ལྷ་སའི་ས་ཁམས་ཆགས་དབྱིབས་དང༌། དུས་རབས་གསུམ་གྱི་ལྷ་ས།

ལེའུ་དང་པོ། ལྷ་སའི་ས་ཁམས་ཆགས་དབྱིབས་དང༌། དུས་རབས་གསུམ་གྱི་ལྷ་སའི་ལོ་རྒྱུས།

དང་པོ། སྙན་གྲགས་ཅན་གྱི་ལྷ་ས་གྲོང་ཁྱེར།

འཛམ་གླིང་ས་ཡི་གོ་ལའི་ཡང་རྩེར་གནས་པའི་ཡིད་འོང་ལྟ་ན་སྡུག་པའི་ཡུལ་མཆོག་ཁ་བ་གངས་ཅན་གྱི་ལྗོངས་འདིར་སྟོད་ལ་མངའ་རིས་སྐོར་གསུམ་དང༌། བར་ལ་དབུས་གཙང་རུ་བཞི། སྨད་ལ་མདོ་ཁམས་སྒང་གསུམ་དུ་ཕྱེ་བའི་ནང་ཚན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཡ་གྱལ། ཐུ་བྷོད་དུས་སུ་བྱོན་པའི་གསུམ་གཉིས་ས་ལ་མངའ་དབང་བསྒྱུར་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་བཙན་པོ་བཀའ་དྲིན་ཅན་རྣམས་ཞབས་ཀྱིས་བཅགས་ཤིང་འཕྲིན་ལས་རྫོགས་པའི་བསྟི་གནས། སྔོན་བྱོན་སྐྱེས་ཆེན་དམ་པ་གྲངས་མེད་ཀྱིས་ལུགས་གཉིས་ཀྱི་མཛད་འཕྲིན་འཁོར་ལོ་བསྐོར་བའི་ལྟེ་བ། ལོ་པཎ་མཁས་གྲུབ་བྱེ་བས་རིག་གཞུང་གསར་སྐྲུན་མཛད་སའི་དོ་ར། དབྱངས་ཀྱིས་མགྲིན་པ་མཛེས་པའི་སྙན་ངག་མཁན་པོ་རྣམས་ཀྱིས་བསྟོད་དབྱངས་ཀྱི་མེ་ཏོག་རྒྱུན་མར་འཐོར་བའི་གནས་མཆོག ཁྱད་དུ་འཕགས་པའི་གནའ་བོའི་གྲོང་ཁྱེར་ལྷ་ས་ཞེས་སྙན་པའི་གྲགས་པ་འཛིན་མའི་ཁྱོན་ཀུན་ཏུ་གཡོ་བ་དེ་ནི་ད་ལྟའི་ཆར་ཡང་བོད་གངས་ཅན་ལྗོངས་ཀྱི་རྒྱལ་དོན་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། ཆོས་ལུགས། དམག་དོན། འཕྲོད་བསྟེན། ཕྱི་འབྲེལ། འགྲིམ་འགྲུལ་དང་བཅས་པའི་ལྟེ་གནས་ཤིག་ཡིན་ལ། ཡངས་པའི་ཐ་གྲུ་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ལྗོངས་ཀྱི་གནའ་རབས་གྲོང་ཁྱེར་ཨང་པོ་དེ་ཡང་ཡིན་ཞིང༌། གངས་ལྗོངས་ཀྱི་གཙུག་རྒྱན་ལྷ་ཡུལ་ས་ལ་འཕོས་འདྲའི་གནའ་གྲོང་ལྷ་ས་ནི་རང་ཅག་ཁ་བ་རི་པའི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ནང་གི་གཟི་འོད་རབ་ཏུ་འཕྲོ་བའི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན།

གྲོང་ཁྱེར་འདིར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་གནའ་བོའི་རིག་དངོས་དུ་མ་དང༌། སྔོན་གྱི་བྱུང་རབས་ལོ་རྒྱུས། དམངས་ཁྲོད་ཀྱི་རིག་གནས་ཤོད་རྒྱུན་ཡང་མང་དག་ཅིག་ཡོད་པ་དེ་དག་ཐམས་ཅད་མི་རིགས་རང་ཉིད་ཀྱི་བརྗེད་པར་ཕངས་པའི་ཤེས་བྱ་འབའ་ཞིག་ཡིན་ལ། རྗེས་རབས་པ་རྣམས་ཀྱིས་ང་ཚོས་ཁ་ནས་རྒྱུན་དུ་ཤོད་པའི་སྤྱིར་བཏང་གི་མིང་ཚིག་ཙམ་ལའང་འགྲེལ་བཤད་བྱེད་མ་ཐུབ་ན་མི་རིགས་གཞན་གྱི་མདུན་དུ་ཡིད་སྐྱོ་ཐབས་སྡུག་གི་གནས་ཤིག་ལོས་ཡིན་སྙམ།

དེང་བོད་ཀྱི་རིག་གནས་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཡངས་པའི་མཁས་པ་རྣམས་ནི་དགུན་གྱི་རྦབ་ཆུ་བཞིན་བྲི་བ་དང༌། ཕྱི་རབས་པ་རྣམས་ཀྱིས་དེ་ཤུལ་འཛིན་པ་ལ་ཁྱུང་ཤུལ་བྱིའུས་གཅོད་པ་དང་འདྲ་བས། བོད་གངས་ཅན་གྱི་གནའ་ཤུལ་གྲགས་ཅན་དང༌། སྔར་གྱི་བྱུང་རབས་ལོ་རྒྱུས། རིན་ཐང་གཞལ་དུ་མེད་པའི་མེས་པོའི་ཤུལ་བཞག་གི་རིག་གནས་དག་ཀྱང་མི་རབས་དང་ལྷན་དུ་ཟད་ན་ཤིན་ཏུ་ཕངས་པས། དེ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཐོག མི་རབས་ནས་མི་རབས་བར་ཉམས་མེད་འཛིན་སྐྱོང་སྤེལ་གསུམ་ཐུབ་ཅིང༌། རང་རིགས་ན་གཞོན་ཚོར་སྨན་སླད་དང༌། དམངས་ཁྲོད་ཀྱི་རིག་གནས་མི་འཛད་པའི་གཏེར་ལྟ་བུ་རྣམས་ཤུལ་མེད་དུ་མི་འགྱུར་བའི་ཆེད་སྔོན་གྱི་བྱུང་རབས་དང༌། ལྷ་སའི་ས་ཁམས་ཆགས་ཚུལ་དང་གནའ་ཤུལ་གྲགས་ཅན་སོགས་ངོ་སྤྲོད་ཞུས་པ་ལ། དེ་ཡང་སྔར་སྤུར་རྒྱལ་བཙན་པོ་རིམ་བྱོན་སྐབས་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནི། ྋརྒྱལ་མཆོག་ལྔ་པ་ཆེན་པོས།

གང་དེའི་དབུས་འགྱུར་སྐྱིད་ཤོད་ནོར་འཛིན་གཞིར། །

རྒྱུ་སྐར་ས་ལ་བཀྲམ་འདྲའི་གྲོང་ཁྱེར་མཆོག །

ལྷྃ་མིའི་འབྱོར་པ་མ་ལུས་འདུ་བའི་སྃ། །

སུམ་རྩེན་ཡུལ་གྲུའི་ཁེངས་པ་རབ་འཕྲོག་པར། །


ཟས་གཙང་སྲས་ཀྱི་ཕུལ་བྱུང་ཐུགས་རྗེའི་མཆོག །

རིན་ཆེན་ཞུན་མར་ལྷན་ཅིག་འཁྱིལ་བའི་སྐུ། །

ངོ་མཚར་སྣང་བརྙན་རྒྱ་མཚོའི་བྱེད་པོ་ཡིས། །

ཕན་བདེའི་མགྲོན་རྣམས་རིང་ནས་འགུགས་པ་བཞིན། །


བགྲང་ཡས་རྒྱལ་བའི་རང་སྣང་ཡེ་ཤེས་ཚོགས། །

གཞལ་མེད་བ་གམ་དམ་པར་ལེགས་གྲུབ་ལ། །

ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་ཞེས། །

མཁའ་ལ་དབང་པོའི་གཞུ་བཞིན་མངོན་པར་བཀྲ། །

 

ཞེས་ཡོངས་གྲགས་བསྔགས་པར་མཛད་པའི་གངས་ལྗོངས་ས་ཡི་ལྟེ་བའི་ལྷ་ས་གྲོང་ཁྱེར་ནི། ཆོས་ཚིགས་ཀྱི་དབུས་འགྱུར་རྡོ་རྗེ་ལྡན་ནམ། བོད་རྒྱལ་ཡོངས་ཀྱི་རྒྱལ་ས་ལྟེ་བ་ཡིན་ཞིང༌། དེའི་ཆགས་ཚུལ་རྒྱས་པ་མཎི་བཀའ་འབུམ་དང༌། བཀའ་ཆེམས་ཀ་ཁོལ་མ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་སོགས་སུ་གསལ་ཡང༌། འདིར་རགས་ཙམ་བཀོད་པར། ལྷ་ས་གྲོང་ཁྱེར་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་ཆགས་ཤིང༌། ཐོག་མར་ས་འདིར་ངམ་ཤོད་དམ། འམ་ཤོད། འོམ་ཤོད་ཅེས་སུ་འབོད་ཅིང༌། བཀའ་ཆེམས་ཀ་ཁོལ་མ་ལས། འོ་ཐང་གི་མཚོ་འགྲམ་ན་ཐང་ནགས་ཀྱི་མཚམས་བྱེ་མའི་གླིང་འོད་མའི་ཚལ་ཞེས་པ་ལྟར། ད་ལྟའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆགས་པའི་ས་དེར་འོ་ཐང་ཞེས་པའི་མཚོ་ཆུང་ངུ་ཞིག་དང༌། ཤིང་གླ་བ་དང༌། འོམ་བུའི་ཚལ་ཞིག་ཡིན་པར་གྲགས་ལ། རྗེས་སུ་རིམ་པས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང༌། གྲོང་ཁྱེར་ཆགས་པས་སྐྱིད་མོ་ཤོད་དམ། སྐྱིད་ཤོད། ལྷ་ཡུལ་ས་ལ་འཕོས་པ་ལྟར་སྣོད་བཅུད་དགེ་མཚན་ཕུན་སུམ་ཚོགས་པར་བརྟེན་ལྷ་ས་ཞེས་ས་གསུམ་ན་ཡོངས་སུ་གྲགས་པ་འདི་ཉིད་བྱུང་ངོ༌།།

གཉིས་པ། ལྷ་སའི་མིང་གི་བྱུང་རིམ་དང༌། མིང་གི་གོ་དོན།

དེ་ཡང་ལྷ་ས་ནི་ཐུ་བྷོད་བཙན་པོའི་དུས་རབས་ནས་འགོ་ཚུགས་ཏེ་རིམ་བཞིན་བོད་ཀྱི་ལྟེ་གནས་དང༌། ས་ཚིགས་དང་ཆོས་ཚིགས་ཀྱི་ཡུལ་དབུས་ཆགས་པའི་བར་གྱི་དུས་རིམ་ཧ་ཅང་རིང་མོ་ཞིག་བརྒྱུད་ཡོད། དེ་ཡང་ཐོག་མར་མིང་གི་ཆ་ནས་འོམ་ཤོད་དང༌། སྐྱིད་ཤོད། ར་ས་དང༌། ལྷ་ས། ལྷ་ལྡན་དང༌། ཡུལ་དབུས་ལྷ་ལྡན། ཉི་འོད་གྲོང་ཁྱེར་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། བོད་ཀྱི་ལོ་རྒྱུས་འཕེལ་བའི་དུས་ཡུན་རིང་པོའི་ནང་ས་ཆ་དེར་ཐ་སྙད་མི་འདྲ་བའི་འབོད་སྲོལ་རིམ་པར་བྱུང་ཡོད་པ་འདི་དག་ནི་ལོ་རྒྱུས་རྣལ་མ་ཞིག་ཡིན།

དེ་དག་ལས་སྐྱིད་ཤོད་ཀྱི་སྐྱི་ཞེས་པ་ནི་གནའ་བོའི་བོད་ཀྱི་རུས་མིང་ཞིག་ཡིན་ལ། རུས་རྒྱུད་དེར་དབང་བའི་ས་གནས་ཀྱི་མིང་ལའང་སྐྱི་ཞེས་ཟེར། བོད་ཀྱི་རྒྱལ་རབས་དེབ་ཐེར་དག་ཏུ་གདུང་རུས་སྐྱི་ཡི་སྐོར་གླེང་སྐབས་སྐྱི་རྒྱལ་བའི་གཙུག་གཏོར་དང༌། སྐྱི་ཆོས་ཀྱི་སེངྒེ༌། སྐྱི་སྟོན་འཇམ་དབྱངས་གྲགས་པ། སྐྱི་ཕོ་ཚུལ་འཕགས་ལྟ་བུ་སྐྱིའམ་ཀྱི་ཡི་མིང་ཅན་དུ་མ་ཞིག་བྱུང་བ་དང༌། རུས་མིང་སྐྱི་ལས་ཐོགས་པའི་ས་ཆའི་མིང་བརྗོད་སྐབས་ཀྱང་སྐྱི་ཤོད་དང་སྐྱི་ཆུ། སྐྱིད་སྟོད་དང་སྐྱིད་སྨད་སོགས་བྱུང་ཞིང༌། དེ་ཉིད་ཡུལ་མིང་ཞིག་ཡིན་པའི་ཆ་ནས་སྤྱིའི་ཆར་དེང་སང་ལྷ་ས་གྲོང་ཁྱེར་གྱི་མངའ་ཁུལ་ཏེ། ལྷ་ས་སྐྱིད་ཆུའི་སྟོད་སྨད་ཀྱི་ཡུལ་རྣམས་ལ་ཟེར།

ཀ༽ སྐྱིད་ཤོད་ཅེས་པ་ནི། སྔ་རབས་ཀྱི་ཡིག་རྙིང་མང་པོར་སྐྱི་ཆུ་ཞེས་འཁོད་ཡོད་ལ། འབྲི་གུང་ནས་ཆུ་ཤུར་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་སྐྱི་ཡིན་པའི་ཚོ་པ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང༌། དེའི་རྒྱུད་དུ་འབབ་པའི་གཙང་ཆུ་ལ་སྐྱི་ཆུ་ཞེས་འབོད་པར་གྲགས་ཤིང༌། གནའ་རབས་ཀྱི་ཡིག་རྙིང་ནང་སྐྱི་ཆུ་ཞེས་འབོད་པ་ཁུངས་བཙན་ཡང་ཡོངས་གྲགས་སུ་སྐྱིད་ཆུ་ཞེས་འབྲི་སྲོལ་ཡོད། དེས་ན་ལྷ་སའི་གཙང་པོ་ལ་མིང་དངོས་སྐྱིད་ཆུ་དང་དེའི་འབབ་ཡུལ་གྱི་ལུང་པའི་མིང་ལ་སྐྱིད་ཤོད་ཅེས་མིང་ཐོགས་པ་ཡིན།

དེས་ན་རུས་མིང་སྐྱི་ཞེས་པ་འདི་ཇི་ལྟར་བྱུང་ཚུལ་སྐོར་བཀའ་ཆེམས་ཀ་ཁོལ་མ་ལས། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། འཕན་པོའི་ཡུལ་ན་མིང་རུས་འདི་ཡིན་བྱ་བ་མེད་པ་ཕ་མ་གཉིས་ལ། མིང་སྲིང་ལྷ་འདྲ་བ་གཟུགས་མཛེས་པ་བཞི་ཡོད་པ་ལ། ཁོང་ཚོ་གཅིག་ལ་གཅིག་ཆགས་ནས་བག་མར་འགྲོར་མི་ཉན། ཆུང་མ་འགུགས་སུ་མི་ཉན་ཡང་ངོ་ཚ་ལ་གདུགས་ནས་བཟའ་ཚོ་བྱེད་མ་ནུས་པ་དེ་རྣམས་བཟོ་མཁས་པར་འདུག་ནས། རྒྱལ་པོ་ཆེན་པོས་ཁྱེད་རྣམས་ངའི་བཟོ་བོ་ལ་འགྲོ་དགོས་གསུངས་པས། ཁོང་བཟོ་བོ་རྣམས་ན་རེ། ངོ་ཚ་མི་བསྲུང་བ་དང་གཅིག ལས་གཞན་མི་འཚོལ་བ་དང་གཉིས། ཚ་གྲོ་སྔུན་ལ་འདྲེན་པ་དང་གསུམ། གོས་སུ་བེར་གོན་པ་དང་བཞི་པོ་རྒྱལ་པོ་ཁྱེད་ཀྱིས་བཀའ་གནང་ན་འགྲོ་ཞུས་པས། རྒྱལ་པོ་ཆེན་པོས་བཀས་གནང་སྟེ་ཁྲིད་ནས་འབུམ་ཐང་དང༌། ར་མོ་ཆེ་དང༌། མཁར་བྲག་དང༌། ཐེམ་བུ་ཀོག་པ་དང༌། མིག་མངས་ཚལ་དང་བཅས་པའི་བཟོ་བྱས་པས་སྐྱིད་པར་བྱུང་ནས། མིང་སྲིང་བཞིས་བཟའ་ཚོ་བྱས། ཕྲུ་གུ་ཀྱི་ ༼འདི་ཁྱི་ཡིན་པར་སྙམ་སྟེ། དེང་སང་ཡང་གཙང་ཁུལ་གྱི་ཁ་སྐད་དུ་ཁྱི་ལ་ཀྱི་ཞེས་བརྗོད་མུས་ཡིན།༽ ལྟར་དུ་འཕེལ་ནས། ཀྱི་མི་གྲོང་བདུན་བྱ་བའི་གྲོང་ཚན་ཆེན་པོ་བདུན་བྱུང་སྐད། ཨོང་ཅོང་ན་རེ་འདི་ཚོ་ངོ་ཚ་མེད་ལ་འཕེལ་དྲགས་པས་ཀྱི་འདྲ་གསུངས་ནས་མིང་རུས་ཀྱི་ཞེས་བྱ་བར་གྱུར་ཏོ།།

ཕྱིས་སུ་ཀྱི་ཡི་སྲིང་མོ་ཨ་ལྕེ་རྣམས་བག་མར་བཏང་བ་དང༌། མིང་པོ་ཨ་བོ་ཚོ་ལ་ཆུང་མ་ལེན་པས་དེ་བས་འཕེལ་རྒྱས་སུ་ཕྱིན་ནས། ཀྱི་ཡི་རྒྱུད་པས་དབུ་རུའི་སྟོད་སྨད་ཐམས་ཅད་ཁེངས་པར་གྱུར། དེའི་ཚེ་དེ་རྣམས་ན་རེ༑ ལུང་པའི་དཀྱིལ་ཤོད་འདི་ངེད་ཚོའི་ཡིན། གཡུ་ཆུ་སྔོན་མོ་འདི་ང་ཚོས་བཏུངས་པ་ཡིན་པས་ཀྱི་ཆུ་སྔོན་མོ་ཟེར་བ་ཡིན་ནོ་ཞེས་གསུངས་པ་ལྟར་དབུ་རུ་སྟོད་སྨད་ཀྱི་ཡུལ་སྤྱིའི་མིང་ལ་དབུ་རུ་སྐྱིད་ཤོད་དང༌། ཡུལ་དེའི་གཞུང་བཤག་ནས་བཞུར་འགྲོ་བའི་གཙང་ཆུ་ལ་སྐྱིད་ཆུ་སྔོན་མོ་བྱ་བའི་མིང་ཆགས་པ་ཡིན།

བཀའ་ཆེམས་ཀ་ཁོལ་མ་ལས། ཡུལ་དབུ་རུ་སྐྱིད་ཤོད་ཅེས་དང༌། གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་ལས། ཆོས་རྒྱལ་ཡབ་ཡུམ་གྱིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་སྲ་བའི་མཁར་དགུ་ཐོག་བརྩེགས་ཞེས་དང༌། རྒྱལ་རབས་ཤེལ་དཀར་མེ་ལོང་ལས། སེ་ཆེན་རྒྱལ་པོས་སྐྱིད་ཤོད་སྟོད་སྨད་དང༌། སྟོད་ལུང༌། གྲ་དོལ། འཕྲང་པོ། རྒྱལ་སྨན། ཨེ་དྭགས། གཉལ་གསུམ་སོགས་ལྷ་ཁང་ཞིག་གསོས་བྱེད་པའི་མི་སྡེ་ཤེས་སུ་ཆུག་པའི་འཇའ་ས་གནང་ཞེས་འཁོད་པ་ལྟར་སྐྱིད་ཤོད་ཅེས་པ་ནི་ལྷ་ས་གཅིག་པུ་ཙམ་མིན་པར་སྐྱིད་ཆུའི་སྟོད་སྨད་ཀྱི་ཡུལ་ལུང་སྤྱི་སྟེ། རྗེའི་བསྟོད་པ་ཙོང་ཁ་རིང་མོ་ལས་ཀྱང༌། གྲོགས་འགའི་སྟབས་ཀྱིས་སྐྱིད་ཤོད་གུང་ཐང་དུ། །གསོ་བ་རིག་པའི་སློབ་གཉེར་མཛད་པའི་ཚེ། །ཞེས་གསལ་བ་ལས་དཔོག་ཐུབ་པ་ལྟར། སྐྱིད་ཤོད་ལ་སྟོད་སྨད་གཉིས་ཏེ་འབྲི་གུང་གི་ས་སྣེ་རྫོགས་མཚམས་ལྡན་དང་འབྲོམ་སྟོད་སྟག་རྩེ་ཁུལ་ཡན་ཆོད་འདི་ཙམ་ལ་སྐྱིད་སྟོད་དང༌། དེའི་མན་ཆད་ཡར་ཀླུང་གཙང་པོ་དང་སྐྱིད་ཆུ་འདྲེས་མཚམས་ཆུ་ཤུལ་ཡན་ལ་སྐྱིད་སྨད་ཅེས་མིང་ཆགས་པའོ།།

ཁ༽ ར་ས་ཞེས་པ་ནི། ལྷ་སའི་མིང་རྙིང་ཞིག་དང་གཙུག་ལག་ཁང་གི་མིང་ཞིག་ཀྱང་ཡིན། དེ་ནི་མི་ལོ་ ༡༣༥༠ ལྷག་ཙམ་གྱི་གོང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་ཁང་ཐོག་མར་བཞེངས་སྐབས། རྒྱ་བཟས་སྤོར་ཐང་གི་རྩིས་ལ་བརྟེན་ནས་ས་དཔྱད་བརྟགས་པ་ལྟར་ས་གནས་འོ་ཐང་གི་མཚོ་བསུབ་སྐབས་མཚོའི་དཀྱིལ་དུ་རྡོའི་མཆོད་རྟེན་བརྩིགས་པའི་སྟེང་དུ་ཕྱོགས་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བའི་ཐོག་ཏུ་ར་དཀར་མོ་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པར་བརྟེན་མཚོ་བསུབས་ཤུལ་གྱི་སྐམ་ས་དེར་ར་ས་ཞེས་མིང་ཐོག་མར་ཐོགས་པ་དང༌། མཚོ་བསུབས་ཏེ་གཙུག་ལག་ཁང་བཞེངས་རྗེས་ཐོག་མའི་མཚན་ལའང་ར་ས་སྤྲུལ་པའི་གཙུག་ལག་ཁང་ཞེས་གསོལ། དེ་རྗེས་གཙུག་ལག་ཁང་དེ་ཉིད་ལྟེ་བར་བྱས་ནས་ཆགས་པའི་གྲོང་ཁྱེར་གྱི་མིང་ལའང་ར་ས་ཞེས་རིམ་བཞིན་ཐོགས་པར་མངོན་ལ། ར་དཀར་མོ་དེ་ལྷ་ས་སྐྱིད་ཆུའི་ཕ་རོལ་གྱི་ལྷོ་ནུབ་ངོས་ཤེལ་དཀར་བྲག་ཁུང་ཞེས་པ་ཞིག་ཡོད་པ་ལས་བྱུང་སྟབས་ཡུལ་མིང་དུའང་ར་མ་སྒང་ཞེས་ཐོགས་པ་ལྟར་ད་ལྟའང་དེ་ལྟར་འབོད་བཞིན་ཡོད།

དབང་རྒྱལ་གྱིས་བྲིས་པའི་ཐུ་བྷོད་སྐབས་ཀྱི་ལི་བརྐོས་དང་རྡོ་རིང་ཡི་གེ་ངོ་བཤུས་ཞེས་པ་ལས། ར་ས་ཞེས་པའི་ཐ་སྙད་དེ་ནི་ར་ཡི་ས་དབོར་ཏེ་མཚོ་མོ་བསུབས་ནས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པའི་ཤོད་སྲོལ་ལས་བྱུང་བ་ཞིག་ཡིན་པས། ད་ལྟ་ཡང་ལྷ་སའི་གཙུག་ལག་ཁང་གི་ནང་ར་ཡི་རྡོ་སྐུ་ཡོད་པ་མངོན་སུམ་གཟུགས་གྲུབ་དང་ཀུན་གྱིས་མིག་མཐོང་ལག་ཟིན་ལགས། ཕྱིས་སུ་ཁྱད་དུ་འཕགས་པའི་གནས་ཀྱི་དོན་ཅན་ལྷ་ས་ཞེས་པར་འགྱུར་བ་རེད་ཅེས་ལྷ་ས་ཞེས་པའི་ཐ་སྙད་དེ་ར་ས་ཞེས་པ་ལས་ཟུར་ཆག་པར་གསུངས།

ལོ་རྒྱུས་ལ་ལར་འཕན་པོ་ལྷུན་གྲུབ་རྫོང་ཕྱོགས་ནས་ར་དཀར་པོ་ཁྱུ་འདེད་ཡོང་ནས་ར་ལ་ས་བཀལ་ཏེ་མཚོ་བསུབས་ནས་ལྷ་ཁང་བཞེངས་རྒྱུར་རྨང་འདིང་གནང་མཛད་པས་དང་ཐོག་དེར་ར་ས་ཞེས་མཚན་གསོལ་ཞིང༌། མཐར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་རྗེས། ལྷ་ཁང་འདིར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང༌། ར་ས་འཕྲུལ་སྣང་དང༌། དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་སོགས་མཚན་དུ་འབོད་ཚུལ་འཁོད་པ་བཅས་སོ།།

འོ་ཐང་མཚོ་ནི། ལྷ་ས་གྲོང་ཁྱེར་ཆགས་སའི་ཐང་དེ་ལ་འོ་ཐང་གི་མཚོ་ཟེར་ཞིང༌། གནའ་སྔ་མོ་ཁྱད་དུ་འཕགས་པའི་གནད་ཀྱི་དོན་ཅན་ལྷ་ས་ཞེས་པའི་ཐ་སྙད་མ་ཐོགས་ཀྱི་སྔོན་རོལ་དུ་གནས་འདིར་འོ་མ་ཐང་སྟེ་ས་བཅུད་ལེགས་ཤིང་ས་དཔྱད་བཟང་བ། ས་སྤུས་དག་པ་བཅས་ཀྱི་དོན་ཅན་འོ་ཐང་ཞེས་སུ་གྲགས་པར་སེམས་ཤིང༌། བོད་ཀྱི་ས་ཆ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུ་ཡོད་པ་ལས་འོ་ཐང་གི་མཚོ་དེ་སྲིན་མོའི་སྙིང་ཁྲག་ཡིན་ལ། དེའི་དཀྱིལ་དུ་ཡོད་པའི་གཙུག་ལག་ཁང་གི་འོག་ནི་སྔར་མཚོ་ཡོད་ས་ཞིག་ཡིན་པས་མཚོ་དེ་ལ་འོ་ཐང་གི་མཚོ་ཞེས་ཟེར། དེ་ནི་ལྷ་ས་སྐྱིད་ཆུའི་གཙང་ལག་གཤོངས་བུར་འཁྱིལ་བའི་མཚོ་ཞིག་ཡིན་པ་ལ། ལྷ་ས་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་གཙང་ཆུ་བཀག་མཚོ་ཟུར་དུ་ལུས་པ་དེར་གདུང་སྒྲོམ་བསྒྲིགས་ནས་ས་རྡོ་སྤུངས་ཏེ་མཚོ་བསུབས་ཚུལ་ལོ་རྒྱུས་མང་པོར་གསལ་ཞིང༌། བོད་ཀྱི་དམངས་ཁྲོད་གཞས་ཚིག་ཏུའང༌། ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་མཚོ་མོའི་སྟེང་དུ་ཆགས། །ཞེས་བརྗོད་སྲོལ་ཡོད།

དེ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འཁོད་པ་སྔ་ཤོས་སུ་གྱུར་པའི་ཏུན་ཧོང་ཡིག་རྙིང་ལས། ཁྱི་ལོ་ ༼བོད་ལྕགས་ཁྱི་སྤྱི་ལོ་ ༧༡༠༽ ལ་བབ་སྟེ། བཙན་པོ་བལ་པོ་ན་བཞུགས། ཞང་བཙན་ཏོ་རེ་ལྷས་བྱིན་ལས་སྩོགས་པས། གཉེ་པོ་བགྱི་སྟེ། བཙན་མོ་ཀིམ་ཤང་ཁོང་ཅོ་ར་སའི་ཤ་ཚལ་དུ་གཤེགས། ཞེས་གསལ་བ་དེ་ནི་ད་ཕན་ཁོ་བོས་མཐོང་བའི་ར་ས་ཞེས་པ་དེ་སྐྱིད་ཤོད་ཡུལ་གྱི་མིང་གི་ཐ་སྙད་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་དེ་ཡིན་ལ། ཏུན་ཧོང་ཡིག་རྙིང་དུ་ར་ས་ཞེས་པ་ལས་ལྷ་ས་ཞེས་མ་འཁོད་པར་གཞིགས་ཚེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ལྷ་ས་ཞེས་པའི་ཐ་སྙད་བྱ་སྲོལ་མེད་པ་རྟོགས་ཐུབ་པ་ཡིན།

བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་སྐབས་བཀའ་ཚིགས་བཅས་པའི་དཀོར་མཛོད་ཡི་གེར། བཙན་པོ་བཞི་མེས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ར་སའི་དཔེ་ཧར་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་ཚུན་ཆད་ཅེས་འབྱུང་བ་དང༌། ཡང་བཙན་པོ་དེ་ཉིད་ཀྱི་སྐུ་རིང་ལ་གསར་དུ་བཞེངས་པའི་བསམ་ཡས་གཙུག་ལག་ཁང་གི་མདུན་ངོས་ཀྱི་རྡོ་རིང་ཡི་གེ་ལས་ཀྱང༌། ར་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལ་སྩོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཞེས་ཀྱང་གསལ་ལོ།།

དེ་བཞིན་བཙན་པོ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཙུགས་པའི་རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་ཡི་གེ་ལས་ཀྱང༌། འཕྲུལ་གྱི་ལྷ་བཙན་པོ་མྱེས་སྲོང་བཙན་གྱི་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་དེ་ར་སའི་གཙུག་ལག་ཁང་ལ་སོགས་པ་བརྩིགས་ཤིང་དཀོན་མཆོག་གསུམ་གྱི་རྟེན་བཙུགས། ཞེས་སོགས་གསལ་བ་ལྟར་ན། དུས་རབས་བདུན་པའི་འགོ་ནས་བརྒྱད་པའི་དཀྱིལ་ཡན་ཆད་དུ་གྲོང་ཁྱེར་འདིའི་མིང་ལ་ལྷ་ས་ཞེས་མིང་མ་ཐོགས་སྔོན་ནས་ར་ས་ཞེས་འབོད་སྲོལ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཡིན།

ག༽ ལྷ་ས་ཞེས་པ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བློན་པོ་རྦ་གསལ་སྣང་གིས་བརྩམས་པའི་རྦ་བཞེད་ཀྱི་ནང་ལྷ་ས་ཞེས་པའི་མིང་དེ་ཐོག་མར་ཐོན་ཅིང༌། དེ་ནི་ལྷ་ས་ཞེས་པའི་ཐ་སྙད་དངོས་སུ་ཡིག་ཐོག་ཏུ་འཁོད་སྔ་ཤོས་དེ་ཡིན། དེ་རྗེས་དུས་རབས་དགུ་པའི་འགོར་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་ཏེ་བོད་ཆུ་ཡོས་སྤྱི་ལོ་ ༨༢༣ ལོར་ལྷ་ས་གཙུག་ལག་ཁང་གི་མདུན་དུ་བཙུགས་པའི་དབོན་ཞང་རྡོ་རིང་གི་ངོས་ཤར་མའི་མཇུག་ཏུ༑ བོད་ཡུལ་དུ་ནི་ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་བོད་ཆེན་པོའི་ལོའི་མིང་སྐྱིད་རྟགས་ལོ་བརྒྱད་ཅེས་འཁོད་པས་སྐབས་དེར་བོད་རྒྱ་གཉིས་མཇལ་འདུམ་མཛད་སའི་ས་ཆ་དེ་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་ཡིན་པར་བསྟན་པས་མངའ་བདག་ཁྲི་རལ་གྱི་སྐུ་དུས་སུ་ལྷ་ས་ཞེས་པའི་ཐ་སྙད་དེ་འབོད་སྲོལ་ཡོད་པ་རྟོགས་ཐུབ་ཅིང༌། ཕོ་བྲང་ལྷ་ས་ཞེས་གསལ་བར་བརྟག་ན་སྐབས་དེར་དེ་ནི་རྒྱལ་པོའི་ཕོ་བྲང་ཞིག་གི་མིང་མིན་ནམ་སྙམ། ལོ་རྒྱུས་སྔ་ཕྱིར་ཕོ་བྲང་དང༌། ལྷ་ཁང༌། མཁར་རྫོང༌། དགོན་པ་སོགས་ཀྱི་མིང་དེ་རིམ་བཞིན་ཡུལ་མིང་དུ་སྦྱར་ནས་འབོད་སྲོལ་མཆིས་པ་ནི་དེང་གི་ཆར་ཡང་མང་དུ་སྣང་བ་མཐོང་ཆོས་སུ་ཡོད་པ་ལྟར་རོ།།

དེ་སྐོར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ནས། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་ར་ས་ཞེས་པ་དེ་ལེགས་བསྒྱུར་གྱི་ལྷ་ས་ཞེས་པའི་མིང་ཐོག་མར་ཆགས་ཞེས་དང༌། རྗེས་སུ་གཙུག་ལག་ཁང་གི་མཐའ་སྐོར་དུ་རིམ་བཞིན་གྲོང་ཁྱེར་ཆགས་ཤིང༌། གཙུག་ལག་ཁང་གི་མཚན་དེ་གྲོང་ཁྱེར་ལ་ཚུར་འཇགས་ནས་ལྷ་ས་གྲོང་ཁྱེར་ཞེས་ད་ལྟ་འཛམ་གླིང་ཀུན་ཏུ་གྲགས་པ་དེ་ལྟར་ལགས་ཞེས་པ་ནི་ལེགས་བཤད་ཅིག་ཡིན་ལ། ལྷ་ས་ཞེས་པའི་ཡུལ་མིང་འདི་ཡང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ནང་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་འཁོད་པ་ལྟར་ཇོ་བོ་རྗེ་བོད་དུ་བྱོན་པའི་དུས་སུ་ལྷ་ས་ཞེས་པའི་མིང་དེ་ཡོངས་གྲགས་སུ་འབོད་མུས་ཡིན་པ་མཐོང་ཐུབ། འོན་ཀྱང་བཙན་པོའི་དུས་སུ་ར་ས་ཞེས་འབོད་པ་མང་བས། ད་དུང་ར་ས་ནས་ལྷ་སར་མིང་གི་འགྱུར་བ་ག་དུས་བྱུང་བ་དང༌། དེའི་རྒྱུ་མཚན་གང་ཡིན་བཅས་ལ་ཞིབ་འཇུག་བྱ་དགོས་ངེས་ཤིག་ཡིན།

ལྷ་ས་ཞེས་པ་ནི། ལྷ་སར་ལྷ་ཇོ་ཤཱཀ་རྣམ་གསུམ་དང༌། ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་བཞུགས་པའི་གནས་ཡིན་པས་ལྷ་ས་ཞེས་དང༌། ཡང་ན་ལྷ་ས་ནི་ཡིད་འོངས་ལྟ་ན་སྡུག་ཅིང༌། བརྗིད་ཆགས་ཁྱད་ཡོན་དུ་མས་ཕྱུག་པས་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུར་སྣང་བས་འདྲ་བ་རྒྱུ་མཚན་དུ་བྱས་ནས་ལྷ་ས་ཞེས་དང༌། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམར་པོ་རིའི་རྩེར་སྐུ་མཁར་ཕོ་བྲང་དམར་པོ་བརྩིགས། འོ་ཐང་དུ་རྒྱ་བལ་ནས་སྤྱན་དྲངས་པའི་སྐུ་རྟེན་ཇོ་བོ་ཤཱཀྱ་རྣམ་གཉིས་བཞུགས་སུ་གསོལ་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཏེ་ཆོས་དང་རྒྱལ་སྲིད་ཀྱི་གཞི་བཙུགས། རྒྱལ་པོའི་མངའ་ཐང་དང་འབངས་ཀྱི་བདེ་སྐྱིད་ཆོས་ཀྱི་འབྱོར་པ་མངོན་པར་མཐོ་བ་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཡོད་པས་ལྷ་ས་ཞེས་སུ་གྲགས་ཞེས་གསུངས།

ཡང་ན། རྒྱ་བལ་གྱི་ཡུལ་གྲུ་ནས་ཇོ་ཤཱཀ་རྣམ་གཉིས་གདན་དྲངས་ནས་བཞུགས་སུ་གསོལ་བའི་ས་གཞིར་འབྲེལ་བ་རྒྱུ་མཚན་ལ་བརྟེན་ནས་ལྷ་བཞུགས་པའི་ས་སྟེ་ལྷ་ས་ཞེས་བྱ་བར་ཐོགས་པ་དང༌། ལྷ་སའི་མིང་གི་རྣམ་གྲངས་ལ་ལྷ་ལྡན་ཞེས་གྲགས་པའི་དོན་ཡང་དེ་ཉིད་དུ་འཁུམས། ཡང་ན་ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བའམ། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ལྷ་ཇོ་ཤཱཀ་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུང་སྲོལ་མི་འདྲ་བ་མང་དུ་ཡོད་ཀྱང་འགལ་བར་མི་སེམས་ལ། དེ་དག་དཔྱད་གཞི་ཙམ་དུ་བཀོད་པའོ།།

ང༽ ཡུལ་དབུས་ལྷ་ལྡན་ཞེས་པ་ནི། དགེ་སློང་ཕ་མ་གཉིས་དང༌། དགེ་ཚུལ་ཕ་མ་གཉིས་བཅས་འཁོར་རྣམ་བཞི་ཆ་ཚང་བར་ཡོད་པ་ལ་ཡུལ་དབུས་ཟེར་ཞིང༌། བོད་དུ་དགེ་སློང་མ་མེད་ཀྱང་དགེ་སློང་ཕ་ཡོད་པ་དང༌། ལྷ་ས་ནི་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་གྱི་ལྟེ་བ་དང༌། སངས་རྒྱས་སྐུ་དངོས་དང་ཁྱད་མེད་ཀྱི་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་གནས་ཡིན་པས་ན་ཡུལ་དབུས་ཞེས་ཟེར་སྲོལ་ཡོད་པ་དང༌། བོད་ཀྱི་ལོ་རྒྱུས་ཐོག་ནས་བོད་ཀྱི་རྒྱལ་དོན་ཆབ་སྲིད་དང༌། དཔལ་འབྱོར། འཕྲོད་བསྟེན། རིག་གནས། ཆོས་ལུགས། དམག་དོན། ཕྱི་འབྲེལ། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན་པའི་ལུང་པ་སྟེ། དབུ་རུ་ལྷ་ས་ལྟེ་བར་བྱས་པའི་ཕྱོགས་བཞིའི་ས་མཚམས་རྣམས་ལ་ཡུལ་དབུས་ཞེས་ཟེར།

དེ་ཡང་ཡུལ་དབུས་ཞེས་པ་འདིར་ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་དང༌། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་གཉིས་ཡོད་པ་ལས། དང་པོ་ནི། ཤར་དུ་ལི་ཁ་ར་ཤིང་འཕེལ་གྱི་ནགས། ལྷོ་ན་འདམ་བུ་ཅན་ཆུ་ཀླུང་དེ་བ་ཞེས་བྱ་བ་འབབ་པ། ནུབ་ཏུ་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་ཡོད་པ། བྱང་དུ་ཨུ་ཤི་རའི་རི་བཅས་ཀྱི་དབུས་ཏེ་རྒྱ་གར་གྱི་ཡུལ་དབུས་མ་གྷ་དྷ་རྡོ་རྗེ་གདན་གྱི་མཆོད་རྟེན་ཡོད་ས་ནི་སྐལ་བཟང་སངས་རྒྱས་སྟོང་བྱོན་པའི་གནས་ཡིན་པ་དང༌། འཛམ་གླིང་ས་ཡི་ལྟེ་བ་ཡིན་པས་ས་ཚིགས་ཀྱི་ཡུལ་དབུས་ལ་ངོས་འཛིན་པ་ཡིན།

གཉིས་པ་ནི། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ནི། དགེ་སློང་ཕ་མ་གཉིས་དང༌། དགེ་ཚུལ་ཕ་མ་གཉིས་ཏེ་འཁོར་རྣམ་བཞི་ཆ་ཚང་བར་ཡོད་པའི་གངས་ལྗོངས་ལྷ་ལྡན་ལྟ་བུ་ནི་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་དང༌། ཡང་བོད་ཁམས་ལ་བསྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་གསུམ། བར་དབུས་གཙང་རུ་བཞིར་གྲགས་པ་སྟེ་བོད་ཡོངས་ཀྱི་ས་ཆའི་སྟོད་སྨད་བར་གསུམ་ལས་དཀྱིལ་དུ་གནས་པས་ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་གཉིས་ཀ་ཡིན་པར་སེམས་སོ།།

ལྷ་སར་ལྷ་ལྡན་ཞེས་འབོད་སྲོལ་མཆིས་པ་ནི། ཆོས་ཕྱོགས་ཀྱི་ཆེ་བ་མཚོན་བྱེད་དུ་སྔོན་གྱི་མཁས་པ་རྣམས་ཀྱིས་ཆེད་དུ་བཏགས་པའམ་ཆོས་དང་འབྲེལ་ནས་གནས་ཀྱི་ཁྱད་པར་བསྟན་པ་ལྟ་བུར་སྣང་བ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འཁྲུངས། །ཞེས་པའི་ལྷ་ལྡན་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བས་འདི་སྐད་གསུངས་ཏེ། བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང༌། ལྷ་ལྡན་ནི་ལྷ་སའོ། །ཞེས་འགྲེལ་པ་མཛད་པ་ལྟར་ལྷ་ལྡན་ནི་ལྷ་ས་ཞེས་པའི་འབོད་ཚུལ་ཞིག་ཡིན།

ཅ༽ གྲོང་ཁྱེར་འདིའི་མིང་གཞན་ནི། འཛམ་གླིང་ཡང་ཐོག་གི་ཉི་འོད་གྲོང་ཁྱེར་ཞེས་འབོད་པ་དེ་ཡིན། དེའི་རྒྱུ་མཚན་ནི། སྤྱིར་བོད་ལྗོངས་ནི་ལོ་གཅིག་ལ་ཉི་འོད་ཕོག་པའི་དུས་ཡུན་རིང་ཤོས་དང༌། ལྷག་པར་དུ་ལྷ་ས་གྲོང་ཁྱེར་འདིར་ལོ་རེའི་ཉི་འོད་ཕོག་པའི་དུས་ཡུན་ཆ་སྙོམས་ཀྱི་ཆུ་ཚོད་ ༣༠༢༡ དང་གྲངས་ཆུང་དྲུག་ཟིན་གྱི་ཡོད་པས་ཉི་འོད་གྲོང་ཁྱེར་ཞེས་པའི་མིང་འདི་ཐོགས་པ་ཡིན།

གསུམ་པ། ལྷ་སའི་ས་ཁམས་ཆགས་དབྱིབས།

འཛམ་གླིང་གི་ཡང་རྩེར་གནས་པའི་ལྷ་ས་གྲོང་ཁྱེར་ནི། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་གནའ་བོའི་གྲོང་ཁྱེར་རྙིང་ཁུངས་གྲགས་ཅན་ཞིག་ཡིན་ལ། ད་ལྟའང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་མལ་གྲོ་རྒྱ་མ་མི་འགྱུར་བྱམས་པ་གླིང་དུ་སྐུ་བལྟམས་ནས་བོད་ཀྱི་ཡུལ་ཁམས་གཅིག་གྱུར་དང་བདེ་བར་སྐྱོང་སླད་ཐོག་མར་ཕོ་བྲང་གི་གནས་གཞི་སྤོ་དགོས་པར་དགོངས་ནས་བཀའ་ཡི་བློན་པོ་རྣམས་དང་བཀའ་བགྲོས་ཀྱིས་བོད་དབུས་འགྱུར་གྱི་ཡུལ་གྱི་བཀོད་པ་དང་ས་དཔྱད་སོགས་ལ་ཞིབ་གཟིགས་མཛད་དེ་དབུ་རུ་ཤོད་ཆེན་གྱི་སའི་ལྟེ་བ་འོ་ཐང་གི་མཚེའུའི་འགྲམ་དེར་ཡུལ་ལྗོངས་ཉམས་དགའ་ལ། ས་གཞི་ཁོད་སྙོམས་པའི་དབུས་སུ་གཡས་གཡོན་རི་རྒྱུད་གཞན་དང་མ་འདྲེས་པའི་རི་དེའུ་སྟག་མོ་ཚང་དུ་འཛུལ་བ་ལྟ་བུ་བར་མ་རི་དང༌། སེངྒེ་གནམ་ལ་འཕྱོ་བ་ལྟ་བུའི་ལྕགས་པོ་རི། གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུ་དམར་པོ་རི་གསུམ་ལས་དམར་པོ་རིའི་ཡང་སྟེང་དུ་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ཆགས། ཡུལ་འདི་ཉིད་ས་དཔྱད་བཟང་བར་གཟིགས་ཏེ་དམར་པོ་རིའི་ཐོག་ཏུ་ཕོ་བྲང་མཐོ་ཞིང་བརྗིད་ཆགས་པ་གསར་བཞེངས་མཛད་ནས་རྒྱལ་བློན་སྟན་ཆགས་པ་ནས་བཟུང་འོ་ཐང་མཚེའུའི་རྒྱུད་ཀྱི་ཡངས་པའི་ས་གཞིར་གྲོང་ཁྱེར་རིམ་པར་ཆགས་པ་ཡིན།

གངས་ཅན་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་རམ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ས་ནི་གཡུ་འབྲུག་སྔོན་མོ་འདྲ་བའི་སྐྱིད་ཆུའི་བྱང་ངོས་སུ་གནས་ཤིང༌། དེ་ཡང་ས་བཀྲའི་ཐོག་གི་འཕྲེད་ཐིག་ཨང་གྲངས་ ༢༩།༣༦ དང༌། གཞུང་ཐིག་ཨང་གྲངས་ ༩༡།༠༦ ཐོག་ཁེལ་ཡོད། ལྷ་ས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༣༦༥༠ ལྷག་ཙམ་གྱི་ཐོག་ཏུ་ཆགས་ཤིང༌། མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་རབས་ཀྱི་གྲོང་ཁྱེར་ཞིག་ཡིན།

ལྷ་ས་གྲོང་ཁྱེར་ནི་སྟག་རྩེ་རྫོང་དང༌། མལ་གྲོ་གུང་དཀར་རྫོང་གི་ནུབ་ངོས། ལྷོ་ཁ་གྲ་ནང་རྫོང་དང༌། གོང་དཀར་རྫོང་གཉིས་ཀྱི་བྱང་ཕྱོགས། ཆུ་ཤུར་རྫོང་དང༌། སྙེ་མོ་རྫོང་གཉིས་ཀྱི་ཤར་ཕྱོགས། སྟོད་ལུང་བདེ་ཆེན་རྫོང་དང༌། འཕན་པོ་ལྷུན་གྲུབ་རྫོང་གཉིས་ཀྱི་ལྷོ་ཕྱོགས་སུ་ཆགས་ཡོད། ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༥༡ ལྷག་ཙམ་དང༌། མི་འབོར་ཁྲི་ ༣༩ ལྷག་ཙམ། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༦༥༠ ཙམ་གྱིས་མཐོ་བའི་ས་བབས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན།

གྲོང་ཁྱེར་འདིར་ཕེབས་དགོས་ན་མདོ་ཁམས་ཆབ་མདོ་གྲོང་རྡལ་ནས་སྤྱི་ལེ་ ༡༠༦༢ ཙམ་དང༌། ལྷོ་ཁ་རྩེད་ཐང་གྲོང་རྡལ་ནས་སྤྱི་ལེ་ ༡༩༡ ཙམ། གཙང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནས་སྤྱི་ལེ་ ༢༦༠ ཙམ། སྟོད་མངའ་རིས་སེང་གེ་ཁ་བབས་གྲོང་རྡལ་ནས་སྤྱི་ལེ་ ༡༧༠༠ ཙམ། བྱང་གི་ནག་ཆུ་གྲོང་རྡལ་ནས་སྤྱི་ལེ་ ༣༢༦ ཙམ། ཀོང་པོ་ཉིང་ཁྲི་གྲོང་རྡལ་ནས་སྤྱི་ལེ་ ༤༦༤ ཙམ། ན་གོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ་ ༡༡༦༥ ཙམ། སི་ཁྲོན་ཁྲིན་ཏུ་གྲོང་ཁྱེར་ནས་སྤྱི་ལེ་ ༢༤༡༥ ཙམ། མཚོ་སྔོན་མེ་འཁོར་བབས་ཚུགས་ནས་ལམ་ཐག་སྤྱི་ལེ་ ༡༡༤༢ བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་ཡོད།

གྲོང་ཁྱེར་འདིའི་ཡུལ་གྱི་དགེ་མཚན་ལ་མཚོན་ན་ལྷོ་ཕྱོགས་སུ་ལྷ་ས་སྐྱིད་ཆུ་ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་གཡུ་འབྲུག་སྔོན་མོ་ལྟར་གཡས་སུ་འཁོར་ཞིང་རྒྱུགས་པ་དང༌། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། རི་ལོགས་བཀྲ་ཤིས་རྟགས་བརྒྱད། གཞན་ཡང་ཉེ་འཁོར་གྱི་རི་ཆེན་བཞི་དང༌། གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་ཡོད་པའི་རི་བཞི། ཁྱད་དུ་འཕགས་པའི་རི་བཞི་སོགས་རི་རྒྱུད་ཀྱིས་བསྐོར་ཡོད།

ལྷ་ས་གྲོང་ཁྱེར་གྱི་ས་བབས་ནི་བྱང་མཐོ་ལ་ལྷོ་དམའ་ཞིང༌། དབུས་ལྷོའི་ཁུལ་ནི་ལྷ་སའི་སྐྱིད་ཆུའི་རོང་གཞུང་ཡིན། གྲོང་ཁྱེར་འདིའི་ས་བབས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༦༥༠ ཙམ་ཟིན་ཡོད་པ་དང༌། མཁའ་རླུང་ཤིན་ཏུ་གཙང་བ་མ་ཟད། དབྱར་དུས་ཆར་ཆུ་འབབ་ཚད་སྙོམས་པ། ལོ་རེའི་བོད་ཟླ་ ༧།༨།༩ གསུམ་གྱི་ནང་ཆར་ཆུ་འབབ་ཚད་ཆ་སྙོམས་ལྟར་ན་ཧའོ་རྨིད་ ༤༥༠ ཙམ་དང༌། ཟླ་བ་དང་པོའི་ཆ་སྙོམས་དྲོད་ཚད་ནི་ ༢་༣༠ ཡིན་ཞིང༌། ཟླ་བ་བདུན་པའི་ཆ་སྙོམས་དྲོད་ཚད་ནི་ ༡༥་༤ ཡིན་པ་དྲོ་བའི་ཁུལ་གྱི་ས་མཐོའི་དུས་ཚོགས་རླུང་བུའི་གནམ་གཤིས་ཤིག་ཡིན། དབྱར་དཀྱིལ་དྲོད་ཚད་ཆེ་ཤོས་ ༢༩་སྐྲ ཙམ་དང༌། ལོ་རེའི་ཆ་སྙོམས་དྲོད་ཚད་ ༧་༥༠ འམ་ ༨་སྐྲ ཙམ་ཟིན་གྱི་ཡོད།

སྔོན་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ ༥ ཙམ་ཡོད། དེ་ནི་ལྷ་སའི་ཤར་མཐའ་ཐལ་སྤུངས་སྒང་དང་སྨོན་གྲོང་ཟམ་པ། ལྷོ་མཐའ་རིགས་གསུམ་མགོན་པོའི་ལྷ་ཁང་དང་གླིང་སྐོར་ལམ། ནུབ་མཐའ་གཡུ་ཐོག་ཟམ་པ་དང༌། བྱང་མཐའ་རྭ་མོ་ཆེ་རྡོ་ཟམ་ཙམ་ལ་ཐུག་ཡོད། དེང་གྲོང་ཁྱེར་འདིའི་ཤར་མཐའ་རྔ་ཆེན་གློག་ཁང་ལ་མ་ཐུག་ཙམ་དང༌། ལྷོ་མཐའ་སྐྱིད་ཆུའི་འགྲམ་བར། ནུབ་མཐའ་སྟོད་ལུང་གདོང་དཀར་ལ་མ་ཐུག་ཙམ། བྱང་མཐའ་སེ་ར་དགོན་དང་ཉང་བྲན་དང་དོག་བདེ་གཉིས་ཀྱི་བར་དང༌། གྲོང་ཁྱེར་གྱི་ལྷོ་ལ་ཉི་འོད་གླིང་ཕྲན་དང༌། ལྷ་ཞབས་གླིང་ཕྲན། གཙང་པོ་བརྒལ་ན་གྲིབ་སོགས་ད་ཆ་གྲོང་ཁྱེར་ལྷ་སའི་རྒྱ་ཁྱོན་སྤྱི་ལེ་ ༥༡ ཙམ་ཟིན་ཡོད།

དེ་ཡང་ལྷ་ས་གྲོང་ཁྱེར་ནང་དེང་རབས་ཅན་གྱི་འཛུགས་བསྐྲུན་རྒྱ་ཆེ་བྱས་ཡོད་ཀྱང༌། དེ་དག་ཕལ་མོ་ཆེ་རྒྱ་མིའི་དམག་མི་དང༌། གཞིས་ཆགས་སུ་འབྱོར་བའི་རྒྱ་མི་རིགས་རྣམས་ཀྱི་ཁེ་ཕན་སྒྲུབ་བྱེད་ཙམ་ལས། ས་ཆའི་བདག་པོ་བོད་མི་རང་ལ་ཕན་ཐོགས་མེད་པ་གཙོ་ཆེ་ལ། མི་འབོར་ཡང་རྒྱ་མིའི་ཞི་དྲག་གི་ལས་བྱེད་དང༌། རྒྱ་རིགས་གཞིས་ཆགས་ཁྲི་སྟོང་མང་པོ་གཏན་སྡོད་བྱས་ཏེ་བོད་མི་རྣམས་རང་གི་ཕ་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར་པ་དང༌། བོད་ཀྱི་ཆོས་རིག་དང༌། ལེགས་བྱང༌། ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་གཅེས་ནོར་ཡོད་རྒུ་ཚང་མ་རྩ་མེད་དུ་བཏང་བ་དངོས་སུ་མིག་མཐོང་ལག་ཟིན་ཡིན་པ་ནི་ཡིད་མུག་པའི་གནས་ཤིག་ཆགས་ཡོད།

བཞི་པ། ཐུ་བྷོད་བཙན་པོའི་སྐབས་ཀྱི་ལྷ་ས།

འཛམ་གླིང་ས་ཡི་གོ་ལའི་ཡང་རྩེར་གནས་པའི་ཉི་འོད་གྲོང་ཁྱེར་ལྷ་ས་ཞེས་པ་ནི། མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རབས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པ་དང༌། གྲོང་ཁྱེར་དེ་མ་ཆགས་པའི་སྔ་རོལ་དུ། ཡུལ་འདིའི་མིང་ལ་སྐྱིད་ཤོད་ཅེས་དང༌། ཤར་ནས་ནུབ་ཕྱོགས་སུ་ཁ་གཏད་དེ་རྒྱུག་པའི་གཙང་ཆུ་ལ་སྐྱིད་ཆུ་ཟེར་ཞིང༌། སྐྱིད་ཆུའི་བྱང་འགྲམ་དུ་འོ་ཐང་གི་མཚོ་ཞེས་ད་ལྟ་ལྷ་ལྡན་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་ཆགས་ཡུལ་དེ་ཡིན་པ་དང༌། གཙུག་ལག་ཁང་མ་བཞེངས་གོང༌། འོ་ཐང་གི་མཚོ་འགྲམ་དུ་ནེའུ་གསིང་དང༌། གླང་མའི་སྐྱེས་ཚལ། སྟར་ཁའི་སྡོང་པོ། བྱེ་མའི་གླིང་ཚོམ་ལ་སོགས་པའི་རང་བྱུང་གདོད་མའི་དབེན་གནས་ཤིག་ཡིན།

སྤྱི་ལོའི་དུས་རབས་དང་པོའི་སྔ་རྗེས་སུ་ལོ་རྒྱུས་ཀྱི་སྒྲོམ་གཞི་རབ་རིབ་ཅིག་ཆགས་ཤིང༌། དེ་ནི་སྔོན་བྱོན་མི་རབས་མང་པོའི་ངག་རྒྱུན་དུ་བྱུང་བ་ཞིག་དང༌། དེ་རྗེས་ཐུ་བྷོད་རྒྱལ་རབས་ཀྱི་དེབ་ཐེར་ཐོག་བཀོད་ཡོད། སྐབས་དེར་བོད་ལྗོངས་ས་མཐོའི་ཐོག་ཚོ་པ་བཅུ་གཉིས་ཡོད་པ་རྣམས་ལོ་ངོ་མང་པོར་དམག་འཁྲུག་བྱས་པ་བརྒྱུད་ཚོ་པ་འགའ་ཞིག་ལྷག་ཅིང༌། དེའི་ནང་ནས་ཡར་ཀླུང་ཚོ་པ་དང༌། མངའ་རིས་ཀྱི་ཞང་ཞུང་གུ་གེ་རྒྱལ་པོ། ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སུམ་པ་བཅས་ནི་སྐབས་དེའི་སྟོབས་ཤུགས་ཆེ་ཤོས་ཡིན། སྐབས་དེར་མི་རྣམས་ཀྱི་ལྷ་ས་སྐྱིད་ཤོད་འོ་ཐང་ཞེས་པ་འདི་ཉིད་ཤེས་རྟོགས་ཐུབ་པ་ཞིག་ཡིན།

སྐབས་དེར་སྐྱིད་ཆུའི་རྒྱུད་རྟ་རྒྱལ་འོད་དང་ཁྲི་དཔོན་སྲོང་གཉིས་ཀྱི་དབང་བསྒྱུར་བྱེད་བཞིན་ཡོད་ཅིང༌། སྤྱི་ལོའི་དུས་རབས་བདུན་པར་ཡར་ཀླུང་ཚོ་པའི་འགོ་དཔོན་ཡབ་གནམ་རི་སྲོང་བཙན་གྱིས་དཔུང་སྣེ་དྲངས་ཏེ་ཡར་ཀླུང་གཙང་པོ་བརྒལ་ནས་ལྷ་ས་སྐྱིད་ཆུའི་རྒྱུགས་ཡུལ་ས་ཆ་ཡོངས་རྫོགས་དབང་དུ་བསྡུས། གནམ་རི་སྲོང་བཙན་གྱིས་མལ་གྲོ་གུང་དཀར་གྱི་རྒྱ་མ་སྒང་དུ་སྒར་བཙུགས་ནས་དེའི་རྒྱུད་ཀྱི་ལུང་ཤུར་རིང་པོ་འདིའི་ནང་མཁར་རྫོང་མང་དུ་བཏབ་བོ།།

སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུ་བྷོད་རྒྱལ་རབས་འདི་ཉིད་བཙུགས་ཤིང༌། བོད་ཆུ་སྦྲུལ་སྤྱི་ལོ་ ༦༣༣ ལོར་བོད་ཀྱི་རྒྱལ་ས་ཡར་ཀླུང་ནས་ལྷ་སར་སྤོས་ཏེ་འཛུགས་སྐྲུན་རྒྱ་ཆེར་མཛད་པ་སྟེ། སྲོང་བཙན་སྒམ་པོས་ཕྱོགས་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཤིང༌། བོད་ཁམས་ཆེན་པོ་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང༌། ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང་རྗེས་རྒྱལ་ས་ལྷ་སར་སྤོས་གནང་བ་དེ་ནི་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན།

དེ་ཡང་སྤྱི་ལོའི་དུས་རབས་དྲུག་པའི་མཇུག་ཏུ་སྤུར་རྒྱལ་བཙན་པོ་སོ་གཉིས་པ་གནམ་རི་སྲོང་བཙན་གྱིས་ལྷོ་ཁ་ས་ཁུལ་དབང་བསྒྱུར་ནས་ཕོ་བྲང་འཕྱིང་བ་སྟག་རྩེར་བཞུགས་སྐབས་ཡར་ཀླུང་གཙང་པོའི་བྱང་ངོས་འཕན་ཡུལ་ཟིང་པོ་རྗེ་བྱ་བའི་རྒྱལ་ཕྲན་དེ་དབང་དུ་བསྡུས། ནུབ་ངོས་གཙང་བོད་ཀྱི་རྗེ་མར་མུན་བྱ་བ་ཁྱུང་པོ་སྤུ་ཟད་ཟུ་རྩེས་བསད་དེ་གནམ་རི་སྲོང་བཙན་ལ་མགོ་བཏགས། ཁོང་ལ་ལེགས་གསོའི་བྱ་དགའ་ཚད་མེད་བསྩལ་བ་དང་གཙང་བོད་འབངས་སུ་བཀོལ། ཤར་ལྷོའི་ཕྱོགས་ཀྱི་དྭགས་ཀོང་མྱང་གསུམ་གྱི་ནང་འཁྲུགས་ཞོད་འཇགས་སུ་བཏང་ནས་བོད་གཅིག་གྱུར་རྒྱ་བསྐྱེད་བྱེད་པའི་རྨང་གཞི་བརྟན་པོ་བཏིང༌། དེ་རྗེས་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་ཡབ་མེས་ཀྱི་དགོངས་གཞི་བརྒྱུད་འཛིན་མུས་ཞང་ཞུང་རྒྱལ་ཕྲན་དབང་དུ་བསྡུས་ཐོག་ཟིང་པོ་རྗེའི་ལྷག་འཕྲོ་རྣམས་སླར་ཡང་གཏོར་ཕམ་བཏང་སྟེ་བོད་ཀྱི་ཕྱོགས་བཞིའི་སྲིད་དབང་ཁག་བཙན་པོ་སྲོང་བཙན་སྒམ་པོའི་ཆབ་འོག་ཏུ་གོང་བུ་གཅིག་གྱུར་བྱུང༌། དེ་དག་ལ་གཅིག་གྱུར་གྱི་བཀོད་འདོམས་བྱེད་པའི་རྒྱལ་ས་ལྷ་སར་བྱས་ནས་དམར་པོ་རིའི་སྟེང་དུ་རྒྱལ་པོའི་ཕོ་བྲང་བཞེངས་གནང་མཛད་དེ་བཞུགས་འཇགས་མཛད།

སྲོང་བཙན་སྒམ་པོས་སྲིད་དབང་བཞེས་རྗེས་འཕན་ཡུལ་གྱི་རྒྱུད་དུ་གཟིགས་ཞིབ་གནང་སྐབས་སྐྱིད་ཆུའི་གཡས་གཡོན་གྱི་ས་བབས་ཤིན་ཏུ་ལེགས་ཤིང་རྩྭ་ཆུ་བཟང་ལ། ཡངས་ཤིང་རྒྱ་ཆེ་བའི་ཁར་དམར་པོ་རི་ནི་རྒྱ་མཚོ་ཆེན་པོའི་ཐོག་གི་གླིང་ཕྲན་ལྟར་བརྗིད་ཆགས་ཡིད་དུ་འོང་བ་དང༌། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། དབུས་སུ་རིགས་གསུམ་མགོན་པོའི་བླ་རི་དང༌། ལྷ་སའི་ཉེ་སྐོར་གྱི་རི་ཆེན་བཞི། ཁྱད་དུ་འཕགས་པའི་རི་བཞི། ཕྱོགས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ལྡན་པའི་རི་བོས་བསྐོར་ཞིང༌། གཞན་ཡང་ཡུལ་གྱི་དགེ་བརྒྱད་དང་དགེ་བཅུ་ཚང་བའི་ཡུལ་རྟགས་དང་མཚན་མ་བཟང་ཞིང་དགེ་མཚན་ཕུན་སུམ་ཚོགས་པ་དང༌། ཕུ་ཡི་འབྲོག་པ་དང་མདའ་ཡི་ཞིང་པ་གཉིས་ཀ་འཕེལ་རྒྱས་གཏོང་རྒྱུའི་དགེ་མཚན་ཆེན་པོ་གཟིགས་ནས་རྒྱལ་ས་ལྷ་སར་སྤོ་རྒྱུའི་གཏན་འབེབས་གནང་བ་ཞིག་ཡིན།

གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་སར་སྤོས་མ་ཐག་ལྷ་སའི་རྣམ་པ་གསར་དུ་ཐོན་འགོ་ཚུགས་ཏེ་ལུང་པའི་མདར་མུ་མཐའ་མེད་པའི་ས་ཞིང་ཐོག་ལོ་ལེགས་ཀྱི་རྣམ་པས་ཁེངས་པ་དང༌། རྩྭ་ཆུ་འཛོམས་པའི་རྩྭ་ཐང་ཐོག་དང༌། ལུང་པའི་ཕུར་ཕྱུགས་རིགས་ཤ་ཤེད་ཅན་གྱིས་ཁེངས་བཞིན་ཡོད། རྒྱལ་ས་ལྷ་སར་སྤོས་རྗེས་དང་ཐོག་དམར་པོ་རིའི་སྟེང་དུ་ཕོ་བྲང་མ་བཞེངས་གོང་དུ་ཕ་བོང་ཁར་ཕོ་བྲང་དགུ་ཐོག་བསྐྲུན། བལ་བཟའ་དང་རྒྱ་བཟའ་བཙུན་མོར་གདན་དྲངས་རྗེས་དམར་པོ་རིའི་སྟེང་གི་ཕོ་བྲང་གི་ཤུལ་དུ་སླར་ཡང་ཐོག་བརྩེགས་དགུ་ཡོད་པའི་བར་རྒྱ་ཆེར་བཏང་བ་དང༌། ར་ས་སྤྲུལ་པའི་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེ། དེ་བཞིན་མཐའ་འདུལ་དང༌། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་དང༌། གྲོང་མིའི་གྲོང་རྡལ་བཅས་རིམ་བཞིན་རྒྱ་སྐྱེད་བྱུང་བ་དེ་དག་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འདས་ཟིན་ཀྱང༌། ངོ་མཚར་ཅན་གྱི་གནའ་བོའི་འཛུགས་སྐྲུན་གྱི་ཆ་ཤས་འགའ་ཞིག་དེང་གི་དུས་སུའང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་དང༌། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་དང་ལྟ་སྐོར་ལ་ཕེབས་མཁན་ཚང་མས་གནའ་རབས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་འདིར་ཕེབས་སྐབས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་རླབས་ཆེན་གྱི་མཛད་རྗེས་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།

སྤྱི་ལོ་ ༦༤༡ ལོའི་མཚམས་སུ་བོད་རྒྱལ་བཙན་པོའི་གདུང་བརྒྱུད་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁ་བ་ཅན་དེའི་སྲིད་དབང་གཅིག་གྱུར་བཞེས་ཏེ་ཐོག་མར་རི་བོ་གླང་ཆེན་བྲེས་སུ་ཉལ་བ་ལྟ་བུ་དམར་པོ་རིའི་བྱང་ངོས་ཀྱི་ཟུར་ཕུག་ཏུ། ཆོས་རྒྱལ་སྒྲུབ་ཕུག་ཅིག་བརྩེགས་ཏེ་སྤྱན་རས་གཟིགས་ཀྱི་སྒོམ་སྒྲུབ་ལ་བཞུགས་པ་དང༌། དེ་རྗེས་ཕོ་བྲང་ཁྲི་རྩེ་དམར་པོའམ་པོ་ཏཱ་ལ་ཞེས་པ་བརྩིགས་ནས། སྲིད་དབང་སྲ་བརྟན་དང༌། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ཟུང་འབྲེལ་ཡོང་ཆེད་སྔ་རྗེས་སུ་བལ་ཡུལ་དང༌། རྒྱ་ནག་གཉིས་ཀྱི་ཡུལ་ནས་བཙུན་མོ་རྣམ་གཉིས་ཁབ་ཏུ་བཞེས། ཁོང་གཉིས་པོས་རྟེན་སྐལ་དུ་བསྣམས་ཕེབས་པའི་ཇོ་བོ་ཤཱཀྱ་རྣམ་གཉིས་ཀྱི་བཞུགས་སའི་ལྷ་ཁང་ཞིག་བརྩིགས་དགོས་བསམས་པར་ཆོས་རྒྱལ་གྱི་ཐུགས་འཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བའི་འོག རྒྱ་བཟས་རྒྱ་ནག་སྤོར་ཐང་གི་རྩིས་དཔྱད་སྟོན་པ་བཞིན། བལ་བཟའ་ཁྲི་བཙུན་གྱིས་གཙོས་བོད་བལ་ལས་བཟོ་ཚོས་འཕན་ཡུལ་ནས་ར་དཀར་མོར་ས་བཀལ་ནས་འོ་ཐང་གི་མཚོ་བསུབས་པ་དང༌། ར་སའི་སྟེང་ཁང་དང༌། ལྷ་ཁང་གི་སྐུ་བརྙན་རྣམས་ལེགས་པར་བཞེངས་པ་མ་ཟད། རྒྱ་བཟས་ཀྱང་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་ལེགས་པར་བསྐྲུན་པ་སོགས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་བྱེད་པའི་ཐོག་མའི་རྟེན་གཞི་དུས་དེ་ཙམ་ནས་འགོ་ཚུགས་པར་གྲགས།

བོད་ཀྱི་ཆོས་རྒྱལ་རིམ་བྱོན་དང༌། བོད་སིལ་བུའི་དུས་སྐབས། དེ་རྗེས་དཔལ་ལྡན་ས་སྐྱ་པ། སྡེ་པ་ཕག་གྲུ། རིན་སྤུངས་པ། གཙང་པ་སྡེ་པ། བོད་གཞུང་དགའ་ལྡན་ཕོ་བྲང་པ་སོགས་ཀྱིས་རིམ་པར་བོད་ཁམས་ལ་མངའ་དབང་བསྒྱུར་བའི་སྐབས་སུའང་གངས་ལྗོངས་ལྷ་ལྡན་ནི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། འཕྲོད་བསྟེན། དམག་དོན། ཆོས་ལུགས་སོགས་ཀྱི་ལྟེ་གནས་སུ་འཛིན་ནས་འཛིན་སྐྱོང་སྤེལ་གསུམ་རིམ་པར་མཛད་ཐོག་གྲ་རྒྱས་སུ་བཏང་བས་ཕུན་སུམ་ཇེ་ཚོགས་དང་སྙན་གྲགས་ཇེ་རྒྱས་སུ་གྱུར་བ་ཡིན།

ལྔ་པ། ཕྱི་ལོ་ ༡༩༥༩ ལོའི་གོང་གི་ལྷ་ལྡན་གྲོང་ཁྱེར།

ལྷ་ཡུལ་ས་ལ་འཕོས་འདྲའི་གངས་ལྗོངས་ཀྱི་གཙུག་རྒྱན་ལྷ་ལྡན་གྲོང་ཁྱེར་ནི་ལོ་ངོ་ ༡༤༠༠ ལ་ཉེ་བའི་ལོ་རྒྱུས་ལྡན་པའི་རིག་གནས་ཀྱི་གནའ་གྲོང་ཞིག་ཡིན་ཞིང༌། སྤྱི་ལོ་ ༦༣༣ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ས་དེ་ཡར་ཀླུང་ནས་ལྷ་སར་སྤོས་པ་མ་ཟད། རི་བོ་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏཱ་ལ་བཞེངས་འགོ་བརྩམས་པ་དང་ཆབས་ཅིག ལྷ་ལྡན་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེ་ལ་སོགས་པ་བཞེངས་པས། ལྷ་ལྡན་འདི་ཉིད་སྐབས་དེར་བོད་ལྗོངས་ས་མཐོའི་མི་འབོར་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཏུ་གྱུར་པ་དང༌། ལྷ་ས་གྲོང་ཁྱེར་སྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་གནང་མཛད་ཡོད།

དེ་རྗེས་ས་སྐྱའི་སྲིད་དབང་དང༌། ཕག་གྲུའི་སྡེ་སྲིད་རིམ་བྱོན། སྡེ་པ་རིན་སྤུངས། གཙང་པ་རྒྱལ་པོ། དེ་རྗེས་ཆོས་སྲིད་གཉིས་ལྡན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་བཅས་སྲིད་འཛིན་རིམ་པའི་སྐབས་སུ་ཡང་རིམ་བཞིན་གཙུག་ལག་ཁང་གིས་གཙོ་བོ་བྱས་པའི་སྐོར་ལམ་དེ་རིམ་བཞིན་གྲ་རྒྱས་སུ་ཕྱིན་པ་དང༌། ཐོག་མའི་གྲོང་ཁྱེར་གྱི་རྣམ་པ་ཞིག་ཀྱང་ཆགས། སྡེ་སྲིད་ཕག་མོ་གྲུ་པའི་དབང་བསྒྱུར་གྱི་དུས་མཇུག་ཏུ་རི་བོ་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ་རིམ་བཞིན་བཞེངས་པ་དང༌། དེ་རྗེས་ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་གནང་མཛད་པས་ལྷ་ས་དེ་ཡང་བསྐྱར་བོད་ཀྱི་ཆོས་སྲིད་གང་ཅིའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར།

སྤྱི་ལོ་ ༡༩༥༩ ལོའི་གོང་གི་གྲོང་ཁྱེར་ལྷ་སའི་གནས་སྟངས་སྐོར་ལ་ངོ་སྤྲོད་རགས་རིམ་ཙམ་ཞུས་ན། དེ་ཡང༌། སྔར་གྱི་བརྗོད་སྲོལ་ལྟར་ན༑ བོད་ཆོས་ལྡན་ཞིང་མཆོག་གི་དབུས་རྟེན་གསུམ་བྱིན་གྱིས་ཕྱུག་པའི་གནས་ཀྱི་དམ་པ་འཕགས་མཆོག་རྡོ་རྗེ་གདན་དང་གཉིས་སུ་མེད་པའི་ལྷ་ས་ཇོ་བོ་ཤཱཀྱ་མུ་ནེ་རྣམ་གཉིས་དང༌། འཕགས་པ་ལོ་ཀི་ཤྭར་བཞུགས་སའི་གནས། མདོ་སྔགས་བསྟན་འཛིན་གྱི་མཁས་སྒྲུབ་དུ་མའི་ཞབས་ཀྱིས་བཅགས་ཡུལ། གངས་ལྗོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། ཆོས་ལུགས། དམག་དོན། རིག་གནས། ཕྱི་འབྲེལ། འཕྲོད་བསྟེན། འགྲིམ་འགྲུལ་དང་བཅས་པའི་ལྟེ་གནས། ཁྱད་པར་གངས་ཅན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྤྱི་ལོ་ ༡༤༠༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་གཏོད་མཛད་པ་དང༌། ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་ལ་གསེར་གྱི་དབུ་རྒྱན་དེ་བཞིན་གཤེགས་པ་རྒྱལ་བ་རིགས་ལྔའི་སྣང་བརྙན་འབུར་དོད་བཟོ་བཀོད་རྨད་དུ་བྱུང་བ་འབུལ་གནང་མཛད་པ་སོགས་ཆོས་ཀྱི་མཛད་ཆེན་ངོ་མཚར་ཆེ་བ་དེ་ལ། དད་ལྡན་སེར་སྐྱ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་ཐུབ་པ་མ་ཟད། སྨོན་ལམ་གྱི་འདུས་ཚོགས་རྒྱ་ཆེ་ཞིག་བཤམས་པ་དང་ཆབས་ཅིག ཞིང་འབྲོག་དམངས་ཀྱི་རང་རང་གི་ཐོན་ཁུངས་གང་ཡོད་ཕན་ཚུན་ཚོང་གཉེར་བྱེད་པ་སོགས་སྔར་བྱུང་མྱོང་མེད་པའི་སྤྱི་ཚོགས་ཀྱི་བྱ་བ་འཁྲུགས་པོ་ཞིག་གསར་དུ་ཐོན་པ་དེས། གནའ་བོའི་གྲོང་ཁྱེར་གྱི་སྤྱི་ཚོགས་ནུས་པ་དེ་བས་རྒྱ་ཆེ་བ་ཞིག་སྤེལ་བ་དང༌། དེ་དག་མི་རྣམས་ཀྱི་སྤྱི་ཚོགས་དགོས་མཁོ་དང་ཧ་ཅང་འཚམ་པོ་བྱུང་བར་བརྟེན། ལྷ་ལྡན་གཙུག་ལག་ཁང་ལྟེ་བར་བྱས་པའི་མཐའ་བཞིའི་གྲོང་ཁྱེར་རྣམས་རིམ་བཞིན་རྒྱ་སྐྱེད་འཛུགས་སྐྲུན་བྱེད་པའི་སྒོ་མོ་ཕྱེ་བ་ཡིན།

དེ་ནས་ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནས་ཕོ་བྲང་པོ་ཏཱ་ལར་གནས་སྤོས་གནང་བར་བརྟེན། ལྷ་ས་གྲོང་ཁྱེར་དེ་ཉིད་ཆོས་སྲིད་གཉིས་ལྡན་གྱི་ལྟེ་གནས་སུ་གྱུར་པ་དང༌། དེ་དང་མཚུངས་པའི་སྲིད་གཞུང་དཔོན་རིགས་ཀྱི་གཟིམ་ཤག་དང༌། ལས་ཤག གྲོང་མི་གཞིས་ཆགས་ཀྱི་ཁྱིམ་ཚང་སོགས་གཞི་རྒྱ་ཇེ་ཆེར་སོང་སྟེ་བར་སྐོར་དང་གླིང་སྐོར་ཟེར་བའི་ཐ་སྙད་ཀྱང་སྐབས་དེ་ནས་བྱུང་སྟེ། བར་སྐོར་ཚོང་ཁང་དང༌། འོང་སྟོད་ཞིང་ཁའི་ཁྲོམ་ར། རྗེ་འབུམ་སྒང་ཁྲོམ་ར། དེ་བཞིན་ཐལ་སྤུངས་སྒང་དང༌། ས་སྦོག་སྒང༌། གཡུལ་ཁ་སྒང་ཟེར་བའི་ཞིང་འབྲོག་ཐོན་ཁུངས་དང༌། གྲོང་ཁྱེར་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཕན་ཚུན་བརྗེ་ཚོང་བྱེད་པའི་ཁྲོམ་ར་ལ་སོགས་སྤྱི་ཚོགས་དང་དུས་སྐབས་ཀྱི་འགྲོས་དང་བསྟུན་ནས་རིམ་བཞིན་རྒྱ་ཇེ་ཆེ་དང་ཕུན་སུམ་ཇེ་ཚོགས་སུ་གྱུར་བའོ།།

དྲུག་པ། དེང་དུས་ཀྱི་ལྷ་ས་གྲོང་ཁྱེར།

ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་མིས་བོད་ས་བཙན་བཟུང་བྱེད་འགོ་ཚུགས་པ་ནས་བཟུང་ཕྱི་ལོ་ ༡༩༥༩ ལོར་བོད་ཆོལ་གསུམ་ཡོངས་རྫོགས་བསྟན་དགྲ་རྒྱ་མིས་བཙན་བཟུང་བྱས་པ་དང༌། ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ལོ་བཅུའི་རྙིང་བཞི་རྩ་གཏོར་ཞེས་པའི་རིག་གནས་གསར་བརྗེའི་གོད་ཆགས་ཀྱིས་མདོ་སྔགས་རིག་གནས་དང༌། ལོ་ངོ་སྟོང་ཕྲག་མང་པོའི་ནང་སྔོན་བྱོན་མེས་པོ་དག་གིས་སྐུ་ངལ་བརྒྱ་སྟོང་ཁྱད་བསད་ཀྱིས་རིན་བྲལ་ཤུལ་བཞག་གི་རིག་དངོས་དང༌། གནའ་ཤུལ་ཕལ་མོ་ཆེ་གཏོར་སྐྱོན་བཏང་བའི་ཁྲོད་ཕོ་བྲང་པོ་ཏཱ་ལ་དང༌། ལྷ་ལྡན་གཙུག་ལག་ཁང༌། གདན་ས་སེ་འབྲས་དགའ་གསུམ་སོགས་ཆོས་སྡེ་མཐའ་དག་ལ་གཏོར་སྐྱོན་ཆེ་ཆུང་སྣ་ཚོགས་བྱུང་བ་རྣམས་རིམ་བཞིན་ཉམས་གསོ་དང་བཅས་ལྷ་ས་ནི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་དང༌། ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང༌། ར་ས་འཕྲུལ་སྣང་གཙུག་ལག་ཁང༌། ནོར་བུ་གླིང་ཁ། གདན་ས་སེ་འབྲས་དགའ་གསུམ་བཅས་ནི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན་པ་དང༌། དེ་ནས་བཟུང་ཚོང་ཁང་དང༌། མགྲོན་ཁང་སོགས་ཀྱང་མང་དུ་ཕྱིན་པ་དང༌། གྲོང་མི་ཡང་མང་དུ་སོང་ནས་གྲོང་ཁྱེར་དར་རྒྱས་སུ་ཕྱིན་ཡོད།

ལྷ་ས་གྲོང་ཁུལ་གྱི་འཛུགས་སྐྲུན་ལ་གནའ་དེང་ཟུང་དུ་སྦྲེལ་བའི་རྣམ་པ་གསར་པ་ཞིག་ཐོན་པ་དང་ཆབས་ཅིག་རྒྱ་བོད་ར་མ་ལུག་གི་ཁང་པའང་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང༌། ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་པའི་རྗེས་ཀྱི་ལོ་བཅུའི་རིང༌། ལྷ་སར་འགྱུར་བ་སྔར་བས་ཆེ་བ་ཕྱིན་ཡོད་པ་དང༌། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་དེང་རབས་གྲོང་ཁྱེར་གྱི་རྣམ་པ་ཞིག་རིམ་བཞིན་ཐོན་པ་དང་ཆབས་ཅིག་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་གི་ཉམས་བཟང་དེ་ཡང་རིམ་ཡལ་དུ་འགྲོ་བཞིན་ཡོད།

མདོར་ན། གནའ་བོའི་གྲོང་ཁྱེར་ཁྱད་དུ་འཕགས་པའི་ཡུལ་མཆོག་འདི་ན། དེང་རབས་ཀྱི་གཞུང་ལམ་དྲ་བས་བསྐོར་ཞིང༌། དེང་དུས་ཅན་གྱི་འཕྲུལ་འཁོར་མང་པོ་ཞིག་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་བེད་སྤྱོད་བྱེད་པ་མ་ཟད། བསམ་ཡུལ་ལས་འདས་པའི་ཕན་ནུས་ཆེན་པོ་ཞིག་ཐོན་གྱི་ཡོད་པར་བརྟེན། འབྱུང་འགྱུར་གྲོང་ཁྱེར་དེ་ཉིད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བའི་འཛུགས་སྐྲུན་བྱ་གཞག་ནང་སྔར་བས་ཤུགས་རྐྱེན་ཆེ་བ་ཞིག་ཐེབས་རྒྱུ་ཡིན་པ་ནི་གདོན་མི་ཟའོ།།

གྲོང་ཁྱེར་རྙིང་པའི་སྡོད་ཁང་གསར་རྒྱག་ཐད་བསམ་གླིང་ཁང་གསར་དང༌། ཚ་རོང་ཁང་གསར། ཀླུ་སྦུག་ཁང་གསར། ཕུན་རབ་ཁང་གསར། རྨེ་རུ་ཁང་གསར། སྟག་གོག་རབ་གསལ། བཀྲ་ཤིས་འཁྱིལ། འདོད་ཡོན་ཚང༌། རྟ་མགོ་ཤར། རྟ་དབང་ཚང༌། རྒྱལ་རྩེ་ཚང༌། བཀྲ་ཤིས་ཚང༌། རྒྱ་ནག རྟིང་ཚང༌། ཞི་བདེ་ཚང༌། རབ་གསལ། པད་གླིང་སོགས་བཟོ་བཅོས་གསར་རྒྱག་གིས་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཏེ་ལོ་རྒྱུས་ལྡན་པའི་གནའ་ཉམས་དེ་དག་རྩ་མེད་དུ་ཕྱིན་ཡོད།

དེ་བཞིན་ཁྲོམ་གཟིགས་ཁང་དང༌། དཔལ་འབྱོར་རབ་བརྟན། དབང་ལྡན་དཔལ་འབར། བདེ་ཆེན་རབ་བརྟན། འབྲང་རྒྱས་ཤག རག་ཁ་ཤག སྣེའུ་ཤག བྱུས་སྡིང་གནས། དགའ་ལྡན་ཁང་གསར་སོགས་མདོར་ན་ལོ་རྒྱུས་ཅན་གྱི་གཞུང་སྒེར་གྱི་ཁང་པ་དང༌། གཞན་ཡང་སྡེ་དཔོན་དང༌། ྋརྒྱལ་བའི་ཡབ་གཞིས། བླ་སྤྲུལ་ཁག་གི་བླ་བྲང༌། མི་དྲག་ཁག་གི་གཟིམ་ཤག ཚོང་རིགས་འབྱོར་ལྡན་བཅས་པའི་སྒེར་ཁང་གནའ་ཉམས་ལྡན་པ་དུ་མ་ཞིག་དེང་ལ་ལ་རྩ་མེད་ཀྱིས་མིང་ཙམ་དང༌། འགའ་ཞིག་ཉམས་གཏོར་གྱི་གོད་ཆགས་ཕོག་བཞིན་པ། རེ་ཟུང་ལྷག་མར་ལུས་པ་དག་ཀྱང་རིང་མིན་རྩ་གཏོར་དུ་འགྲོ་ཆེན་ཤིན་ཏུ་ཆེ་བས་ཡིད་སྐྱོའི་གནས་ལགས་སོ།།

དེ་ལྟར་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་ཁང་པ་ཉུང་དུ་འགྲོ་བ་དང༌། ལོ་རྒྱུས་མེད་པའི་ཁང་པ་གསར་པ་མང་དུ་འགྲོ་མུས་ཡིན་ལ༑ ལྷ་ས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲགས་ཅན་གྱི་གྲོང་ཁྱེར་རྙིང་པ་ཞིག་ཡིན་སྟབས། ལོ་རྒྱུས་ཤུལ་བཞག་དེ་ཚོར་སྲུང་སྐྱོབ་དང་བདག་གཅེས་གནང་རྒྱུ་ནི་གནད་ཀྱི་དམ་པར་མཐོང་ངོ༌།།

བདུན་པ། གནའ་ཤུལ་གཅིག་སྡུད་ཆེ་བའི་ལྷ་ས།

ལྷ་ས་ནི་གནའ་ཤུལ་གཅིག་སྡུད་ཆེ་བ་སྟེ། གྲོང་ཁྱེར་འདི་བཞིན་དུས་རབས་བདུན་པའི་འགོར་བཙན་པོ་སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོས་གནང་མཛད་པ་ནས་བཟུང་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། ཆོས་ལུགས། དམག་དོན། འཕྲོད་བསྟེན། ཕྱི་འབྲེལ་སོགས་གཅིག་ཏུ་འདུས་པའི་གྲོང་ཁྱེར་ཞིག་ཆགས་འགོ་ཚུགས་ཏེ། བརྗིད་ཆགས་བཀོད་པ་མཛེས་པའི་ཕོ་བྲང་པོ་ཏཱ་ལ་དང༌། སྐུ་མཁར་མ་རུའམ་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས། འུན་ཅང་རྡོ་བཅས་ཕོ་བྲང་གསུམ་དང༌། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་གཉིས་ཀྱི་གཙོས་ལྷ་ཁང་གྲགས་ཅན་བཅོ་ལྔ། བཀའ་གདམས་ཀྱི་གདན་ས་རྭ་སྒྲེང་དང་རྒྱལ་ལྷ་ཁང༌། ཀརྨ་བཀའ་བརྒྱུད་ཀྱི་གདན་ས་མཚུར་ཕུ་དང་ཡངས་པ་ཅན། སྟག་ལུང་བཀའ་བརྒྱུད་ཀྱི་གདན་ས་སྟག་ལུང༌། འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་འབྲི་གུང་མཐིལ། ཚལ་པ་བཀའ་བརྒྱུད་ཀྱི་གདན་ས་ཚལ་དང་གུང་ཐང༌། འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་ཆུ་ཤུར་འབྲུག་དགོན་པ། རི་བོ་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ་མ་ཆགས་གོང་གི་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་བྱུང་བའི་དབུས་གཙང་གི་གདན་ས་ཆེན་པོ་དྲུག་གི་གྲས་ནས་གསང་ཕུ་དགོན་པ་སོགས་བཞི། རི་བོ་དགེ་ལུགས་པའི་གདན་ས་སེ་འབྲས་དགའ་གསུམ། གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད། གཞན་ཡང་རྨེ་རུ་དང༌། བཞི་སྡེ། གླིང་ཁག་བཞི་བཅས་མདོར་ན་བོད་ཀྱི་རབ་བྱུང་དང་པོ་མ་ཚུགས་གོང་གི་ལོ་རབས་དང་པོའི་ཤིང་བྱི་སྤྱི་ལོ་ ༡༠༡༢ ནས་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་ ༡༧༩༢ ལོ་བར་ལོ་ ༨༠༠ ཙམ་གྱི་དུས་ཡུན་ནང་རིམ་བཞིན་ཆགས་པའི་གྲགས་ཅན་དགོན་པ་ ༢༣ བཅས་ཡོད།

བཙན་པོའི་དུས་རབས་སུ་བཙུགས་པའི་ཐང་བོད་དབོན་ཞང་མཐུན་འབྲེལ་རྡོ་རིང་དང༌། ཞོལ་རྡོ་རིང་ཕྱི་ནང་གཉིས། ཞོལ་གྱི་ཁང་གསེར་རྡོ་རིང་གཉིས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་རྡོ་རིང༌། དབུ་རུ་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས། མཚུར་ཕུའི་རྡོ་རིང་སོགས་རྡོ་རིང་གྲགས་ཅན་དགུ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྟེན་སྐལ་འཕགས་པ་ལོ་ཀེ་ཤྭ་ར་དང༌། བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ། རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་སོགས་བལ་ཡུལ་དང༌། ཁ་ཆེ། ཏཱ་སིག་བཅས་ནས་བོད་ཀྱི་རྒྱལ་བློན་དང༌། དགོན་པ་ལྷ་ཁང༌། བླ་མ་སློབ་དཔོན་བཅས་ལ་བསྐུར་བའི་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་བྱས་པའི་སྐུ་འདྲ་དང༌། རྒྱ་དཀར་ནག་དང༌། བལ་ཡུལ། ཁ་ཆེའི་ཡུལ་སོགས་ནས་གསུང་རབ་ཀྱི་རྟེན་བྲིས་མ་དང་དཔར་མ་ཤིན་ཏུ་མང་བ། ཙནྡན་དང་ལི་ཟངས་དངུལ་སོགས་ལས་བཞེངས་པའི་མཆོད་རྟེན། གསེར་དངུལ་ཕྲ་མེན་ཟངས་ཤེལ་གུ་གུ་ཤ་སོགས་ལས་བྱས་པའི་སྤྱད་པ་སྣ་ཚོགས། དར་གོས་ཀྱི་ཡོལ་བ་མཆོད་རྫས། འཐག་གྲུབ་དང་འཚེམ་དྲུབ་རས་བྲིས་བཅས་ཀྱི་སྐུ་ཐང༌། རང་རིགས་ཀྱི་སྒྱུ་རྩལ་མཁས་པས་བྲིས་པའི་གནའ་རབས་ཀྱི་ལྡེབས་རིས། བོད་གནའ་རབས་ཀྱི་ཁྲབ་རྨོག་མདའ་གྲི་མདུང་གསུམ་སོགས་གོ་མཚོན་གྱི་རིགས། རྡོ་དང་ཤིང་ཆས་གསེར་དངུལ་ཟངས་ལྕགས་བཅས་ཀྱི་ངོས་བརྐོ་དཀྲོལ་བྱས་པའི་དངོས་ཆས་རིགས་མི་འདྲ་བ་སྣ་ཚོགས། བོད་ཀྱི་དུས་རབས་རིམ་པའི་གཞུང་གི་ཡིག་ཆ་སོགས་རྩ་ཆེའི་རིན་ཐང་ཅན་གྱི་རིག་གནས་དངོས་རྫས་གྲངས་ལས་འདས་པ་ཞིག་ཡོད་པ་རྣམས་མང་ཆེ་བ་རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེ་ཞེས་པའི་ལོ་བཅུའི་ཟང་ཟིང་གི་དུས་སྐབས་ནང་གཏོར་བཤིག་ཚབས་ཆེན་ཕོག་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་རིང་སྔོན་བྱོན་མེས་པོ་དུ་མས་དཀའ་བ་ཁྱད་བསད་དང༌། ངལ་བ་དྭང་ལེན་གྱིས་གསོག་འཇོག་བྱས་པའི་རྩ་ཆེའི་རིན་ཐང་བྲལ་བའི་རིག་དངོས་ཤུལ་བཞག་དང༌། ཡིག་ཆ་མང་པོ་ཟླ་ཤས་ཀྱི་དུས་ཡུན་ནང་མེད་པར་བཟོས་ནས་སྟབས་ལེགས་ཀྱི་སྲུང་སྐྱོབ་ཐུབ་པ་ཉུང་ཤས་ཤིག་ལས་ལྷག་མེད་པ་ནི་དགོངས་པ་གཟུ་བོར་གནས་པ་ཚང་མས་བརྗེད་པར་དཀའ་བའི་བསླབ་བྱ་གཏིང་ཟབ་ཅིག་ཡིན། ད་ལྟ་ལྷག་ལུས་ཕྲན་ཙམ་ཡོད་པ་འདི་དག་གི་ལོ་རྒྱུས་དང་རྩ་ཆེའི་རང་བཞིན་ཚང་མས་ཤེས་རྟོགས་ཐུབ་པ་བྱུང་ན། བོད་ཀྱི་རྒྱལ་དོན་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། ཆོས་ལུགས། དམག་དོན། འཕྲོད་བསྟེན་སོགས་རྒྱུན་འཛིན་དང་དར་སྤེལ་བྱུང་བའི་ལྟེ་གནས་ནི་ད་དུང་ཡང་བོད་ས་གནས་འདི་རང་ཡིན་པ་ལས་ས་གནས་གཞན་ལ་མེད་པའི་བདེན་དཔང་ར་སྤྲོད་བྱེད་ཐུབ་པ་ཡིན།

བརྒྱད་པ། གྲགས་ཅན་མི་སྣ་འདུ་འཛོམས་ཆེ་བའི་ལྷ་ས།

ལྷ་ས་གྲོང་ཁྱེར་ནི་གྲགས་ཅན་མི་སྣ་འདུ་འཛོམས་ཆེ་བ་ཞིག་ཡིན། དེ་ཡང་གོང་སྨོས་ལྟར་ལྷ་ས་གྲོང་ཁྱེར་འདི་དང༌། དེའི་ཉེ་འཁོར་གྱི་རྫོང་ཁག་བཅས་ལ་གནའ་ཤུལ་གྲགས་ཅན་དང༌། རིག་གནས་དངོས་རྫས་གྲངས་མེད་ཡོང་བའི་རྒྱུ་མཚན་གཙོ་བོ་ནི། གྲོང་ཁྱེར་འདིར་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་གཙུག་ལག་ཁང་སོགས་གནའ་རབས་བཙན་པོའི་དུས་སྐབས་ཀྱི་གཙུག་ལག་ཁང་དང༌། ཕོ་བྲང་སོགས་ཡོད་པར་བརྟེན། གྲོང་ཁྱེར་འདིར་གཞིས་ཆགས་པའི་བོད་མི་རིགས་དང་མི་རིགས་གཞན་གྱི་ལག་ཤེས་བཟོ་ལས་པ་དང༌། རྒྱ་དཀར་ནག བལ་པོ། ཁ་ཆེ་བཅས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཡོང་བའི་ཚོང་པ་བཅས་ཕན་ཚུན་བར་རང་རང་གི་ཡུལ་ཐོན་དངོས་ཟོག་བརྗེ་རེས་ཀྱི་ཚོང་ར་རིམ་བཞིན་ཆགས་ཏེ། མི་རིགས་སྣ་མང་འདུ་འཛོམས་ཆེ་ཞིང༌། དངོས་ཟོག་གང་དང་ཅི་དགོས་ཉོ་སྒྲུབ་བྱེད་བདེ་བཅས་བཟོ་ཚོང་དཔལ་འབྱོར་གཉིས་ཀ་དར་རྒྱས་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་སྟབས་གྲོང་ཁྱེར་ནང་ཁུལ་དང་ཉེ་འདབས་ཀྱི་ས་གནས་ཕྱོགས་བཞི་མཚམས་བརྒྱད་དུ་ཆོས་ལུགས་གྲུབ་མཐའ་ཁག་གི་སྲོལ་གཏོད་པ་མང་པོས་དགོན་པ་དང་ལྷ་ཁང་སྣ་ཚོགས་བཏབ་ནས་གནས་གཞི་བཟུང་ཞིང༌། དེ་དག་གི་སྲོལ་རྒྱུན་འཛིན་པའི་སློབ་མ་དང་ཡང་སློབ། གདན་ས་འཛིན་པའི་མཁན་སློབ་གྲགས་ཅན་མང་པོ་རིམ་པར་བྱུང་བ་མ་ཟད། བོད་ཀྱི་སྲིད་དབང་འཛིན་པའི་རྒྱལ་པོ་དང་བློན་པོ། དྲག་པོ་གཡུལ་གྱི་ལས་ལ་དཔའ་མཛངས་ལྡན་པའི་དམག་དཔོན། སྐད་རིགས་སྣ་མང་མཁྱེན་ཅིང་བྱང་ཆུབ་པའི་ལོ་ཙཱ་བ། བཅུ་ཕྲག་རིག་པའི་གནས་ལ་མཐར་སོན་པའི་པཌཎི་ཏ། སེམས་ཁམས་སློབ་གསོ་རིག་པའི་མ་ལག་གསར་གཏོད་མཛད་མཁན་གྱི་སློབ་དཔོན། རྒྱལ་ཁབ་ཕྱི་ནང་ཀུན་གྱི་གསོ་རིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པའི་སྨན་པ། གྲངས་རྩིས་རིག་པར་བརྟེན་ནས་གནམ་སའི་འགྱུར་ལྡོག་གི་ཆོས་ཉིད་གསལ་བར་སྟོན་པའི་སྐར་རྩིས་པ། དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་གཟུགས་སུ་འགོད་པ་ལ་གཞན་དྲིང་མི་འཇོག་པའི་རྩོམ་པ་པོ་དང་སྙན་ངག་མཁན། སྙན་འཇེབས་འགྱུར་ཁུག་ལྡན་པའི་ངག་རྩལ་ལ་བརྟེན་ནས་སྐྱེ་རྒུའི་ཡིད་སེམས་འགུགས་པར་མཁས་པའི་གླུ་དབྱངས་མཁན། ཉམས་དགུའི་རྣམ་འགྱུར་མཚོན་པའི་སྟངས་སྟབས་གསོན་ཉམས་ལྡན་པས་མིག་དང་ཡིད་ལ་ངོ་མཚར་གྱི་ལྟད་མོ་ཅི་ཡང་སྦྱིན་པའི་ཟློས་གར་མཁན། སོར་མོའི་འཕྲུལ་རྩལ་ལ་བརྟེན་ནས་ཕྱི་རོལ་གྱི་གཟུགས་སྣང་སྣ་ཚོགས་རི་མོའི་ལམ་དུ་འགོད་པར་མཁས་པའི་བྲིས་བརྐོས་མཁན། རང་བྱུང་རིན་ཆེན་སྣ་ཚོགས་བཙོ་སྦྱང་བཞུ་བཏུལ་བརྡར་བཟོ་གང་འདོད་ཀྱི་དངོས་པོར་སྒྱུར་བར་ནུས་པའི་མགར་བ༑ ཐ་མལ་རང་བྱུང་གི་ས་རྡོ་ཤིང་གསུམ་ལ་བརྟེན་ནས་སྲ་བརྟན་བཀོད་ལེགས་ལྟ་ན་སྡུག་པའི་ངོ་མཚར་ཁང་བཟང་འཛམ་གླིང་གི་ཡང་ཐོག་ཏུ་བསྐྲུན་པ་ལ་མཚན་སྙན་གྱི་རྔ་ཆེན་ཕྱོགས་མཚམས་ཡོངས་སུ་བརྡུང་བའི་རང་རིགས་ཀྱི་གྲགས་ཅན་མི་སྣ་མང་པོ་བྱུང་ཞིང༌། ཞབས་བཅགས་བཞུགས་འཇགས་གནས་སའི་གནས་རྩ་ཆེན་ཞིག་ཀྱང་ཡིན།

དགུ་པ། གནའ་དེང་གི་ལྷ་སའི་མིའི་གྲུབ་ཆ།

ལྷ་ས་གྲོང་ཁྱེར་ནི་སྔར་ནས་འཛམ་གླིང་གལ་ཆེའི་རིག་གནས་ཤུལ་བཞག་ཁྲོད་སྙན་གྲགས་ཅན་གྱི་གྲོང་ཁྱེར་གཅིག་ལ་རྩིས་པ་དང༌། སྔར་ལྷ་སའི་མིའི་གྲུབ་ཆ་གཙོ་བོ་ནི། སྐབས་དེ་དུས་ལྷ་སའི་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཁམས་པ་ཇ་ཚོང་མཁན་རྣམས་ལྷ་སར་སྦྲ་གུར་ཕུབ་ནས་སྡོད་པའི་སྦྲ་ནག་ཞོལ་དང༌། ལྷ་སའི་ཤར་ལྷོའི་ཕྱོགས་སུ་ཝ་པ་གླིང་ཞེས་རྒྱ་རིགས་ཁ་ཆེའི་ཆོས་ལུགས་པས་ཤ་དང༌། སྔོ་ཚལ་ཚོང་ལས་བྱེད་མི་རྣམས་ཀྱི་གྲོང་ཚོ། ནུབ་ཕྱོགས་བསྟན་རྒྱས་གླིང་གི་ཕྱོགས་སུ་སྔར་སོག་པོའི་དཔོན་རིགས་དང༌། འགྲུལ་པ་རྣམས་ཕྱིང་པའི་གུར་ཕུབ་སྟེ་སྡོད་སའི་འཕྱིང་གུར་ནང༌། གྲོང་ནུབ་ཀླུ་སྦུག་གི་ཕྱོགས་སུ་རྒྱ་རིགས་སྡོད་སའི་རྡོ་སེང་གེ་དང༌། བར་སྐོར་བྱང་ངོས་སུ་བལ་པོའི་ཚོང་པ་སྡོད་སའི་སྤ་ར་བཞི་སོགས་ཡོད་ཅིང༌། བར་སྐོར་བྱང་ངོས་ཚོང་ཁང་ཕལ་མོ་ཆེ་བལ་ཡུལ་གྱི་ཚོང་པས་གཙོ་བོར་དར་གོས་དང་ཆུ་ཚོད། རས་ཆ་དང་ཐེར་མ། མངར་ཆ་དང་ས་སྣུམ། ཤེལ་སྒོ་སོགས་ཚོང་གཉེར་བྱེད་ས་ཡིན་པ་དང༌། བར་སྐོར་གྱི་མཐའ་བཞིར་ས་ཆ་འདྲ་མིན་ནས་ཡོང་བའི་ཚོང་པ་རྣམས་ནས་དངོས་ཟོག་སྣ་ཚོགས་ཚོང་གཉེར་བྱེད་བཞིན་ཡོད། བར་སྐོར་གྱི་ཤར་ལྷོ་གཉིས་ཀྱི་ཚོང་ཁང་ཕལ་ཆེ་བ་ཀ་ཤི་སྨིར་གྱི་ཁ་ཆེའི་ཚོང་ཁང་ཡིན་ཞིང༌། ཁོང་ཚོས་གཙོ་བོ་པགས་རིགས་དང༌། འཇུར་རྟ། ཞྭ་མོ་སོགས་འཚོང་གི་ཡོད། དེ་མིན་གྱི་ཚོང་ཁང་ཕལ་མོ་ཆེ་བོད་རིགས་དང་རྒྱ་རིགས་ཀྱི་ཚོང་པ་ཡིན། བོད་རིགས་ཀྱི་ཚོང་པ་མང་པོས་རྒྱ་ནག་ནས་དར་གོས་དང༌། དཀར་ཡོལ། ཚལ་སྐམ་པོ། ཇ་སོགས་འཐེན་པ་དང༌། རྒྱ་གར་ནས་རས་ཆ་དང༌། ཐེར་མ། འགོ་སྣམ། ལྕགས་ཆས་སོགས་འཐེན་ནས་བར་སྐོར་ནང་འཚོང་གཉེར་བྱེད་ཀྱི་ཡོད།

བར་སྐོར་གྱི་བྱང་དུ་རྟ་སྒ་དང༌། སྐུད་པ། ཀོ་ཟོམ་སོགས་ཀོ་བའི་རིགས་ཆས་དང་ཙམ་པ་ཚོང་མཁན་ཡང་ཡོད། བར་སྐོར་ནང་ཚོང་ཁང་ཕུད་ད་དུང་གཞི་རྒྱ་ཆེ་ཆུང་གི་ཇ་ཁང་དང༌། ཆང་ཁང༌། ཟ་ཁང་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ཁྲོམ་གཟིགས་ཁང་ཐང་སྡེར་དུ་གཟན་པ་དང་རྫ་ཁོག་འཚོང་མཁན་ཡོད་ལ། བར་སྐོར་གྱི་ཤར་ངོས་མཚོ་སྣ་བར་ཞེས་པའི་ཁྲོམ་གཞུང་དུ་ཆེད་མངགས་ཚགས་ཤ་ཚོང་གཉེར་བྱ་ས་ཞིག་ཡོད་པ་དེ་ལྷ་སའི་ཁ་ཆེ་ཚོས་བདག་སྐྱོང་བྱེད་ཀྱི་ཡོད་པས་དེར་ཤ་ཁྲོམ་འོག་ཅེས་མིང་ཆགས། ཤ་ཁྲོམ་འོག་གི་ཤར་ཕྱོགས་སུ་འོང་སྟོད་ཞིང་ཁ་ཞེས་ཞོགས་པ་ནས་གྱོན་གོས་རྙིང་པ་དང༌། འཛིན་ཆས་རྙིང་པ་འཚོང་གཉེར་བྱེད་ཀྱི་ཡོད། དེའི་ཉེ་འགྲམ་དུ་རྟ་ཁྲོམ་ཞེས་རྟ་དྲེལ་དང༌། བོང་བུ། གཟན་པ། ལྕི་བ་ཚོང་མཁན་དང༌། རྟའི་རྨིག་ལྕགས་རྒྱག་ས་སོགས་ཡོད། མདོར་ན་འོང་སྟོད་ཞིང་ཁའི་ས་སྟོང་ཚང་མར་སྐྱས་ཁྲོམ་དང༌། ཤ་ཚལ། ཤིང་འབྲས་སོགས་བཟའ་བཅའ་ཚོང་མཁན་རྣམས་ཀྱིས་ཁེངས་ཤིང༌། དེར་སྔ་དྲོའི་རིང་འཁྲུག་ཆ་ཆེན་པོ་ཡོད།

འོང་སྟོད་ཞིང་ཁའི་བྱང་ཕྱོགས་སུ་ཀོ་བའི་སྐྱི་མོ་བསྲེགས་ཡུལ་དང༌། རྔོ་བཟོ་བ་མང་པོ་ཡོད་པ་ཚོས་ཀོ་བའི་ཡོ་བྱད་སྣ་ཚོགས་བཟོ་ཚོང་བྱེད་པ་ལ་ ༼སྐྱི་མོ་བསྲེགས།༽ སྐྱི་རས་ཅེས་པའི་མིང་ཆགས་པ་ལྟར་དེང་སང་ཡང་མིང་དེ་ལྟར་འབོད་བཞིན་ཡོད། སྦྲ་ནག་ཞོལ་དུ་སྡོད་མཁན་ཕལ་ཆེ་བ་ཆབ་མདོ་ཁུལ་ནས་ཡོང་བའི་ཁམས་པ་ཡིན་ཞིང་ཕལ་ཆེ་བས་ཇའི་ཚོང་གཉེར་བྱེད་ཀྱི་ཡོད། དེ་དག་རྣམས་སྔར་སྦྲ་གུར་ཕུབ་ནས་གནས་སྡོད་བྱས་པས་སྦྲ་ནག་ཞོལ་ཞེས་མིང་ཆགས་པར་གྲགས་སོ།།

ད་ལྟ་ལྷ་སའི་མིའི་གྲུབ་ཆ་ནི། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཞིང་ནང་ཁུལ་འཁྲུག་ཏུ་གཏོང་བའི་མིང་སྙན་སྲིད་བྱུས་འོག་ལྷ་སར་ཚོང་ལས། དེ་མིན་འཛུགས་སྐྲུན་ཚན་པ་ཁག་ལ་ཞུགས་མཁན་ལག་རྩལ་མི་སྣ། དཔལ་འབྱོར་འདུ་འགོད་དང༌། ལྷག་པར་འཚོ་ཐབས་བྱེད་མི་སོགས་རྒྱ་ནག་གི་ས་ཆ་ཚང་མའི་མི་སྣ་འདིར་འཛོམས་ཡོད་ལ། དེ་དང་ཆབས་ཅིག་བོད་མི་རྣམས་ཀྱང་རང་གི་ས་ཁུལ་དུ་གྲངས་ཉུང་མི་རིགས་ཤིག་ཏུ་གྱུར་མ་ཟད་རྒྱའི་མི་སེར་སྤེལ་ཡུལ་གྱི་ཡུལ་ལུང་ཞིག་ཏུའང་གྱུར་ཡོད།

བཅུ་པ། ལྷ་ས་ས་ཁུལ་གྱི་ད་ལྟའི་སྲིད་འཛིན་ཁྱབ་ཁོངས།

དེང་སྐབས་ལྷ་ས་ས་ཁུལ་གྱི་སྲིད་འཛིན་ཁྱབ་ཁོངས་རྫོང་ཁག་བདུན་དང་ཆུས་གཅིག་ཟེར་བ་ནི། ༡ སྟོད་ལུང་བདེ་ཆེན་རྫོང་དང༌། ༢ ཆུ་ཤུར་རྫོང༌། ༣ སྙེ་མོ་རྫོང༌། ༤ འདམ་གཞུང་རྫོང༌། ༥ སྟག་རྩེ་རྫོང༌། ༦ མལ་གྲོ་གུང་དཀར་རྫོང༌། ༧ འཕན་པོ་ལྷུན་གྲུབ་རྫོང་བཅས་རྫོང་བདུན་དང༌། ཆུས་གཅིག་ནི་རྒྱ་སྐད་དུ་ཁྲེང་ཀོན་ཆུས་ཟེར་བའི་སྒྲ་ཡི་ཟུར་ནས་འབོད་པ་ལས་མིང་ཆགས་པ་དང༌། དོན་དུ་ལྷ་སའི་བར་སྐོར་ཕྱི་ནང་དང༌། པོ་ཏཱ་ལའི་ཞོལ་གྲོང་མི་ཚུད་པའི་གྲོང་ལྷན་གྱི་སྲིད་འཛིན་བདག་གཉེར་དོ་དམ་པའི་ལས་ཁུངས་དེའི་མིང་ལ་ཁྲེང་ཀོན་ཆུས་ཟེར་ཞིང༌། ཁྲེང་ཀོན་ཆུས་ཁོངས་སུ། ༡ ཚེ་སྨོན་གླིང་གྲོང་ལྷན། ༢ ར་མོ་ཆེ་གྲོང་ལྷན། ༣ རྗེ་འབུམ་སྒང་གྲོང་ལྷན། ༤ རྨེ་རུ་གྲོང་ལྷན། ༥ སྦྲ་ནག་ཞོལ་གྲོང་ལྷན། ༦ སྐྱིད་རས་ས་ཁུལ་གྲོང་ལྷན། ༧ ཐལ་སྤུངས་སྒང་གྲོང་ལྷན། ༨ ཝ་པཱ་གླིང་གྲོང་ལྷན། ༩ རབ་གསལ་ས་ཁུལ་གྲོང་ལྷན། ༡༠ དཔལ་གླིང་གྲོང་ལྷན། ༡༡ ཀླུ་སྦུག་གྲོང་ལྷན། ༡༢ བསྟན་རྒྱས་གླིང་གྲོང་ལྷན། ༡༣ ཤ་གསར་ཟུར་གྲོང་ལྷན། ༡༤ ཁྲོམ་གཟིགས་སྒང་གྲོང་ལྷན། ༡༥ བར་སྐོར་གྲོང་ལྷན། ༡༦ དན་བག་རིན་ཆེན་སྒང་གི་གྲོང་ལྷན། ༡༧ གྲྭ་བཞི་ས་ཁུལ་གྲོང་ལྷན། ༡༨ གྲྭ་བཞི་གྲོང་གསར་གྲོང་ལྷན། ༡༩ ལྷ་ཀླུ་གྲོང་ལྷན། ༢༠ ཀརྨ་ཀུན་བཟང་གྲོང་ལྷན། ༢༡ བདེ་སྐྱིད་གྲོང་ལྷན། ༢༢ གཤོང་ཀ་གྲོང་ལྷན། ༢༣ འཁྲུངས་ལྷ་གྲོང་ལྷན། ༢༤ བྲག་རི་ཁུག་གྲོང་ལྷན། ༢༥ ཐོང་ཅན་གྲོང་ལྷན། ༢༦ གཡུས་ཅིན་གྲོང་ལྷན། ༢༧ བརྒྱད་གཅིག་གྲོང་གསར་གྲོང་ལྷན། ༢༨ ཞོལ་གྲོང་གསར་གྲོང་ལྷན་དང་པོ་གསུམ་བཅས་ཡོད།

ལྷ་ས་གྲོང་ཁྱེར་གྱི་ད་ཆའི་སྲིད་འཛིན་ཁྱབ་ཁོངས་གོང་གསལ་རྫོང་བདུན་དང༌། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཅིག་བརྩིས་པའི་ས་གཞི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༢༩༠༥༢ ཟིན་ཡོད་པ་དང༌། གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༥༥༤ དང༌། དེའི་ནང་ནས་གྲོང་ཁྱེར་རང་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༣༤ ཟིན་ཡོད།

རྒྱ་མིས་མི་འབོར་ཞིབ་བཤེར་བྱས་ཏེ་བརྗོད་པ་ལྟར་ན་གྲོང་ཁྱེར་དུ་མི་འབོར་ ༤༧༤༤༩༩ ཡོད་པ་ནས་བོད་རིགས་མི་འབོར་ཁྲི་ ༣༨༥༡༩༣ ཡོད་པ་དེས་སྤྱིའི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ་ ༨༡་༡༨ ཟིན་པ་དང༌། རྒྱ་རིགས་མི་གྲངས་ཁྲི་ ༧༧༤༩༠ ཡོད་པ་དེས་སྤྱིའི་མི་གྲངས་བསྡོམས་འབོར་བརྒྱ་ཆའི་ ༨༡་༡༦ ཟིན་པ་དང༌། རྒྱ་རིགས་མི་གྲངས་ཁྲི་ ༧༧༤༩༠ ཡོད་པ་དེས་སྤྱིའི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི་ ༡༦་༣༣ ཟིན་ཡོད། གྲངས་ཉུང་མི་རིགས་གཞན་གྱི་མི་གྲངས་བསྡོམས་འབོར་ ༡༡༨༡༦ ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ ༢་༤༩ ཟིན་ཡོད་པ་ནི་རྒྱ་ཕྱོགས་ནས་བཤད་ཚུལ་ཞིག་ཡིན་པ་ལས། དོན་དུ་ལྷ་ལྡན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བོད་མི་ཅུང་ཟད་མང་བ་ཡོད་ན་ལས། དེ་མིན་ལྷ་སའི་ཕྱོགས་མཚམས་དང༌། ཤར་ནུབ་ཕལ་མོ་ཆེ་རྒྱ་མི་རིགས་ཡིན་པས་དོན་དམ་བོད་རིགས་ལས་རྒྱ་རིགས་མང་བས་བོད་མི་རྣམས་རང་གི་ཕ་སར་གྲངས་ཉུང་མི་རིགས་ཆགས་ཡོད། དེ་ཡང་ཀོང་པོ་བརྒྱད་གཅིག་གྲོང་རྡལ་དང༌། ལྷ་སའི་ནུབ་ཕྱོགས་བརྒྱད་གཅིག་ཞིང་ར་གཉིས་ལ་བོད་མི་རྣམས་ཀྱིས་རྒྱ་རིགས་བརྒྱད་ལ་བོད་མི་གཅིག་ཅེས་དོན་དུ་རྒྱ་རིགས་མི་གྲངས་བརྒྱད་ཡོད་སར་བོད་པ་གཅིག་ལས་མེད་ལུགས་ཀྱི་འགྲེལ་བརྗོད་གནང་བཞིན་པ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་ཡིན།

ལྷ་ས་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་དང༌། སྐྱིད་ཆུའི་བྱང་ངོས་སུ་གནས་ཡོད་པ་དང༌། ཤར་དང༌། ཤར་ལྷོར་ཉིང་ཁྲི་ས་ཁུལ་དང་ལྷོ་ཁ་ས་ཁུལ་ཡོད་པ་དང༌། ནུབ་བྱང་གཉིས་ནག་ཆུ་ས་ཁུལ་དང་འབྲེལ་ཡོད་ཅིང༌། ལྷོ་ནུབ་ཏུ་གཞིས་རྩེ་ས་གནས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ལ་ཤར་ནུབ་བར་སྤྱི་ལེ་ ༢༧༧ དང༌། ལྷོ་བྱང་བར་སྤྱི་ལེ་ ༢༠༢ ཡོད་ཅིང༌། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༢༩༥༡༨ ཡོད། དེ་དག་ལས་གྲོང་ཁུལ་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༥༠ དང༌། འོག་ཏུ་ཁྲེན་ཀོན་ཆུས་དང་རྫོང་བདུན་དང༌། མི་འབོར་ཁྲི་ ༤༠ དེ་དག་ལས་གྲོང་ཁྱེར་ནང་གི་མི་ཁྲི་ ༡༤ ཡོད་ལ། བོད་རིགས་དང༌། རྒྱ་རིགས། ཧུད་རིགས་སོགས་ཀྱིས་གཙོས་པའི་མི་རིགས་སུམ་ཅུ་ལྷག་ཙམ་ཡོད།

ལྷ་ས་ནི་བོད་ཀྱི་ཞིང་ལས་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང༌། འབྲུ་རིགས་ལ་གཙོ་བོ་ནས་དང༌། གྲོ མ་རྨོས་ལོ་ཏོག སྲན་མ་དང༌། དཔལ་འབྱོར་ལོ་ཏོག་ལ་ཞོག་ཁོག་དང༌། ལ་ཕུག པད་ཚལ། བྱུར་ཚལ། ཧོང་ཀྭ ཆས་ཙེ་སོགས་ཡོད་ལ། ཤིང་འབྲས་ལ་ཀུ་ཤུ་དང༌། ཁམ་བུ། ལི་སོགས་དང༌། ཤིང་ལ་སྦྱར་པ་དང༌། ལྕང་མ་སོགས། ཕྱུགས་ལས་ནི་འབྲི་གཡག་དང༌། མཛོ། ལུག ར་སོགས་གསོ་རྒྱུ་གཙོ་བོ་ཡིན། སྨན་རྩྭའི་རིགས་ལ་དབྱར་རྩྭ་དགུན་འབུ་དང༌། བད་མུག སྲོ་ལོ་དམར་པོ། གངས་ལྷ་མེ་ཏོག གྲོ་མ། གླ་རྩི། ཤྭ་བའི་ཁྲག་རྭ་སོགས་དང༌། རི་སྐྱེས་སྲོག་ཆགས་ལ་འབྲོང་དང༌། རྐྱང༌། གཙོད། གླ་བ། དགོ་བ། ཤྭ་བ། སེར་ཆེན། ཁྲུང་ཁྲུང་སྐེ་ནག ངང་པ། གོང་མོ་སོགས་ཡོད། སྲོལ་རྒྱུན་གྱི་བཟོ་རྩལ་དངོས་པོ་ལ་ཁ་གདན་དང༌། ས་གདན། གྲི པང་གདན། ཤིང་ཕོར། གསེར་དངུལ་གྱི་རྒྱན་ཆ་ཡོད་ལ། དེ་དག་ལས་ལྷ་སའི་སྐེད་གྲི་ཆུང་ཆུང་དེར་སྐད་གྲགས་ཆེན་པོ་ཡོད།

གོང་གསལ་རྫོང་ཁག་བདུན་ལ་ཞིང་འབྲོག་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། གྲོ་ནས་སྲན་གསུམ། པད་ཁ་སོགས་དང༌། ཤ་མར་ཐུད་གསུམ་དང༌། ཕྱུ་ར། ཞོ་འོ་མ། དེ་བཞིན་ཤིང་འབྲས་དང༌། ཚལ་རིགས་ཀྱི་བཟའ་བཅའ་ཐོན་ཁུངས་ཡག་པོ་ཡོད་པ་མ་ཟད། ས་འོག་གཏེར་ཁའི་ཐོན་ཁུངས་ལ་མཚོན་ན། གསེར། གྱོངས། ཟངས། ལྕགས། ཞ་ཉེ་ལ་སོགས་པའི་གཏེར་རྫས་སྣེ་མང་ཡོད་པ་དང༌། ཆུ་གློག་དང༌། ས་འོག་གི་དྲོད་ཤུགས་ལ་བརྟེན་ནས་གློག་གི་ནུས་པ་བེད་སྤྱོད་གཏོང་བཞིན་པའི་གློག་ཁང་ཁག་ལྔ་ཙམ་ཡོད་པ་ལས། གློག་གི་ནུས་པ་མཁོ་འདོན་བྱེད་ཚད་ཆན་ཝ་ ༡༩༡༨༠ ཟིན་ཡོད་པ་བཅས་སོ།།

ལྷ་ས་གྲོང་ཁྱེར་ལ་གཏོགས་པའི་གྲགས་ཅན་ཡུལ་སྐོར་ས་ཚིགས་ཁག ༢༠༠ ལྷག་ཙམ་གསར་འབྱེད་བྱས་ཡོད་ཅིང༌། གསར་འབྱེད་བྱས་པའི་གལ་ཆེའི་ཡུལ་སྐོར་ཡུལ་ལྗོངས་ཁག ༢༠ ལྷག་ཙམ་ཡོད་པ་དང༌། གསར་སྤེལ་གྱི་འཆར་གཞིའི་ནང་བཅུག་པའི་ཡུལ་ལྗོངས་ཁག ༣༠ ལྷག་ཙམ་ཡོད། དེ་དག་ལས་གྲགས་ཆེ་ཤོས་ནི་ཕོ་བྲང་པོ་ཏཱ་ལ་དང༌། གཙུག་ལག་ཁང༌། ར་མོ་ཆེ༑ ནོར་བུ་གླིང་ཁ། དབོན་ཞང་རྡོ་རིང༌། སེ་འབྲས་དགའ་གསུམ། རྫོང་རྒྱབ་ཀླུ་ཁང༌། བོད་རང་སྐྱོང་ལྗོངས་བཤམས་མཛོད་ཁང༌། བྲག་ཡེར་པ། སྙེ་ཐང་སྒྲོལ་མ་ལྷ་ཁང༌། མཚུར་ཕུ་དགོན། རྭ་སྒྲེང་དགོན། འབྲི་གུང་མཐིལ། ཤུག་གསེབ་དགོན་སོགས་ཡིན་པ་དང༌། གཙོ་བོའི་རང་བྱུང་ཡུལ་ལྗོངས་ནི་འདམ་གཞུང་གི་གནམ་མཚོ་ཕྱུག་མོ་དང༌། ཡངས་པ་ཅན་ས་འོག་ཚ་ནུས། བྱང་གི་གཉན་ཆེན་ཐང་ལྷ། མལ་གྲོ་གུང་དཀར་གཏེར་སྒྲོམ་ཆུ་ཚན། སྟོད་ལུང་བདེ་ཆེན་གྱི་སྟོད་ལུང་ཆུ་ཚན། གཞོང་པ་ལྷ་ཆུ། ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཡིན་ནོ།། །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༨༢༠༡༤༠༤༥༧
ཕྲན་ལ་ལྷ་སའི་ལོ་རྒྱུས་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་ངོ་སྤྲོད་བྱེད་རོགས་གནོངས།
གྲོང་ཁྱེར་རྙིང་པའི་སྡོད་ཁང་དང་།བླ་བྲང་།གླིང་གསྒེར་ཁང་སོགས་ལ་རྒྱུས་ལོན་ཆེན་པོ་བྱེད་འདོད་ཡོད།སྐུ་ཉིད་ཀྱིས་ལྷ་སའི་ལོ་རྒྱུས་སྐོར་གྱི་འཕྲོས་མུ་མཐུད་པར་མཁྱེན།
བཀྲིས་བདེ་ལེགས།
བོད་པ་ཤ་ཞེན་ཅན་ཞིག་གིས།



བརྗོད་གཞི་གཞན་ཁག་ལ་གཟིགས།