སྤུར་རྒྱལ་བཙན་པོའི་རྒྱལ་རབས།

གཉིས་པ། སྤུར་རྒྱལ་བཙན་པོའི་རྒྱལ་རབས།

སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ནས་སྤྱི་ལོ་ ༦༢༨ བར་ལོ་ ༧༥༦། 

          ༧༽ དྲི་བ། བོད་ཀྱི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་བཟུང་མཐའ་མ་གླང་དར་བར་བཙན་པོ་ཞེ་གཉིས་རྣམས་སྡེ་ཚན་གང་དག་དུ་དབྱེ་ཡོད་དམ།

          ལན། བོད་ཀྱི་བཙན་པོ་རིམ་བྱོན་རྣམས་གནམ་གྱི་ཁྲི་བདུན་དང༌། སྟོད་སྟེང་གཉིས། བར་གྱི་ལེགས་དྲུག ཆུ་ཡི་སྡེ་བརྒྱད། ཚིགས་ཀྱི་བཙན་ལྔ༑ ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། ཤིན་ཏུ་སྐྱིད་གདུང་རབས་ལྔ་བཅས་སུ་དབྱེ་ཡོད་དོ།།

          དེ་ཡང༌། ༡༽ གནམ་གྱི་ཁྲི་བདུན་ནི། གཉའ་ཁྲི་བཙན་པོ་དང༌། མུ་ཁྲི་བཙན་པོ། དེང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་བཅས་བདུན་ཡིན་ལ། ༢༽ སྟོད་ཀྱི་སྟེང་གཉིས་ནི། རྒྱལ་པོ་གྲི་གུམ་བཙན་པོ་དང༌། སྲས་པུ་དེ་གུང་རྒྱལ་གཉིས་སོ།།

          ༣༽ སའམ་བར་གྱི་ལེགས་དྲུག་ནི། ཨེ་ཤོ་ལེགས་དང༌། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞེར་ལེགས། ཨི་ཤོ་ལེགས་བཅས་དང༌། ༤༽ ས་ཡི་སྡེ་བརྒྱད་ནི། ཟ་ནམ་ཟིན་ལྡེ་དང༌། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་ནམ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ༑ ལྡེ་སྤྲིན་བཙན་དང་བརྒྱད་དོ།།

          ༥༽ ཚིགས་ཀྱི་བཙན་ལྔའམ་འོག་གི་བཙན་ལྔ་ནི། རྒྱལ་ཏོ་རི་ལོང་བཙན་དང༌། ཁྲི་བཙན་ནམ། ཁྲི་སྒྲ་སྤུངས་བཙན། ཁྲི་ཐོག་རྗེ་བཙན། ལྷ་ཐོ་ཐོ་རི་གཉན་བཙན་དང་ལྔ་དང༌། ༦༽ འོག་གི་བཙན་བཞིའམ་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ནི། ཁྲི་གཉན་བཟུང་བཙན་དང༌། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན་དང་བཞིའོ།།

          ༧༽ སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ནི། ལྷོ་ཐོ་ཐོ་གཉན་བཙན་དང༌། ཁྲི་གཉན་བཟང་བཙན། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ། གུང་རི་གུང་བཙན། ༼མང་སྲོང་མང་བཙན་མ་བགྲངས།༽ འདུས་སྲོང་མང་རྗེ། ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། ༼བཙན་པོ་འདི་སྐུ་ཚེ་ཐུང་བའི་དབང་གིས་ཕྱེད་དུ་བརྩིས་པ་ཡིན།༽ མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན། ཁྲི་ལྡེ་སྲོང་བཙན་ནམ་ཁྲི་རལ་པ་ཅན་རྣམས་སོ།།

          ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ནི། ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན། ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་བཅས་ལྔ་ཡིན་ཞིང༌། རྒྱལ་རབས་ཞེ་གཉིས་པ་བཙན་པོའི་མཐའ་མ་ཁྲི་དར་མ་འུ་དུམ་བཙན་ནམ་གླང་དར་མས་རྒྱལ་བསྟན་རིན་པོ་ཆེ་བསྣུབས་སྟབས་ལྷ་ལུང་དཔལ་གྱི་རྡོ་རྗེས་ཆུ་ཁྱི་སྤྱི་ལོ་ ༨༤༢ ལོར་བཀྲོངས། དེ་ནས་བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ནས་བོད་སྤྱི་ལ་དབང་བསྒྱུར་བའི་རིམ་པ་དེ་ཉིད་རྫོགས་པར་གྱུར་བས་བོད་ཁམས་གཅིག་གྱུར་གྱི་ལམ་ལུགས་འཐོར་ཞིག་ཏུ་སོང་སྟེ་འབངས་གྱེན་ལོག་གིས་རྗེ་དཔོན་མང་དུ་བྱུང་སྟེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བས་སྨད་སིལ་ཆད་ཅེས་གྲགས་ལ་དེ་ནས་བོད་སིལ་བུར་འཐོར་བའོ།།

          ༨༽ དྲི་བ། བོད་ཀྱི་བཙན་པོའི་ཐོག་མ་སུ་ཡིན་དང༌། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་འདོད་ཚུལ་མི་འདྲ་བ་གང་དང་གང་ཡོད་དམ།

          ལན། མཐོ་བོད་ཟལ་མོ་སྒང་པ་ཞེས་ཡོངས་སུ་གྲགས་པའི་བོད་ཀྱི་རྗེ་ལ་སྔ་བ་ནི་གཉའ་ཁྲི་བཙན་པོའམ་འོ་དེ་པུ་རྒྱལ་གྱི་འབྱུང་ཁུངས་ཐད་བཤད་ཚུལ་གྲགས་ཆེ་བ་ཆོས་བོན་ཐེ་བྲང་གི་ལུགས་གསུམ་ལས། ཀ༽ གྲགས་པ་བོན་ལུགས་ཏེ་གནའ་རབས་བོན་གཞུང་དག་ཏུ་གནམ་གྱི་ལྷའམ་གཟུགས་ཁམས་འོད་གསལ་ལྷ་ལས་མིའི་རྗེ་བོར་ཕེབས་པ་ཡིན་ཟེར་བ་ཡོངས་གྲགས་དང༌། ཁ༽ གསང་བ་ཆོས་ཀྱི་ལུགས་ ༼ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས༽ ལ་འཕགས་ཡུལ་ཤཱཀྱའི་རིགས་ཀྱི་རྒྱལ་རྒྱུད་འདི་དང་དེ་བོད་དུ་འཁྱར་བའི་རྒྱལ་པོ་རུ་པ་ཏི་ ༼སྔར་རྒྱ་གར་གྱི་རྒྱལ་རིགས་སྐྱ་སེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་ཚེ་རྒྱལ་པོ་རུ་པ་ཏི་འཁོར་དམག་སྟོང་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་ཁྲོད་དུ་བྲོས་ཞེས་དང༌། རྒྱལ་པོ་སྐྱ་སེང་དང༌། རྒྱལ་པོ་དམག་བརྒྱ་པ་གཉིས་རྒྱལ་སྲིད་རྩོད་པ་ན་སྐྱ་སེང་གི་བུ་སྲིད་སྒྲུབ་ཀྱིས་དམག་བརྒྱ་པའི་ཕ་དང་བུ་དགུ་ཅུ་གོ་དགུ་བསད་ཅིང༌། ཐ་ཆུང་རུ་པ་ཏི་མཚན་བཟང་དང་ལྡན་པ་དེ་བཙོན་དུ་ཁྲིད། གསོད་པར་ཕངས་ནས་ཟངས་ཤིག་གི་ནང་དུ་ཟས་སྐོམ་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པ་ཞིག་ལ་རྙེད་ནས་གསོས། ཕྱིས་བོད་དུ་བྱོན་ནས་རྗེ་བོ་མཛད་ཅེས་བཤད་སྲོལ་གཉིས་ཡོད།༽ ཟེར་བ་དེ་རྗེས་སུ་གཉའ་ཁྲི་བཙན་པོར་བཏགས་པ་ཡིན་ཟེར།

          ག༽ ཡང་གསང་ཐེ་བྲང་གི་ལུགས་སུ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་སྔ་ཤོས་གྲས་ལ་ལར་གནའ་བོའི་བཤད་རྒྱུན་ལྟར་ཆེས་གནའ་དུས་ནས་སྤོ་བོར་འཁྲུངས་ཤིང་ཡར་ལུང་དུ་བྱོན་པའི་བོད་མི་དཔའ་བོ་ཞིག་ཡིན་ཟེར་ལ། ང༽ ཡང་རྒྱ་ཡིག་གི་ ༵༵ ཐང་དེབ་རྙིང་མའི་ཀཀ ནང་བོད་ཀྱི་བཙན་པོའི་གདུང་རྒྱུད་ཀྱི་འབྱུང་ཁུངས་དེ་རྒྱ་ནག་ལྷོ་བྱང་རྒྱལ་རབས་ཀྱི་དུས་སུ་ལིན་སུང་ས་གནས་ཀྱི་དཔོན་རིགས་འཕན་མི་ཟེར་བ་དེ་ཡིན་ཚུལ་བཅས་བཞེད་ལུགས་བཞི་ཡོད།

          ༵༵ཏུང་ཧོང་ཡིག་རྙིང་ཀཀ དང༌། ༵༵ ལྡེའུ་ཆོས་འབྱུང་ ཀཀ ༵༵ ཡུམ་བུ་ལྷ་ཁང་གི་དཀར་ཆགཀཀ བཅས་ཀྱི་བཞེད་པ་ལྟར་གཉའ་ཁྲི་བཙན་པོ་ནི། གྲགས་པ་བོན་གྱི་ལུགས་ལྟར་གནམ་གྱི་ལྷ་ལས་མི་ཡུལ་གྱི་རྗེ་བོར་ཕེབས་པ་ཞིག་རྩ་བ་ནས་མིན་ལ། བོད་ཀྱི་ལོ་རྒྱུས་དང་རྩ་བ་ནས་མི་མཐུན་པའི་འཕན་མི་ཟེར་བའི་རིགས་རྒྱུད་ཡང་མིན་པར། དོན་དངོས་དང་མཐུན་པ་ཡང་གསང་ཐེ་བྲང་གི་ལུགས་ལྟར་སྤོ་བོ་ཡུལ་གྱི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ་དེ་ཉིད་དུ་འདོད་ལ། སྤོ་བོའི་ཡུལ་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་བྱོན་པའི་ཚེ་བོད་ཀྱི་རྗེ་བོ་འཚོལ་མི་བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྤོ་སྟེ་ཡབ་འབངས་རུས་དྲུག ༼དུང་དཀར་ཚིག་མཛོད་ལས། གཉའ་ཁྲི་བཙན་པོའི་སྐབས་བཙན་པོ་ཡབ་ཀྱི་མངའ་ཁོངས་སུ་གཏོགས་པའི་རུས་རྒྱུད་ཚོ་བ་དྲུག་ཅེས་གསལ། ༽ དང༌། ལྷ་བོན་ལྷ་སྲས། སེ་བོན། རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་བཅས་བོན་ཤེས་པ་ཅན་མི་བཅུ་གཉིས་དང་ཕྲད་ནས་གཉའ་བར་ཁྲི་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་བས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ཞིང༌། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན་པས་འདི་ནས་བཟུང་བོད་རྒྱལ་ཁབ་ཐོག་མར་དབུ་བརྙེས་ཤིང༌། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། གྲོང་ལ་སྔ་བ་ཕྱིང་བ་སྟག་རྩེ། མཁར་ལ་སྔ་བ་ཡུམ་བུ་བླ་མཁར་བཅས་ཀྱང་བྱུང་བའོ།།

          ༩༽ དྲི་བ། གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོར་བྱོན་ཚུལ་དང༌། གཉའ་ཁྲི་བཙན་པོས་རླབས་ཆེན་གྱི་མཛད་རྗེས་གང་དག་བཞག་ཡོད་དམ།

          ལན། དེ་ཡང༌། ༵༵རྒྱ་བོད་ཆོས་འབྱུང་རྒྱས་པ་ཀཀ ལས། ཡུལ་སྤོ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤོ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་སྤྱུགས་པ་ལ། དེར་བོད་ཀྱི་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཡིན་བྱས་པས། ང་སྤོ་བོའི་ཡུལ་གྱི་མི་གཅིག་ཡིན་བྱས་པས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ། ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་རྣམས་ཀྱི་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ། འདི་ནི་རྗེའི་རྔན་ནམ་མཚང་ལགས་སོ། །ཞེས་གསུངས་པ་བཞིན་འདོད་དོ།།

          ༵༵ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ ཀཀ ལས། གཉའ་ཁྲི་བཙན་པོ་དང་ཁོང་གི་གདུང་རྒྱུད་ལ་སྤུ་རྒྱལ་ཞེས་པའི་མཚན་ཐོགས་དོན་ཐད་བཤད་ཚུལ་དུ་མ་ཡོད་ཀྱང༌། སྤུ་བོའི་ཡུལ་ནས་བྱོན་པའི་རྒྱལ་པོ་དེ་ལ་མཚན་སྤུ་རྒྱལ་ཞེས་ཐོགས་པ་ལོ་རྒྱུས་བྱུང་བ་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱུང་བ་བཅས་མདོར་ན་གཉའ་ཁྲི་བཙན་པོ་ནི་ལྷ་དང་ཐེ་རང་མ་ཡིན་ལ། རྒྱ་གར་དང་རྒྱ་ནག་གི་མི་ཡང་མ་ཡིན་པར་བོད་རང་གི་མི་ཞིག་ཡིན་ཞེས་འཁོད་པ་ལྟར་རོ།།

          སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ཤིང་སྟག་ལོར་ ༼སྤྱི་ལོའི་སྔོན་གྱི་ལོ་ ༤༡༤ ཡིན་ཡང་ཟེར།༽ གཉའ་ཁྲི་བཙན་པོ་བོད་སྤྱི་མཐུན་གྱི་རྒྱལ་པོར་བྱོན་པ་ནས་བཟུང་སྤུར་རྒྱལ་བོད་ཀྱི་བཙན་པོའི་གདུང་རབས་ཐོག་མར་དབུ་བརྙེས་ཤིང༌། རྗེ་ཡིས་རྒྱལ་ཆས་སྤྲས་པའི་སྲོལ་དང༌། ཕ་ཤུལ་བུ་ཡིས་འཛིན་པ། རྒྱལ་རྒྱུད་འཛིན་པའི་སྲོལ་ཡང་དེ་ནས་དར་བར་འདོད་ལ། ྋགོང་ས་མཆོག་གི་འཁྲུངས་རབ་གསོལ་འདེབས་ལས། གངས་ཅན་ཐོག་མའི་རྗེ་བོ་རྒྱལ་རིགས་ཏེ། །སཱ་ལ་ཆེན་པོའི་བརྒྱུད་ལས་གཉའ་ཁྲི་བཙན། །ཡོངས་བཀུར་སྙེམས་མེད་ལྡེ་རྗེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གཉའ་ཁྲི་བཙན་པོ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གངས་རིའི་ཆོས་རྒྱལ་བཅུའི་ཡ་གྱལ་ཞིག་ཡིན།

          གཉའ་ཁྲི་བཙན་པོ་འདིའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང༌། ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། བོན་གྱི་ལོ་རྒྱུས་ལ་ལར་གསར་མཁར་གཡུང་དྲུང་ལྷ་རྩེ་བྱ་བ་དང༌། སྐུ་མཁར་འཕྱིང་བ་སྟག་རྩེ་ཡང་བཙན་པོ་འདིའི་རིང་ལ་བརྩིགས་པར་བཤད། བོན་གྱི་ལུགས་དར་རྒྱས་སུ་མཛད་ཅིང༌། མཚེ་མི་གཤེན་གྱི་སྨུ་རྒྱལ་གྱིས་བོན་བསྒྱུར་བར་གྲགས་ཤིང༌། གཉའ་ཁྲིའི་རིང་ལ་བསྒྲུབ་པའི་འཕྲིན་ལས་གསུམ་སྟེ། སྐུ་མཁར་ཐོག་མ་ཡུམ་བུ་བླ་མཁར་བརྩིགས། སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་བསྡུས་པས་མཚོན་བོད་འབངས་བདེ་ལ་བཀོད། དཔལ་འབྱོར་གོང་འཕེལ་དུ་བཏང༌། མི་རྣམས་དམག་འཁྲུག་དང་མུ་གེའི་སྡུག་བསྔལ་ལས་སྐྱོབ། བོན་བསྒྱུར་ནས་ཤེས་རིག་གོང་དུ་སྤེལ་བ་དང༌། ཞང་ཞུང་སོགས་རྒྱལ་ཕྲན་འགའ་མ་གཏོགས་རྒྱལ་ཕྲན་སིལ་མ་རྣམས་དབང་འོག་ཏུ་བཅུག་སྟེ་བོད་ཡུལ་དུ་ཐོག་མར་གཅིག་གྱུར་གྱི་རྣམ་པ་བྱུང་བས་སྐབས་དེར་བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ། གཉའ་ཁྲི་བཙན་པོས་བཙུན་མོ་གནམ་མུག་མུག་ཁབ་ཏུ་བཞེས་པས་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཀྱི་ཆིབས་ཁ་ཐུབ་པ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་གྲགས་པས་སྐུ་ཚེ་དེ་ཙམ་གྱི་རིང་པོ་མ་བཞུགས་པར་མངོན་པ་བཅས་སོ།།

          ༡༠༽ དྲི་བ། གནམ་གྱི་ཁྲི་བདུན་གང་དག་ཡིན་དང༌། མུ་ཁྲི་དང་དིང་ཁྲི་སྲོ་ཁྲི་བཙན་པོ་བཅས་ཀྱི་ལོ་རྒྱུས་དང༌། མཛད་རྗེས་ཇི་ལྟར་ཡིན་ནམ།

          ལན། བོད་ཀྱི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་སྲིབས་ཁྲི་བཙན་པོའི་བར་གྱི་རྒྱལ་པོ་རྣམས་ལ་གནམ་གྱི་ཁྲི་བདུན་ཞེས་འབོད་ལ། དེ་ཡང་རྗེ་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། སོ་ཁྲི་བཙན་པོ་དང་དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ། མེར་ཁྲི་བཙན་པོ་དང་གདགས་ལྷ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། གདགས་ཁྲི་བཙན་པོ་དང་སྲིབས་ལྷ་སྔོན་མོའི་སྲས་སྲིབས་ཁྲི་བཙན་པོ་བཅས་འདི་རྣམས་གནམ་གྱི་ཁྲི་བདུན་ཡིན་ལ། གནམ་གྱི་ཁྲི་བདུན་གྱི་མཚན་རྣམས་རང་རང་སོ་སོའི་སྐྱེས་པའི་ཡུམ་གྱི་མཚན་ཟུར་ལས་གྲས་ཏེ་མཚན་གསོལ་བ་ཡིན་ཞེས་གྲགས་ལ། གནམ་གྱི་ཁྲི་བདུན་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་འདི་རྣམས་གཤེགས་སྐབས་སྤྱི་གཙུག་ཏུ་ཡོད་པའི་འོད་དཀར་པོའི་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་ལྟར་ཡལ་ནས་འགྲོ་བ་ལས་པུར་དང་བང་སོ་སོགས་མེད་པའི་དབང་གིས་དེ་ལྟར་ཐོགས་པ་ཡིན་ཞེས་བོན་གྱི་བཤད་སྲོལ་ལོ།།

           སྤུར་རྒྱལ་བོད་ཀྱི་བཙན་པོར་གནམ་གྱི་ཁྲི་བདུན་དུ་གྲགས་པ་ལས། གདུང་རབས་གཉིས་པ་མུ་ཁྲི་ ༼མུག་ཁྲི་བཙན་པོ་ཞེས་པའང་སྣང༌།༽ བཙན་པོ་ནི། སྤྱི་ལོའི་དུས་རབས་གསུམ་པའི་ནང་དུ་ཡབ་གཉའ་ཁྲི་བཙན་པོ་དང༌། ཡུམ་མུ་ཚོ་བཟའམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདིས་ས་སྨན་ཏིང་ཏིང་མའམ་ས་དིང་དིང་མ་ཁབ་ཏུ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། བཙན་པོ་འདིའི་སྐབས་ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར་བར་མཛད་པ་ཡིན།

          དེ་ཡང་ ༵༵ལུང་གི་སྙིང་པོ་ ཀཀ ལས། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ། །ཞེས་དུས་དེའི་སྐབས་སུ་བོད་ལ་ཡི་གེ་ཡོད་པར་གསུངས་ཤིང༌། ཡིག་གཟུགས་ལ་ལེགས་བཅོས་ཐོག་མར་བྱས། མདོར་ན་མུ་ཁྲི་བཙན་པོ་ནི་བོད་དུ་གཡུང་དྲུང་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང༌། བོན་དར་རྒྱས་ཆེན་པོ་བྱུང་བས་བོན་པོ་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད་པར་སྣང༌། ཁོང་ནི་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་བོད་རྒྱལ་གྱི་གདུང་རབས་གཉིས་པ་ཡིན་ལ། ཁོང་གི་བང་སོ་གནམ་ལ་བཏབ་པར་གྲགས་སོ།།

          སྤུར་རྒྱལ་གྱི་གདུང་རབས་གསུམ་པ་དིང་ཁྲི་ ༼དེང་ཁྲི།༽ བཙན་པོ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་མུ་ཁྲི་བཙན་པོ་དང༌། ཡུམ་ས་དིང་དིང་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་གཤེན་ཅོའུ་སྨིན་དཀར་གྱིས་བྱས། གསས་མཁར་ཁོ་མ་ཡོངས་རྩེ་བཞེངས། བཙུན་མོ་སོ་ཐམ་མ་ཁབ་ཏུ་བཞེས་པར་རིགས་སྲས་སོ་ཁྲི་བཙན་པོ་འཁྲུངས། སྤུར་རྒྱལ་གྱི་གདུང་རབས་བཞི་པ་སོ་ཁྲི་བཙན་པོ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཅོའུ་འོད་དཀར་གྱིས་མཛད། གསས་མཁར་རྨུ་ར་དགུ་འཁྱུང་ ༼དགུ་ར་དགུ་འཁྱུད།༽ བཞེངས། བཙུན་མོ་དོག་མེར་མེར་རམ་སེ་བཟའ་སྨན་མོ་ཁབ་ཏུ་བཞེས་པས་རིགས་སྲས་མེར་ཁྲི་བཙན་པོ་འཁྲུངས་པ་བཅས་སོ།།

    ༡༡༽ དྲི་བ། གནམ་གྱི་ཁྲི་བདུན་ལས་མེར་ཁྲི་བཙན་པོ་ནས་སྲིབས་ཁྲི་བཙན་པོའི་བར་གྱི་བཙན་པོ་རྣམས་ཀྱི་ལོ་རྒྱུས་དང་མཛད་རྗེས་ཇི་ལྟར་ཡིན་ནམ།

          ལན། སྤུར་རྒྱལ་གྱི་གདུང་རབས་ལྔ་པ་མེར་ཁྲི་ ༼དོག་ཁྲི་བཙན་པོའམ་དེ་ཁྲི།༽ བཙན་པོ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་སོ་ཁྲི་བཙན་པོ་དང༌། ཡུམ་དོག་མེར་མེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཅོའུ་ཤངས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས་ཤིང༌། བཙུན་མོ་གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས་པར་རིགས་སྲས་གདགས་ཁྲི་བཙན་པོ་སྐུ་འཁྲུངས།

          སྤུར་རྒྱལ་གདུང་རབས་དྲུག་པ་གདགས་ཁྲི་ ༼ཁྲི་སྤེ།༽ བཙན་པོ་ནི༑ སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་མེར་ཁྲི་བཙན་པོ་དང༌། ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཅོ་ན་མི་ཆེན་གྱིས་མཛད། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། ༵༵ཉང་རལ་ཆོས་འབྱུང་ཀཀ ལས། བཙན་པོ་འདིའི་སྐུ་རིང་ལ་བོད་ཀྱི་ཡི་གེ་བྱུང་བར་བཞེད་མཁན་ཡང་ཡོད། བཙུན་མོ་སྲིབས་ལྷ་སྔོན་མོའམ་སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས་པར་རིགས་སྲས་སྲིབས་ཁྲི་བཙན་པོ་སྐུ་འཁྲུངས།

          སྤུར་རྒྱལ་གདུང་རབས་བདུན་པ་སྲིབས་ཁྲི་ ༼སྲིབ་ཁྲི།༽ བཙན་ནི༑ ཡབ་གདགས་ཁྲི་བཙན་པོ་དང༌། ཡུམ་སྲིབས་ལྷ་སྔོན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་གཅེའུ་ཞལ་དཀར་གྱིས་མཛད། གསས་མཁར་ཁོ་མ་རུ་རིང་བཞེངས། བཙུན་མོ་ས་བཙུན་ཀླུ་རྗེ་ཁབ་ཏུ་བཞེས་པར་རིགས་སྲས་གྲི་གུམ་བཙན་པོ་སྐུ་འཁྲུངས། ཁོང་ནི་གནམ་གྱི་ཁྲི་བདུན་གྱི་ཐ་མ་ཡིན་ཞིང༌། ༵༵དུང་དཀར་ཚིག་མཛོད་ཀཀ ལས། མུ་ཁྲི་བཙན་པོ་ནས་སྲིབས་ཁྲི་བཙན་པོའི་བར་དུ་གསང་སྔགས་ཀྱི་བོན་རྣམས་དང༌། ཁྱད་པར་སྤྱི་སྤུངས་ཀྱི་བོན་རྣམས་དར་ཞིང་རྒྱས་པར་བྱུང༌། དེ་དུས་བླ་ན་རྒྱལ་ཆེ༑ གོང་ན་གཤེན་གཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད་དེ་ལུགས་གཉིས་ཟུང་གྱི་འཕྲིན་ལས་དར་ཞིང་རྒྱས་སྐད་ཅེས་གསུངས་པ་ལྟར་ཡིན།

          སྔ་རབས་ལོ་རྒྱུས་ཕལ་མོ་ཆེའི་ནང་འདི་ཡན་གནམ་གྱི་ཁྲི་བདུན་དུ་གྲགས་པའི་གདུང་རབས་རྣམས་འདྲ་སྟེ་སྲས་ཆིབས་ཁ་ཐུབ་པ་ན་ཡབ་བཙན་པོ་རྨུ་ཐག་ལ་འཇུས་ནས་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་ལ། ༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ ལས། ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ། །ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ། །ཞེས་པ་ལྟར་གནམ་གྱི་ཁྲི་བདུན་ཞེས་པའི་མཚན་ཡང་འདི་ནས་བྱུང་བར་གྲག་མོད། འོན་ཀྱང་དོན་དུ་སྐུ་ཕུང་མེར་བསྲེགས་པའི་དུ་བ་གནམ་དུ་སོང་བ་ལ་དེ་ལྟར་ཟེར་སྲོལ་བྱུང་ངམ་སྙམ་ཞིང༌། བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་དཀྲོངས་རྗེས་སྤུར་བྱུང་བ་ནས་བང་སོ་རྩིག་སྲོལ་བྱུང་བ་ལས། དེ་ཡན་ཆད་གནམ་གྱི་ཁྲི་བདུན་ལ་བང་སོ་ངོ་མ་མེད་པར་བཤད་པ་བོན་ཆོས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་ཙམ་ལས། དོན་དངོས་སུ་བང་སོ་ས་གནས་གང་དུ་ཡོད་མེད་རྒྱལ་རབས་ལོ་རྒྱུས་ནང་དུ་མི་གསལ་ལོ།།

          དེ་ལྟར་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་ཐོག་སོ་གཉིས་པ་མེས་པོ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རྣམས་ལ་བོད་རྗེའི་ཐ་སྙད་ཙམ་ལས། སའི་ཁྱོན་ཆེན་པོར་ལུང་བསྒྱུར་བའི་མངའ་ཐང་ཆེན་པོ་བྱུང་མེད་པར་སྙམ་ལ། ཕྱི་རྒྱལ་གྱི་དེབ་རྣམས་ལའང་ཡར་ཀླུང་རྒྱལ་པོར་གྲགས་པས་དོན་ལ་གནས་པར་སེམས་སོ།།

          ༡༢༽ དྲི་བ། རྒྱལ་རབས་ཐོག་སྟོད་ཀྱི་སྟེང་གཉིས་དུ་གྲགས་པ་རྒྱལ་པོ་ཡབ་སྲས་གཉིས་ཀྱི་ལོ་རྒྱུས་དང༌། མཛད་རྗེས་བཅས་ཇི་ལྟར་ཡིན་ནམ།

          ལན། སྟོད་ཀྱི་སྟེང་གཉིས་ནི། ༵༵དུང་དཀར་ཚིག་མཛོད་ཀཀ ལས། རྒྱལ་པོ་གྲི་གུམ་བཙན་པོ་དང༌། དེའི་སྲས་པུ་དེ་གུང་རྒྱལ་གཉིས་ལ་ཟེར། དེ་ཡང་གྲི་གུམ་བཙན་པོ་ནི་སྲིད་དབང་བཟུང་མུས་ཀྱི་སྐབས་བློན་པོ་ལོ་ངམ་གྱིས་བཀྲོངས་པ་དང༌། པུ་དེ་གུང་རྒྱལ་ནི་ལོ་ན་གཞོན་པའི་དུས་སུ་སྲིད་དབང་བཟུང་མ་ཐུབ་པར་ཡུན་རིང་འཁྱམས་ནས་སྡོད་དགོས་བྱུང་བས་མིང་དེ་ལྟར་ཐོགས་ཞེས་གསུངས་སོ།།

          ལོ་རྒྱུས་ཐོག་བར་རམ་སྟོད་ཀྱི་སྟེང་གཉིས་སུ་གྲགས་པའི་ཡ་གྱལ་བོད་རྒྱལ་བརྒྱད་པ་གྲི་གུམ་ ༼དྲི་གུམ།༽ བཙན་པོ་ནི། ཡབ་སྲིབས་ཁྲི་བཙན་པོ་དང༌། ཡུམ་ས་བཙུན་ཀླུ་ ༼རླུང༌།༽ རྗེའི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཅོའུ་ཚེམས་དཀར་གྱིས་བྱས། གསས་མཁར་ས་ལེ་བྱེལ་ཚང་བཞེངས། བཙུན་མོ་གླུ་སྲིང་ ༼ཀླུ་བཙན།༽ མེར་ལྕམ་མམ་དབལ་བཟའ་ཁྲི་བཙུན་ཏུ་བཞེས་པར་རིགས་སྲས་ཤ་ཁྲི་དང༌། བྱ་ཁྲི། ཉ་ཁྲི། སྲིང་མོ་གཅིག་བཅས་ལྕམ་སྲིང་བཞི་འཁྲུངས། རྒྱལ་སྲིད་ཡབ་མེས་བཞིན་བསྐྱངས་པས་དབུ་འཕང་མཐོ་བར་གྲགས། ཕྱིས་སུ་ལོ་ངམ་གྱིས་སྐུ་སྲོག་དཀྲོངས། བོད་དུ་སྐུ་ཕུང་ས་འོག་ཏུ་སྦས་པའི་སྲོལ་ཐོག་མར་འགོ་ཚུགས་ཤིང༌། སྐབས་དེར་རྒྱལ་གཤེན་དོ་མཉམ་པ་ཞིག་བྱུང་བ་ཡིན།

           དེ་ཡང་འདི་ཉིད་ཐོག་མར་འཁྲུངས་སྐབས་མ་མ་གྲོ་ཞལ་སྐྱི་བརླིང་མར་ ༼ཨ་ཕྱི་དགྲ་དཀར་མོ།༽ མཚན་ཅི་གསོལ་དྲིས་པས། བླ་སྤང་ངམ་རིང་མེས་མ་ཚིག་གམ། བླ་མཚོ་སྔོན་མོ་མ་སྐམས་སམ། བླ་བྲག་དཀར་མོ་མ་ཉིལ་ལམ་ཟེར་བ་ལ། དེ་རྣམས་མ་ནོར་བར་སྨྲས་ཀྱང་རྒན་མོ་རྒན་ཆེས་ནས་དབང་པོ་ཉམས་པས་ལོག་པར་གོ་སྟེ། འོ་ན་རྒྱལ་ས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས་པས་གྲི་གུམ་བཙན་པོར་གྲགས། མཐར་ལོ་ངམ་རྟ་རྫིས་དཀྲོངས་ཏེ་སྲས་གསུམ་ཀོང་པོར་གྱར་ཞིང་སྲས་མོ་ལོ་ངམ་གྱི་བཙུན་མོར་བླངས་པ་དང༌། བཙུན་མོ་གཡོག་ཏུ་བཀོལ། རྒྱལ་སྲིད་ལོ་ངམ་རྟ་རྫིས་ལོ་བཅུ་གསུམ་བཟུང་བར་བཤད། སྤུར་ཟངས་ཆེན་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་ཉང་ཆུར་བསྐྱུར་བ་ཀོང་པོར་ཐོན་ཏེ་འཕྱིང་ཡུལ་དར་ཐང་དུ་བང་སོ་བརྩིགས་པས་བང་སོའི་ཐོག་མ་ཡིན། དེ་ནས་བཟུང་བཙན་པོ་སྐུ་གཤེགས་རྗེས་བང་སོ་བརྩིགས་སྲོལ་ཆགས། དེ་དུས་བང་སོའི་དབྱིབས་ནི་ཟླུམ་པོར་གྲགས་ལ། ཁོང་ནི་སྟོད་ཀྱི་སྟེང་གཉིས་ལས་དང་པོ་ཡིན་ཞིང༌། འདིའི་དུས་གོ་ཁྲབ་དང་རལ་གྲི་ཐོག་མར་དར་ཞེས་གྲགས། སྲས་ཆེ་བ་ཤ་ཁྲིས་ཀོང་པོའི་རྒྱལ་པོ་མཛད་ཅིང༌། སྲས་འབྲིང་བ་བྱ་ཁྲིས་སྤོ་བོའི་རྒྱལ་པོ་མཛད། སྲས་ཆུང་བ་ཉ་ཁྲིས་ཉང་པོའི་རྒྱལ་པོ་མཛད་དེ་སྲས་རྣམས་ཀྱི་ཕའི་དགྲ་ཤ་ལེན་པའི་ཐབས་ལ་བརྩོན་པར་མཛད་པ་བཅས་སོ།།

          སྤུར་རྒྱལ་གྱི་གདུང་རབས་དགུ་པ། སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་པུ་དེ་གུང་རྒྱལ་ལམ་བྱ་ཁྲི་བཙན་པོ་ནི། ཡབ་རྒྱལ་པོ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་ལ་སྲས་གསུམ་བལྟམས་པ་ལས་འབྲིང་པོ་བྱ་ཁྲི་ཞུ་བ་དེ་ཡིན་ལ། ལོ་ངམ་རྟ་རྫིས་ཡབ་རྒྱལ་པོ་བཀྲོངས་རྗེས་སྲས་གསུམ་པོ་སྤོ་བོའི་ཡུལ་དུ་བྲོས་བྱོལ་དུ་ཕེབས་ཏེ་ཡུལ་དེའི་རྗེ་བོ་མཛད་ནས་བཞུགས་སྐབས་མཐར་རུ་ལས་སྐྱེས་ཀྱིས་འབྲིང་པོ་བྱ་ཁྲི་སྤོ་བོའི་ཡུལ་ནས་ཡར་ཀླུང་དུ་གདན་དྲངས་ཏེ་རྒྱལ་སར་བཀོད། ཡུམ་གྱིས་སྲས་ལ་འཇུས་ནས་བུ་ཁྱོད་རྒྱལ་བརྒྱུད་མ་ཉམས་པ་ཡིན་པར་ངེས་ན་རྒྱལ་སྲིད་བརྟན་ཅིང་རྒྱས་པར་ཤོག་ཅིག་ཅེས་སྨྲས་པས། བར་སྣང་ལས་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་བརྗོད་པ་ཐོས་པས་དེ་ལྟར་མཚན་དུ་ཆགས། འོན་ཀྱང་འབངས་ཀྱིས་སྒྲ་ཟུར་ཉམས་ནས་པུ་དེ་གུང་རྒྱལ་དུ་གྲགས་པ་ཡིན།

          བཙན་པོ་འདིའི་སྐུ་རིང་ལ་ཞང་ཞུང་ནས་གཤེན་པོ་དུ་མ་སྤྱན་དྲངས་ཤིང༌། བོན་དཔེ་མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་དར་རྒྱས་སུ་མཛད། ཁོང་གི་སྐུ་གཤེན་ནི་གཅོའུ་གཉའ་བཞེད་ཀྱིས་བྱས། བློན་པོ་རུ་ལས་སྐྱེས་ཀྱི་མཛད་ཅིང་གསང་མཁར་ཁྲི་སྐོར་དང་སྐུ་མཁར་འཕྱིང་བ་སྟག་རྩེ་བཞེངས། བཙུན་མོ་འོམ་ཐང་སྨན་མཚོའམ་བོམ་ཐང་རྨང་གཉའ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཨེ་ཤོ་ལེགས་སྐུ་འཁྲུངས། བཙན་པོ་འདིས་ཟིང་ཆ་ལྷིང་འཇགས་སུ་བཏང་ཞིང༌། སྤྱི་ཚོགས་ཀྱི་སྒྲིག་ལམ་བསྐྱར་གསོ་བགྱིས་ཏེ་མི་རྣམས་བདེ་ལ་བཀོད་སྟབས། གནས་བབ་དེར་བོད་ཀྱི་ཆབ་དཔལ་རིག་གསུམ་གོང་དུ་འཕེལ་ཐུབ་པ་བྱུང༌། སྟོད་ཀྱི་སྟེང་གཉིས་ཀྱི་བང་སོ་རྫ་དང་གཡའ་ལ་བཏབ། ཅེས་པ་ལྟར་ཁོང་གི་བང་སོ་ཡབ་ཀྱི་འགྲམ་དུ་བརྩིགས་པ་བཅས་སོ།།

    ༡༣༽ དྲི་བ། བློན་པོ་ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་ཚུལ་དང༌། བློན་པོ་རུ་ལས་སྐྱེས་ཀྱི་ཡབ་བཙན་པོའྀ་དགྲ་ཤ་ལེན་ཚུལ་ཇི་ལྟར་ཡིན་ནམ།

          ལན། བཙན་པོ་འདིར་མཚན་ལོག་པར་བཏགས་པས་མཚན་འདོགས་ཉེས་ཤོར་ཏེ་ནར་སོན་སྐབས་ཐུགས་རྒྱལ་དང་ཁེངས་དྲེགས་གནོན་མ་ཐུབ་པར་ཡབ་འབངས་དང༌། ཡུམ་འབངས་རུས་ཚན་གསུམ་ཀུན་ལ་བཙན་གཤེད་ཀྱིས་ངའི་དགྲ་ཟླར་ལངས་ཏེ་འཐབ་ཕོད་པ་སུ་ཡོད་ཅེས་བཀའ་ཕབ། ལོ་ངམ་རྟ་རྫི་བྱ་བས་འཐབ་མི་ཕོད་ཅེས་ཇི་ལྟར་གསོལ་ཡང་མ་གསན་པར་མཐར་ལོ་ངམ་རྟ་རྫིས་བྱ་ཐབས་ལ་བརྟེན་ནས་སྔར་གཉའ་ཁྲི་བཙན་པོ་ནས་བཟུང་དར་བའི་བོན་གྱི་བྱེ་བྲག་འགའ་ཞིག་བཙན་པོ་འདི་པས་བསྣུབས་པར་བརྟེན་བཙན་པོའི་བཙན་པོའི་སྐུ་སྲོག་བཀྲོངས་པ་ཡིན།

          དེ་ཡང་བློན་པོ་ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོ་བཀྲོངས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང༌། ལོ་ངམ་གྱིས་མཁར་ཉང་རོ་ཤམ་པོར་ ༼དེང་རྒྱལ་རྩེ་རྫོང་གི་རྩེ་ཆེན་མཁར་དེ་ཡིན།༽ སྔོན་ལ་བསྐྱོད་ནས་འཐབ་གྲ་བསྒྲིགས། བཙན་པོ་ཕེབས་ནས་ཁོང་གཉིས་ཉང་རོ་ཐལ་བ་ཚལ་དུ་གཡུལ་འགྱེད་པ་ན། ལོ་ངམ་གྱིས་བ་ལང་བརྒྱ་ལ་མདུང་རྩེ་རྣོན་ཉིས་བརྒྱ་ཕྲེད་ལ་བཏགས་པ་དང༌། རྒྱབ་ཏུ་ཐལ་བའི་རྐྱལ་པ་བཀལ་བ་རྣམས་བཏང་བས་གླང་རྣམས་ཕན་ཚུན་འཐབ་སྟེ་ཐལ་འཚུབ་འཕྱུར་བའི་གསེང་ནས་ལོ་ངམ་གྱིས་རྒྱུགས་ཏེ་མཆན་འོག་ནས་སྟེའུ་ཕྱུངས་ཏེ་གྲི་གུམ་བཙན་པོ་བཀྲོངས་ཚུལ་གསལ་ཞིང༌། ༵༵རྒྱལ་རབ་དྭང་ཤེལ་འཕྲུལ་གྱི་མེ་ལོང་ཀཀ ལས། ལོ་ངམ་གྱིས་ངན་བྱས་ཏེ་སྨྲས་པ་ཐམས་ཅད་རྒྱལ་པོས་བདེན་པར་བཟུང་ནས། དབུ་ལ་དར་ནག་གི་ཐོད་བཅིངས། དཔྲལ་བར་མེ་ལོང་བཏགས། ཕྲག་པ་གཡས་ལ་ཝ་རོ་དང་གཡོན་ལ་ཁྱི་རོ་བཀལ། རལ་གྲི་ཀླད་ལ་བསྐོར་ཞིང་འཐབ་པས། དར་ནག་གི་ཐོད་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་ཀླད་ལ་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད། ལོང་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་རྒྱབ་ནས་གྲི་གུམ་བཙན་པོ་བཀྲོངས། རྨུ་ཐག་ཆད་པས་སྤུར་བྱུང་བ་ཟངས་ཀྱི་གའུར་བཅུག་སྟེ་ལྕགས་གཟེར་བཏབ་ནས་ཉང་ཆུ་སྐྱ་མོར་བསྐྱུར་ཞེས་པ་ལྟར་རེ་ཞིག་འདི་པ་རྒྱལ་ས་བཟུང་ནས་གྲི་གུམ་གྱི་སྲས་གསུམ་ཀོང་ཡུལ་དུ་སྤྱུགས་པ་དང༌། ལྷ་གཅིག་ཆུང་མར་བཟུང༌། ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། མཐར་རུ་ལས་སྐྱེས་ཀྱིས་འཕྲུལ་དང་ཐབས་ལ་བརྟེན་ནས་བློན་པོ་ལོ་ངམ་བཏུལ་བ་ཡིན།

          ཡབ་ལོ་ངམ་གྱིས་བཀྲོངས་རྗེས་མ་བྲན་དུ་བཀོད་དུས་བུ་གསུམ་པོའི་རྨི་ལམ་དུ་མི་དཀར་པོ་གཅིག་དང་སྡོངས་པ་རྨིས་པས་ཕྱིས་ཁྲག་གི་གོང་བུ་གཅིག་བྱུང་བ་ལས་སྐྱེས་པའི་བུ་དཔའ་མཛངས་ལྡན་པ་རུ་ལས་སྐྱེས་འཁྲུངས། དེ་ཡང་རུ་ལས་སྐྱེས་ནི་འཕྲུལ་བློན་མཛངས་མི་བདུན་གྱྀ་ཐོག་མ་དང་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་བློན་པོ་ཡིན་ཞིང༌། ཧ་ལམ་སྤྱི་ལོའི་དུས་རབས་དང་པོ་ཙམ་ལ་བྱུང་བར་གསུངས། ལོ་ངམ་བརྟུལ་བའི་སྐོར་ལ་ལོ་རྒྱུས་ཡིག་ཚང་ནང༌། རུ་ལས་སྐྱེས་ཀྱིས་ལོ་ངམ་གྱི་ནང་མིར་ཞུགས་ཏེ་ཤ་ཁྱི་དཀར་མོའི་སྤུ་རྩེར་དུག་བྱུགས་པས་ལུས་ཐམས་ཅད་སྐྲངས། གཡོག་རྣམས་ཁོ་ན་བའི་སར་འདུས་པའི་བར་ལ་རུ་ལས་སྐྱེས་ཀྱིས་དམག་འཁྲིད་ནས་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོ་ངམ་དང༌། དེའི་འཁོར་ཕོ་བརྒྱ་མོ་བརྒྱ་རྣམས་བསད་ནས་རྒྱལ་ས་བླངས་རྗེས་གྲི་གུམ་གྱི་སྲས་རྣམས་རྒྱལ་སར་སྤྱན་འདྲེན་པའི་ཚེ། ཐོག་མཐའ་གཉིས་ནི་གཤེགས་སུ་མ་བཞེད་པས་སྤོ་བོའི་ཡུལ་ནས་འབྲིང་པོ་བྱ་ཁྲི་ཡར་ལུང་དུ་གདན་དྲངས་ཏེ་རྒྱལ་སར་བསྐོས་པས་པུ་དེ་གུང་རྒྱལ་དུ་གྲགས་པ་ཡིན་ནོ།།

          ༡༤༽ དྲི་བ། མཛངས་པའི་མི་བདུན་གྱི་ཐོག་མ་སུ་ཡིན་དང༌། ཁོང་ཇི་ལྟར་བྱོན་ཚུལ་གྱི་ལོ་རྒྱུས་དང༌། མཛངས་པའི་ལས་གང་དག་བགྱིས་སམ།

          ལན། འཕྲུལ་བློན་མཛངས་མི་བདུན་གྱི་ཐོག་མ་དང༌། བོད་རྒྱལ་པུ་དེ་གུང་རྒྱལ་གྱི་བློན་པོ་རུ་ལས་སྐྱེས་ནི་ ༼ངར་སོས་པོའམ་ཁུ་བོ་ལྷ་བུ་སྨོན་གཟུང་ཡང་ཞུ།༽ སྤྱི་ལོའི་དུས་རབས་དང་པོ་ཙམ་ལ་བྱུང་བར་གསུངས་ཤིང༌། འདི་ཉིད་ནི་བཙན་པོ་པུ་དེ་གུང་རྒྱལ་དང་ཡུམ་གཅིག་པ་ཡིན་ལ། འདི་ཉིད་ཀྱི་བྱུང་ཚུལ་ནི་རྒྱལ་རབས་ལོ་རྒྱུས་ཁག་ལས་ལོ་ངམ་གྱི་གྲི་གུམ་བཙན་པོ་བཀྲོངས་ཏེ་སྲས་མོ་ལྷ་གཅིག་རང་གི་ཆུང་མར་བཟུང༌། ལྕམ་སྲིང་བཞིའི་ཡུམ་ལ་རྟ་རྫི་བཅོལ་བས་ཡུམ་རྟ་འཚོར་ཕྱིན་པ་ན། གཉིད་ལོག་པའི་རྨི་ལམ་དུ་མི་དཀར་པོ་མཛེས་པ་གཅིག་དང་བཤོས་པ་རྨིས། གཉིད་སད་པ་ན་གཡག་དཀར་པོ་ཞིག་སོང་བ་མཐོང༌། ཟླ་བ་ཚང་ནས་ཁྲག་གི་གྲོད་ཐུམ་འགུལ་མཁྲིག་ཅན་ཞིག་བཙས་པས་འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན་ཅིང་དྲོད་ཀྱིས་སྨིན་པར་བྱས་པས། དེའི་ནང་ནས་ཁྱེའུ་གཟུགས་མཛེས་ལྟ་ན་སྡུག་པ་ཞིག་བྱུང་བ་ལ་མིང་རུ་ལས་སྐྱེས་ཞེས་བཏགས། དེ་ཡར་ལྷ་ཤམ་པོའི་སྤྲུལ་པའི་བུ་ཡིན་ལ་ལོ་བཅུ་ལོན་པ་ན་ཕ་མ་ཁུ་བོ་དྲིས་པས། ཨ་མས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་པར་བཤད་པས་རྒྱུ་མཚན་ཤེས་ཏེ། རུ་ལས་སྐྱེས་ཀྱི་ཐབས་སྣ་ཚོགས་ཀྱིས་ཉང་ཆུ་སྐྱ་མོ་རྒྱུད་ཡབ་རྒྱལ་པོའི་སྤུར་དང་སྤུན་ཟླ་རྣམས་འཚོལ་དུ་ཀོང་པོར་ཕྱིན། སྤུར་རྙེད་པ་དང་བླུས་ཏེ་ཡར་ལུང་དུ་སྤྱན་དྲངས། སྤུར་ཟངས་ཁ་ཕྱེ་བ་ན་སྤུར་དེས་ང་ར་ར་ཞེས་སྒྲ་བསྒྲགས་པས་དེང་སང་ཡུལ་དེའི་མིང་ལའང་ངར་བ་ཐང་དུ་གྲགས་པ་ཡིན།

          ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང༌། །དེ་ཡི་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས།།

བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །བ་གླང་འབྲི་གཡག་ར་ལུག་ཁྱིམ་དུ་གསོས། །རྨོས་པའི་ལོ་ཏོག་ཐོག་མ་དེ་ནས་བྱུང༌། །ཞེས་པ་ལྟར་དང༌། དེ་སྐབས་ཡར་ལུང་ཁུལ་དུ་རྒན་མོ་བལ་མ་ཞེས་པས་ཟླ་བའི་དཀར་ཆའི་འཕེལ་གྲིབ་ལ་བརྟེན་ནས་ཟླ་ཚེས་བརྩིས་པ་ལ་རྒན་མོ་བལ་མའི་ཟླ་རྩིས་སུ་གྲགས་པའི་རྩིས་ཀྱང་ཐོག་མར་དར་རོ།།

          ཉ་ཁྲི་བཙན་པོ་ནི་གྲི་གུམ་གྱི་སྲས་གསུམ་བྱུང་བའི་ཆུང་ཤོས་དེ་ཡིན་ལ༑ ༵༵སོག་པོའི་རྒྱལ་རབས་ཀཀ ལས། ཉ་ཁྲི་སྟེ་སོག་སྐད་དུ་པོར་རྟ་ཆེ་ནོ་ཟེར་བ་དེ་ཀོང་པོའི་རྗེ་བོ་མཛད་དེ་ཀོང་ཡུལ་ནས་བཙུན་མོ་གོ་མ་རལ་ཞེས་པ་བླངས་ཏེ་སོག་ཡུལ་དུ་གྱར་ཏེ་དེར་གནས་པའི་མི་རྣམས་ཀྱིས་རྒྱལ་པོར་བསྐོས་ཏེ་སོག་པོའི་རྒྱལ་རྒྱུད་ཀྱི་ཐོག་མ་ཡིན་པ་སོག་པོ་རྣམས་མཐུན་པར་གླེང་ཞིང༌། དེ་ནས་བུ་རྒྱུད་མང་དུ་བྱུང་བ་ལས་ཇིང་གེར་ཧན་གྱི་མི་རྒྱུད་བྱུང་ཞེས་འཁོད་པས་དཔྱད་འཚལ་ལོ།།

          ༡༥༽ དྲི་བ། བར་གྱི་ལེགས་དྲུག་ཅེས་པ་གང་དག་ཡིན་དེ་དག་གི་ཡབ་ཡུམ་དང་བཙུན་མོ་བཅས་སུ། མཛད་རྗེས་དང་ལོ་རྒྱུས་ཇི་ལྟར་ཡིན་ནམ།

          ལན། བར་གྱི་ལེགས་དྲུག་ཏུ་གྲགས་པ་ནི། བོད་རྒྱལ་བཅུ་པ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུ་ལེགས། བཅུ་བཞི་པ་འབྲོང་ཞེར་ལེགས། བཅོ་ལྔ་པ་ཨི་ཤོ་ལེགས་བཅས་ཡིན་ལ། དེ་རྣམས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བྱུང་བ་ཡིན། དེ་ཡང༌། ༡ སྤུར་རྒྱལ་བཅུ་པ་ཨེ་ཤོ་ལེགས་ནི། ཡབ་པུ་དེ་གུང་རྒྱལ་དང་ཡུམ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་སྟོབས་ར་ཤིབ་ཤང་གིས་མཛད། གསས་ཁང་ས་ལེ་ལྗོན་ཕྱུག་བཞེངས། རྨུ་ལྕམ་བྲ་མ་ཁབ་ཏུ་བཞེས་པར་དེ་ཤོ་ལེགས་འཁྲུངས། བཙན་པོ་འདིའི་སྐབས་ཞིང་འབྲོག་ལས་རིགས་དར་རྒྱས་ཆེས་ཆེར་ཕྱིན། ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། །དེ་ཡིས་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །ཞེས་གསུངས་སོ།།

          ༢ སྤུར་རྒྱལ་བཅུ་གཅིག་པ་དེ་ཤོ་ལེགས་ ༼ཤོ་ལེགས།༽ ནི། ཡབ་ཨེ་ཤོ་ལེགས་དང་ཡུམ་རྨུ་ལྕམ་བྲ་མ་ན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོན་དཔོན་གསས་མུན་སྤངས་བསྟེན། ལྷ་བོན་ཅོ་སྟག་ཀླུ་གསས་ཀྱིས་བྱས། གསས་ཁང་ཁོ་མ་ཡང་རྩེ་བཞེངས། སྐུ་མཁར་རྒོད་རྩེ་བཞེངས་ནས་བཙུན་མོ་ཀླུ་ལྕམ་མེར་མོ་ཁབ་ཏུ་བཞེས་པར་རིགས་སྲས་ཐི་ཤོ་ལེགས་སྐུ་འཁྲུངས། ༣ སྤུར་རྒྱལ་བཅུ་གཉིས་པ་ཐི་ཤོ་ལེགས་ནི། ཡབ་དེ་ཤོ་ལེགས་དང་ཡུམ་ཀླུ་ལྕམ་མེར་མོའི་སྲས་སུ་སྐུ་འཁྲུངས། དབོན་སྲས་འབེ་ཤོ་ཀྲམ་བསྟེན། ལྷ་བོན་བཅོ་ཕན་གྲགས་ཀྱིས་བྱས། བཙུན་མོ་གུར་སྨན་ནམ་མཚན་མོ་གུང་སྨན་བྱ་བ་ཁབ་ཏུ་བཞེས་པར་རིགས་སྲས་གུ་རུ་ལེགས་འཁྲུངས།

          ༤ སྤུར་རྒྱལ་བཅུ་གསུམ་པ་གུ་རུ་ ༼གུ་རུབ།༽ ལེགས་ནི། ཡབ་ཐི་ཤོ་ལེགས་དང་ཡུམ་ཀླུ་སྨན་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གིས་དབོན་གསས་བོན་པོ་འབེ་ཤོ་ཕྲམ་བསྟེན་ཞིང༌། སྐུ་བོན་བཅོ་ཕན་གྲགས་ཀྱིས་བྱས། གསས་ཁང་ས་ལེ་བང་བང་དང༌། སྐུ་མཁར་ཕྲི་བརྩིག་འབུམ་རྒྱུགས་བརྩིགས། བཙུན་མོ་མཚོ་སྨན་བླངས་པའི་རིགས་སྲས་བྲོང་ཞེར་ལེགས་སྐུ་འཁྲུངས། ༥ སྤུར་རྒྱལ་བཅུ་བཞི་པ་འབྲོང་ཞེར་ལེགས་ནི། ཡབ་གུ་རུ་ལེགས་དང་ཡུམ་མཚོ་སྨན་འབྲོང་མ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ལྷ་བོན་ཡེ་གཤེན་བདུད་དུལ་གྱིས་མཛད། སྐུ་མཁར་རྩེ་མ་ཁྱུང་རྒྱལ་བཞེངས་ཏེ་བཙུན་མོ་ས་སྨན་བུ་མོ་ཁབ་ཏུ་བཞེས་པར་སྲས་ཨི་ཤོ་ལེགས་འཁྲུངས།

          ༦ སྤུར་རྒྱལ་བཅོ་ལྔ་པ་ཨི་ཤོ་ལེགས་ ༼ཤོ་ལེགས།༽ ནི།  ཡབ་འབྲོང་ཞེར་ལེགས་དང༌། ཡུམ་མཚོ་ ༼ས།༽ སྨན་འབྲོང་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཨ་ལ་དུན་ཅུག་གིས་མཛད། བཙུན་མོ་རྨ་ལྕམ་རྨང་ལེགས་སམ་རྨུ་ལྕམ་སྨད་ལེགས་ཁབ་ཏུ་བཞེས་པར་རིགས་སྲས་ཟ་ནམ་ཟིན་ལྡེ་སྐུ་འཁྲུངས། སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་བཞེངས། བོད་ཀྱི་ལོ་རྒྱུས་སྟེང་བཙན་པོ་དེ་རྣམས་ཀྱི་དུས་སུ་བརྩིགས་པའི་འཆིང་ང་རྩེ་དྲུག་ནི་སྟག་རྩེ་དང༌། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས་བཅས་བརྩིགས་ཞེས་འཁོད། གཞན་ཡང་བོན་གྱི་ལོ་རྒྱུས་ནང་ས་ལ་ལེགས་དྲུག་གི་རིང་ལ་བོན་གྱི་ནི། ནད་ཀྱིས་གདུང་བ་སྨན་གྱིས་གསོས། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱི་བཏུལ། ཕས་ཀྱིས་རྒོལ་བ་སྒྲས་ཚར་གཅོད་པ་བཅས་རིག་གནས་ལྔ་དར་ཞེས་ཡོངས་སུ་གྲགས་པ་དང༌། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་སྐད། །ཅེས་གསུངས་པ་ལྟར་གོང་གསལ་ལེགས་དྲུག་གི་བང་སོ་གཡའ་སྤང་མཚམས་སུ་བཏབ་པའམ་སྤུར་ས་ལ་ལུས་པས་ན་ས་ལ་ལེགས་དྲུག་ཅེས་མཚན་ཐོགས་ཞེས་གྲགས་པ་ཡིན།

          ༡༦༽ དྲི་བ། མཛངས་མི་གཉིས་པའི་མཛད་རྗེས་དང་པུ་དེ་གུང་རྒྱལ་ཚུན་གྱི་བཙན་པོ་རིམ་བྱོན་སྐབས་ཐོན་སྐྱེད་འཕེལ་རྒྱས་བྱུང་ཚུལ་ཇི་ལྟར་ལགས།

          ལན། མཛངས་བློན་གཉིས་པ་ལྷ་བུ་མགོ་དཀར་ནི་བཙན་པོ་པུ་དེ་གུང་རྒྱལ་དང་བཙུན་མོ་འོམ་ཐང་སྨན་མཚོའི་སྲས་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ་བའི་རིང་གི་བློན་པོ་ཡིན། ཁོང་མཛངས་བློན་གྱི་གྲས་སུ་བགྲང་དགོས་པའི་རྒྱུ་མཚན་ཡང༌། ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།།

མདའ་ལ་ཆུ་མ་རྨོ་བ་འདི་ནས་དར། །ཞེས་གསུངས་པ་ལྟར་སྐབས་དེར་ཞིང་ལས་ལ་རྨོན་པ་དོར་གཅིག་གིས་ཉིན་གཅིག་ལ་རྨོ་ནུས་པའི་ས་ཞིང་གི་ཚད་རྩིས་གཞིར་མཛད་དེ་དོར་ཁ་གཅིག་ཅེས་བྱ་ཞིང༌། འབྲོག་ལས་ཐད་ལུག་པགས་སོགས་ལྭ་གཅིག་གི་བཟོ་ཚད་ལོངས་པའི་གྲངས་རྩིས་གཞིར་བཟུང་ནས་ཐུལ་ཁ་ཅེས་བྱ་བའི་སྲོལ་གཏོད་པས་བློན་པོ་འདིས་ཞིང་འབྲོག་ལས་ཀྱི་གནས་བབ་ཡར་རྒྱས་གོང་འཕེལ་དུ་བཏང་བ་སོགས་མཛངས་པའི་ལས་མང་དུ་བགྱིས་སོ།།

          ༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ ལས། སྤུ་དེ་གུང་རྒྱལ་སྐབས། ཤིང་བསྲེགས་པའི་སྙིང་པོ་སོལ་བ། ཀོ་བ་བཞུ་བའི་སྙིང་པོ་ལས་སྤྱིན་བྱུང༌། ལྕགས་རྡོ་ཟངས་རྡོ་དངུལ་རྡོ་གསུམ་རྙེད་ནས། སོལ་བས་རྡོ་གསུམ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན། ཤིང་ལ་བུག་པ་ཕུག་ནས་ཤོལ་དང་གཉའ་ཤིང་བཅོས། མཐུན་གཉིས་གཉའ་རུ་སྡེབས་ནས་ཐང་རྣམས་ཞིང་དུ་རྨོས། རྒྱ་མཚོར་ཡུར་དུ་དྲངས་ནས་ཞིང་ལ་ས་བོན་བཏབ་ཅེས་དང༌། ༵༵ལ་དྭགས་རྒྱལ་རབས་ཀཀ ལས། སྤུ་དེ་གུང་རྒྱལ་སྐབས། ཆུ་ལ་ཟམ་པ་བཙུགས། ཁྲི་གཉན་བཟུང་བཙན་རིང་ལ། འབྲོག་སྐྱོང་བ་དང༌། ཞིང་གི་ཐུལ་སྡེབས་པ། མཚོ་ལ་སྟར་ཀ་བྱས་ནས་ཡུར་བར་དྲངས་པ་དང༌། ཕུ་ཆུ་རྫིང་དུ་བསྐྱིལ་ནས་མཚན་ཆུ་ཉིན་ལ་དྲངས།  སྟག་རི་གཉན་གཟིགས་རིང་ལ། མཛོ་དང་དྲེའུ་སྲེ་བ། ནོར་གྱི་རིན་ཐང་གཅོད་པ། རིའི་རྩྭ་ཆུན་པོ་བྱ་བ་སོགས་བྱུང༌། གནམ་རི་སྲོང་བཙན་གྱི་དུས་སུ། རྒྱ་ནག་ནས་སྨན་དང་རྩིས་བྱུང༌། བྱང་ནས་ཚྭ་ཀ་རྙེད། བྱང་ཚྭ་ལྷོ་རུ་འདྲེན་པའི་སྲོལ་ཀ་དར། སྲོང་བཙན་སྒམ་པོའི་དུས་སུ། འཇིག་རྟེན་ལུགས་ཀྱི་འབྲས་ཆང༌། ནས་ཆང༌། ཟས་ཀྱི་ཡོ་བྱད་ཚང་བ། འོ་མ་ཞོ་རུ་བསྒྱུར་བ། ཞོ་ལ་མར་དང་ད་ར། ད་ར་ཐུད་དུ་བསྒྱུར་བ། ཁམ་ས་ནི་རྫ་རུ་བསྒྱུར་བ། རང་ཐག་ཆུ་ཡིས་བསྐོར། ཐགས་ཁྲི་ཐགས་པ་དང་ནི་བཟོའི་རིག་པ་མང་དུ་བྱུང༌། འདུས་སྲོང་མང་རྗེའི་སྐབས་སུ། རྒྱ་ནས་ཇ་དང༌། རྡོ་དྷ་མན། སུར་ན། འབུར་རྒོད། རྒྱ་གླིང་སོགས་བྱུང་ངོ༌། ཞེས་དང༌།

          ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། སྲོང་བཙན་སྒམ་པོས། བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། །རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛད། །ར་ལུག་བེའུ་ལ་སོགས་རང་ཡིན་གཏོང༌། །ལ་ལ་བཙས་བརྩིགས་ཆུ་ཆེན་གྲུ་ཡིས་བཅད། །ཅེས་གསུངས་པ་ལྟར་ཞིང་འབྲོག་གི་ཐོན་བསྐྱེད་དབྱར་མཚོར་རྒྱས་པ་ལྟར་གཅིག་མཇུག་གཉིས་མཐུད་ཀྱིས་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཏོ།།

          ༡༧༽ དྲི་བ། ཆུ་ཡི་ལྡེ་བརྒྱད་ཅེས་པ་གང་དག་ཡིན། དེ་དག་གི་ཡབ་ཡུམ་དང་བཙུན་མོ་བཅས་སུ་ཡིན་དང༌། མཛད་རྗེས་སོགས་ཇི་ལྟར་ཡིན་ནམ།

          ལན། ཆུ་ལ་ལྡེ་བརྒྱད་རྣམས་སྤྱི་ལོའི་དུས་རབས་དང་པོའི་དཀྱིལ་ཙམ་ནས་སྤྱི་ལོའི་དུས་གསུམ་པའི་མཇུག་ཙམ་བར་བྱུང་བ་ཡིན། དེ་ཡང་ཆུ་ཡི་ལྡེ་བརྒྱད་ནི། ཟ་ནམ་ཟིན་ལྡེ་དང༌། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་ནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་བཅས་བརྒྱད་ལས། ༡ བོད་རྒྱལ་གདུང་རབས་བཅུ་དྲུག་པ་བཙན་པོ་ཟ་ནམ་ཟིན་ལྡེ་ནི་ཡབ་བཙན་པོ་ཨི་ཤོ་ལེགས་དང༌། ཡུམ་རྨུ་ལྕམ་སྨང་ལེགས་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་བོན་བྱས། བཙུན་མོ་མཚོ་སྨན་ཁྲི་དཀར་མ་ཁབ་ཏུ་བཞེས་པ་ཡིན།

          ༢ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་ ༼འཕྲལ་ནམ་གཞུང་བཙན་ལྡེ།༽ འཁྲུངས་ཤིང༌། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བོན་བྱས། བསེ་གཉན་མེར་མོ་ཁབ་ཏུ་བཞེས། ༣ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་བཅོ་བརྒྱད་པ་སེ་སྣོལ་ནམ་ལྡེ་ ༼སེ་སྣོལ་གནམ་ལྡེ།༽ འཁྲུངས་ཤིང༌། བཙུན་མོ་ཀླུ་ཐང་མེར་མོའམ་ཀླུ་མོ་མེར་མོ་བྱ་བ་ཁབ་ཏུ་བཞེས། ༤ དེ་གཉིས་སྲས་སུ་བོད་རྒྱལ་གདུང་རབས་བཅུ་དགུ་པ་སེ་སྣོལ་པོ་ལྡེ ༼ལྡེ་གོལ།༽ འཁྲུངས་ཤིང༌། ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་སྐུ་བོན་བྱས། བཙུན་མོ་འོ་བཟའ་རི་མོ་མཚོའམ་འོ་ཟ་མཚོ་ཁབ་ཏུ་བཞེས། ༥ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉི་ཤུ་པ་ལྡེ་སྣོལ་ནམ་སྐུ་འཁྲུངས་ཤིང༌། ཞང་ཞུང་ཨ་ལ་དན་ཅིས་སྐུ་བོན་བྱས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས།

          ༦ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་གཅིག་པ་ལྡེ་སྣོལ་པོ་ ༼བསེ་ལྡེའ་རྣོལ་པོ།༽ འཁྲུུངས་ཤིང༌། ཞང་ཞུང་དར་མ་ཧ་རིས་སྐུ་བོན་བྱས། བཙུན་མོ་ས་བཙུན་སྙན་རྗེ་འམ་ཁྲི་སེ་བཙུན་གཉན་མོ་ཁབ་ཏུ་བཞེས། ༧ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་གཉིས་པ་ལྡེ་རྒྱལ་པོ་འཁྲུངས་ཤིང༌། ཞང་ཞུང་ད་ས་ཧ་རིས་སྐུ་བོན་བྱས། བཙུན་མོ་སྨན་བཙུན་ལུག་སྐོང་ངམ་སྨན་བཙུན་ལུང་གོང་ཁབ་ཏུ་བཞེས། ༨ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་གསུམ་པ་ལྡེ་སྤྲིན་བཙན་ ༼རྒྱལ་སྲིན་བརྩན།༽ འཁྲུངས་ཤིང༌། ཞང་ཞུང་མུ་ལ་མ་ཧོས་སྐུ་བོན་བྱས། བཙུན་མོ་མང་མ་རྗེའམ་གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས་པར་རིགས་སྲས་རྒྱལ་ཏོ་རེ་ལོང་བཙུན་འཁྲུངས།

          བཙན་པོ་དེ་དག་སྐབས་གསས་ཁང་རེ་རེ་བཞེངས། གོང་གསལ་བཙན་པོ་བརྒྱད་ཀྱི་དུས་ལ་མངའ་ཐང་དར་རྒུད་མེད་པར་བྱུང་ཞིང༌། ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། །མཚོ་ལ་ཁ་བ་བབ་པ་འདྲའོ་སྐད། །ཅེས་པ་ལྟར་བང་སོ་ཆུ་བོའི་གཞུང་ལ་བཏབ་པས་ཆུ་ཡི་ལྡེ་བརྒྱད་དུ་གྲགས་ཤིང༌། དུས་དེར་སྐུ་ཕུང་ཆུ་ལ་བཏབ་པའི་སྲོལ་དར་ཞིང༌། དེབ་ཐེར་ཁག་ཏུ་བཙན་པོ་འདི་དག་གི་ལོ་རྒྱུས་ཞིབ་གསལ་མེད་པར་གཞིགས་ན་ཆུ་ཡི་ལྡེ་བརྒྱད་ཀྱི་སྐུ་རིང་ལ་མཛད་འཕྲིན་ཆེ་བ་གང་ཡང་བྱུང་མེད་པར་སྙམ་མོ།།

          ༡༨༽ དྲི་བ། ཚིགས་ཀྱི་བཙན་ལྔར་གྲགས་པ་རྣམས་ཀྱི་ལོ་རྒྱུས་དང༌། བོད་ཡུལ་དུ་གསོད་དཔྱད་ཀྱི་གཞུང་ལུགས་དར་ཚུལ་བཅས་ཇི་ལྟར་ཡིན་ནམ།

          ལན། བོད་ཀྱི་ལོ་རྒྱུས་སྟེང་ཚིགས་ཀྱི་བཙན་ལྔའམ་འོག་གི་བཙན་ལྔར་གྲགས་པ་རྣམས་ནི། རྒྱལ་ཏོ་རེ་ལོང་བཙན་དང༌། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙུན། ཐོ་ཐོ་རི་གཉན་བཙན་བཅས་ལྔ་ཡིན་ལ༑ བཙན་པོ་འདི་དག་སྤྱི་ལོའི་དུས་རབས་གསུམ་པའི་མཇུག་ནས་ལྔ་པའི་མཇུག་ཙམ་བར་བྱུང་ཞིང༌། ༡ དེ་དག་ལས་སྤུ་རྒྱལ་ཉེར་བཞི་པ་རྒྱལ་ཏོ་རེ་ལོང་བཙན་ ༼རྒྱལ་ལྡེ་རེ་ལོང་བཙན།༽ ནི། ཡབ་བཙན་པོ་ལྡེ་སྤྲིན་བཙན་དང༌། ཡུམ་གཉན་བཙུན་མང་མ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། བློན་པོ་ཐོན་མི་འབྲིང་པོ་རྒྱལ། གནུབས་སྨན་ད་རེ། སྟོང་དར་རྗེ་རྣམས་ཀྱིས་བྱས་སྐད། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་བོན་མཛད། འདི་མན་ཆད་འབངས་དང་གཉེན་བསྲེས་ཞེས་གྲགས། བཙུན་མོ་འོ་མ་ལྡེ་བཟའ་ཁྲི་བཙུན་བྱ་བ་ཁབ་ཏུ་བསུས་པ་བཅས་སོ།།

          ༢ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་ལྔ་པ་ཁྲི་བཙན་ནམ་འཁྲུངས་ཤིང༌། ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་སྐུ་བོན་བྱས། བློན་པོ་གཉའ་དོར་གཙུག་ལོན་དང༌། དབས་ཁྲི་བཟུང་མོང་མོང་ཁོང་གིས་བྱས་ཞེས་པ་ཙམ་ལས་ལོ་རྒྱུས་གཞན་མ་རྙེད་ཅིང༌། བཙུན་མོ་སྨན་བཟའ་ཁྲི་དཀར་ཁབ་ཏུ་བཞེས། ༣ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་དྲུག་པ་ཁྲི་སྒྲ་དཔུང་ ༼སྤུངས་༽ བཙན་འཁྲུངས་ཤིང༌། ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མུ་མཐུད་དུ་སྐུ་བོན་བྱས། བློན་པོ་མགར་སྒྲ་ཛི་མུན་དང༌། ཐོན་མི་གླུ་མང་དྲེད་པོས་བྱས། བཙུན་མོ་སྨན་བཟའ་ཀླུ་སྟེང་ངམ་སྨན་གསུམ་ཀླུ་སྟེང་བྱ་བ་ཁབ་ཏུ་བསུས་པའོ།།

          ༤ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་འཁྲུངས་ཤིང༌། བློན་པོ་མགར་གཉའ་བཙན་ལྡོམ་བུ་དང༌། གནུས་སྐྱེས་ཐོག་ཐུན་མོང་བཙན་གྱིས་བྱས། བོན་ཆོས་དར་སྤེལ་མཛད་དེ་ཞང་ཞུང་གི་བོན་མུ་ཧ་ལ་རྒྱལ་གྱིས་རྒྱལ་རབས་གསུམ་གྱི་རིང་མུ་མཐུད་དུ་སྐུ་བོན་མཛད། རྒྱལ་པོ་འདིའི་རིང་ལ་གླིང་བུ་ཐོག་མར་བྱུང་བར་བཤད་སྲོལ་ཡོད་ཅིང༌། བཙུན་མོ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་ཁབ་ཏུ་བཞེས། ༥ དེ་གཉིས་ཀྱི་སྲས་སུ་བོད་རྒྱལ་གདུང་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་མཆོག་ཤིང་ཁྱི་སྤྱི་ལོ་ ༣༧༤ ལོར་འཁྲུངས། སྐུ་གཤེན་གཅེའུ་གཡང་སྐྱེས་དང༌། མཚེ་མི་འདུ་འཕྲོ་གཉིས་ཀྱི་བྱས། བཙུན་མོ་གནོ་བཟའ་མང་དགའ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་གཉན་བཟུང་བཙན་སྐུ་འཁྲུངས། བཙན་པོ་འདི་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་ཏེ་ཆུ་བྱ་སྤྱི་ལོ་ ༤༩༣ ལོར་སྐུ་གཤེགས། དེ་ལྟར་བཙན་ལྔའི་བང་སོ་འཕྱིང་ཡུལ་དར་ཐང་དུ་བཏབ་སྟེ་སྦྲ་འདྲ་བའི་ས་ཕུང་དུ་བྱས་སོ།།

          གནའ་ནས་བཟུང་ལྷ་ཐོ་ཐོ་རི་གཉན་བཙན་བར་གཞུང་ལུགས་ལ་བརྟེན་པའི་གསོ་དཔྱད་སྐོར་མ་བྱུང་ཞིང༌། བཙན་པོ་འདིའི་སྐབས་བི་བྱི་དགའ་བྱེད་དང་བི་ལ་དགའ་མཛེས་གཉིས་ཀྱིས་གསོ་དཔྱད་ཀྱི་གཞུང་མང་ལ་སྦྱངས་ཤིང༌། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས། བོད་དུ་བྱོན་ཏེ་ལྷ་ཐོ་ཐོ་གཉན་བཙན་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། རྒྱལ་པོས་བོད་ལ་གསོ་དཔྱད་དར་སླད་ལྷ་ལྕམ་མམ་སྲས་མོ་ཡིད་ཀྱི་རོལ་ཆ་བི་བྱི་དགའ་བྱེད་ཀྱི་ཆུང་མར་ཕུལ་བར་སྤྱི་ལོའི་དུས་རབས་གསུམ་པ་ཙམ་ལ་སྲས་སྨན་པ་དུང་གི་ཐོར་ཅོག་འཁྲུངས་པར་གྲགས། ཆུང་ངུའི་དུས་ནས་རང་གི་ཡབ་ལས་རེག་པ་རྩའི་མདོ་དང༌། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་དང༌། དེ་དག་གི་འགྲེལ་བཤད་ཁོག་འབུབ། ས་བཅད། ལག་ལེན་དང་བཅས་གསན་ཏེ་མཁས་པར་གྱུར། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང༌། ཁྲི་གཉན་གཟུང་བཙན་ཡབ་སྲས་གཉིས་ཀྱི་བླ་སྨན་མཛད། འདི་ཉིད་བོད་ཡུལ་གྱི་སྨན་པ་ཀུན་གྱི་ཕྱི་མོ་ཡིན་པ་དང༌། གཡུ་ཐོག་གསར་རྙིང་ཡང་གདུང་རུས་འདི་ལས་འཕྲོས་པར་གྲགས། བོད་དུ་གཞུང་ལུགས་ལ་བརྟེན་པའི་གསོ་དཔྱད་ཀྱི་བསྟན་པ་དབུ་འདི་ནས་བརྙེས་ཤིང༌། བོད་དུ་བླ་སྨན་གྱི་ཐོག་མ་དུང་གི་ཐོར་ཅོག་ཅན་ཡང་འདི་དུས་བྱུང་ངོ༌།།

          ༡༩༽ དྲི་བ། གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་བོད་ཀྱི་ཆབ་སྲིད་བོན་དང༌། སྒྲུང༌། ལྡེའུ་གསུམ་གྱིས་བསྐྱངས་ཚུལ་ཇི་ལྟར་ཡིན་ནམ།

          ལན། དེ་ཡང༌། ༵༵དེབ་ཐེར་ཀུན་གསལ་མེ་ལོང་ཀཀ ལས། གཉའ་ཁྲི་བཙན་པོ་ཐོག་མར་ཅོག་ལ་བོན་པོ་དང༌། ཞང་ཞུང་བོན་པོ། ཚེ་མི་བོན་པོ་སོགས་བོན་པོ་རྣམས་ཀྱིས་ཁྲིར་མངའ་གསོལ། འོན་ཀྱང་རྒྱལ་པོས་བོན་པོ་རྣམས་ཀྱི་ཁེ་ཕན་ཡོངས་སུ་འགྲུབ་མི་ཐུབ་སྟབས་སུམ་པའི་བོན་ཨ་ཡོང་གི་རྒྱལ་པོ་བཀྲོངས། བོན་པོ་རྣམས་ཀྱིས་རྒྱལ་སྲིད་ལ་ཁ་ལོ་ཤུགས་ཆེན་བསྒྱུར་བར་བརྟེན་གྲི་གུམ་བཙན་པོས་བོན་གྱི་བསྟན་པ་བསྣུབས། བོན་པོ་རྣམས་ལ་རྡུང་རྡེག་ཤུགས་ཆེན་བཏང༌། མཐར་ལོ་ངམ་གྱི་དུས་སུ་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་བོན་གྱི་བསྟན་པ་ཁྱབ་གདལ་ཤུགས་ཆེན་བཏང༌། དེ་ནས་ཁྲི་ཐོག་རྗེ་བཙན་བར་སླར་ཡང་བོན་གྱི་ཆབ་སྲིད་བསྐྱངས་ཞེས་དང༌། ༵༵རྒྱལ་རབས་དེབ་ཐེར་དཀར་པོཀཀ ལས། ཁ་བ་ཅན་གྱི་རྒྱལ་ཁམས་སུ་དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པ་རྣམས་ལ་ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་དུ་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་དུ་ལྡེའུ་བསྟན། སྒྲུང་ལའང་སྤྲེའུའི་སྒྲུང་དང༌། མཆིལ་པའི་སྒྲུང༌། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང༌། མ་སངས་སྒྲུང༌། རྒྱ་སྒྲུང་སོགས་གཏམ་རྒྱུད་དུ་མ་འཆད་ཉན་རྒྱ་ཆེར་སྤེལ། ཞེས་མཆིས།

          སློབ་དཔོན་དམུ་དགེ་བསམ་གཏན་གྱིས་ཀྱང༌། དེ་དག་གི་སྐབས་ཀྱི་བོན་པོ་ནི་དགེ་སྒྲུབ་ལྷ་མཆོད་འདྲེ་འདུལ་མོ་རྩིས་བྱེད་པ་སོགས་ཡིན་ལ། དེ་དག་བྱེད་མཁན་ཞིག་རྒྱལ་པོའི་ཨ་མཆོད་དུ་བསྟན་པ་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར། སྒྲུང་ནི་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང༌། མ་སངས་སྒྲུང༌། མཆིལ་པའི་སྒྲུང་སོགས་དང༌། ལྡེའུ་ནི་དེང་སང་ཁེད་ཅེས་གྲགས་པ་དེ་ཡིན། མི་རྣམས་ཀྱིས་དེ་དག་རིག་པའི་སྒོ་འབྱེད་པའི་ཐབས་སུ་བརྟེན་པས་ན་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་གྲགས། ཞེས་གསུངས་པ་ལྟར་དེ་དག་རྣམས་ཀྱིས་བོད་ཀྱི་མི་རྣམས་བློ་ཁ་ཅུང་ཟད་དབྱེ་བར་གྱུར། ༵༵རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཀཀ ལས། རྗེ་གཉའ་ཁྲི་ནས་ཐོག་རྗེ་ཐོག་བཙན་གྱི་བར་གདུང་རབས་ཉི་ཤུ་རྩ་བདུན་གྱི་རིང་ལ་རྒྱལ་རབས་སོ་སོའི་ཁྲི་ལོ་ཁ་གསལ་མེད་ཀྱང༌། སྤྱི་བསྡོམས་རྒྱལ་རབས་ལོ་ཡུན་དྲུག་བརྒྱ་ཉི་ཤུ་སོང་ཞིང༌། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས་པ་ཡིན་ཞེས་གསུངས་པ་ལྟ་རོ།།

          ༢༠༽ དྲི་བ། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་གངས་ཅན་དུ་དམ་ཆོས་ཀྱི་དབུ་ཐོག་མར་བརྙེས་ཚུལ་ཇི་ལྟར་ཡིན་ནམ།

          ལན། དེ་ཡང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཅས་ཐོག་མར་བྱུང་བ་ནས་ཆོས་ཀྱི་གནད་དོན་མ་གོ་བའི་བར་གྱི་དུས་སྐབས་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་དང༌། ཆོས་ཀྱི་ནང་དོན་ལ་གོ་བ་ཆགས་ནས་དད་པ་བྱེད་མཁན་ཐོག་མར་བྱུང་བ་དང་གཙུག་ལག་ཁང་ཐོག་མར་ཆགས་པ་ནས་བོད་མི་རང་ཉིད་ཀྱིས་རབ་བྱུང་བྱེད་པ་མ་བྱུང་བར་གྱི་དུས་སྐབས་ལ་དམ་པའི་ཆོས་ཀྱི་སྲོལ་གཏོད་ཅེས་ཟེར། དེ་ནས་བོད་མི་རང་ཉིད་ཀྱིས་རབ་བྱུང་བྱེད་མཁན་ཐོག་མར་བྱུང་བ་ནས་དར་རྒྱས་ཀྱི་དུས་སྐབས་ལ་དམ་པའི་ཆོས་རྒྱས་པར་མཛད་ཅེས་བཤད་དོ།།

          དེ་ཡང༌། རྒྱལ་རབས་ཉེར་བརྒྱད་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་དུ་གྲགས་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་ཐོག་མར་བརྙེས་ཤིང་དེ་ལ་ཡང་བཤད་ཚུལ་མི་འདྲ་བ་མང་དུ་ཡོད་དེ། ༵༵ཡར་ལུང་ཆོས་འབྱུང་ཀཀ ལས། སྐུ་མཁར་ཡུམ་བུ་བླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ་དང༌། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོའི་བརྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན་ཞེས་བྱུང༌།

          ༵༵ནེལ་པའི་ཆོས་འབྱུང་ཀཀ ལས། བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི། དོན་ལ་པཌཎི་ཏ་བློ་སེམས་འཚོ་དང༌། ལོ་ཙཱ་བ་ལི་ཐེ་སི་རྣམ་གཉིས་ཀྱིས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག་ཅེས་འཁོད་པ་ལྟར་ན་བོད་ཆུ་བྱ་སྤྱི་ལོ་ ༤༣༣ པཌཎི་ཏ་དང་ལོ་ཙཱ་བ་གཉིས་ཀྱིས་སྤང་ཀོང་ཕྱག་རྒྱ་པ་དང༌། མདོ་སྡེ་ཟ་མ་ཏོག་གི་གླེགས་བམ། གསེར་གྱི་མཆོད་རྟེན། ཙིཏན་མ་ཎི་ཞེས་པ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་དང༌། མུ་ཏྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་དུ་ཡོད་པ་བཅས་བཙན་པོར་ལེགས་སྐྱེས་སུ་ཕུལ་བ་ཡིན་གྱི་གནམ་སྟོང་པའི་དབྱིངས་ནས་མར་བབས་པ་མ་ཡིན་ཀྱང་སྐབས་དེར་བོད་ཀྱི་ཡུལ་གང་པོ་བོན་དར་ཞིང་དེར་དད་པ་བྱེད་ཀྱི་ཡོད་པ་དང༌། བཙན་པོས་བློན་འབངས་ཚང་མའི་བློ་ཁ་དང་འཚམས་ཕྱིར་གནམ་ནས་བབས་ཞེས་བསྒྲགས་པ་ལགས། བཙན་པོས་ཅི་ཡིན་དོན་མ་གོ་ཡང་གཞན་གྱི་ལེགས་སྐྱེས་སུ་ཕུལ་བར་ངོ་མཚར་ཅན་དུ་བརྩིས་ནས་ཕོ་བྲང་ཡུམ་བུ་བླ་སྒང་གི་དཀོར་ཁང་དུ་བཞུགས་སུ་གསོལ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་བྱུང་ངོ་ཞེས་ནམ་མཁའ་ལས་ལུང་བསྟན་གྱི་སྒྲ་བྱུང༌། དེས་ན་མདོ་ལ་སྔ་བ་ཟ་མ་ཏོག་དང༌། གཟུངས་ལ་སྔ་ལ་ཙིཏཎ་མ་ཎི་ཞེས་སུ་གྲགས་པ་ཡིན།

          དེར་རྒྱལ་པོས་དོན་གང་ཡིན་མ་མཁྱེན་པའི་ཚུལ་བསྟན་ཡང་ཤིན་ཏུ་ངོ་མཚར་བའི་གཙིགས་སུ་བཟུང༌། བཀུར་བསྟི་མཛད་པ་སྟེ་གསེར་སྐྱེམས་དང་གཡུ་སྔོན་གྱི་མཆོད་པ་བྱས་སྟབས། དགུང་ལོ་དྲུག་ཅུ་ལོན་པ་ལ་སེའུ་སྐྱེས། དབུའི་སྐྲ་དཀར་རྣམས་ཀྱང་ནག་པོར་གྱུར། གཉེར་མ་མེད་ཅིང་སྐུ་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་པར་གྲགས། རྟེན་དེ་དག་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ཞིང་དམ་ཆོས་ཀྱི་དབུ་ཐོག་མ་དེ་ནས་བརྙེས་པ་ལགས་སོ།།

          ༢༡༽ དྲི་བ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིར་གྲགས་པ་གང་དག་ཡིན་དེ་དག་ལས་དང་པོ་གཉིས་ཀྱི་ལོ་རྒྱུས་དང་མཛད་རྗེས་ཇི་ལྟར་ཡིན་ནམ།

          ལན། འོག་གི་བཙན་བཞིའམ་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ནི་སྤྱི་ལོའི་དུས་རབས་ལྔ་པའི་མཇུག་ནས་སྤྱི་ལོ་ ༦༢༩ ལོའི་བར་བྱུང་ཞིང༌། དེ་དག་ནི་རྒྱལ་པོ་ཁྲི་གཉན་གཟུང་བཙན་དང༌། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན་བཅས་བཞི་ཡིན་ལ། བཙན་པོ་འདི་བཞིའི་རིང་བོན་ལ་བཀུར་བསྟི་ཤིན་ཏུ་ཆེ་ཞིང་ཆབ་སྲིད་རྒྱས་པས་ཁོང་ཚོར་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་གྲགས་པ་ཡིན་ནོ།།

          ༡ སྤུར་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་ ༼ཁྲི་སྒྲ་ཟུང་བཙན།༽ ནི༑ ཡབ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང༌། ཡུམ་གནོ་བཟའ་མང་མོ་རྗེའམ་རྣོ་ཟ་མང་དགར་གཉིས་ཀྱི་སྲས་སུ་འཁྲུངས་སྐད། བཙན་པོ་འདིའི་བློན་པོ་དབས་སྣང་བཞེར་ལྷ་བཙན་དང༌། མགར་ཁྲི་འབྲིང་གཉིས་ཀྱིས་བྱས་ཤིང༌། ཁུའི་བོན་པོ་མང་སྒྲ་ལེགས་པས་སྐུ་བོན་མཛད། ༵༵དུང་དཀར་ཚིག་མཛོད་ཀཀ ལས། བཙན་པོ་འདིའི་སྐུ་དུས་སུ་བོད་ཀྱི་ཞིང་ས་དང་འབྲོག་ས་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ཡུར་བུར་འབྲེལ་སྦྱོར་བྱས་ནས་དེའི་ཆུ་ཞིང་ཁ་ལ་འདྲེན་པའི་སྲོལ་བཙུགས་ཞེས་གསལ། སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། །ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། །དེ་ཡན་ལ་ཞང་པོ་ལ་ཇོ་བོ་འབོད་སྐད། །བཙུན་མོ་འབྲོ་བཟའ་དུར་ཡངས་གཞེར་རམ་འབྲོ་དུང་དཔྱང་བཞེར་ཁབ་ཏུ་བཞེས་པར་རིགས་སྲས་འབྲོང་གཉན་ལྡེའུ་སྐུ་འཁྲུངས། ཁྲི་གཉན་མཆད་པ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །ཞེས་སོ།།

          ༢ སྤུར་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུ་ ༼འབྲོང་གཉེན་ལྡེ་རུ།༽ ནི༑ ཡབ་ཁྲི་གཉན་གཟུང་བཙན་དང་ཡུམ་འབྲོ་བཟའ་མོ་དུར་ཡངས་གཞེར་གཉིས་ཀྱི་སྲས་སུ་ཤིང་རྟ་ ༣༩༤ ལོར་འཁྲུངས་སྐད། བློན་པོ་གཉགས་ཐང་བ་ཡར་རྗེ་དང༌། གནུབས་ཁྲོ་དར་རེ་མཐོང་པོས་བྱས། སྐུ་བོན་ཁུའི་མང་རྗེ་ལོད་པོས་མཛད། བཙན་པོ་འདིས་དྭགས་པོའི་ཡུལ་ནས་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་བྱ་བ་མཛེས་མ་ཞིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་མཚན་དྲིས་པས་རང་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ཟེར། དེ་ལེན་དུ་ཆུག་གསུངས་པས་གཡོག་མོས་སྦལ་པ་མར་ལ་བཙོས་པ་བླངས་ཏེ་མཛོད་དུ་སྦས་ནས་བཙུན་མོ་ལ་དྲངས་པས་མདངས་ཤིན་ཏུ་མཛེས་པར་གྱུར་སྟབས་རྒྱལ་པོས་ཟས་དེ་ང་རང་ཡང་ཟའོ་དགོངས་ནས་མཛོད་ཀྱི་སྒོ་ཕྱེ་ནས་གཟིགས་སྐབས་སྦལ་རོ་མཐོང་བས་རྣམ་རྟོག་སྐྱེས་པ་ལས་སྐུ་ལ་མཛེ་ནད་ཕོག དེ་སྐབས་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་པ་དེ་ནི་ཉ་ཟ་ཞིང་ཉ་ལ་སྦལ་བར་གྲགས་པ་ཡིན་སྐད་དོ།།

          རྒྱལ་པོའི་བཙུན་མོ་ལ་སྲས་དམུས་ལོང་ཞིག་བལྟམས་ཤིང༌། དེ་ཅུང་ཆེར་ལོངས་པ་ན་ཡབ་ཀྱིས་ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེ་ནས་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་བྱ་བ་ཞིག་ཡོད་པ་དེ་བོས་ནས་ཁྱོད་རང་གཤེགས་རྫུ་ཐོབ་ལ་རྒྱལ་སར་ཆུག་ཅེས་གསུངས་ཏེ་ཡབ་རྒྱལ་པོ་ཡབ་ཡུམ་གཉིས་བློན་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙུན་མི་ཕོག་ཆེད་དུ་ཡར་ལུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང་བང་སོའི་མིང་ལའང་གསོན་མཆད་ཟླུམ་པོ་ཟེར། འབྲོང་གཉན་ལྡེའུའི་སྐུ་དུས་སུ་བོད་ལ་སྔ་བའི་དཀར་ཡོལ་བྱུང་ཞེས་ལོ་རྒྱུས་ཡིག་ཚང་ལ་ལར་གསལ་ཡང༌། ཡོངས་གྲགས་འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་བྱུང་བ་ཡོངས་སུ་གྲགས་པ་ཡིན།།

          ༢༢༽ དྲི་བ། ཕུན་སུམ་ཚོགས་པའི་བོན་རྒྱལ་ཕྱི་མ་གཉིས་ཀྱི་ལོ་རྒྱུས་དང་མཛད་རྗེས། མཛངས་མི་གསུམ་པའི་མཛངས་ལས་བཅས་གང་ཡིན་ནམ།

          ལན། ༣ སྤུར་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ ༼སྟག་བུ་སྙ་གཟིགས།༽ ནི། དུས་རབས་ལྔ་པའི་དུས་སྨད་ཙམ་སྟེ་སྤྱི་ལོ་ ༥༧༩ ལོར་ཡབ་འབྲོང་གཉན་ལྡེའུ་དང༌། ཡུམ་མཆིམས་བཟའ་ཀླུ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་འབྲོང་གཉན་ལྡེའུ་དང་སྲས་སྟག་རི་གཉན་གཟིགས་འདི་གཉིས་ལ་བར་གྱི་སྟེང་གཉིས་ཟེར་ཞིང༌། བཙན་པོ་འདི་ཉིད་ཐོག་མར་བཙས་སྐབས་དམུས་ལོང་ཞིག་ཡིན་སྟབས་འབྲོང་གཉན་ལྡེའུའི་ཞལ་ཆེམས་ལྟར་འདི་ཉིད་ཀྱིས་རྒྱལ་ཕྲན་འ་ཞའི་ཡུལ་ནས་སྨན་པ་མཁས་པ་གདན་དྲངས་ཏེ་སྤྱན་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་ཐོགས། ར་སངས་ཁྲི་ནེ་ཁོད་ཀྱིས་སྐུ་བོན་མཛད། བློན་པོ་ཁྲི་དོར་སྣང་བཙུན་མོང་གི་བུ་དང༌། སྣ་ནམ་མང་གཉའ། སྦྲང་ཁྲི་ཟུང་ལན་པ་རྣམས་ཀྱིས་བྱས། བཙུན་མོ་སྟོང་བཙུན་འབྲོ་དཀར་ཁབ་ཏུ་བཞེས་ཏེ་རིགས་སྲས་གནམ་རི་སྲོང་བཙན་སྐུ་འཁྲུངས།

          བཙན་པོ་འདིས་བོད་ཁམས་གཅིག་གྱུར་གྱི་འཕྲིན་ལས་གྱེན་ལ་འདེགས་པའི་དབུ་བརྩམས་ཤིང༌། མཐའ་བཞིའི་རྒྱལ་ཕྲན་རྣམས་ལ་དམག་དྲངས་ནས་བན་པ་རྗེ་དང༌། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗ། ཞང་ཞུང་རྗེ་རྣམས་བཏུལ་ནས་མངའ་འོག་ཏུ་བཅད། རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་བསྐྱེད་མཛད་པས་སྐབས་དེར་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་ནས་གོང་འཕེལ་ཆེན་པོ་བྱུང༌། རྒྱལ་པོ་འདི་ནི་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང༌། སྤྱི་ལོ་ ༦༡༩ ལོར་སྐུ་འདས་ཤིང་རྒྱལ་པོ་འདིའི་གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་པ་དང༌། གྲལ་ནི་ཁྲི་གཟུང་བང་སོའི་གཡོན་ན་ཡོད་ཅིང༌། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲའོ།།

          འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ཁྲི་དོར་སྣང་བཙུན་མོང་གི་བུ་ནི་བཙན་པོ་སྟག་རི་གཉན་གཟིགས་སུ་གྲགས་པའི་བློན་པོ་ཡིན་ཞིང༌། ཁོང་མཛངས་བློན་གྱི་གྲས་སུ་འཇོག་དགོས་པའི་རྒྱུ་མཚན་ཡང༌། ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། དེ་ནས་ཁྲི་དོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱི་ཕུལ། །དགའ་གཉིས་ཚོང་ལས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།།

དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །ཞེས་གསུངས་པ་ལྟར་ཚོང་ལས་དང་འཇལ་བྱེད་བྲེ་སྲང་སོགས་གསར་དུ་གཏོད་པ་སོགས་ཀྱི་མཛད་རྗེས་ཁྱད་དུ་འཕགས་པས་མཛངས་མིའི་གྲས་སུ་བཞག་པ་ཡིན་ནོ།།

          ༤ སྤུར་རྒྱལ་གདུང་རབས་སོ་གཉིས་པ་གནམ་རི་སྲོང་བཙན་ནི། དུས་རབས་དྲུག་པའི་ནང་དུ་ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་སུ་ས་སྟག་ ༥༥༨ ལོར་འཁྲུངས་སྐད། གཙོའི་བོན་པོ་ཁྲི་ཁྱུང་གྲགས་གུ་རྣམས་ཀྱིས་བློན་པོ་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་མ་ཁབ་ཏུ་བཞེས་པར་རིགས་སྲས་སྲོང་བཙན་སྒམ་པོ་སྐུ་འཁྲུངས། སྤྱི་ལོ་ ༦༢༩ ས་གླང་ལོར་འབངས་རྣམས་ཀྱིས་ངོ་ལོག་བྱས་ཏེ་གནམ་རི་སྲོང་བཙན་ལ་མོན་དུག་དྲངས་ནས་སྐུ་སྲོག་བཀྲོངས། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང༌། ༵༵མཁས་པའི་དགའ་སྟོན་ཀཀ ལས། བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང༌། །གྲལ་ནི་ཁྲི་བཟུང་བང་སོའི་གཡས་ན་ཡོད། །ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཁ་རིས། །མིང་དུ་གུང་རི་སོག་ཁར་བཏགས་སོ་སྐད། །ཅེས་གསུངས་སོ།།

          ༢༣༽ དྲི་བ། གནམ་རི་སྲོང་བཙན་ཞེས་མཚན་ཐོགས་ཚུལ་དང༌། ཟིང་པོ་རྗེ་སོགས་མངའ་དབང་དུ་བཅུག་ཚུལ་གྱི་ལོ་རྒྱུས་ཇི་ལྟར་ཡིན་ནམ།

          ལན། བོད་རྒྱལ་སྟག་རི་གཉན་གཟིགས་སྐབས་ད་ལྟའི་འཕན་ཡུལ་གྱི་ཕྱོགས་འདིར་བོད་རྗེའི་གཉེན་ཚན་རྒྱལ་ཕྲན་ཟིང་པོ་རྗེ་ཡོད་ཅིང་སྤྱོད་པ་ངན་པས་ཡུལ་མི་རྣམས་ཞེ་ལོག་ཅིང༌། མངའ་འོག་གི་མི་དྲག་དབས་དབྱི་ཚབ་དང༌། མྱང་ཙེང་སྐུ་སོགས་ངོ་ལོག་སྟེ། རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་དྲུང་དུ་ཐོན་ནས་བཙན་པོ་དང་ལྷན་དུ་མནའ་བཅད། འོན་ཀྱང་ཟིང་པོ་རྗེ་ལ་དམག་མ་དྲངས་གོང་བཙན་པོ་གཤེགས་ཟིན་པས་དགྲ་ལན་མ་ལོན་པར་ལུས།

          དེ་ནས་སྲས་གནམ་རི་སྲོང་བཙན་གྱིས་ཡབ་ཀྱི་མཛད་འཕྲིན་མུ་མཐུད་དུ་བསྐྱངས་ཏེ། མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། ལྷག་པར་བཙན་པོ་གནམ་རི་སྲོང་བཙན་སྐུ་ངོ་མས་དམག་མི་ཁྲི་ཕྲག་ཙམ་ཁྲིད་ནས་གཡུལ་བཤམས་ཏེ་མཁར་ཡུ་སྣ་ནི་གཏོར། དགུ་གྲི་ཟིང་པོ་རྗེ་ནི་བརླག མང་པོ་རྗེ་གསུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད་ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་ལོན་ཞིང༌། བཙན་པོ་བཀའ་ཕབ་སྟེ་སྔར་ཡུལ་ངས་པོ་ཟེར་བ་ཡང་འཕན་ཡུལ་ཞེས་པར་མིང་བསྒྱུར་མཛད། སྐབས་དེར་མྱང་ཙེང་སྐུ་དང༌། དབས་དབྱི་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་ཀྱིས་སྤུར་རྒྱལ་ལ་བློ་དཀར་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང་ཡུལ་ཆེན་པོ་གནང་བ་མ་ཟད། རྒྱལ་པོའི་བློན་པོར་བཅུག་པ་དང༌། ཁྱུང་པོ་སྤུང་སད་ཙེས་ཀྱང་གཙང་བོད་ཀྱི་རྗེ་བོ་མར་མུན་ཞེས་པའི་མགོ་བོ་བཅད་དེ་བཏུལ་ནས་གཙང་བོད་ཀྱི་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་སྤུར་རྒྱལ་བཙན་པོའི་མངའ་འབངས་སུ་ཕུལ་བ་དང༌། སེང་གོ་མི་ཆེན་གྱིས་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པ་སོགས་དབུས་གཙང་ཕལ་མོ་ཆེ་སྤུར་རྒྱལ་གྱི་མངའ་ཞབས་སུ་ཚུད་པ་སོགས་རྒྱལ་ཕྲན་མང་པོ་དབང་དུ་བཅུག་ནས་བོད་ཁམས་གཅིག་གྱུར་གྱི་རྨང་གཞི་ལེགས་པར་བཏིངས་པའི་ཕྱག་ལས་རྨད་དུ་བྱུང་བ་མཛད་པས། མྱང་དབས་སོགས་ཀྱིས་བསྟོད་པའི་གླུ་ཕུལ་ཞིང༌། ཡུལ་ངས་པོའི་འབངས་དབྱི་ཚབ་ལ་སོགས་པས། ཆབ་སྲིད་གནམ་བས་མཐོ། །དབུ་རྨོག་རི་བས་བཙན་ཏེ། །ཞེས་གཟེངས་བསྟོད་ཀྱི་མཚན་གསོལ་བས་དེ་ནས་བཟུང་མཚན་ལ་གནམ་རི་སྲོང་བཙན་དུ་གྲགས་སོ།།

          བཙན་པོ་འདིའི་རིང་ལ་རྒྱ་ནག་ནས་རྩིས་དང་སྨན་དཔྱད་སོགས་ཀྱི་གཙུག་ལག་རིག་གནས་སྤྱན་དྲངས། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའི་གྱད་གཉིས་ཀྱིས་ཞབས་ཏོག་བྱས་ཏེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལ་ཚྭ་འགོས་པས་བྲོ་བ་ཚོར་ཏེ་ལན་ཚྭ་ངོ་ཤེས་ནས་ཟས་ཀྱི་ཕུད་དུ་གྱུར་བའི་ལན་ཚྭ་རྙེད་དེ་ཚྭ་ལེན་པའི་སྲོལ་བྱུང་སྐད། མངའ་ཞབས་ཆེ་ཞིང་མངའ་ཐང་རྒྱས་པས་རྒྱལ་ས་ཡང་ཡར་ཀླུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས། མཐར་མོན་དུག་ཕུལ་ནས་བཀྲོངས་པར་གྲགས་སོ།།         

ཐོག་མའི་བཙན་པོ་གནམ་གྱི་ཁྲི་བདུན་དང༌། །

སྟོད་ཀྱི་སྟེང་གཉིས་བར་གྱི་ལེགས་དྲུག་དང༌། །

ཆུ་ཡི་ལྡེ་བརྒྱད་ཚིགས་ཀྱི་བཙན་ལྔ་ཡིས། །

བོད་ཀྱི་རྒྱལ་ཁབ་འཛིན་སྐྱོང་སྤེལ་ལ་བརྩོན། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།