནི་དེང་སང་བྱ་སྐྱག་དཀར་པོ་ཟེར་བའི་རི་དེ་ཡིན་པ་འབྲས་སྤུངས་རྒྱབ་ཀྱི་དགེ་འཕེལ་རི་རྩེ་ནས་བལྟས་ན་གསལ་པོར་མཐོང་ཐུབ།

༣ ནུབ་ཤུན་གྱི་བྲག་ལ་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་ཞེས་པ་ནི། སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་སྣུམ་མཛོད་ཀྱི་ནུབ་ངོས་རི་རྩེར་ཡོད་པའི་བྲག་ཟང་ཟིང་མི་ཧྲེང་ནག་པོ་ལངས་ནས་ལྷ་ས་ངོས་སུ་བྱ་ར་བྱེད་པ་འདྲ་བ་ཞིག་ཡོད་པ་དེ་ཡིན། ༤ བྱང་ཉང་དོག་གི་བར་ན་གླང་པོ་ཆེ་གཡུལ་དུ་ཞུགས་པ་ལྟ་བུའི་རི་ཞེས་པ་ནི། ད་ལྟ་སེ་ར་དགོན་པའི་ཤར་ངོས་གླང་ཆེན་རི་ཟུར་རམ་བྱང་ན་ཉང་བྲན་དོག་སྡེའི་དབུས་རི་ཞེས་ཟེར་ཞིང༌། གླང་པོ་ཆེ་གཡུལ་དུ་ཞུགས་པའི་སྣ་ཞགས་ཀྱི་རྩེ་ལ་ཐང་དཀར་པོ་མཚོན་ཆ་འཁོར་ལོའི་དབྱིབས་དང་འདྲ་བ་ཞིག་ཡོད་པ་དེ་ཡིན། ༥ ཤར་ལྷོའམ་ལྷོ་བྱང་མཚམས་ན་བཙན་གྱི་འགྱུ་སྲང་ངམ་བཙན་གྱི་རྒྱུ་ས་ཞེས་པ་ནི། ལྷ་སའི་ཐང་གི་ལྷོ་དང་བྱང་གཉིས་སུ་བཙན་གྱི་འགྲོ་ལམ་ཡོད་པ་སྟེ། དེ་ནི་ལྷ་སའི་མདུན་གྲིབ་ཀྱི་ལུང་པའི་ཕུ་ནས་ཉང་བྲན་ཕུ་བར་གྱི་ལུང་ཤུར་དེ་ཡིན་པ་བཅས་སོ།།

ཉི་ཤུ། འདྲེའི་འདུ་ཕུང་དང༌། ཀླུ་བདུད་ཀྱི་ཉལ་ས།

༡ ལྷོ་ནུབ་མཚམས་ན་འདྲེའི་འདུ་ཕུང་ངམ་འདྲེའི་འདུན་ས་ཞེས་པ་ནི། ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ཞིག་ཏུ་ལྷོ་ནུབ་ཟླ་བ་ཚལ་ཞེས་དང༌། འགའ་ཞིག་ཏུ་གླ་བའི་ཚལ་ཞེས་མི་འདྲ་བ་འབྱུང་བ་ལས། ལྕགས་པོ་རི་དང་གཙུག་ལག་ཁང་གཉིས་ཀྱི་བར་གྱི་ནགས་ཚལ་དང༌། དུག་ཤིང་གི་སྡོང་པོ་རྐང་གཅིག་ཡོད་ས་དེར་མཚན་མོ་ལྷ་འདྲེ་རྣམས་འཚོགས་ས་ཡིན་ཞེས་པའི་གནས་ནི། དེང་སང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཐོག་བརྩེགས་ཅན་གྱི་ཁང་པ་ཡོད་སའི་ས་ཁུལ་དེ་ཡིན། དེ་ཡང་བཀའ་ཆེམས་ཀ་ཁོལ་མ་ལས། གནམ་སྟོང་གི་སྲོད་ལ་རྒྱལ་པོས་ཕོ་བྲང་གི་ཕྱི་རོལ་ཏུ་བྱོན་པ་དང༌། ལྷོ་ནུབ་གླ་བའི་ཚལ་བྲག་གི་རྩ་ན་འདྲེ་ཐམས་ཅད་འདུས་ནས་འདུན་མ་བྱེད་པར་གཟིགས་པས། དེ་རྒྱལ་པོས་ཉན་པས། འདྲེ་རྣམས་ན་རེ་ཟ་རྒྱུ་བོད་ཀྱི་ཡུལ་འདི་ངེད་རང་མི་མ་ཡིན་པ་ཚོ་དབང་བ་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོའི་ཆོས་བཤད། ངེད་རང་ཚོ་འདུལ་ཟེར་སྐད། སངས་རྒྱས་ཟེར་བ་དང༌། ཆོས་ཟེར་བ་དང༌། དགེ་འདུན་ཟེར་བ་ཚོ་ལ་ངེད་རང་འདྲེ་རྣམས་ཀྱིས་ཁོང་ཚོ་ཆོས་བྱེད་པ་ལ་བར་ཆོད་གཏང་ངོ༌།།

ལས་དགེ་བ་བྱེད་མི་རྣམས་ལ་མི་ནད་དང༌། ཕྱུགས་ནད་དང༌། སད་དང་སེར་བ་བཙའ་དང་མུ་གེ་ལོ་ཉེས་ལ་སོགས་གཏོང༌། རྒྱལ་པོ་སྟངས་ཞལ་ཡབ་ཡུམ་ཚོ་ལྷ་ཁང་རྩིག་པ་ཡང་བཤིག་གོ །སྔར་ཡང་བཤིགས་པ་ལེགས། ད་ཡང་རྡོ་ཆར་བྱའོ་ཟེར་བའི་གྲོས་བྱས་པ་ཐོས་པས། རྒྱལ་པོས་དེ་རྣམས་བཟློག་པའི་ཆེད་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་དེ་ལ་གསོལ་བ་བཏབ་པས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་ཏེ་འདྲེ་རྣམས་བདས་ནས་ཕྱིའི་རྒྱ་མཚོ་ཆེན་པོ་བྱེ་མའི་གླིང་དུ་བསྐྱལ་ཚུལ་གསུངས་པ་ལྟར་རོ།།

༢ ནུབ་བྱང་ན་ཀླུ་བདུད་ ༼ཀླུ་བདུད་ནག་པོ་ཞེས་ནི། ལྷ་སྲིན་སྡེ་བརྒྱད་ཀྱི་ནང་གི་བདུད་ཀྱི་རིགས་ཡིན་པའི་ཀླུ་དང༌། ནག་པོ་ཞེས་པ་མདོག་གི་མིང༌།༽ ནག་པོའི་ཉལ་སའམ་མ་མོའི་ཉལ་ས་ཞེས་པ་ནི། ལྷ་སའི་ཐང་འདིའི་ནུབ་དང་བྱང་གཉིས་སུ་ཀླུ་བདུད་ནག་པོའི་ཉལ་ས་ཡོད་པ་དང༌། དེ་ནི་ནུབ་ཀྱི་ཀླུ་སྒུག་དང་བྱང་གི་རྭ་མོ་ཆེ་གཉིས་ཡོད་ས་དེ་ཡིན།

༣ ཤར་ལྷོར་བྱང་སྟོད་སེ་ཕུག་ཅེས་པ་ནི། ལྷ་སའི་ཤར་ལྷོའི་ངོས་གཙང་ཆུའི་ལྷོ་རྒྱུད་ཀྱི་སེ་ཕུག་ཟེར་བའི་ཕུག་པ་སྲིན་མོའི་མཚན་མ་བསྟན་པ་འདྲ་བ་ཞིག་ཡོད་པ་དེ་ཡིན་ལུགས་རྒྱལ་རབས་གསལ་མེ་སོགས་ལོ་རྒྱུས་མང་པོར་གསལ་ཡོད།

༤ སྐུམ་པ་རི་ལ་ཆུ་སྲིན་དྲེའུ་ཁྲིད་པ་འདྲ་བ་ཞེས་པ་འདི་ནི་དཔལ་ལྡིང་གྲོང་ཚོའི་ཕུ་ན་ཡོད། མང་ཚོགས་ཀྱིས་ལྐུགས་པ་རི་ཞེས་བདུད་རིར་རྩི་བའི་རྫ་རི་ཞིག་ཡིན། སྔར་བཤད་པའི་ཉེ་སྐོར་གྱི་ས་བཀྲ་ངན་པ་རྣམས་ལ་མཆོད་རྟེན་དང༌། རྡོའི་སེངྒེ༌། དབང་ཕྱུག་གི་རྟེན། བྱ་ཁྱུང༌། དུང་དཀར་སོགས་ཀྱིས་བཅོས་ཞེས་ཀོང་ཇོའི་རྩིས་སུ་གསལ་བ་རྣམས་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མདའ་ཡབ་ཀྱི་འོག་ཕྱིའི་རྩིག་ལྡེབས་སུ་ཡོད་པ༑ ནུབ་ཏུ་རྡོའི་མཆོད་རྟེན་དང༌། བྱང་དུ་རྡོའི་སེང་གེ ཤར་དུ་དབང་ཕྱུག་གི་རྟེན་ཏེ་རྡོའི་ཕོ་མཚན། ལྷོ་རུ་བྱ་ཁྱུང་རྡོ་བརྐོས། ཆུ་སྲིན་གྱི་ཁ་གནོན་རྡོའི་དུང་དང༌། བཙན་གྱི་རྒྱུ་ས་གཅོད་པའི་རྡོའི་མཆོད་རྟེན་ནི་གཙུག་ལག་ཁང་ཇོ་བོའི་དབུ་སྟེང་ཐོག་གི་རྒྱ་ཕིབས་ཀྱི་ལྷོ་ངོས་དར་ཆེན་གྱི་སྐྱོར་སྒྲོམ་འགྲམ་ན་ཡོད།

གཞན་ཡང་དོག་སྡེ་གནས་ནང་ཟངས་མདོག་དཔལ་རི་དང༌། ནེ་ཕྱུང་རི༑ ཚལ་གུང་ཐང་གི་བྱང་ཁང་རི། དགེ་འཕེལ་རི་རྒྱུད་བྲག་རི་ཁྲོད་ཀྱི་རྒྱབ་རིར་བྲག་རི་ཕུར་པའི་དབྱིབས། གར་དགོན་བསམ་གཏན་གླིང་གི་རྒྱབ་རིར་སྒྲོལ་མའི་རང་བྱོན་གྱི་སྒྲོལ་མ་རི་སོགས་གནས་རི་དང༌། ཉང་བྲན་ཕུའི་དགའ་ལ་དང༌། དོག་སྡེའི་ཕུའི་སྒོ་ལ་དང་སྐམ་ལ། སྐྱིད་ཆུའི་ལྷོ་ངོས་བྱ་སྐྱག་དཀར་པོ་ཞེས་རི་རྩེ་གཉིས་རི་དཔྱད་ངན་པར་རྩི་བ་སོགས་མཐའ་སྐོར་གྱི་རི་མིང་ཅན་མང་པོ་ཡོད་ལ། གྲོང་ཁྱེར་ནང་དུ་དམར་པོ་རི་གླང་ཆེན་རི་ཕྲེད་ལ་ཉལ་འདྲ། ལྕགས་པོ་རི་སེང་གེ་གནམ་ལ་མཆོང་འདྲ། བར་མ་རི་སྟག་མོ་ཚང་ལ་འཛུལ་འདྲ་བཅས་ཀྱི་རི་གསུམ་ཡོད་པ་བཅས་སོ།།

ཉེར་གཅིག ལྷ་ས་ནས་ལྷོ་བྱང་གཉིས་སུ་འགྲོ་སའི་ལ་ཁ།

ལྷ་སའི་བྱང་ངོས་སུ་ཡོད་པའི་རི་རྒྱུད་དུ་ལྷ་ས་ནས་འཕན་པོར་འགྲོ་སའི་འགྲུལ་ལམ་ལ་སྒོ་ལ་དང༌། སྐམ་ལ། ཤར་ལ། དགའ་ལ་སོགས་ལ་འགོ་ཁ་ཤས་ཡོད་པ་ནས་དེ་སྔ་གཞུང་དོན་དུ་ལམ་ཡིག་འཁྱེར་ནས་འགྲོ་མཁན་རྣམས་སྒོ་ལ་བརྒྱུད་དེ་མ་གཏོགས་འགྲོ་སྲོལ་མེད། སྒོ་ལའི་ཤར་ངོས་ཀྱི་ཤར་ལ་བརྒྱབ་ན་འཕན་པོ་འཇོག་པོར་སླེབས་པ་དང༌། སྒོ་ལའི་ནུབ་ངོས་ཀྱི་སྐམ་ལ་བརྒྱབ་ན་འཕན་པོ་མཁར་རྩེའི་ཁོངས་སུ་སླེབས། སྒོ་ལ་བརྒྱབ་ན་འཕན་པོ་གླང་ཐང་དུ་སླེབས་ཀྱི་ཡོད།

ཉང་བྲན་ཕུའི་དགའ་ལ་ཕུད། དེ་མིན་སྒོ་ལ་དང༌། སྐམ་ལ། ཤར་ལ་སོགས་ཀྱི་བྱང་རྒྱུད་འཕན་པོ་ནས་ལྷ་སར་ཡོང་མཁན་ཚང་མ་སྒོ་ལའི་ལྷོ་ངོས་གཤམ་གྱི་གླིང་བུ་རྫོང་དུ་སླེབས་ཀྱི་ཡོད་སྟབས། ཁ་རྒྱུན་དུའང༌། ཕུ་ག་ནས་བསྐོར་ནའི། །མདའ་གླིང་བུ་རྫོང༌། །ཞེས་གཏམ་དཔེར་ཡོད།

དེ་བཞིན་ལྷ་ས་སྐྱིད་ཆའི་ལྷོ་ངོས་སུ་ཡོད་པའི་སྦྲག་ལ་ཞེས་པ་དེ་ནི་ལྷ་ས་ནས་སྦྲག་ལ་དང༌། ཕྲེང་འགོ་ ༼སྦྲག་དང་ཕྲེང་འགོ་གཉིས་དེང་སྐབས་ལྷོ་ཁ་ས་གནས་ཁོངས་སུ་ཡོད།༽ སོགས་ལ་འགྲོ་སའི་འགྲུལ་ལམ་ཡིན། སྔོན་དུས་ལ་ཁ་ཁག་བརྒྱུད་དེ་འགྲོ་སྐབས་ལ་འགོར་ཇག་རྐུན་མང་བས་འགྲུལ་པར་འཕྲོག་བཅོམ་བྱས་རྐྱེན་ལམ་གྲོགས་དང༌། མཚོན་ཆ་མེད་པར་འགྲོ་མཁན་ཧ་ཅང་ཉུང་ལ། ཁ་རྒྱུན་དུ་ཡང༌། ལ་ཁར་ཇག་པས་གང་བྱས་དང༌། །ཆུ་ཁར་མཉན་པས་གང་བཤད། །ཅེས་བཤད་སྲོལ་ཡོད། དེང་གཞུང་ལམ་གསར་བསྐྲུན་གྱིས་རླངས་འཁོར་ཤར་བསྐྱོད་ཐུབ་སྟབས་སྒོ་ལ་སོགས་ཀྱི་ལ་ཁ་བརྒྱུད་འགྲོ་མཁན་ཧ་ལམ་མེད་པ་ལྟ་བུར་འགྱུར་ཡོད།།

ཉེར་གཉིས། གཡུ་འབྲུག་སྔོན་མོ་འདྲ་བའི་ལྷ་སའི་སྐྱིད་ཆུ།

སྐྱིད་ཆུ་ནི། སྔ་རབས་ཀྱི་ཡིག་རྙིང་མང་པོར་སྐྱི་ཆུ་ཞེས་བྲིས་ཡོད་ལ༑ འབྲི་གུང་ནས་ཆུ་ཤུར་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་སྐྱི་ཡིན་པའི་ཚོ་པ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང༌། དེའི་རྒྱུད་དུ་འབབ་པའི་གཙང་པོ་ལ་སྐྱི་ཆུ་ཞེས་འབོད་པར་གྲགས། དེས་ན་གནའ་རབས་ཀྱི་ཡིག་རྙིང་ནང་སྐྱི་ཆུ་ཞེས་འབོད་པ་ཁུངས་བཙན་ཡང་ཡོངས་གྲགས་སྐྱིད་ཆུ་ཞེས་འབྲི་སྲོལ་ཡོད།

སྐྱིད་ཆུ་ནི་ལྷ་ས་གྲོང་ཁྱེར་གྱི་མདུན་ངོས་སུ་གཡས་སྐོར་གྱིས་འབབ་པའི་གཙང་ཆུའི་མིང་སྟེ། སྐྱིད་ཆུའི་འབྱུང་ཁུངས་ཆུ་འགོ་ནི། གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་གཏོགས་པའི་ལྷ་རི་རྫོང་གི་སྨི་ཏི་ཁ་ཆུའི་ཕུར་ཡོད་པའི་མཚོ་ལ་ཐུག་ཅིང༌། མཚོ་མཇུག་ནི་ལྷ་སའི་སྨད་རྒྱུད་ཆུ་ཤུར་རྫོང་གི་ཤར་ལྷོའི་ཕྱོགས་སུ་གཙང་ཕྱོགས་ནས་འབབ་པའི་རྟ་མཆོག་ཁ་འབབ་ཀྱི་ཆུ་དང་འདྲེས་ནས་ཡར་ལུང་ཁུལ་དུ་བཞུར་བས་ཡར་ཀླུང་གཙང་པོར་གྲགས་པ་དང་མཉམ་དུ་འབབ་པ་ཞིག་ཡིན།

སྐྱིད་ཆུའི་ཆུ་འགོ་ནི། བྱང་གི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ནུབ་ངོས་ནས་བརྩམས་ཏེ་ལྷ་རི་འགོ་དང༌། ནག་ཆུ། འདམ་གཞུང༌། འཕན་པོ་ལྷུན་གྲུབ། མལ་གྲོ་གུང་དཀར། སྟག་རྩེ། ལྷ་ལྷན་གྲོང་ཁྱེར། སྟོད་ལུང་བདེ་ཆེན། ཆུ་ཤུར་བཅས་རྫོང་དགུ་དང༌། གྲོང་ཁྱེར་གཅིག་བཅས་ཀྱི་ས་ཁུལ་དུ་འགྲོ་བ་དང༌། ཆུ་རྒྱུན་ནི་སྨི་ཏི་གཙང་པོ་དང༌། གསེབ་རོང་གཙང་པོ༑ འདམ་ཆུ། རྭ་སྒྲེང་གཙང་པོ། འབྲི་གུང་གཙང་པོ། ལྷ་ཆུ་བཟང་ཆུ། ཡུལ་ངན་ཆུ། མལ་གྲོ་མ་ཆུ། སྟོད་ལུང་ཆུ་སོགས་ཆུ་རྒྱུན་ཆེ་ཆུང་སྣ་ཚོགས་འདྲེས་པ་ལས་བྱུང་བ་ཞིག་ཡིན།

ལྷ་ས་སྐྱིད་ཆུའི་རིང་ཚད་ལ་སྤྱི་ལེ་ ༥༨༨ དང༌། ཞེང་ཚད་ཆེ་སར་ཤར་ནུབ་བར་དུ་སྤྱི་ལེ་ ༣༡༥ ལྷོ་བྱང་བར་དུ་ཞེང་ཚད་སྤྱི་ལེ་ ༢༡༨ ཡོད་པ་དང༌། ཆུའི་བཞུར་ཚད་ཆེ་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔང་གྲུ་བཞི་མ་ ༢༣༧ དང་བཞུར་ཚད་ཆུང་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔང་གྲུ་བཞི་མ་ ༡༢༠ ཆུ་རྒྱུན་འདུས་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ། ༡༥༠ ལྷག་ཙམ་ཡོད། ཆུའི་མཐོ་ཚད་ཐད་ཆུ་འགོའི་རྒྱུད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༥༡༥༠ དང༌། ཡར་ལུང་གཙང་པོར་འདྲེས་མཚམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༣༥༧༠ ཙམ་ཡོད་པས་སྐྱིད་ཆུ་ནི་ཡར་ལུང་གཙང་པོའི་ཡན་ལག་ཆུ་རྒྱུན་རིང་ཤོས་གྲས་ཤིག་ཡིན།

ཉེར་གསུམ། ལྷ་སའི་བར་སྐོར་གྱི་གནའ་ཤུལ།

ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ལ་རིམ་པ་གསུམ་དུ་དབྱེ་སྲོལ་ཡོད་པ་སྟེ༑ ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་གནས་ལ་སྐོར་ལམ་ལ་སྐོར་ལམ་ནང་མ་དང༌། དེ་དང་ཕྱིའི་གླིང་སྐོར་གཉིས་ཀྱི་བར་གྱི་སྐོར་ལམ་ལ་བར་སྐོར་རམ། ཡང་ན་གཙུག་ལག་ཁང་གི་ཕྱི་ལམ་ལ་བར་སྐོར། ཤར་རིགས་གསུམ་མགོན་པོའི་ལྷ་ཁང་དང༌། ལྷོ་སྐྱིད་ཆུའི་ཉེ་འགྲམ། ནུབ་ལྕགས་པོ་རི། བར་མ་རི། ཕོ་བྲང་པོ་ཏཱ་ལ། བྱང་ར་མོ་ཆེ་ནང་ཚུན་གྱི་ཕྱོགས་བཞིའི་སྐོར་ལམ་ལ་གླིང་སྐོར་ཞེས་སྐོར་ལམ་ནང་མ་དང༌། བར་སྐོར། གླིང་སྐོར་བཅས་གསུམ་ལ་དད་ལྡན་སེར་སྐྱ་ཀུན་གྱིས་དུས་རྟག་ཏུ་ཕྱག་འཚལ་སྐོར་སྦྱོང་བྱེད་ཡུལ་གྱི་ལམ་ཁྱད་པར་ཅན་ཞིག་ཡིན་པའི་ངོས་འཛིན་ཞུ་མུས་ཡིན།

བར་སྐོར་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་ལྟེ་བར་གནས་ཤིང༌། དུས་རབས་བདུན་པར་མེས་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་ཁང་གསར་བཞེངས་མཛད་རྗེས་ཐོག་མར་གཙུག་ལག་ཁང་ལ་སྐོར་བ་བྱེད་པའི་སྐོར་ལམ་ཞིག་ཡིན་སྟབས་བར་སྐོར་ནི་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ཡོད་པས། འཛམ་གླིང་ཐོག་ཏུ་ཧ་ཅང་དཀོན་པའི་གྲོང་ཁྱེར་རྙིང་ཤོས་དང༌། གནའ་ཉམས་དོད་ཤོས། མི་རིགས་ཀྱི་ཁྱད་ཆོས་ཟབ་ཤོས་བཅས་སྙན་གྲགས་ཡོད་པའི་གནས་ཆེན་ཞིག་དང༌། དེའི་འཁོར་རྒྱ་རིང་ཚད་སྤྱི་ཁྲེ་ ༡༡༡༣ དང༌། ཞེང་ཚད་སྤྱི་ཁྲེ་ ༦ ཙམ་ཡོད།

ལོ་ངོ་བརྒྱ་སྟོང་གི་རིང༌། བར་སྐོར་དེ་ནི་ལྷ་སའི་ཉོ་ཚོང་ལྟེ་གནས་ཡིན་ཞིང༌། ལྷག་པར་དུ་མི་རིགས་ཀྱི་མཁོ་ཆས་དང༌། སྲོལ་རྒྱུན་བཟོ་རྩལ། ཆོས་ལུགས་ཀྱི་མཁོ་ཆས། ལག་ཤེས་བཟོ་ལས་ཐོན་རྫས་འགྲེམས་ཚོང༌། དེ་བཞིན་རིས་མེད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཞིག་ཀྱང་ཡིན་པའི་ཁར། བོད་ཀྱི་སྤྱི་སྒེར་གྱི་འཚོ་བ་དང༌། མི་རིགས་ཀྱི་གོམས་གཤིས་མཚོན་ཆེ་ཤོས་དང༌། མངོན་གསལ་དོད་ཤོས་ཀྱི་ཁུལ་ཞིག་ཡིན་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་ཡུལ་གཙོ་བོ་ཞིག་དང༌། ལྷ་སའི་མི་ཚོགས་འདུ་འཛོམས་ཆེ་ཤོས་སོགས་བར་སྐོར་གྱི་ཁྲོམ་ར་དེས་གལ་ཆེའི་གནས་བབས་བཟུང་ཡོད།

ལྷ་ལྡན་གཙུག་ལག་ཁང་གི་གཞུང་སྒོའི་མདུན་དུ་ཇོ་བོའི་དབུ་སྐྲ་ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་རྣམ་གཉིས་ནས་བཙུགས་པའི་གྲགས་པའི་ཤིང་རྐང་ལྔ་ལས་དབུས་སུ་ཇོ་བོའི་དབུ་སྐྲའི་རྒྱ་ལྕང་གི་སྡོང་པོ་ཆེན་པོ་དང༌། དེའི་ཉེ་འགྲམ་དུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྤྱི་ལོ་ ༨༢༣ ལོར་རྒྱ་བོད་དབོན་ཞང་མཐུན་པའི་ཆིངས་ཀྱི་ཡི་གེ་གསལ་བར་བརྐོས་པའི་གཟི་བརྗིད་ཅན་གྱི་རྡོ་རིང་དང༌། དེ་ནས་བར་སྐོར་བྱང་ཆུབ་བྱོན་ལམ་དུ་གཡས་བསྐོར་གྱིས་བསྐྱོད་ཚེ། གཡས་གཡོན་ཡོངས་སུ་བོད་རིགས་དང༌། རྒྱ་རིགས། ཁ་ཆེ། བལ་པོ་སོགས་ཀྱི་ཚོང་ཁང་གྲངས་ལས་འདས་པ། བྱང་ཕྱོགས་ཁྲོམ་སྟོད་ཀྱི་དབུས་སུ་སྲིད་ཞིའི་འདོད་རྒུ་མ་ལུས་པ་འབད་མེད་དུ་འདུ་བའི་རྣམ་སྲས་རྟ་བདག་བརྒྱད་དང༌། ཛམ་བྷ་ལ། ནོར་རྒྱུན་མ་སོགས་ཀྱི་གཏེར་བུམ་དག་བཞུགས་པའི་མཆོད་རྟེན་ཀཀཎི་སྒོ་བཞི་ཡོད་ཀྱང་རིག་གསར་རྣམས་རྩ་གཏོར་སོང་སྟེ་ད་ལྟ་མཐོང་ལམ་དུ་མེད།

དེ་ཡང་ཀཀཎི་སྒོ་བཞི་ནི། ལྷ་ལྡན་བར་སྐོར་བྱང་ངོས་ཁྲོམ་ལམ་གྱི་སྣང་རྩེ་ཤག་ལས་ཁུངས་ཀྱི་གཡོན་ངོས་སུ་ཡོད་པའི་མཆོད་རྟེན་ཆེན་པོ་ཕྱོགས་བཞི་ཀར་སྒོ་བཏོད་པ་ཞིག་ཡོད། མཆོད་རྟེན་དེ་དུས་ནམ་ཙམ་ལ་བྱུང་མིན་དཔྱད་གཞི་མ་མཐོང་ཡང༌། དུས་རབས་བཅུ་བཞི་པའི་འགོར་བྱོན་པའི་ཀུན་མཁྱེན་ཀློང་ཆེན་པ་དགུང་ལོ་ཉི་ཤུ་ལྷག་ཙམ་གྱི་དུས་ལྷ་སར་གནས་གཟིགས་སུ་ཕེབས་སྐབས་མཆོད་རྟེན་དེའི་ཐད་དུ་མ་གཅིག་ལབ་སྒྲོན་གྱི་ཞལ་གཟིགས་བྱུང་ཚུལ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལྷ་སར་གནས་གཟིགས་སུ་ཕེབས་སྐབས་མཆོད་རྟེན་འདིའི་ཉེ་འགྲམ་དུ་སྤྲང་པོའི་ཚུལ་མཛད་ནས་བཞུགས་ཚུལ་དམ་པ་གཉིས་ཀྱི་རྣམ་ཐར་ནང་གསལ་བ་ལྟར་ན་མཆོད་རྟེན་དེ་ནི་དུས་རབས་བཅུ་བཞི་པའི་སྔོན་ནས་ཡོད་པ་ཤེས་རྟོགས་ཐུབ།

དམངས་ཁྲོད་ཀྱི་ངག་རྒྱུན་དུ་མཆོད་རྟེན་འདིའི་གཟུངས་ཀྱི་ནང་ཚོང་དཔོན་ནོར་བཟང་གི་དབུ་ཐོད་དང༌། རྒྱན་ཆ་སོགས་ཡོད་པར་བརྟེན་ལྷ་ས་གྲོང་ཁྱེར་གྱི་ནང་འཛམ་གླིང་གི་ཚོང་ཟོག་སྣ་འཛོམས་འདུས་ཐུབ་པ་བྱུང་བ་རེད་ཅེས་ཤོད་སྲོལ་ཡོད།

ཕྱི་ལོ་ ༡༩༤༥ ལོར་བོད་གཞུང་ནས་ཉམས་གསོ་བྱེད་སྐབས་གཟུངས་འབུལ་དང་རབ་གནས་བཅས་ལ་ཕེབས་མྱོང་བའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་རང་རྣམ་ནང་དུ་གསུངས་དོན་དུ། མཆོད་རྟེན་འདིའི་ནང་རྩ་ཆེའི་རྟེན་མང་པོ་ཡོད་ཚུལ་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཤོད་སྲོལ་ཡོད་རུང་དེ་རིགས་གང་ཡང་མེད་པར་བརྟེན་རྣམ་སྲས་དང་ཛམ་བྷ་ལ་སོགས་ནོར་ལྷ་ཁག་གི་བུམ་གཏེར་གཟུངས་སུ་ཕུལ་ཞེས་གསལ་བས། མཆོད་རྟེན་འདིར་ཉམས་ཆག་ཐེངས་འགའ་ཞིག་བྱུང་ཡོད་ངེས་སྙམ། ལྷག་པར་དེ་ལྟ་བུའི་གནའ་བོའི་ལོ་རྒྱུས་ཅན་གྱི་མཆོད་རྟེན་དེ་ཉིད་རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེ་ཞེས་པའི་རྙིང་བཞི་རྩ་གཏོར་སྐབས་གཏོར་བཤིག་སོང་སྟེ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད་པས་ཤུལ་དུ་ལུས་པ་ནི་ཀཀཎི་སྒོ་བཞི་ཞེས་པའི་མིང་འདི་ཁོ་ན་ཡིན།

མཆོད་རྟེན་དེའི་བྱང་ངོས་སུ་མི་དབང་འཁོར་ཆེན་ཞེས་པའི་མ་ཎི་ལྷ་ཁང་སེར་པོ་ཞིག་ཡོད་པ་དེ་ནི། དུས་རབས་བཅོ་བརྒྱད་པའི་ནང་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་སྐད་དང༌། དེ་ཡང་རིག་གསར་སྐབས་གཏོར་བཤིག་ཏུ་སོང༌། དེང་སྣང་རྩེ་ཤག་གི་རྒྱལ་སྒོའི་མདུན་དུ་ལྷོ་ཁ་སྨིན་གྲོལ་གླིང་དགོན་པའི་མཎི་ལྷ་ཁང་ཞིག་ཕྱི་ལོ་ ༡༩༨༨ ལོར་གསར་བཞེངས་ཞུས་པ་ཞིག་མཇལ་རྒྱུ་ཡོད།

དེ་དང་ཉེ་བར་ལྷ་ས་གྲོང་ཁྱེར་གྱི་བལྟ་རྟོགས་དང༌། མི་དཔོན་གྱི་ལས་ཁུངས་དང༌། ནག་ཆེན་བཙོན་པ་འཇུག་ཡུལ་གྱི་སྣང་རྩེ་ཤག དེའི་ཉེ་འཁྲིས་སུ་བྱམས་ཁང་དང༌། ཁྲོམ་གཟིགས་ཁང༌། རྨེ་རུ་རྙིང་པར་དཔལ་མགོན་ཞལ་གྱི་མགོན་ཁང་དང༌། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་ལྕོག་བཅས་ཡོད། དེ་ནས་རིམ་བཞིན་བསྐྱོད་པ་ན། བར་སྐོར་བྱང་ཆུབ་བྱོན་ལམ་གྱི་བྱང་ཟུར་དུ་དགའ་ལྡན་ཚེ་དབང་དཔལ་བཟང་གིས་ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་འཆམ་ལ་ཕབ་སྟེ་མངའ་རིས་ཕྱོགས་སུ་དམག་དོན་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་ལྡན་དར་ཆེན་དང༌། དེའི་འཁྲིས་སུ་ལོ་རྒྱུས་ཅན་གྱི་ཁང་རྙིང་བདེ་ཆེན་རབ་བརྟན་ཡོད།

གཞན་ཡང༌། ལྷ་སའི་བར་སྐོར་གྱི་ཤར་ངོས་སུ་ཡོད་པའི་ཀ་མེད་རྟ་ར་ཞེས་པའི་ཁང་པ་དེ་ནི་སྔོན་མེས་པོ་ཆོས་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་ལྷ་སའི་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་ཀྱི་ཆིབས་ར་ཡིན་པ་དང༌། དེའི་གཤམ་གྱི་གཟིམ་ཤག་ནུབ་མ་ནི། སྲོང་བཙན་སྒམ་པོའི་ཆིབས་དཔོན་གྱི་བཞུགས་གནས་དང༌། དེའི་གཤམ་གྱི་ནག་མོག་མོག་གི་སྒོ་ར་ནི་སྲོང་བཙན་སྒམ་པོའི་བཞུགས་གནས་ཡིན་པའི་ཤོད་རྒྱུན་འདུག་པས་ཡིན་མིན་དཔྱད་པར་འཚལ།

དེ་ནས་རིམ་བར་སྐོར་དུ་བསྐྱོད་ཚེ། བར་སྐོར་གྱི་ཤར་ལྷོའི་མཚམས་དུང་མཚོའི་ཟུར་དུ་རྗེ་བདག་ཉིད་ཆེན་པོས་སྤྱི་ལོ་ ༡༤༠༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲོལ་གཏོད་མཛད་སྐབས་ཕྱིའི་སྐོར་ལམ་དུ་དར་ཆེན་བཅོ་ལྔ་འཛུགས་གནང་མཛད་པའི་ཡ་གྱལ་ཤར་སྐྱ་རེངས་དར་ཆེན་ཡོད།

བར་སྐོར་གྱི་ཤར་ལྷོའི་དར་ཆེན་དེའི་ཉེ་འཁྲིས་སུ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་ཁང་སེར་ཡོད་ཅིང༌། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ཁང་སེར་དེ་ཉིད་ཁམས་ཀྱི་ཕོ་གཞོན་ཚེ་རིང་དབང་ཆེན་ལགས་ནས་བོད་ཟས་གསོལ་ཚིགས་ཁང་གསར་བཙུགས་བྱས་ཏེ། ཁང་སེར་དེར།

མ་སྐྱེས་ཨ་མ།

ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང༌། །

མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང༌། །

ཞེས་པའི་མིང་ཞིག་ཀྱང་བཏགས་ཏེ་ཡུལ་བསྐོར་སྤྲོ་འཆམ་གཙོ་གྱུར་གྱི་བོད་ཟས་ཟ་ཁང་ཞིག་ཏུ་གྱུར་ཡོད།

ཟུར་ཁང་གི་ཉེ་འགྲམ་དུང་མཚོའི་ཟུར་གྱི་ཚ་ཁང་ནི་ལོ་རྒྱུས་ཡུན་རིང་ཙམ་ཡོད་པ་ཞིག་ཡིན་ཞིང༌། ཚ་ཁང་དེའི་ནང་གི་ཚཙྪ་རྣམས་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་རང་ཉིད་ཀྱི་ཕྱག་ཚ་ཡིན་སྐད་དང༌། རྩིག་ལྡེབས་སུ་ཡོད་པའི་ལོ་གྱོན་མའི་སྐུ་དེ་སྔ་དུས་བར་སྐོར་གྱི་ནུབ་ངོས་སུ་ཡོད་ཀྱང་དུས་རབས་བཅུ་བདུན་པའི་ནང་དུང་མཚོའི་ཟུར་དུ་སྤོས་ཚུལ་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་ནང་དུ་གསལ། དེའི་ཉེ་འཁྲིས་སུ་གནས་པའི་སྙན་གྲགས་ཅན་གྱི་གཟིམ་ཤག་ནི། ཕྱི་ལོ་ ༡༩༤༣ ནས་ ༡༩༥༩ བར་བཀའ་བློན་གནང་མྱོང་བའི་ཨེ་ལྷ་རྒྱ་རི་བའི་མི་བརྒྱུད་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཟིམ་ཤག་བཅས་ཡོད།

བར་སྐོར་གྱི་ལྷོ་ཕྱོགས་སུ་ཡོད་པའི་བླ་བྲང་རྙིང་པ་ཞེས་པ་ནི། དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པ་དེ་གར་བཞུགས་སྐད་དང༌། དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནས་ཀྱང་དེ་གར་བཞུགས་གནས་གནང་ཞིང༌། དེ་རྗེས་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་ཡང་སྟེང་དུ་བླ་བྲང་སྟེང་གསར་སྐྲུན་གྱིས་བཞུགས་པར་བརྟེན་དེ་སྔ་བཞུགས་ཡུལ་དེར་བླ་བྲང་རྙིང་པ་ཞེས་གྲགས། དུས་ཕྱིས་བླ་བྲང་རྙིང་པ་དེ་སྡེ་དཔོན་བཞིའི་ནང་ཚན་སྡེ་དཔོན་ཐོན་པའི་གཟིམ་ཤག་ཏུ་གྱུར་བ་ཡིན། བླ་བྲང་རྙིང་པ་ནི་བར་སྐོར་གྲོང་ལྷན་ཁོངས་ཡིན་ལ། དེང་སྐབས་གྲོང་མི་གནས་སྡོད་བྱ་མུས་ཡིན།

གཙུག་ལག་ཁང་གི་ལྷོ་སྒོའི་འགྲམ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད་ཆེན་མོའི་སྐབས་སུ་ྋརྒྱལ་མཆོག་སྐུ་ཕྲེང་ན་རིམ་དང༌། དགའ་ལྡན་ཁྲི་པ་ན་རིམ་ནས་བཀའ་ཆོས་གནང་ཡུལ་གསུང་ཆོས་རྭ་བ། དེའི་མདུན་དུ་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གསེར་ཁྲི་མངའ་གསོལ་སྐབས་གསར་འཛུགས་མཛད་པའི་བསྐལ་བཟང་དར་ཆེན། དེའི་མདུན་ཐད་མི་རིང་བའི་སར་ཡབ་གཞིས་བསམ་གྲུབ་ཕོ་བྲང༌། ས་སྦོག་སྒང་བརྒྱུད་ཇོ་བོའི་དབུ་སྐྲ་ནས་ནུབ་ཕྱོགས་སུ་གུ་ཤྲིར་བསྟན་འཛིན་ཆོས་རྒྱལ་གྱི་མདོ་ཁམས་བེ་རི་རྒྱལ་པོ་ཆམ་ལ་འཕབ་པའི་གཏམ་སྙན་དར་འཕྱར་སྐབས་སྡེ་པ་བསོད་ནམས་ཆོས་འཕེལ་ནས་བཙུགས་པར་གྲགས་པའི་བྱུས་ཡག་དར་ཆེན། དེ་དང་ཉེ་བའི་སར་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང༌། སྐྱིད་ཤོད་སྟག་རྩེ་སྡེ་པ་སོགས་རི་བོ་དགེ་ལྡན་པའི་སྦྱིན་བདག་རྣམས་ལྷན་ཚོགས་ཀྱིས་མདོ་དོན་ལ་མོ་ཚངས་པའི་ལུང་དོན་བཞིན་སོག་ཡུལ་དུ་རྒྱབ་གཉེར་བཅོལ་ཐབས་ཀྱི་གྲོས་ཚོགས་བྱེད་སའི་གནས་ཁང་ཡིན་པའི་བྱུས་སྡིང་གནས་སོགས་ལོ་རྒྱུས་དང་རིག་གནས་ཀྱི་གནའ་ཤུལ་བརྒྱ་ལ་ཉེ་བ་ཡོད་ཀྱང་སྔར་གྱི་རིག་གནས་གསར་བརྗེ་དང༌། དེང་གི་བོད་གསར་འཛུགས་སྐྲུན་ཞེས་པའི་མིང་སྙན་འོག་ལོ་རྒྱུས་ཀྱི་དཔང་པོ་དང༌། གྲགས་ཅན་གྱི་གནའ་ཤུལ། རིན་ཐང་བྲལ་བའི་རིག་དངོས་དུ་མ་ཞིག་མིང་གི་ལྷག་མར་གྱུར་ཟིན་ཏོ།། །།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།