བོད་གངས་ཅན་གྱི་རྒྱལ་རབས་དྲིས་ལན་བརྒྱ་པ་རབ་གསལ་ཤེལ་གྱི་མེ་ལོང་།།

༄༅། །བོད་གངས་ཅན་གྱི་རྒྱལ་རབས་དྲིས་

ལན་བརྒྱ་པ་རབ་གསལ་ཤེལ་

གྱི་མེ་ལོང་ཞེས་བྱ་བ་

བཞུགས་

སོ།། 

མཆོད་བརྗོད་དང༌། བརྩམ་པར་དམ་བཅའ་བ། 

རང་གཞན་དོན་གཉིསྃ་མཐར་ཕྱིན་སྟོན་པ་རྫོགས་སངས་ྃརྒྱས།།

འགོག་ལམ་བདེན་གཉིསྃ་མཆོག་མངའ་སྐྱོབ་པ་དམ་པའི་ཆོྃས།།

རིག་གྲོལ་ཡོན་ཏན་གཉིསྃ་ལྡན་འདྲེན་མཆོག་དགེ་འྃདུན་ཏེ།།

འདི་ཕྱི་གཉིྃས་ཀྱི་སྐྱབས་གནས་རིན་ཆེན་གསུམ་ལ་བསྟོད།། 

གངས་ལྗོངས་རྒྱལ་ཁབ་དབུ་བརྙེས་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས།།

གནམ་གྱི་ཁྲི་བདུན་དང་ནི་སྟོད་ཀྱི་སྟེང་གཉིས་བར་གྱི་ལེགས་དྲུག་དང༌།།

ཆུ་ཡི་སྡེ་བརྒྱད་ཚིགས་ཀྱི་བཙན་ལྔ་ཕུན་ཚོགས་བོན་རྒྱལ་རྣམ་པ་བཞི།།

སྐྱིད་དང་ཤིན་ཏུ་སྐྱིད་པའི་གདུང་རབས་རིམ་པའི་མཛད་རྗེས་བཤད་པར་བྱ།།

དང་པོ། གདོད་མའི་སྤྱི་ཚོགས་ཀྱི་དུས་རབས།

སྤྱི་ལོའི་སྔོན་གྱི་དུས་རབས་ ༣༩ ནས་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ བར། 

           ༡༽ དྲི་བ། བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བ་དང༌། བོད་ཅེས་པའི་མིང་དེར་གོ་དོན་ཡོད་མེད་ཀྱི་འདོད་ཚུལ་མི་འདྲ་བ་གང་དག་ཡོད་དམ།

          ལན། ཀ༽ ཆོས་མིང་ཡུལ་ལ་འཇགས་པ་ལས་བོན་ཟུར་ཆགས་ཏེ་བོད་ཅེས་ཟེར་བ་སྟེ་གཡུང་དྲུང་བོན་རྣམས་ཀྱིས། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལས་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆགས་པ་ཡིན་ནོ་ཟེར་བ་དང༌། ཁ༽ རྒྱལ་པོའི་མིང་ཡུལ་ལ་འཇགས་པ་སྟེ་པུ་ཏི་གུང་རྒྱལ་གྱི་མཚན་ལས་བོད་ཅེས་ཟེར་བ་དང༌། ག༽ མི་ཚོགས་ཀྱི་མིང་ཡུལ་ལ་ཆགས་པ་སྟེ་བྲོས་ལས་བོད་དུ་འགྱུར་བ། ང༽ ལེགས་སྦྱར་སྐད་དུ་བོད་ལ་བྷོ་ཊ་ཞེས་པ་ཟུར་ཆག་སྟེ་བོད་ཟེར་བ་དང༌། ཅ༽ བློ་སྟོབས་ཆེ་བས་ཕོད་པ་ལས་ཟུར་ཆག་སྟེ་བོད་ཟེར་བ་སོགས་མང་ངོ༌།།

          ཀ༽ ལ་ལས་བོད་ཅེས་པ་ནི་མཐོ་བའི་དོན་ཡིན་ཟེར་བ་དང༌། ཁ༽ ལ་ལས་མདོ་སྨད་པས་བོད་ལ་འོད་ཅེས་བརྗོད་པ་ལྟར་སྔར་འོད་ཡུལ་ཞེས་འབོད་ཅིང༌། དེ་ཡང་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་འོད་གསལ་ལྷ་ཡི་གདུང་རྒྱུད་ཡིན་པས་རྗེའི་མིང་ལ་འོད་དེ་སྤུར་རྒྱལ་ཞེས་འབོད་པ་དེ་ཡུལ་གྱི་མིང་དུ་ཐོབ་པ་ཡིན་ཟེར་བ་དང༌།

          ག༽ ལ་ལས་བོད་ཅེས་པ་ནི་འདོད་རྒྱལ་གྱི་མིང་ལས་གོ་དོན་གཞན་མེད་པར་འདོད་ཅིང༌། དགེ་ཆོས་ཀྱིས་ཀྱང་བོད་ཅེས་བྱ་བའི་ཚིག་དེའི་དོན་གང་ཡིན་ཟེར་ན། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་ཅེས་གསུངས།

          ང༽ དེ་ལྟར་བོད་ཅེས་བྱ་བ་འདི་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གང་ཡིན་གསལ་ཐག་མ་ཆོད་ཀྱང༌། ཡུལ་གཞན་དང་མི་རིགས་གཞན་གྱིས་ཚུར་བཏགས་པ་ཞིག་མིན་པར་གནའ་དུས་མངའ་མཛད་བཅུ་སོགས་བྱུང་རིམ་གྱི་ནང་དུ། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉག་དྲུག་ཟེར། །བརྒྱད་པ་ཀླུ་བཟུང་བོད་ཁམས་གླིང་དགུར་བཏགས།། ཞེས་གསལ་བས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཅེས་པའི་མིང་འདི་ཐོག་མ་དེ་དུས་ནས་ཡོད་པ་རྟོགས་ཐུབ་པ་ཞིག་ཡིན།

          ཅ༽ བོད་འདི་ནི་འཛམ་གླིང་ནང་ཆེས་མཐོ་བའི་ཡུལ་གྲུ་ཞིག་ཡིན་པས་འཛམ་གླིང་གི་ཡང་ཐོག་ཅེས་འབོད་ཅིང༌། དེའི་མཐའ་འཁོར་དུ་དུས་བཞིར་འགྱུར་བ་མེད་པའི་གངས་རིས་བསྐོར་ཡོད་པར་བརྟེན་གངས་ལྗོངས་དང༌། ཁ་བ་ཅན། གངས་ཅན། བསིལ་ལྡན། བསིལ་ལྡན་ལྗོངས། གངས་རི་རྭ་བས་བསྐོར་བའི་ཞིང་སོགས་ས་བབས་ལ་གཞིགས་པས་སྙན་ངག་མཁན་རྣམས་ཀྱིས་བཏགས་པའི་མངོན་བརྗོད་ཀྱི་མིང་ཡང་དུ་མ་ཞིག་ཡོད་དོ།།

          ༢༽ དྲི་བ། བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་བོད་ཡུལ་ལ་ཐུན་མིན་ཁྱད་ཆོས་གང་དག་ཡོད། བོད་དུ་མིའི་འགྲོ་བ་བྱུང་ཚུལ་ཇི་ལྟར་ཡིན་ནམ།

          ལན། བོད་ཆེན་པོའི་ཡུལ་ཁམས་ཆགས་ཚུལ་ནི། སྔར་བོད་ཀྱི་ཡུལ་ལུང་ཕལ་མོ་ཆེ་ཆུ་ཡིས་ཁེངས་ཡོད་ལ། རྗེས་སུ་རིམ་གྱིས་ཆུ་འཁྱིལ་བའི་ཡོལ་གོ་རྣམས་ཁ་ཤོར་ཏེ་ཆུ་རྣམས་ཀོང་ཡུལ་བརྒྱུད་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་པར་རྩི་ཤིང་ནགས་ཚལ་དང༌། རི་ལུང་གི་རྣམ་པ་སོགས་སྐམ་ས་ཆགས་པས་སཱ་ལའི་སྨན་ལྗོངས་སུ་གྲགས་ལ། བོད་ལྗོངས་འདི་ཐོག་མར་ཆུས་གང་བ་རྣམས་རིམ་གྱིས་སྟོད་མངའ་རིས་སྐོར་གསུམ་གཡའ་རི་དང་གངས་རི། བར་དབུས་གཙང་རུ་བཞི་ལ་བྲག་རི་དང་སྤང་ལྗོངས། སྨད་མདོ་ཁམས་སྒང་དྲུག་རྩི་ཤིང་དང་ནགས་ཚལ་གྱིས་གང་བ་སོགས་ས་ཁམས་ཆགས་པའམ་ཡུལ་གྱི་རྣམ་པར་གྱུར་ནས་ལོ་ཆེས་མང་པོའི་བར་མིའི་འགྲོ་བ་བྱུང་མེད།

          རིམ་བཞིན་སྟོད་མངའ་རིས་སྐོར་གསུམ་ནི་ཤ་རྐྱང་རི་དྭགས་ཀྱི་གླིང་དང༌། བར་དབུས་གཙང་རུ་བཞི་ནི་སྟག་གཟིག་གཅན་གཟན་གྱི་ཡུལ། སྨད་མདོ་ཁམས་སྒང་དྲུག་ནི་འདབ་ཆགས་བྱ་ཡི་ཡུལ་དུ་གྱུར་བས་གཅན་གཟན་དང༌། བྱ། རི་དྭགས་སོགས་སར་གནས་སེམས་ཅན་གནས་གཞིའི་ཡུལ་དུ་རུང་བར་གྱུར་བ་སོགས་སྲོག་ཆགས་ཀྱི་འབྱུང་ཁུངས་བཤད་ཅིང་དེ་ནས་བོད་ཀྱི་མིའི་འགྲོ་བ་རིམ་བཞིན་བྱུང་ཚུལ་གསུངས་པ་རྣམས་འཛམ་གླིང་སྤྱིའི་སྣོད་བཅུད་ཁོར་ཡུག་ཆགས་ཚུལ་དང་ཡོངས་སུ་མཐུན་པ་ཡིན། 

          བོད་ཀྱི་ཡུལ་ཁམས་སྤྱིའི་ཆགས་དབྱིབས་ནི། སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། །བར་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ། །ཞེས་ཡུལ་གྱི་དབྱིབས་ཙམ་བསྟན་པ་ཡོངས་གྲགས་ལྟར་དང༌། དེང་ཚན་རིག་པས་རྟོག་ཞིབ་བྱས་པའི་སྡོམ་ཚིག་ཏུའང༌། ད་ཕན་ཕལ་ཆེར་ལོ་ངོ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་གི་སྔ་རྗེས་སུ་བོད་ཡུལ་འདི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། ལོ་ས་ཡ་གཉིས་དང་འབུམ་ལྔའི་གོང་ཙམ་དུ་ས་བབ་ཁད་ཀྱིས་མཐོ་རུ་སོང་སྟབས་སྐམ་ས་ཆེན་པོ་ཞིག་ཆགས་པར་འདོད་དོ།།

          བོད་ཡུལ་གྱི་ཁྱད་ཆོས་ནི། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ ཡུལ་མཐོ་ས་གཙང་བ་ལ། ཞེས་དང༌། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མེ་ལོང་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །ཅེས་དང༌། ༵༵ བཀའ་གདམས་གླེགས་བམཀཀ ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཌཎལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་དང༌། ༵༵ ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། རི་མཐོ་ས་གཙང་ཆུ་བསིལ་ཚད་པ་མེད། །སྦྲུལ་གདུག་སྟག་གཟིག་ཅེ་སྤྱང་དུག་སྦྲང་མེད། །འཛམ་གླིང་ཆུ་བཞིའི་མགོ་བོ་གངས་ཅན་གནས། །ས་ལས་ལྕགས་རིས་རིན་ཆེན་སྣ་ལྔ་བྱུང༌། །སྤང་ལྗོངས་མཚོ་དང་ཆུ་རྒྱུན་རབ་ཏུ་མང༌། །ལོངས་སྤྱོད་དམན་ཡང་འཛམ་གླིང་ཡུལ་གཞན་ལས། །དེ་ལྟའི་ཁྱད་ཆོས་དུ་མས་ཁྱད་པར་འཕགས། །ཞེས་དང༌།

          སྡེ་སྲིད་སངས་རྒྱས་རྒྱ་མཚོས། ༼ཁ་བ་ཅན་གྱི་ཡུལ་ཞེས།༽ འཛམ་བུའི་གླིང་གི་གཙུག་གཏོར་ལྟར་མཐོ་བ། ས་གཙང་བ། བསིལ་ལ་མཛེས་པ༑ འཆི་བ་མེད་པའི་གྲོང་ཁྱེར་དུ་ཅོ་འདྲི་བ། ཕྱོགས་བཞིར་ཆུ་བོ་ཆེན་པོ་བཞི་འབབ་པ། མི་དཔའ་ལ་རྟ་མགྱོགས་པ། གསེར་དངུལ་ཟངས་ལྕགས་བཤའ་དཀར་ཞ་ཉེ་ལ་སོགས་པ་རིན་པོ་ཆེ་དུ་མའི་འབྱུང་ཁུངས། རྩི་མཆོག་དྲི་ཞིམ་ལ་བཅུད་ཆེ་བ། འབྲུའི་རྣམ་པ་མང་ཞིང་བཟང་བ། གངས་རིའི་ཕྲེང་བས་ཀུན་ནས་བསྐོར། ཞེས་དང༌།

          ༵༵མདོ་སྨད་ཆོས་འབྱུང་ཀཀ ལས། བོད་ཀྱི་ཆུ་བཟང༌། སའི་བསིལ་དྲོད་སྙོམས། སྲོག་ཆགས་ཉུང༌། ཟས་བཅུད་ཆེ་ཞེས་གསུངས་པ་ལྟར་གངས་ལྗོངས་ནི་རི་ཆུ་མཚོ་གསུམ་དང༌། སའི་དགེ་བཅུ་འཛོམས་པ། རི་མཐོ་ཞིང་ས་གཙང་བ། གསེར་དངུལ་ཟངས་ལྕགས་སོགས་རིན་ཆེན་དུ་མའི་འབྱུང་ཁུངས་རྩི་མཆོག་དྲི་ཞིམ་ལ་བཅུད་ཆེ་བ།  མོ་མཛངས་ཤིང༌། ཕོ་དཔའ་བ། རྟ་མགྱོགས་པ། ཞེས་དམ་པ་དུ་མས་ལན་གཅིག་མིན་པར་བསྔགས་པར་མཛད་པ་སོགས་འཛད་མེད་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པ་ཞིག་གོ།

          ༣༽ དྲི་བ། བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་ཐོག་མར་བྱུང་ཚུལ་ལ་ལོ་རྒྱུས་མཁན་པོ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་གང་དག་ཡོད་དམ།             ལན། བོད་དུ་མིའི་འགྲོ་བ་ཐོག་མར་བྱུང་ཚུལ་ལ་བཞེད་པ་མང་དུ་ཡོད་པ་སྟེ། བོན་གྱི་ཆོས་ལུགས་ནས་བཤད་ཚུལ་དང༌། སངས་རྒྱས་ཆོས་ལུགས་སྤྱིའི་བཤད་ཚུལ། བོད་གནའ་རབས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་བཅས་གསུམ་ཡོད་པ་ལས། དང་པོ། བོན་གྱི་ཆོས་ལུགས་སམ་བོད་ཀྱི་ཆེས་གནའ་བོའི་བཤད་ཚུལ་ནི། ༵༵རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ཀཀ ལས། འབྱུང་བ་རྣམ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒང་ཤུན་ལ་ལྷ་བྲག་དཀར་མོ་ཆགས། །ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མེར་འཁྱིལ། །བར་གྱི་སྒོ་ངའི་དར་ཆ་ལ། །རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །ཞེས་དེ་ལ་མིག་དང༌། རྣ་བ། སོ། ལྕེ། རྐང་ལག་སོགས་དོད་ནས་ཡེ་སྨོན་རྒྱལ་པོ་བྱ་བ་བྱུང༌། དེ་དང་ཆུ་ལྕག་རྒྱལ་པོ་འདུས་པས་རིམ་བཞིན་མིའི་འགྲོ་བ་འཕེལ་བ་ཡིན་ཞེས་བོན་ལུགས་སུ་བསྐལ་པ་ཡ་ཐོག་གི་སྣོད་བཅུད་རྣམས་སྲིད་པ་ཀློང་གི་སྒོ་ང་ལས་གྲོལ་བར་བཤད་དོ།།

          གཉིས་པ། སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ནི། འབྱུང་བ་ལྔ་སོ་སོ་རྡུལ་ཕྲན་མང་པོ་ཕན་ཚུན་འདུས་པ་ལ་བརྟེན་ནས་རྒྱ་མཚོ་དང་སྐམ་ས་སོགས་ཆགས་རྗེས་ལྷ་ཡུལ་ནས་སེམས་ཅན་ཞིག་ཤི་ནས་མི་ཡུལ་དུ་སྐྱེ་བ་བླངས་པ་ནས་འགྲོ་བ་མི་ཡི་རིགས་ཐོག་མར་བྱུང་བར་བཤད་པས་ཞིབ་པར་མངོན་པ་མཛོད་ཀྱི་ལེའུ་གསུམ་པར་གཟིགས་པར་འཚལ་ལོ།།

          གསུམ་པ། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་ནི། བོད་ཀྱི་མི་རིགས་ནི་ཐོག་མར་ཡར་ཀླུང་གཙང་པོའི་རྒྱུད་རྩེད་ཐང་ས་ཁུལ་དུ་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་འདུས་པ་ལ་བརྟེན་ནས་ཕྲུ་གུ་མང་དུ་བྱུང་བ་ལས་རིམ་བཞིན་མི་ཡི་འགྲོ་བ་བྱུང་བར་བཤད་དོ།།

          ཀ༽ སྡེ་སྲིད་སངས་རྒྱས་རྒྱ་མཚོས། སྟག་ལོ་སོགས་འགའ་ཞིག་རྒྱ་བལ་སོགས་ཡུལ་གྲུ་གཞན་དང་འདྲ་བར་ཐོག་མ་ནས་མིའི་འགྲོ་བ་ཆགས་པར་བཞེད་པ་ཡིན། ཁ༽ པཎ་ཆེན་བསོད་གྲགས་ཀྱིས་མཛད་པའི་ ༵༵རྒྱལ་རབས་འཕྲུལ་གྱི་ལྡེ་མིགཀཀ ལས། ལུང་རྣམ་འབྱེད་དང་དུས་ཀྱི་འཁོར་ལོ་སོགས་སུའང་བོད་ཅེས་མང་དུ་བྱུང་བས། ངོ་བོ་བདག་ཅག་གི་སྟོན་པ་བྱོན་པའི་དུས་ལས་ཡུལ་དང་མི་གཉིས་ཀ་ཆེས་སྔ་བས་ཆགས་པ་ཞིག་ཏུ་སྣང་ཞེས་གསུངས།

          ག༽ འགོས་ལོའི་ ༵༵དེབ་སྔོན་ ཀཀ ལས། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅེས་གསུངས་ལ༑ དེ་བཞིན་བོད་ཀྱི་ལོ་རྒྱུས་མཁན་པོ་སྟག་ལོ་དང༌། བུ་སྟོན། ནེལ་པ་པཌཎི་ཏ་སོགས་ཀྱིས་ཀྱང་འདི་ལྟར་མགྲིན་གཅིག་ཏུ་འདོད་པ་ལྟར་མི་ལོ་སྟོང་ཕྲག་འགའ་ཞིག་དང༌། ཡང་ན་མི་ལོ་ཁྲི་ཁྲག་དུ་མའི་སྔོན་དུ་གངས་ཅན་གྱི་ཡུལ་དེར་འགྲོ་བ་མིའི་རིགས་གནས་ཡོད་པ་ལས། ཡུལ་ཕྱོགས་གང་ཞིག་ནས་ཀྱང་མི་ཆས་འོངས་ཏེ་དེའི་རྒྱུད་པ་ལས་བོད་གངས་ཅན་གྱི་མི་རྣམས་བྱུང་བ་རྩ་བ་མ་ཡིན་ནོ།།

          ༤༽ དྲི་བ། བོད་ཁ་བ་གངས་ཅན་གྱི་ཞིང་ཁམས་སུ་འགྲོ་བ་མིའི་རིགས་ཇི་ལྟར་བྱུང་ཚུལ་ལ་མཁས་པའི་བཞེད་ཚུལ་མི་འདྲ་བ་གང་དག་ཡོད་དམ།

          ལན། ཀ༽ ༵༵ རྒྱལ་པོའི་བཀའ་ཐེམས་ ཀཀ དང༌། ༵༵ ཀ་འཁོལ་མཀཀ ༵༵ མ་ཎི་བཀའ་འབུམ་ ཀཀ སོགས་ནས་འབྱུང་བ་ལྟར་ཕ་སྤྲེའུ་རྒན་དང་མ་བྲག་སྲིན་གཉིས་འདུས་པ་ལས་སྤྲེའུ་ཕྲུག་བྱུང་བ་དེ་ནས་བརྒྱུད་པ་མང་པོ་རིམ་བཞིན་འཕེལ་ནས། བོད་མི་རིགས་ཀྱི་མེས་པོ་སྟེ། བསེ། རྨུ༑ ལྡོང༌། སྟོང་བཅས། ༼རུས་རྒྱུད་ཚན་པ་ཁག་བཞིར་གྱེས་པ་ལས་རུས་རྒྱུད་ཚོགས་ཁག་ཐོག་མར་བྱུང་བ་ཡིན་ཞེས། ༵༵བོད་ཀྱི་རུས་མཛོད་ཀཀ ལས་གསལ།༽ བོད་ཀྱི་ཐོག་མའི་རིགས་ཏེ་ནང་གི་རིགས་བཞི་དང༌། དབྲ། འབྲུ་གཉིས་ཕྱི་ཡི་རིགས་བཅས་མིའུ་གདུང་དྲུག་བྱུང་བ་ལས་རིམ་གྱིས་མིར་གྱུར་བའི་རྒྱུད་པ་ལས་བོད་མི་འཕེལ་བར་གྲགས་ཤིང༌། དེས་ན་སྤྲེའུ་མིར་གྱུར་ཏེ་མིའི་འགྲོ་བ་ཆགས་པ་ནི་སྔ་བ་ཡིན།

          ཁ༽ ༵༵ལྷ་ལས་ཕུལ་བྱུང་གི་སྟོད་འགྲེལ་ ཀཀ ལས། རྩོད་ལྡན་ཐོག་མའི་སྐབས། སྐྱ་སེང་བུ་ལྔ་དམག་འཁྲུག་བྱུང་ནས། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ཞེས་རྒྱ་གར་ནས་མཆེད་པ་ཡིན་ཟེར་བ་དང༌། ག༽ ནུབ་ཕྱོགས་པས་སོག་པོའི་རིགས་སུ་བརྩི་བར་གྲག་ལ། ང༽ དངོས་རྫས་བསྔོག་འདོན་གྱི་ཚན་རིག་ལྟར་ནའང་བོད་ཀྱི་མི་རིགས་འདི་ཡུལ་གཞན་ནས་ཡོང་བ་མ་ཡིན་པར་གདོད་མ་ནས་བོད་ས་རང་དུ་བྱུང་བའི་མི་རིགས་ཤིག་ཡིན་པར་ར་སྤྲོད་བྱུང་བས་བོད་མི་རིགས་ནི་རྒྱལ་ཁབ་གཞན་གྱི་མི་རིགས་དང་མ་འདྲེས་པའི་མི་རིགས་ཁྱད་པར་བ་ཞིག་ཡིན།

          ང༽ མིའུ་གདུང་དྲུག་རྣམས་ཁོང་ཚོའི་རྩེད་འཇོའི་སྤྱོད་པ་ལས་ཁོང་ཚོའི་རིག་པ་རིམ་བཞིན་འཕེལ་རྒྱས་སུ་གྱུར་ནས་མིའི་རྣམ་པར་གྱུར་ལ། ༵༵ ལྷོ་བྲག་ཆོས་འབྱུང་ཀཀ ལས། ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང༌། །ཞེས་གསུངས་པ་ལྟར་ཁོང་ཚོའི་ཟས་སུ་ཤིང་འབྲས་ཟ་ཞིང༌། གོས་སུ་ཤིང་ལོ་གྱོན།  ནགས་གསེབ་ཏུ་རི་དྭགས་ལྟར་འཚོ་སྡོད་བྱེད། དེ་ལྟར་མིའི་འགྲོ་བ་དར་བ་ནས་བཟུང་ལོ་སྟོང་ཕྲག་དུ་མའི་རྗེས་སུ་འཚོ་ཐབས་ཀྱི་རྩོལ་བ་ལ་བརྟེན་ནས་རིམ་བཞིན་ཞིང་པ་དང༌། འབྲོག་པ། ས་མ་འབྲོག་སོགས་བྱུང་སྟེ་ཡུལ་སྡེའི་སྤྱི་ཚོགས་ཀྱི་རྣམ་པར་གྱུར་བ་ཡིན་ལ། ཞིང་ལ་སྔ་བ་བཟོ་དང་ཞིང༌། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས་པ་སྐབས་དེ་དུས་ནས་བྱུང་ངོ༌།།

          གཞན་ཡང་བོད་མིའུ་གདུང་དྲུག་ཏུ་གྲགས་པ་ནི། འབྲི་གུང་སྐྱུ་རའི་གདུང༌། སྟག་ལུང་ག་ཟིའི་གདུང༌། ས་སྐྱ་འཁོན་གྱི་གདུང༌། ཆོས་རྒྱལ་བྱ་ཡི་གདུང༌། འོད་གསལ་ལྷ་ཡི་གདུང༌། སྣེའུ་གདོང་གོང་མ་ལྷ་ཡི་གདུང་དང་དྲུག་གོ །མི་རྣམས་ཀྱི་རུས་ཀྱི་ཕྱི་མོ་བཅུ་གཉིསས་ནི། རྒྱལ་རིགས་ཆེ་བ། རྗེའི་རིགས་བཙུན་པ། བྲམ་ཟེའི་རིགས་གཙང་བ། དམངས་རིགས་མང་བ་སྟེ་སྤྱིའི་རིགས་བཞི་བརྒྱ་ལྷ་ལས་ཆད། རྒྱ་ནག་ཀླུ་ལས་ཆད། ཧོར་ལྷ་མ་ཡིན་ལས་ཆད། བོད་སྤྲེའུ་དང་བྲག་སྲིན་ཏེ་འདྲེ་ལས་ཆད། དེ་བཞི་ལ་བར་གྱི་རིགས་བཞི། ལྡོང་དང་སྟོང་གཉིས། སེ་དང་རྨུ་གཉིས་ཏེ་ནང་གི་རིགས་ཀྱི་ཕྱི་མོ་བཞིའོ།།

          ༥༽ དྲི་བ། བོད་དུ་མངའ་མཛད་ཐོག་མར་བྱུང་ཚུལ་ཇི་ལྟར་ཡིན་དང༌། མངའ་མཛད་ཀྱི་རིམ་པ་དང༌། མངའ་མཛད་དེ་དག་གང་དང་ཡིན་ནམ།

          ལན། དེ་ཡང༌། ༵༵ ཆོས་འབྱུང་མཁས་པའི་དགའ་སྟོན་ ཀཀ ལས། བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌། །དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་གཉིས་དབང་བྱས་སྐད། །ཅེས་སོགས་གསུངས་པ་ལྟར་རང་རེའི་བོད་ཀྱི་ཡུལ་འདིར་སྤྱི་ལོའི་སྔོན་གྱི་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་གོང་ན། བོད་ཀྱི་ལོ་རྒྱུས་ཐོག་ཏུ་མངའ་མཛད་ཀྱི་ཐོག་མ་ནི་གནོད་སྦྱིན་ནག་པོའི་དུས་རབས་ནས་འགོ་ཚུགས་པ་ཞིག་ཡིན།

          ༵༵ བཀའ་ཐང་སྡེ་ལྔཀཀ ལས།  སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌། ཞེས་དང༌། དེའི་རྗེས་སུ་བྱུང་བའི་གཉིས་པ་བདུད་ཀྱི་དུས་རབས། གསུམ་པ་སྲིན་པོའི་དུས་རབས། བཞི་པ་དམར་འཇམ་ལྷ་ཡི་དུས་རབས། ལྔ་པ་རྨུ་ཡི་དུས་རབས། དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དུས་རབས། བདུན་པ་མ་སངས་རུས་དགུའི་དུས་རབས། བརྒྱད་པ་ཀླུ་བཙན་གྱི་དུས་རབས། དགུ་པ་རྒྱལ་པོའམ་འགོང་པོ་སྤུན་དགུའི་དུས་རབས། བཅུ་པ་ཟ་རམས་སྐྱེས་དྲུག་གི་དུས་རབས། བཅུ་གཅིག་པ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རབས། བཅུ་གཉིས་པ་རྒྱལ་ཕྲན་སིལ་མ་བཞི་བཅུའི་དུས་རབས་བཅས་བྱུང་ངོ༌།།

          ༵༵ཚལ་པའི་དེབ་དམརཀཀ ལས། སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་བ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམ་གྱིས་དབུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡ་ཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས། དེ་ནས་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་སྐད་དོ༑ ༑ཞེས་གསུངས་པས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ཙམ་ནས་རྒྱལ་རབས་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་སོགས་རིམ་པར་བྱུང་བས་ད་ཕན་མི་ལོ་སྟོང་ཕྲག་དུ་མའི་གོང་རོལ་དུ་བོད་ཁམས་སྟོད་སྨད་བར་གསུམ་དུ་རྒྱལ་ཕྲན་མིང་བགྲང་ཐུབ་པ་གོང་སྨོས་དེ་ཙམ་ལགས་སོ།།

          ༵༵ ལྷོ་བྲག་ཆོས་འབྱུང་ཀཀ ལས། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རི་ཏེ་མགོ་ནག་བདུད་ཀྱིས་བྱས།།

མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང༌།།

བཞི་པ་དམར་འཇམ་ལྷ་ཡི་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་ལྷ་ཡུལ་གུང་ཐང་ཟེར། །དེ་ཡི་དུས་སུ་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་ལང་ཏང་ལིང་ཏང་ཟེར། །ལག་ཆར་བེར་ཀ་འུར་རྡོ་འཕེན་པ་བྱུང༌། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉག་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས།།

དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཆེ། །བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་མངའ་མཛད་བཅུ་བྱུང་བ་ལྟར་མངའ་མཛད་དེ་ཚོས་ས་གནས་བཅད་བཟུང་གི་ཚུལ་དུ་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད།

          དེའི་སྐབས་སུ་ལག་ཤེས་བཟོ་ལས་སྣ་ཚོགས་དར་ཏེ་ལྕགས་ཀྱི་མཚོན་ཆ་དང་ཡོ་བྱད་མདའ་མདུང་གཞུ་གསུམ་དང༌། སྟ་རེ། དགྲ་སྟ། སྒྱོགས། ཞགས་པ། བེར་ཀ འུར་རྡོ། ཆུ་གྲི། དོང་རལ། ཕུབ་ཆུང༌། གོ་ཆ་སོགས་བཟོས་ཤིང༌། དེས་ཕྱིའི་དགྲ་འགོག་ཅིང་ནང་གི་འབངས་སྐྱོང་བར་ཕན་ནུས་ཆེན་པོ་ཐོན་ཡོད་ལ། མངའ་མཛད་བཅུའི་དབར་དུ་འཐབ་རྩོད་སྣ་ཚོགས་བྱུང་སྟེ་གཅིག་འོག་གཅིག་གིས་མ་བསྡུས་པར་སོ་སོར་གྱེས་པས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྱུར། རྒྱལ་ཕྲན་རེ་ལ་རྗེ་བོ་རེ་དང་བློན་པོ་གཉིས་རེ་ཡོད་པར་བཤད། ཚན་སྐོར་དེ་ཡང་རིམ་གྱིས་རྒྱལ་ཁབ་ཀྱི་རྣམ་པར་གྱུར་ནས་དམག་དང་ཁྲིམས་སོགས་ཀྱི་སྒྲིག་གཞིའང་ཡོད་སྐད། རྒྱལ་ཕྲན་དེ་དག་བྱུང་ནས་རིང་མོ་ཞིག་འདས་པ་ན། དཔུང་སྟོབས་ཀྱི་ཚད་མི་འདྲ་བ་བྱུང་སྟབས་རྒྱལ་པོ་བྱུང་ཞིང༌། བློན་པོས་ཀྱང་ཕྱིའི་སོ་ཁ་སྲུང་བའི་དམག་ལ་ཁ་ལོ་བསྒྱུར་བ་ན་དགྲ་འགོག་གཉེན་སྐྱོང་གི་ལས་ལ་བརྩོན་ཞིང༌། ནང་བློན་གྱིས་ནང་གི་བྱ་བ་ཚང་མ་ལག་བསྟར་དང་རྒྱལ་པོར་ཞབས་གཏོགས་སྒྲུབ་པའི་ལས་ལ་གཞོལ་བར་གྲགས་སོ།།

          ༦༽ དྲི་བ། བོད་ཀྱི་ཡ་ཐོག་སྤྱི་ཚོགས་ཀྱི་སྐབས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་སོགས་རིམ་པར་བྱུང་ཚུལ་ཇི་ལྟར་ཡིན་ནམ།

          ལན། དེ་ཡང༌། ༵༵ ཆོས་འབྱུང་མཁས་པའི་དགའ་སྟོན་ ཀཀ  ལས། བོད་ཡུལ་མི་ཡི་འགྲོ་བར། དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། མཐའ་མར་རྒྱལ་ཕྲན་བཞི་བཅུས་དབང་བྱས་སྐད་ཅེས་གསུངས། དེ་ཡང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། ༡ མཆིམས་ཡུལ་གྲུ་ཤུལ་ན་མཆིམས་རྗེ་ནི་གུ་ཡོང༌། བློན་པོ་སྣང་དང་དིང༌། ༢ ཞང་ཞུང་ཡུལ་ན་ནི། རྒྱལ་ལིག་སྙ་ཤུར། རྨ་དང་ར་སངས་བློན། ༣ དེ་བཞིན་དུ་མྱང་རོ་ཕྱོད་དཀར་ན་གཙང་རྗེ་ཐོད་དཀར་བློན་པོ་གནང༌། ༤ གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ༥ ཉང་རོ་ཤམ་པོར་ལོ་རྔམ་རྗེ་བློན་པོ་ཤེ་སུག་གཉིས། ༦ ཀྱི་རི་ལྗོན་སྔོན་ན་ཀྱི་རྗེ་རྨང་པོ་བློན་པོ་ངམ་དང་འབྲོ། ༧ ངམ་ཤོང་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་བློན་མགར་དང་གཉན། ༨ འོལ་ཕུ་སྤང་མཁར་དུ་ཟིང་རྗེ་གོང་ནམ་བློན་པོ་རྔོག་དང་སྦས། ༩ ཀྲིཎཥ་རོལ་མོ་གོང་དུ་བྲང་རྗེ་གོང་ནམ་བློན་སྤྲད་དང་ཞུགས། ༡༠ ཀོང་ཡུལ་བྲེ་སྣ་ན་ཀོང་རྗེ་དཀར་པོ་ཏུག་དང་མཁར་བ་བློན། ༡༡ དྭགས་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ་བློན་པོ་བུག་དང་ངོ་རྗེ། ༡༢ དྭགས་ཡུལ་གྲུ་བཞི་ན་དྭགས་རྗེ་མང་པོ་རྒྱལ་བློན་པོ་རླངས་སྐམ་གཉིས་སོ།།

          རྒྱལ་ཕྲན་སིལ་མ་བཞི་བཅུ་ནི། ཡུལ་ནི་འབྲོག་མོ་རྣམ་གསུམ་ན། རྒྱལ་པོ་སེ་མིར་ཁྲིད་ཞུགས། དེ་ཡི་བློན་པོ་ཀ་རེན་ག གཡེ་མོ་ཡུལ་དྲུག་ན་གཡེ་རྗེ་མཁར་བ་བློན་པོ་རྦོ་དང་སྟུག སེ་མོ་གྲུ་བཞི་ན་གཉགས་རྗེ་གྲུ་འཕྲང་སེ་དང་ཉང་གཉིས་བློན། ཞེས་གྲག་གོ །དེ་ནས་རྒྱལ་ཕྲན་དེ་དག་ཕན་ཚུན་འཐབ་རྩོད་དང་སྲོག་གཅོད་པར་ཤིན་ཏུ་དགའ། ལེགས་ཉེས་ཀྱི་དབྱེ་བ་མི་འབྱེད་པར་བཙོན་རར་བཅུག དེ་བཞིན་མཐའ་བཞིའི་རྒྱལ་ཁབ་རྣམས་ཀྱིས་ཀྱང་དམག་ལན་མང་དྲངས་པས་རྟག་ཏུ་མནར་ཞིང་གཙེ་ཞིང་གནས་སོ།།

          དེ་ལྟར་གཉའ་ཁྲིའི་གོང་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། དེ་ནས་རིམ་གྱིས་རྒྱལ་ཕྲན་སིལ་མ་བཅུ་བཞི་དང༌། རྒྱལ་ཕྲན་ཉེར་ལྔ། རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་བྱུང་ཞེས་དེབ་ཐེར་དང་ཆོས་འབྱུང་ཕལ་མོ་ཆེར་གསལ་ཡང་ད་ཕན་བོད་ཁམས་སྟོད་སྨད་བར་གསུམ་དུ་རྒྱལ་ཕྲན་མིང་བགྲང་ཐུབ་པ་གོང་གི་དེ་ཙམ་ལགས་ཤིང༌། རྒྱལ་ཕྲན་ཉེར་ལྔ་ནི་རེ་རེ་བཞིན་མིང་དང་ལོ་རྒྱུས་གསལ་བ་མ་མཐོང་བས་ངག་རྒྱུན་ཙམ་དུ་ཟད་དམ་སྙམ། རྒྱལ་ཕྲན་སིལ་མ་བཞི་བཅུ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རྒྱལ་བློན་གྱི་མིང་དང་ཡུལ་མིང་བཀོད་པའི་ཚིག་གི་དུམ་བུ་རེ་དྲངས་པ་ཙམ་ལས་ཆ་ཚང་བཀོད་མེད་ལ། གཞན་དུའང་དེ་ལྟར་འཁོད་པ་མི་སྣང་ངོ༌།།   །།

སྣོད་བཅུད་ཆགས་ཚུལ་མངའ་མཛད་རྣམ་བཅུ་དང༌། །

ཡ་ཐོག་བསྐལ་པའི་རྒྱལ་ཕྲན་སིལ་མ་རྣམས། །

རིམ་པར་བྱུང་བའི་གངས་ཅན་སྨན་ལྗོངས་ཀྱི། །

སྔ་བའི་ལོ་རྒྱུས་མདོར་ཙམ་བཤད་ཟིན་ཏོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།