ཆེད་དུ་བརྗོད་པའི་གཏམ།

རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་བོད་དགེ་དང་བོད་དྲུང་གཅིག་ལྕོགས་གཞོན་ སྐྱེས་རྩོམ་པ་པོ་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་རང་ཡུལ་གངས་ཅན་ཞིང་ལ་ གཉེན་འཕྲད་དུ་བསྐྱོད་པའི་རྩ་ཆེའི་དུས་ཐུང་དེ་ཉིད་གཙིགས་ཆེར་འཛིན་ཏེ་ཐབས་ ཤེས་ཡོད་རྒུས་ངོ་མཚར་ཕུལ་དུ་བྱུང་བའི་གནའ་བོའི་གྲོང་ཁྱེར་ལྷ་སའྀ་སྣོད་བཅུད་ ཀྱི་འབྱུང་རིམ་དང་ཁྱད་ཡོན་སོགས་ཇི་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གང་འཚམས་མཁོ་ སྒྲུབ་གནང་བ་མ་ཟད་ད་ཡོད་ཀྱི་རྒན་རབས་མྱོང་ཅན་མི་ཉུང་བ་ཞིག་ལ་བཀའ་འདྲི་ཞུས་ པ་དང་ཆབས་ཅིགགནད་ཡོད་ས་གནས་སོ་སོར་རང་ཉིད་ཆེད་ཕེབས་ཀྱིས་ཞིབ་དཔྱད་ལེགས་པར་གནང་ནས་ལོ་རྒྱུས་ཀྱི་དོན་སྙིང་ཤིན་ཏུ་ཟབ་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ས་དང་དེའི་ཉེ་འཁོར་བཅས་ཀྱི་ས་བབ་ཆགས་དབྱིབས་དང༌། རྩ་ཆེའི་དགོན་སྡེ། ཕོ་བྲང༌། རི་ཁྲོད། གནས་རི། རྡོ་རིང༌། ྋརྒྱལ་བའི་ཡབ་གཞིས། ཆུ་མིག་ལ་སོགས་པའི་སྐོར་ས་བཅད་དྲུག་ཅུ་རེ་ལྔ་དང༌། དམིགས་བསལ་ཞོལ་གྱི་ལྕགས་རིའི་ནང་གི་གནའ་ཤུལ་ཁག་བཞི་བཅུ་ཞེ་དྲུག་ཙམ་གྱི་སྐོར་རྣམས་ལེའུ་བཅུ་དང་དུས་མཚམས་ཆེན་པོ་གསུམ་ལ་ཕྱེ་སྟེ་འཕེལ་འགྲིབ་ཇི་བྱུང་གྲ་རྒྱས་ཙམ་ཞིག་བྲིས་གནང་འདུག

རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་ཟོས་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་སླད་རྒྱལ་གནོད་དམངས་ཕུང་གི་རིག་གནས་གསར་བརྗེའི་ལས་འགུལ་དང༌། ཕྱི་སྒོ་དབྱེ་ནས་ནང་ཁུལ་འཁྲུག་ཏུ་གཏོང་བ། གྲོང་མིའི་སྡོད་ཁང་བསྒྱུར་བཅོས། དཔལ་ཡོན་གཉིས་ལྡན་གྱི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ལ་སོགས་པའི་ཕུགས་ནས་ཕུགས་སུ་ཕུང་བའི་གཡོ་སྒྱུ་ཤིན་ཏུ་ཆེ་བའི་སྲིད་ཇུས་བོད་ས་ཡོངས་ལ་ལག་བསྟར་རིམ་པར་བྱས་ཁོངས་ནས་རྒྱལ་ས་ལྷ་ས་ནི་གཏོར་སྐྱོན་ཚབས་ཆེན་ཕོག་པའི་དཔེ་མཚོན་གྲོང་ཁྱེར་གྲས་ཤིག་ཡིན། དེ་ཡང་གྲོང་ཁྱེར་ལྷ་སའི་ནང་ལོ་རྒྱུས་ཀྱི་དོན་སྙིང་ཤིན་ཏུ་ཟབ་པའི་དགོན་ཁག་གཙོ་བོར་གྱུར་བའི་གནའ་གྲོང་གི་ཉམས་སྣང་གསལ་ལེར་མཚོན་པའི་ཁང་བཟང་སོགས་གྲངས་ཀྱི་མི་ལངས་པ་རྩ་གཏོར་བཏང་ནས་ད་ལྟ་མི་ཉུང་བ་ཞིག་ས་མིང་ངོས་འཛིན་ཐུབ་ཙམ་ལས་མེད་པ་དང༌། མང་དག་ཅིག་ས་མིང་ཡང་ངོས་འཛིན་མི་ཐུབ་པར་མིང་གི་ལྷག་མར་བཏང་ཟིན་ཡོད་པ་དངོས་བདེན་ཡིན། དེ་ལྟ་བུའི་གདུག་རྩུབ་ཀྱི་བྱ་ངན་དེས་གནས་འདིའི་འབྱུང་ཁམས་ཁོར་ཡུག་ལ་བཏང་བའི་གྱོང་གུན་ནི་སུས་ཀྱང་གསབ་ཏུ་མེད་པས་གོ་ལ་འདིའི་ཐོག་གནས་པའི་རིགས་ཞེན་ཟབ་ཅིང་མི་རིགས་འདིའི་ཆེད་དུ་དགོངས་བཞེས་ཕྱག་ལས་གནང་མཁན་བསམ་ཡོད་ཀུན་གྱི་བློ་ཡུལ་དུ་མི་ཤོང་བའི་སྡུག་བསྔལ་བཟོས་ཡོད། རྩོམ་པ་པོས་གྲོང་ཁྱེར་འདི་ནི་དེ་སྔ་བོད་རྒྱལ་ཁབ་ཆེན་པོའི་མངའ་དབང་སྐབས་རྩ་བ་སྙིང་རྗེ་གཞི་རྩར་བཟུང་བའི་སྲིད་འབྱོར་འཕྲོད་རིག་གི་འཛིན་སྐྱོང་སྤེལ་གསུམ་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པར་གནང་སའི་ས་གནས་བྱིན་ཅན་ཞིག་ཡིན་པ་མ་ཟད་ལོ་རེར་སྟར་ཆགས་སུ་གཞུང་འབྲེལ་དང༌། ཚོགས་སྐྱིད་ཁག་གིས་ཆོས་རིག་དང་འབྲེལ་ཞིང་འབྲོག་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མཛད་སྒོ་ཇི་ཡོད་དང༌། དམངས་ཁྲོད་གླིང་གཏོང་སྤྲོ་སྐྱིེད་སོགས་ཀྱི་བྱེད་སྒོ་ཁག་རྒྱ་དམར་སླེབས་ཚུན་གྱི་གསར་སྐྱེས་བོད་མི་རྣམས་ཀྱིས་ངེས་ཤེས་ཡོང་རྒྱུར་དགོངས་པ་ཆེར་བཞེས་ཀྱིས་བྲིས་གནང་མཛད་པ་ཞིག་ཡིན་ཞིང༌། དེ་ནི་ཁོང་གིས་རང་མི་རིགས་ཀྱི་ཆོས་དང༌། རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས་དང་བཅས་པར་བཅངས་པའི་གདུང་ཞེན་ཟབ་མོ་ཞིག་ཡིན། དེབ་འདི་རྩོམ་པ་པོས་རྒྱལ་ས་ལྷ་ས་རང་དུ་བྲིས་གནང་སྟེ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ཁང་དུ་བསྐྱལ་ནས་ཆ་ཚང་བཏོན་རྒྱུར་རེ་བ་ཤུགས་ཆེན་གནང་འདུག་ཀྱང༌། སྤྱིར་ན་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་སྨྱུག་རྩེ་ལས་ཐོན་དགོས་པ་ནི་རྒྱ་ནག་དམར་གཞུང་ལ་ཚད་ལས་འདས་པའི་བསྟོད་པ་བྱེད་རྒྱུ་ལས་ལྷག་པའི་རང་མི་རིགས་ཀྱི་སྙིང་བཅུད་མཚོན་པའི་ཆབ་སྲིད་ཀྱི་རྩོམ་ཡིག་ཧ་ལམ་གཅིག་ཀྱང་འབྲི་མི་ཆོག་པ་ལྟ་བུ་དངོས་བདེན་སོང༌། དུས་དེབ་ཁང་ནས་རྩོམ་ཡིག་གི་ནང་དོན་རྡོག་སྒྲུག་བརྒྱབ་སྟེ་ཉིས་སྟོང་དྲུག་ལོའི་དུས་དེབ་ཁག་གསུམ་པ་དང༌། བཞི་པ་བཅས་ཀྱི་ནང་ལས་བཏོན་མེད་པས་ད་ཐེངས་ཆ་ཚང་པར་སྐྲུན་མི་བྱེད་མཐུ་མེད་དུ་གྱུར་བའོ།།

གནད་དོན་དེའི་ཐོག་ནས་རང་ཡུལ་བོད་ནང་བཞུགས་པའི་ཤ་ཁྲག་གཅིག་པའི་རྩོམ་པ་པོ་རྣམས་ལ་རིགས་ཞེན་གྱི་རྣམ་འགྱུར་ཕྱིར་མངོན་པར་རྟག་ཏུ་འཇིགས་དངངས་དང་བཟོད་མི་ཐུབ་པའི་གནོན་ཤུགས་ཤིག་ཡོད་པ་གསལ་སྟོན་བྱས་ཡོད། སྤྱིར་ན་རྩོམ་པ་པོ་ཁོང་ནི་རང་མི་རིགས་ལ་ལྷག་བསམ་དཀར་ཞིང་ཆོས་རིག་ལ་བྱང་གོམས་ཆེ་བ་དང༌། བྱ་བ་གང་ཞིག་སྒྲུབ་པའི་བརྒྱུད་རིམ་ནང་དཀའ་ངལ་མཐའ་དག་ལ་གདོང་ལེན་ཐུབ་པ། རང་ཉིད་ཀྱི་ཁེ་གྲགས་ལ་མི་རེ་བར་གང་བརྩམས་བྱ་བའི་མཐར་སོན་ཐུབ་པ་སོགས་ཀྱི་འཇོན་ཐང་ཅན་ཞིག་ཡིན་པ་མ་ཟད་ད་ཐེངས་ཀྱི་དེབ་འདིས་རྒྱ་དམར་གྱིས་རྟག་ཏུ་འུད་སྒྲོག་བྱེད་བཞིན་པའི་བོད་མི་རིགས་ཀྱི་ཆོས་དང༌།

རིག་གཞུང༌། གནའ་རྫས། ཡུལ་གོམས་གཤིས་ལུགས་སོགས་ལ་ཚད་མཐོའི་སྲུང་སྐྱོབ་བྱས་ཚུལ་ཟེར་བའི་ལོག་པའི་ཆ་འཕྲིན་གྱི་མཚང་དམར་རྗེན་དུ་བཏོན་གནང་འདུག ངས་གོ་སྐབས་འདི་བརྒྱུད་ཁོང་ལ་བཅོས་མིན་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དེབ་འདི་ལེགས་པར་གཟིགས་ཏེ་རྒྱ་དམར་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་གནའ་བོའི་གྲོང་ཁྱེར་འདིར་བཏང་བའི་གཏོར་བཅོམ་དེ་གསལ་མཁྱེན་གནང་ནས་དེ་མཚུངས་བོད་ཆོལ་གསུམ་ཁྱོན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་དོན་སྙིང་ཟབ་པའི་གནའ་ཤུལ་ཁག་ལ་ཚད་ལས་འདས་ཤིང་ནམ་ཡང་གསོ་ཐབས་མེད་པའི་གྱོང་གུན་བཟོས་ཡོད་པ་ཤེས་དགོས་པ་གནད་ཀྱི་དམ་པར་མཐོང་བས་དེ་དོན་དགོངས་འཇགས་འཚལ།

གཉན་མགོན་དགྲ་ལྷས། ༢༠༠༨། ༡༡། ༧ ཉིན།

 

 

རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་བོད་དགེ་དང་བོད་དྲུང་གཅིག་ལྕོགས་གཞོན་སྐྱེས་རྩོམ་པ་པོ་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་རང་ཡུལ་གངས་ཅན་ཞིང་ལ་གཉེན་འཕྲད་དུ་བསྐྱོད་པའི་རྩ་ཆེའི་དུས་ཐུང་དེ་ཉིད་གཙིགས་ཆེར་འཛིན་ཏེ་ཐབས་ཤེས་ཡོད་རྒུས་ངོ་མཚར་ཕུལ་དུ་བྱུང་བའི་གནའ་བོའི་གྲོང་ཁྱེར་ལྷ་སའྀ་སྣོད་བཅུད་ཀྱི་འབྱུང་རིམ་དང་ཁྱད་ཡོན་སོགས་ཇི་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གང་འཚམས་མཁོ་སྒྲུབ་གནང་བ་མ་ཟད་ད་ཡོད་ཀྱི་རྒན་རབས་མྱོང་ཅན་མི་ཉུང་བ་ཞིག་ལ་བཀའ་འདྲི་ཞུས་པ་དང་ཆབས་ཅིག་
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།