རྩོམ་པ་པོའི་སྔོན་གླེང༌།

དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། །ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ། །ཞེས་གསུངས་པ་ལྟར་ང་ཚོས་རྙིང་ཞེན་བག་ཁུམས་ཀྱི་ལྟ་བ་འཁྱེར་ནས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དང༌། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་བལྟས་ནས་གསར་སྐྲུན་དང་ལེགས་བཅོས་བྱེད་མི་དགོས་པ་མིན་ལ། གནའ་བཟང་དེང་སྤྱོད་དང༌། སྙིགས་དོར་བཅུད་ལེན་དང༌། ལྷག་པར་ལོ་རྒྱུས་ལས་བསླབ་བྱ་བླངས་སྟེ་གནའ་དེང་ཟུང་ལྡན་གྱི་བོད་གསར་ཞིག་འཛུགས་བསྐྲུན་བྱེད་དགོས་ངེས་ཡིན། འོན་ཀྱང་རྒྱུན་འཛིན་དང་གསར་སྐྲུན་གྱི་བྱ་གཞག་ཁག་ལ་ངོས་འཛིན་གསལ་རྟོགས་དང༌། གནའ་ཤུལ་དང་རིག་དངོས་སོགས་ཀྱི་རིན་ཐང་ལ་མཐོང་ཆེན་དང་ངོས་འཛིན་ལེགས་པོ་ཞིག་མ་ཐུབ་པས་གནའ་བོའི་གྲོང་ཁྱེར་གྱི་རྣམ་པར་གཏོར་སྐྱོན་ཤུགས་ཆེ་བྱུང་བ་དང་གཅིག གཉིས་ནས་ལོ་རྒྱུས་ཞིབ་འཇུག་བྱེད་པར་དཀའ་ཚེགས་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། དངོས་བྱུང་ལོ་རྒྱུས་ཀྱི་བདེན་པའི་དཔང་རྟགས་མི་ཉུང་བ་ཞིག་ཀྱང་ང་ཚོའི་མིག་མདུན་དུ་གཏོར་བཤིག་གིས་རྩ་མེད་དུ་ཕྱིན་དང་འགྲོ་བཞིན་པ་ནི་ཁ་གསབ་བྱ་ཐབས་མེད་པའི་གྱོང་གུད་ཅིག་ཡིན།

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་དབུས་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྔོན་བྱོན་མེས་པོ་དུ་མས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ནས་བསྐྲུན་པའི་འཛམ་གླིང་ཐོག་ཏུ་ངོམས་རིན་ཆོག་པའི་རིག་དངོས་ཀྱི་གནའ་ཤུལ་བརྒྱ་ཕྲག་ཡོད་ཀྱང་སྔར་གྱི་རིག་གནས་གསར་བརྗེ་དང༌། དེང་གི་བོད་གསར་འཛུགས་སྐྲུན་སོགས་མིང་སྙན་སྣ་ཚོགས་ཀྱི་འོག་ཏུ་ལོ་རྒྱུས་ཀྱི་དཔང་རྟགས་དང༌། གྲགས་ཅན་གྱི་གནའ་ཤུལ། རིན་ཐང་བྲལ་བའི་རིག་དངོས་དུ་མ་ཞིག་མིང་གི་ལྷག་མར་གྱུར་ཟིན་པ་མ་ཟད། ད་ལྟའང་བོད་གསར་འཛུགས་སྐྲུན་གྱི་ཁ་གཡང་སྒྲོག་བཞིན་པའི་འོག་གནའ་བོའི་ཉམས་བཟང་དང༌། རིན་བྲལ་ཤུལ་བཞག་གི་རིག་དངོས་མི་ཉུང་བ་ཞིག་རྩ་གཏོར་དུ་འགྲོ་བཞིན་པ་ལགས་ན། རྩ་འགངས་ཆེ་ཞིང་རིན་ཐང་བྲལ་བའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང༌། ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་རྩ་མེད་སོང་ཚེ་འཛམ་གླིང་འདིའི་ཐོག་ཤིན་ཏུ་ཕངས་པའི་གནས་ཤིག་ལ་སོང༌། ལྷག་མར་ལུས་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་དང༌། རིག་གནས་ཀྱི་རྣམ་པ་མངོན་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་པ་བཅས་ཀྱི་གནའ་ཤུལ་དེ་དག་གི་རིན་ཐང་ཤེས་པའི་ཐོག་ནས་མིང་དོན་མཚུངས་ཤིང་ཚད་དང་ལྡན་པའི་སྲུང་སྐྱོབ་ཅིག་ངེས་པར་དུ་དགོས་པར་སེམས།

དེར་བརྟེན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ལྡན་གྲོང་ཁྱེར་གྱི་ས་ཁམས་ཆགས་དབྱིབས་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས་ཀྱི་ལྷ་སའི་སྔོན་གྱི་ཞི་རྒྱས་དབང་དྲག་གི་ལས་ཁུངས་བཞི་སྟེ་འཛིན་སྐྱོང་བཀའ་ཤག་གིས་དབུས་རྒྱལ་དོན་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། དམག་དོན། ཕྱི་འབྲེལ། འགྲིམ་འགྲུལ། ཆོས་ལུགས། འཕྲོད་བསྟེན་སོགས་ཀྱི་མ་ལག་ལས་ཁུངས་ཆེ་ཁག་ངོ་སྤྲོད་དང༌། ལྷ་སའི་ཐུན་མོང་མ་ཡིན་པའི་བཞི་ཚན་ཁག་གི་བྱུང་རབས། ལོ་རྒྱུས་ཅན་གྱི་རྡོ་རིང༌། ྋརྒྱལ་མཆོག་སྐུ་ཕྲེང་རིམ་པའི་ཡབ་གཞིས་ཁག་གི་ལོ་རྒྱུས་ངོ་སྤྲོད། དེ་མིན་རིས་མེད་ཆོས་བྱེད་ཀྱི་ལྟེ་གནས་དགོན་སྡེ་དང༌། རི་ཁྲོད། ལྷ་ཁང༌། བཙུན་དགོན་ཁག་གི་ལོ་རྒྱུས་སྙིང་བསྡུས། ལྷ་ས་ཁུལ་གྱི་དུས་ཆེན་ཆེ་ཁག་དང་རྒྱན་གོས། གཞན་ཡང་ལྷ་སའི་ཉེ་འཁོར་གྱི་གནའ་ཤུལ་གྲགས་ཅན་ཁག་ངོ་སྤྲོད་སོགས་ལྷ་ལྡན་གྲོང་ཁྱེར་གྱི་བྱུང་རབས་ལོ་རྒྱུས་ལྷ་སའི་དངོས་བྱུང་བདེན་དཔང་ཞེས་པ་འདི་ཉིད་ཕྱོགས་བསྒྲིགས་ཞུས་པ་ཡིན།

ལོ་རྒྱུས་འདི་ཉིད་ཕྱོགས་བསྒྲིགས་ཞུ་སྐབས་དགོན་གནས་ལ་ཆོས་མཇལ་དང༌། གནའ་ཤུལ་ཁག་ལ་ཞིབ་འཇུག མྱོང་ཅན་རྒན་རབས་ལ་བཅར་འདྲི། དཔྱད་གཞིའི་དཔེ་དེབ་ལྟ་ཀློག ས་གནས་ཕལ་མོ་ཆེར་ངོ་བསྐྱོད་ཀྱིས་ཐོག་མཐའ་བར་གསུམ་གྱི་ཆགས་འཇིག་གནས་གསུམ་གྱི་རྒྱུ་རྐྱེན་དང་བཅས་པ་དངོས་མཐོང་དངོས་ཐོས་བྱུང་བ་སོགས་ཀྱི་ཐབས་ལམ་ནས་ལྷ་སའི་དངོས་བྱུང་བདེན་པའི་དཔང་རྟགས་ཀྱི་དེབ་ཐེར་འདི་ཉིད་ཕྱོགས་བསྒྲིགས་བགྱིས་པ་ཞིག་ཡིན།

དེ་ཡང་མི་ལོ་བཅོ་ལྔའི་རྗེས་ཏེ་ཕྱི་ལོ་ ༢༠༠༥ ལོར་རང་ཉིད་གཞིས་སུ་གཉེན་འཕྲད་དུ་བསྐྱོད་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་དེ་ཉིད་དམ་འཛིན་གྱིས་རྒྱལ་རབས་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་གནའ་ཤུལ་ཁག་ལ་ཞིབ་འཇུག་བྱ་སླད་ལྷོ་ཁ་ས་ཁུལ་ཁོ་ནར་ཐེངས་བདུན་ཆེད་བསྐྱོད་བྱས་པ་དང༌། ལྷག་པར་ལྷ་སའི་ལོ་རྒྱུས་འདི་ཉིད་ཕྱོགས་བསྒྲིགས་བྱ་ཕྱིར་ལྷ་ལྡན་གྲོང་ཁྱེར་གྱི་སྲང་ཁྲོམ་རེ་རེ་བཞིན་བརྒྱུད་ནས་གནའ་ཤུལ་བརྩད་འཚོལ་དང༌། པར་ལེན་བཅར་འདྲི། དེང་གི་གནས་སྟངས་ཞིབ་དཔྱད་སོགས་བྱེད་རིང་རྒྱ་ཕྱོགས་ནས་ཆེད་བཙུགས་གསོ་པས་རྗེས་དེད་དང༌། འཛིན་བཟུང་བཙོན་བཅུག་བྱས་པ་སོགས་དཀའ་ཚེགས་དང་འགལ་རྐྱེན་རིམ་འཕྲད་ཀྱིས་གནའ་ཤུལ་འགའ་ཞིག་གི་ལོ་རྒྱུས་བཅར་འདྲི་དང༌། པར་ལེན་མ་ཐུབ་པས་བློ་ཕམ་གྱི་གནས་སུ་གྱུར།

ལྷ་སའི་དངོས་བྱུང་བདེན་དཔང་ཞེས་པ་འདི་ཉིད་ཕྱི་ལོ་ ༢༠༠༦ ལོར་གངས་ལྗོངས་ལྷ་ལྡན་ཞིང་ཁམས་སུ་མཇུག་རྫོགས་པར་བགྱིས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁང་དུ་འབུལ་ལམ་གྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་སྟེང་འགོད་རྒྱུར་རེ་སྐུལ་ཞུས་པར་ལེ་ཚན་མུ་འགོད་ཐོག་འགོད་རྒྱུར་ཞལ་བཞེས་ཐོབ་པར་དགའ་སྤོབས་བླ་ལྷག་ཏུ་འཕེལ་ནའང༌། ཡིད་སྐྱོ་བ་ཞིག་ལ་དངོས་གཞི་ཕྱི་ལོ་ ༢༠༠༦ ལོའི་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་གསུམ་པ་དང༌། བཞི་པ་བཅས་སོ་སོའི་ཐོག་བཀོད་སྐབས་ནང་དོན་རྡོག་སྒྲུག་གིས་དངོས་བྱུང་བདེན་དཔང་ཐམས་ཅད་བཅད་བཏུབ་ཀྱིས་ཇི་བཞིན་མ་བཀོད་སྟབས་ད་ལན་ཆད་པ་ཁ་སྐོང་དང་བཅས་ཆ་ཚང་དཔར་སྐྲུན་མི་བྱ་ཐབས་མེད་དུ་གྱུར།

ཕྱི་ལོ་ ༢༠༠༢ ལོའི་བོད་ལྗོངས་ཞིབ་འཇུག་འདོན་ཐེངས་བཞི་པའི་ནང་རྩོམ་པ་པོ་ཚེ་རྒྱས་ཀྱིས་བྲིས་པའི་བོད་ཡིག་དཔེ་དེབ་ཀྱི་གདམ་ཀ་ཇུས་འགོད་དང་རྩོམ་སྒྲིག་གི་དོན་གནད་རགས་ཙམ་གླེང་བ་ཞེས་པ་ལས། བོད་ཡིག་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་དམ་འཛིན་བྱ་དགོས་པའི་གཙོ་གནད་གྲུབ་ཆ་བཞི་དང༌། གནད་འགག་གསུམ་ལས། བོད་ཡིག་དཔེ་དེབ་རྩོམ་སྒྲིག་བྱེད་དུས་དམ་འཛིན་བྱ་དགོས་པའི་གནད་འགག་གསུམ་ནི། དཔེ་དེབ་ཀྱི་ནང་དོན་དང༌། རིག་གཞུང༌། ཡི་གེ་བཅས་ཡིན། དང་པོ། ནང་དོན་གྱི་གནད་འགག་དམ་འཛིན་བྱ་རྒྱུ་ཞེས་པ་ནི། ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང༌། བྱེད་ཕྱོགས། སྲིད་ཇུས་བཅས་དང་ད་ལྟའི་ཁྲིམས་སྲོལ་ལྟར་བོད་ཡིག་དཔེ་དེབ་ཀྱི་ནང་དོན་གྱི་གནད་འགག་དམ་འཛིན་བྱེད་དགོས་པ་དེ་ཡིན་ཞིང༌། དེ་ཡང་ང་ཚོས་རྒྱུན་དུ་ཤོད་པའི་ཆབ་སྲིད་ཀྱི་གནད་འགག་དམ་འཛིན་བྱེད་དགོས་པ་དང༌། སྤྱི་ཚོགས་ཀྱི་ཕན་ནུས་ལ་ལྟ་དགོས་ཞེས་པ་དེ་ཡིན།

རྩོམ་གྱི་བརྗོད་བྱའི་ནང་དོན་གཙོ་བོ་དེ་ཏང་གི་རྩ་བའི་རྩ་དོན་བཞི་དང་མི་མཐུན་པ་དང༌། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང༌། མི་རིགས་མཐུན་སྒྲིལ་བཅས་ལ་གནོད་པ་ཞིག་ཡིན་ན་དཔེ་སྐྲུན་རྩ་བ་ནས་བྱེད་མི་རུང༌། དེ་ནི་རྩོམ་སྒྲིག་ལས་ཀའི་ནང་དམ་འཛིན་བྱ་དགོས་པའི་གནད་འགག་དང་རྩ་བའི་རྩ་དོན་ཞིག་ཡིན་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རྩ་དོན་དེ་རྒྱུན་འཁྱོངས་བྱ་དགོས་ཞེས་སོགས་བཀོད་པ་ལྟར་བརྗོད་དོན་ཐད་རྒྱ་ནག་དམར་གཞུང་གི་ལངས་ཕྱོགས་དང༌། བྱེད་ཕྱོགས་སྲིད་བྱུས་ཀྱི་ཁྲིམས་སྲོལ་ལས་བརྒལ་ཏེ་རྒྱལ་ཞེན་གྱི་ལ་རྒྱ་བརྟན་ལ་རིགས་ཞེན་གྱི་བརྩེ་བ་ཟབ་པའི་རྩོམ་ཡིག་གཞིས་ལུས་རྩོམ་པ་པོའི་སྨྱུག་རྩེ་ལས་ཐོན་མི་ཆོག་ལ། རྫུན་གཏམ་ལས་བདེན་དོན་ཤོད་ས་མེད་པ་དང༌། བསྟོད་ར་ལས་སྨད་ར་གཏོང་མི་ཆོག་པའི་རྒྱ་ནག་དམར་གཞུང་གི་ད་ལྟའི་ལམ་ལུགས་ཀྱི་ཁྲིམས་སྲོལ་བཀག་རྒྱ་ཤིན་ཏུ་བཙན་པའི་འོག་ནས་གཞིས་ལུས་བོད་མི་རྣམས་ལ་མིའི་རིགས་ལ་ཡོད་དགོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། སྨྲ་བརྗོད་དང་བསམ་བློའི་རང་དབང༌། ལྷག་པར་རྩོམ་པ་པོ་རྣམས་ལ་རྩོམ་འབྲིའི་རང་དབང་ཐམས་ཅད་བཙན་འཕྲོག་གིས་གཞི་རྩའི་ཐོབ་ཐང་དེ་དག་རྒྱ་གཞུང་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འདི་ལས་དངོས་ར་གསལ་འཕྲོད་བྱུང་བས། དྲང་བདེན་ལ་མོས་པའི་འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱིས་བོད་ནང་གི་རྩོམ་པ་པོ་རྣམས་དང༌། རྒྱ་ཆེའི་མང་ཚོགས་ལ་སྨྲ་བརྗོད་དང་བསམ་བློའི་རང་དབང༌། འགྲོ་བ་མིའི་ཐོབ་ཐང༌། རྩོམ་འབྲི་རང་དབང་སོགས་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་བབས་ཡོད།

བོད་ཀྱི་རྒྱལ་ས་ལྷ་སར་ཚབས་ཆེའི་གཏོར་བཤིག་ཉམས་ཉེས་བྱུང་བ་ནི་གངས་ལྗོངས་ཆོལ་གསུམ་ཁྱོན་ལ་མཚོན་ན། རྒྱ་མཚོའི་ནང་གི་ཆུ་ཐིག་ཅིག་དང༌། སྐམ་སའི་ཐོག་གི་རྡོ་ཆུང་གི་དཔེ་ལྟར་སོང་ཡང༌། འདི་ལས་ཟུར་བལྟས་ལེབ་མཐོང་དུ་གྱུར་པ་ནི་སྟོད་ཀྱི་མངའ་རིས་སྐོར་གསུམ་ནས་སྨད་ཀྱི་མདོ་ཁམས་གསུམ་བར་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་ལ་འདི་དང་འདི་མཚུངས་ཀྱི་ཆབ་དཔལ་རིག་གསུམ་དང༌། ཡུལ་གོམས་གཤིས་ལུགས་ལེགས་བྱང་དང་བཅས་པར་གཏོར་བཤིག་ཉམས་ཉེས་བསམ་བརྗོད་ལས་འདས་པ་ཕོགས་ཡོད་པས། འདི་ནི་དངོས་ཡོད་ལོ་རྒྱུས་ཀྱི་བདེན་དཔང་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།

རང་རེ་བོད་ཁ་བ་རི་པའི་རྒྱུད་ཀྱི་ཤེས་ལུགས་ལྟར་ན། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་འདྲ། མིས་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་དང་འདྲ་ཞེས་དང༌། སྐྱེས་པའི་མི་ལ་གྲགས་པའི་གཏམ། །བྱས་པའི་ཆོས་ལ་གྲུབ་པའི་མཐའ། །ཆེ་བའི་མི་ལ་མཐོ་བའི་རྟགས་དགོས་ཞེས་གསུངས་པ་ལྟར་བོད་མི་རང་ཉིད་འཚོ་ཞིང་གནས་པའི་བོད་གངས་ཅན་ལྗོངས་ཀྱི་ཆོས་རིག་དང༌། ཡུལ་གྱི་གོམས་པའི་གཤིས་ལུགས། ལེགས་བྱང་དང་བཅས་པ་བོད་མི་སྤྱི་བོ་གནམ་བསྟན་སྤྱི་དང༌། ལྷག་པར་རང་རིགས་མ་འོངས་སོན་རྩ་རྣམས་ནས་རིག་དངོས་གནའ་ཤུལ་ལ་བདག་ཉར་སྲུང་སྐྱོབ་དང༌། སྔོན་བྱུང་གི་ལོ་རྒྱུས་ཤེས་རྟོགས་བྱེད་པའི་འོས་འགན་ཡོད་ལ། རྒྱ་ནག་དམར་གཞུང་ནས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང༌། འཁྱོག་བཤད་བྱེད་པའི་ཐོབ་ཐང་མེད་པ་སོགས་ཀྱང་མཁྱེན་རྟོགས་དགོས་པའི་གནད་ཅིག་ཏུ་མཐོང་བས་འདི་ཉིད་གངས་ལྗོངས་ལྷ་ལྡན་ཞིང་ཁམས་སུ་མཇུག་རྫོགས་པར་བགྱིས་པ་ཡིན།

རང་ཅག་ཁ་བ་གངས་ཅན་ནི་ས་བབ་དང༌། མི་རིགས་རིག་གཞུང༌། ཆབ་སྲིད་དཔལ་འབྱོར་གྱི་ལས་རིགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་དག་གང་ཞིག་ལས་ཤིན་ཏུ་ཐ་དད་ཡིན་པ་དང༌། བོད་ནི་མི་ལོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཁུངས་དག་ཡོད་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་ལུགས་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མི་རིགས་རིག་གཞུང་དང་བཅས་པའི་བདེན་དཔང་རྣམས་དེང་སྐབས་རྩ་གཏོར་ཤུལ་མེད་དུ་འགྲོ་བཞིན་ཡོད་ལ། བོད་དོན་འཐབ་རྩོད་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང༌། གཞི་རྩའི་ཐོབ་ཐང་དང༌། བོད་དང་བོད་མི་རིགས་ཀྱི་ངོ་བོ་བརྟན་སྲུང༌། སྐད་ཡིག་གོམས་གཤིས་དང༌། ཆོས་དང་རིག་གཞུང་གཅེས་འཛིན། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་ཞིང༌། བོད་མིའི་མི་རབས་གསར་རྙིང་རིམ་པར་རྗེས་ཀྱང༌། ང་ཚོའི་རྩ་དོན་གྱི་འཐབ་རྩོད་མུ་མཐུད་གནས་ཡོད་སྟབས། མངོན་འདོད་རྩ་དོན་གྱི་འཐབ་རྩོད་ཐོག་ལོ་རྒྱུས་ཀྱི་བདེན་པའི་དཔང་རྟགས་རྣམས་ཀྱང་གལ་འགངས་ཤིན་ཏུ་ཆེ་བས་བོད་མི་སྤྱི་བྱིངས་རྣམས་ལྟ་ཅི་སྨོས། ལྷ་སའི་ས་སྐྱེས་རྡོ་སྐྱེས་ཀྱི་ན་གཞོན་རྣམས་དང༌། གནའ་ཤུལ་ཁུལ་དུ་རང་ཉིད་ལོ་ངོ་བཅུ་ཕྲག་རིང་གཏན་སྡོད་བྱེད་མྱོང་བའི་གྲོང་མི་རྒན་གྲས་དག་གིས་ཀྱང་ས་མིང་ཙམ་ལས་དེའི་བྱུང་རབས་ལོ་རྒྱུས་ཤེས་རྟོགས་མེད་པའི་གནས་སུ་གྱར་འདུག་སྟབས་ལྷ་སའི་ལོ་རྒྱུས་ཕྱོགས་བསྒྲིགས་བྱ་རྒྱུར་སེམས་ཤུགས་དང་སྐུལ་ལྕག་འཕར་མ་ཞིག་ཐེབས།

འདིའི་ཐོག་བཞུགས་སྒར་རྡ་སའི་བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་ཀྱི་འགན་འཛིན་མཆོག་ནས་དགའ་བཞིན་སྤྲོ་བཞིན་དཔར་སྐྲུན་གྱི་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་མཛད་པ་དང༌། བཙུན་དགོན་དགེ་ལྡན་ཆོས་གླིང་གི་བོད་དགེ་གྲོགས་བཟང་གཉན་མགོན་དགྲ་ལྷ་ལགས་ནས་ཞུ་དག་ངེས་འདྲོངས་གནང་ཐོག་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་དང༌། ཆེད་བརྗོད་འབྲི་གནང་མཛད་པ་བཅས་ལ་གུས་པས་སྙིང་དབུས་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང༌། འདིས་ཀྱང་གངས་ལྗོངས་ཀྱི་ཆོས་རིག་དང༌། ལེགས་བྱང༌། སྔོན་གྱི་བྱུང་རབས་ལོ་རྒྱུས་སོགས་དངོས་ཡོད་བདེན་པའི་དཔང་རྟགས་རྣམས་མི་ཉམས་སྲིད་མཐར་གནས་པའི་རེ་སྨོན་ཤུགས་དྲག་དང་བཅས་གུས་རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༠ དགེ་བར།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།