གངས་ལྗོངས་ཆོས་ལྡན་རྒྱལ་རབས།

གསུམ་པ། གངས་ལྗོངས་ཆོས་ལྡན་རྒྱལ་རབས།

སྤྱི་ལོ་ ༦༢༩ ནས་སྤྱི་ལོ་ ༨༤༡ བར་ལོ་ ༢༡༣།

       ༢༤༽ དྲི་བ། སྤུར་རྒྱལ་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལོ་རྒྱུས་དང༌། མཛད་རྗེས་རགས་བསྡུས་ཇི་ལྟར་ཡིན་ནམ།

        ལན། བོད་རྒྱལ་སྲོང་བཙན་སྒམ་པོ་ནི་མེ་གླང་སྤྱི་ལོ་ ༦༡༧ ལོར་དབུ་རུ་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་ཡབ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ས་གླང་ལོ་སྟེ་ཕྱི་ལོ་ ༦༢༩ ལོར་དགུང་ལོ་ ༡༣ བཞེས་སྐབས་ཡབ་རྒྱལ་པོ་དགོངས་པ་རྫོགས་རྗེས་སྲོང་བཙན་སྒམ་པོ་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ་ཞིང༌། སྲོང་བཙན་སྒམ་པོ་མགར་སྟོང་བཙན་ཡུལ་བཟུངས་སོགས་ཕྱི་ནང་བར་གསུམ་གྱི་བློན་པོ་རྣམས་བསྐོ་བཞག་མཛད་དེ་མཛངས་བློན་རྣམས་རང་གི་གྲོགས་སུ་བཀུག་ནས་ཐབས་བྱུས་བཏོན་ཏེ་ཡབ་ལ་དུག་འདྲེན་མཁན་རྣམས་ཚར་བཅད་ཅིང༌། ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང༌། མྱང་པོ་རྗེ་ཞང་སྣམ་མངགས་ཏེ་སུམ་པའི་ཡུལ་ལ་དམག་འདྲེན་མི་དགོས་པར་འབངས་སུ་བཀུག་པ་ཡིན།

        དེ་རྗེས་བཙན་པོ་རང་ཉིད་ཀྱི་དམག་དཔུང་བྱང་རྒྱུད་དུ་དྲངས་ནས་རྒྱ་དང་འ་ཞ་ལ་དཔུང་འཇུག་གིས་དཔྱ་ཁྲལ་འཇལ་དུ་བཅུག་པས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་གྱིས་ཀྱང་བོད་ཀྱི་ཟིལ་མ་བཟོད་པར་གོང་དུ་བཀུར། རིང་མིན་ཞང་ཞུང་དང་གཉེན་མཛད་པའི་ཐབས་ལ་བརྟེན་ནས་ཞང་ཞུང་ཡོངས་རྫོགས་ཀྱང་དབང་དུ་བསྡུས། གཞན་ཡང་འབར་མ་སྟོད་ཕྱོགས་རྣམས་དང༌། བལ་ཡུལ་ཡང་བོད་ཀྱི་མངའ་འོག་ཏུ་བཅུག དེ་རྗེས་ཆོས་རྒྱལ་སྲོང་བཙན་གྱིས་རང་གི་བློན་པོ་རྒྱ་ནག་ཏུ་མངགས་ནས་རི་བོ་རྩེ་ལྔར་བོད་ཀྱི་ལྷ་ཁང་ཞིག་བཞེངས་རྒྱུ་ཡིན་ཚུལ་གསུངས་པས་རྒྱ་རྒྱལ་ནས་ཀྱང་ཁས་ལེན་ཏེ་ལྷ་ཁང་ཞིག་བཞེངས་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་སོགས་ས་ཁུལ་མཐའ་དག་ཞོད་འཇགས་སུ་བཏང་ཞིང་མངའ་ཐང་སྟོབས་འབྱོར་ལྡན་པའི་བོད་གཅིག་གྱུར་གྱི་རྒྱལ་ཁབ་དངོས་སུ་བཙུགས་ནས་བཙན་པོའི་རྒྱལ་རབས་ཐོག་མར་དབུ་བརྙེས།

        ཡི་གེ་ཡོད་མེད་ཀྱིས་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་འཕེལ་གྲིབ་ཇི་གྱུར་གྱི་གནས་ལ་གཟིགས་ཏེ་ཐོན་མི་རྒྱ་གར་དུ་སློབ་གཉེར་དུ་གཏོང་གནང་གིས་མེ་རྟ་སྤྱི་ལོ་ ༦༤༦ ལོར་བོད་ཀྱི་སྤྱི་མཐུན་གྱི་ཡི་གེ་གསར་གཏོད་དང་སྔར་ཡོད་རིག་གཞུང་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང༌། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཏེ་མི་རིགས་ཀྱི་རྣམ་པ་ལྡན་པའི་ཁྲིམས་ལུགས་ཐོག་མར་བཙུགས། ནང་པ་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་ནས་གཙུག་ལག་ཁང་བཞེངས་པ་སོགས་ཆོས་ཀྱི་སྲོལ་བཟང་བཏོད་པས་ཆོས་རྒྱལ་གྱི་ཐོག་མར་གྱུར། དམག་དོན་དང་སྲིད་འཛིན་ཟུང་འབྲེལ་གྱི་གཅིག་གྱུར་ལམ་ལུགས་ཆ་ཚང་ཞིང་གོ་རྀམ་ལྡན་པ་བཙུགས། བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་ནས་དཔལ་འབྱོར་རིག་གནས་སྤེལ་རེས་མཛད་ཅིང༌། རྒྱལ་བལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་འབྲེལ་བ་བཙུགས་ཏེ་གཞན་གྱི་རིག་གནས་སློབ་སྦྱོང་དང་ནང་འདྲེན་བྱས་ཤིང༌། བོད་གཅིག་གྱུར་དང་བདེ་བར་སྐྱོང་སླད་ཆུ་སྦྲུལ་ལོ་སྟེ་ཕྱི་ལོ་ ༦༣༣ ལོར་རྒྱལ་ས་ཡར་ལུང་ནས་ལྷ་སར་སྤོས་ཤིང་ཕོ་བྲང་བཏབ་སྟེ་རྒྱལ་བློན་དཔུང་བཅས་དེར་བཞུགས་ནས་བོད་ཡོངས་ལ་མངའ་དབང་བསྒྱུར་བའི་མདུན་ས་ཆེན་པོར་གྱུར།

        རིམ་བཞིན་བཙན་པོས་ཆབ་འབངས་རྣམས་ཞིབ་གཤེར་བདེ་འཇགས་སུ་བཀོད་པ་དང༌། རུས་ཚོ་ཀུན་ལ་ཉེ་རིང་མེད་པར་བསྐྱངས་ནས་བཟང་པོ་ལ་བྱ་དགའ་སྟེར་ཞིང༌། ངན་པ་ལ་ཆད་པ་གཅོད་པ། མཐོ་བ་རྣམས་ཁྲིམས་ཀྱིས་གནོན་ཅིང༌། དམའ་བ་རྣམས་ཐབས་ཀྱིས་སྐྱོང་བ་སོགས་བྱེད་ཐབས་ཞི་དྲག་གང་འཚམ་ཡང་དག་ལག་ལེན་མཛད་པ་སོགས་མཛད་རྗེས་རྨད་དུ་བྱུང༌། བཙན་པོ་འཕན་ཡུལ་ཟལ་མོ་སྒང་འོད་ཟེར་དམ་པའི་ཕོ་བྲང་དུ་བཞུགས་སྐབས་དང་ཐོག་མགུར་ཆམ་ཕོག་པ་ལས་སྙུན་ལོག་ཐེབས་མཐར་ཚད་པར་གྱུར་བས་རྒྱལ་སྲིད་ལོ་སོ་བཞི་བསྐྱངས་མཐར་བོད་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་ ༦༥༠ ལོར་སྐུ་གཤེགས། ༼དགུང་ལོ་ ༨༢ བཞུགས་པར་གྲགས་པས་དེས་ན་གཤེགས་ལོ་ ༦༩༩ ལོ་ཡིན་དགོས་སམ་སྙམ།༽ དེ་ནས་བློན་ཆེན་མགར་སྟོང་བཙན་ཡུལ་བཟུངས་སོགས་ཀྱིས་ཐུགས་འགན་བཞེས་ཏེ་བཙན་པོའི་སྐུ་པུར་ལ་ཙན་དན་གྱི་ལྡེ་གུས་བྱུགས་ཤིང༌། དར་ཟབ་ཀྱི་ན་བཟས་ཀླུབས་པ་སྟག་པགས་ཀྱི་སྟེང་དུ་བཞག་ནས་ཤིང་རྟ་ལ་གདན་དྲངས། ཡར་ལུང་འཕྱོང་པོའི་ནང་དུ་བང་སོ་ལྷ་ཁང་ལྔ་ཡོད་པ་ཞིག་བཞེངས་པའི་རེའུ་མིག་དབུས་མའི་ནང་དུ་བཞུགས་པར་གྲགས་སོ།། 

    ༢༥༽ དྲི་བ། སྲོང་བཙན་སྒམ་པོ་ཞེས་མཚན་ཐོགས་ཚུལ་དང༌། མཛད་རྗེས། བོད་ཀྱི་རྒྱལ་ས་ཡར་ཀླུང་ནས་ལྷ་སར་སྤོ་ཚུལ་བཅས་ཇི་ལྟར་ཡིན་ནམ།

       ལན། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། བོད་ཀྱི་བཙན་པོ་རིམ་བྱོན་ནང་ནས་ཕུལ་བྱུང་ཆབ་སྲིད་དང༌། དམག་དོན། ཁྲིམས་ལུགས། ཕྱི་འབྲེལ་སོགས་མཁས་ཅན་ཞིག་ཡིན་ཞིང༌། མཚན་ཡང་སྲིད་དབང་བཟུང་རྗེས་བློན་པོ་རྣམས་ཀྱིས་བཏགས་པ་སྟེ། དེ་ཡང་རྒྱུད་དྲང་ཞིང་སྲོང་བ། ཁྲིམས་ལ་ཉེ་རིང་མེད་པའི་བཀའ་བཙན་པ། མི་སུས་ཀྱང་ཁོང་གི་རྒྱུད་ཚོད་ལོན་མི་ཐུབ་པའི་སྒམ་པ་བཅས་ཁྱད་ཆོས་གསུམ་གྱི་སྒོ་ནས་སྲོང་བཙན་སྒམ་པོ་ཞེས་མཚན་དེ་ལྟར་བཏགས་པ་ཡིན།

        ཆོས་རྒྱལ་འདི་པའི་མཛད་རྗེས་མཐའ་དག་འདིར་བརྗོད་པར་མི་ནུས་ཀྱང་གཙོ་ཆེ་དཔེ་མཚོན་ཙམ་དྲངས་ན་འདི་ལྟ་སྟེ། ༡ དགུང་ལོ་ཆུང་ངུར་རྒྱལ་སྲིད་བཞེས་ཤིང༌། མཐའ་བཞིའི་རྒྱལ་ཕྲན་རྣམས་མངའ་འོག་ཏུ་བསྡུས་པའི་འགོ་བཙུགས་ཤིང་ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང་སྟེ། བོད་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་དང༌། ༢ འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་པའི་བོད་ཡིག་གསར་གཏོད་མཛད་དེ་རྒྱ་དཀར་ནག་དང་ཁ་ཆེ་བལ་ཡུལ་སོགས་ནས་ལོ་པཎ་མཁས་གྲུབ་གདན་དྲངས་ནས་ནང་བསྟན་དང༌། བཟོ་གསོ་སྒྲ་གསུམ་དང༌། སྐར་རྩིས་སོགས་ཀྱི་གཞུང་ལུགས་མང་དུ་བསྒྱུར་བར་མཛད་པ་ཡིན།

        ༣ ཁྲིམས་སྲོལ་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས། ༤ སྲིད་འཛིན་ས་ཁུལ་གསལ་པོར་དབྱེ་བའི་ཁར། སྲིད་དང་དམག་གི་སྒྲིག་གཞི་དང༌། དཔོན་རིགས་ཁག་གི་འགན་དབང་གཏན་ལ་ཕབ། ༥ ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་ལག་བསྟར་མཛད། ༦ ཁྱིམ་མཚེས་རྒྱལ་ཁབ་ལ་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མི་རིགས་རང་ཉིད་ཀྱི་དཔལ་འབྱོར་རིག་གནས་ཆོས་ལུགས་བཅས་གོང་དུ་སྤེལ་སྤེལ་བ་སོགས་སྲོང་བཙན་སྒམ་པོའི་རླབས་ཆེན་གྱི་མཛད་རྗེས་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང༌། ༧ བོད་ཆུ་སྦྲུལ་ཕྱི་ལོ་ ༦༣༣ ལོར་རྒྱལ་ས་ལྷ་སར་སྤོས་ནས་གཙུག་ལག་སོགས་དགོན་གནས་མང་པོ་གསར་དུ་བཞེངས་པ་སོགས་འཛུགས་བསྐྲུན་རྒྱ་ཆེར་མཛད་དོ།།

        དེ་ཡང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་བཞེས་རྗེས་རང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་བློན་པོ་རྣམས་ལ་གཟིགས་སྐྱོང་ཆེན་པོ་གནང་ཞིང༌། རང་གི་སྟོབས་ཤུགས་ཆེས་ཆེར་སྤེལ་ཏེ་སྔར་བློན་འབངས་ངོ་ལོག་པ་རྣམས་ཀྱིས་ཟིང་འཁྲུག་བསླངས་པ་ཞོད་འཇགས་སུ་བཏང་ཡང༌། དེ་དག་གི་སྟོབས་ཤུགས་ལྷག་ལུས་ཀྱིས་རྩ་མེད་དུ་སོང་མེད་པས། སྲོང་བཙན་སྒམ་པོས་ཀྱང་འབྱུང་འགྱུར་རང་ཉིད་དང་རྒྱལ་སྲིད་ལ་གནོད་དོགས་དང༌། དམག་དོན་གྱི་ཆ་ནས་ལྷ་ས་ནི་འཐབ་བྱུས་ཐད་ལ་གནས་བབ་ཧ་ཅང་ལེགས་ཤིང༌། དུས་དེར་བྱང་ཕྱོགས་ནི་བོད་ཀྱི་དམག་ཤུགས་ཀྱི་རྟེན་གཞི་གཙོ་བོ་ཞིག་ཏུ་ངེས་པ་དང༌། ཡབ་མེས་ཀྱི་རིང་ལ་བོད་ཁམས་གཅིག་གྱུར་གྱི་སྲི་ཞུའི་ནུས་པ་འདོན་མཁན་གཙོ་བོ་ཡང་བྱང་ཕྱོགས་ཀྱི་ཟིང་པོ་རྗེའི་བློན་པོ་སྤུར་རྒྱལ་ལ་མགོ་བཏགས་པ་དག་ཡིན་པས་བྱང་ཕྱོགས་ཀྱི་དམག་ཤུགས་དམ་འཛིན་བྱེད་པ་དང༌། བློན་པོ་རྙིང་པའི་གནོད་འཚེའི་འཆིང་རྒྱ་ལས་ཐར་ཆེད་དང༌། ཡང་ལྷ་སའི་མཐའ་བཞིའི་རི་བོ་རྣམས་མཐོ་ལ་བཙན་པ་དང༌། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། བར་ན་བཀྲ་ཤིས་རྟགས་བརྒྱད། ནགས་ཚལ་གྱིས་མཛེས་པར་བརྒྱན་པ། ཀླུང་གཤོང་ས་རྒྱ་ཆེ་ལ་རྩ་ཆུ་བཟང་བ། མེ་ཏོག་རྣམ་པར་བཞད་པ། དེའི་དབུས་སུ་དམར་པོ་རི་དང༌། ལྕགས་པོ་རི། བོང་བ་རི་སོགས་མཆིས་པ་གནས་ཁྱད་པར་ཅན་དུ་དགོངས་པ་བཅས་ཀྱིས་ཆུ་སྦྲུལ་སྤྱི་ལོ་ ༦༣༣ ལོར་རྒྱལ་ས་ཡར་ལུང་འཆིང་བ་སྟག་རྩེ་ནས་ལྷ་སར་སྤོས་པ་ལགས་སོ།།

       ༢༦༽ དྲི་བ། སྲོང་བཙན་སྒམ་པོས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཚུལ་དང་དེས་ཕན་འབྲས་གང་བྱུང་དང༌། གཙུག་ལག་ཁང་བཞེངས་ཚུལ་ཇི་ལྟར་ཡིན།

       ལན། ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ། ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་ས་ཕག་སྤྱི་ལོ་ ༦༣༩ ལོར་བཙུན་མོར་བཞེས་པའི་རྫོངས་ལ། སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ལོན་པའི་སྐུ་འདྲ་སྟེ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ། བཻཌཱུརའི་ལྷུང་བཟེད། རང་བྱོན་ཙནྡན་གྱི་སྒྲོལ་མ་སོགས་སྐུ་གསུང་ཐུགས་རྟེན་རྫོངས་སྐལ་དུ་གནང་བ་སྤྱན་དྲངས་ཏེ་བཞུགས་གནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། དེ་བཞིན་ནང་རིག་གིས་མཚོན་རིག་གནས་དང༌། རྡོ་ཤིང་གི་རྐོས་མའི་ལག་རྩལ་སོགས་དར་ཁྱབ་བྱུང་ཡོད།

        རྒྱ་རྗེ་ཐང་ཐའི་ཙུང་གི་སྲས་མོ། སྒྲོལ་མའི་རྣམ་སྤྲུལ་ཝུན་ཤིང་ཀོང་ཇོ་ལྕགས་གླང་སྤྱི་ལོ་ ༦༤༡ ལོར་བཙུན་མོར་བསུས་པས་རྟེན་སྐལ་དུ་ཕན་བདེའི་འབྱུང་གནས་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་དང༌། གསེར་གཡུ་བརྩེགས་པའི་ཡིག་ཚང་ཆེན་མོ། གཙུག་ལག་གི་ཡི་གེ་སུམ་བརྒྱ་དྲུག་ཅུ། རྒྱ་ཡི་གབ་རྩེ། བཟོ་ཡི་རིག་བྱེད། བརྟག་ཐབས་བརྒྱད། དཔྱད་ལྔ་སྦྱོར་དྲུག སྦྱོར་བ་སྡེ་བཞི་སོགས་གཙུག་ལག་སྤོར་ཐང་གི་རྩིས་དང་སྨན་དཔྱད་རིན་པོ་ཆེའི་དངོས་པོ་ཟད་མི་ཤེས་པ་ལ་སོགས་པའི་རྫོངས་སྐྱེས་དང་བཅས་བཙུན་མོའི་ཁྲི་ལ་མངའ་གསོལ། ཇོ་བོའི་བཞུགས་གནས་སུ་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་བཞེངས། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ལ་སོགས་རྟེན་ཐམས་ཅད་བཞེངས། ལྷ་ལྡན་གཙུག་ལག་ཁང་མ་བཞེངས་པའི་སྔོན་དུ། བོད་ཀྱི་ས་ཆ་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བ་གནོན་པའི་ཆེད་དུ། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས་ཏེ་རྒྱལ་བསྟན་རིག་གནས་དང་བཅས་པར་ཕན་རླབས་ཆེན་པོ་བྱུང་ངོ༌།།

        ༵༵དེབ་ཐེར་ཀུན་གསལ་མེ་ལོང་ཀཀ ལས། བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་ཀོང་ཇོ་གཉིས་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་སྤྱན་དྲངས་རྗེས་རྒྱལ་པོའི་ཕོ་བྲང་དང་གཙུག་ལག་ཁང་དུ་མ་བཞེངས། སངས་རྒྱས་ཀྱི་བསྟན་པ་གོང་དུ་སྤེལ། རྒྱལ་ཁབ་གཉིས་ཀྱི་སྔོན་ཐོན་གྱི་ལག་རྩལ་རྣམས་བོད་དུ་སྤེལ་བས་ཁ་བ་ཅན་གྱི་དཔལ་འབྱོར་དང༌། རིག་གནས། རིག་རྩལ་སོགས་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་བཞིན་གོང་དུ་འཕེལ་ཞེས་གསུངས་པ་ལྟར་དང༌། སྲོང་བཙན་སྒམ་པོས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ནི། སྟོད་ལུང་མོང་བཟའ་ཁྲི་ལྕམ་དང༌། ཞང་ཞུང་གི་རྒྱལ་པོ་ལི་མིག་སྐྱའི་སྲས་མོ་ལི་ཐིག་སྨན། མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་གསུམ་བོད་མིའི་རིགས་ཅན་དུ་གྱུར་པས་བཙུན་མོ་ཁབ་ཏུ་བསུས་པས་ཇོ་མོ་བོད་མོ་ཞེས་གྲགས་ཤིང༌། བལ་ཡུལ་གྱི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་དང༌། རྒྱ་ནག་གི་རྒྱལ་པོ་ཐང་ཐའི་ཙུང་གི་ཚ་མོ་རྒྱ་བཟའ་ཀོང་ཇོ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས། རྒྱ་བལ་གྱི་བཙུན་མོ་དང་མོང་བཟའ་གསུམ་ལ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་མམ་མཆོག་གྱུར་གྱི་བཙུན་མོ་གསུམ་ཞེས་གྲགས་སོ།།

        ཞང་ཞུང་བཟས་ཐིམ་བུ་ལྐོག་གི་ལྷ་ཁང་དང༌། མི་ཉག་རུ་ཡོང་བཟས་བྲག་ལྷ་ཀླུ་སྒུག་གི་ལྷ་ཁང༌། མོང་བཟའ་ཁྲི་ལྕམ་གྱིས་བྲག་ཡེར་པར་གཙུག་ལག་ཁང་བཅས་བཞེངས། རྒྱ་བལ་ཞང་གསུམ་ལ་གཉེན་མཛད་ཀྱང་སྲས་མི་མངའ་ཞིང་བོད་ཀྱི་མོང་བཟའ་ཁྲི་ལྕམ་ལ་རིགས་སྲས་གུང་རི་གུང་བཙན་འཁྲུངས། དེ་ལྟར་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་ཟམ་བཙུགས་ནས་ཆབ་དཔལ་རིག་གསུམ་དང་ཆོས་ལུགས་བཅས་གོང་དུ་སྤེལ་ཐབས་སུ་རྒྱ་བལ་ནས་བཙུན་མོ་རྣམ་གཉིས་ཁབ་ཏུ་བསུས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་ཞི་བདེ་མཐུན་སྒྲིལ་གྱི་འབྲེལ་བ་བཙུགས་ཏེ་སྔོན་ཐོན་གྱི་ཉམས་མྱོངས་དང༌། རིན་བྲལ་གྱི་སྐུ་གསུང་ཐུག་རྟེན་སོགས་རིག་དངོས་རྣམས་བོད་དུ་གདན་དྲངས། གཉིས་ནས་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། ཆོས་ལུགས། རིག་གནས་བཅས་གང་ཐད་ནས་སྔར་ལྷག་གོང་འཕེལ་ཡོང་བར་ཕན་རླབས་དང་སྐུལ་མ་ཆེན་པོ་ཐེབས་ཡོད་དོ།།

       ༢༧༽ དྲི་བ། ཆོས་རྒྱལ་སྲོང་བཙན་གྱིས་བོད་ཁམས་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཏེ་ཁྲིམས་སྲོལ་གསར་པ་གཏན་ལ་ཕབ་ཚུལ་ཇི་ལྟར་ཡིན་ནམ།

       ལན། སྔོན་ད་ལྟའི་བོད་ཆེན་པོའི་ཡུལ་གྲུ་འདིར་སུམ་པ་དང༌། ཞང་ཞུང༌། འ་ཞ་སོགས་རྒྱལ་ཕྲན་རྣམས་བོད་རྗེ་སྲོང་བཙན་སྒམ་པོས་མངའ་འོག་ཏུ་བསྡུས་ཏེ་བོད་ཆེན་པོའི་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཤིང༌། དེ་ཡང་སྲིད་དབང་སྲ་བརྟན་དང༌། མཐའ་མཚམས་ཞི་བདེ་ལྷིང་འཇགས་སུ་གནས་པ༑ ཕྱི་ནང་གི་དགྲ་བོའི་གནོད་འཚེ་བཟློག་ཕྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྲིད་དབང་གསར་པ་བཙུགས་མ་ཐག་ཏུ་ཐོག་མར་ཁྲིམས་སྲོལ་གཏན་ལ་འབེབས་དགོས་པར་དགོངས་ནས། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་བཅས་ལུགས་གཉིས་ཀྱི་བཀའ་ཁྲིམས་ཆེན་པོ་གཏན་འབེབས་ཀྱིས་རྒྱལ་ཁམས་བདེ་བར་བསྐྱངས་སླད་རིམ་བཞིན་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་བཅས་ཀྱི་ཁྲིམས་སྲོལ་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་གཏན་འབེབས་མཛད་པའི་ཁྲིམས་སྲོལ་སྤྱིའི་མིང་ལ་ཁོད་སུམ་ཅུ་སོ་དྲུག་ཏུ་གྲགས་ཤིང༌། དེ་ཡང་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་དང༌། བཀའ་གྲོས་ཆེན་པོ་དྲུག ཡིག་ཚང་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་ཚན་དྲུག་བཅས་ཡིན་ནོ།།

       དང་པོ། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ནི། ༡ ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང༌། ༢ འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། ༣ རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། ༤ མདོ་ལོན་ཞུ་བཅད་ཀྱི་ཁྲིམས། ༥ དབང་ཆེན་བཅད་ཀྱི་ཁྲིམས། ༦ ཁབ་སོ་ནང་པའི་ཁྲིམས་བཅས་ཡིན།

        གཉིས་པ། བཀའ་གྲོས་ཆེན་པོ་དྲུག་ནི། བཙན་པོ་སྲོང་བཙན་སྒམ་པོས་བོད་ཀྱི་སྲིད་དབང་སྐྱོང་མཁན་རྒྱལ་བློན་བཀའ་གྲོས་ཐོག་ནས་ཐག་བཅད་པའི་ཁྲིམས་ཀྱི་རྩ་འཛིན་ཆེན་པོ་དྲུག་སྟེ། ༡ རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ་དང༌། ༢ རྒོད་ཀྱི་གཉའ་མནན་ཞིང་ཁེང་གི་རྒྱབ་བརྟེན། ༣ ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས། ༤ སོ་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱི་མི་བཅད། ༥ དགྲ་འདུལ་ཞིང་འབངས་བསྐྱངས། ༦ དགེ་བ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤང་པ་བཅས་སོ།།

        གསུམ་པ། ཡིག་ཚང་དྲུག་ནི། གོ་གནས་དང་བྱ་དགར་གནང་བའི་བྱང་བུ་ཡི་གེ་འཁོད་པ་སྟེ། ༡ གཡུ་ཡིག ༢ གསེར་ཡིག ༣ དངུལ་ཡིག ༤ ཕྲ་མེན་གྱི་ཡི་གེ ༥ ཟངས་ཀྱི་ཡི་གེ ༦ ལྕགས་ཀྱི་ཡི་གེ་བཅས་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་རེ་ཡོད་ཅིང༌། ཡི་གེ་དེ་དག་ནི་བློན་པོ་རབ་ལ་གསེར་གཡུ་གཉིས་དང༌། བློན་པོ་འབྲིང་བར་དངུལ་དང་ཕྲ་མེན་གཉིས། བློན་པོ་ཐ་མར་ཟངས་དང་ལྕགས་ཀྱི་ཡི་གེ་བཅས་སྤྲོད་སྲོལ་ཡོད་དོ།།

        བཞི་པ། བཀའི་ཕྱག་རྒྱ་དྲུག་ནི། རྒྱལ་པོའི་བཀའ་བཙན་པོས་ཡུལ་སྡེ་ཆེན་པོ་ལ་དབང་བསྒྱུར་བའི་རྟགས་མཚན་མཚོན་བྱེད་དྲུག་སྟེ། ༡ བཀའ་རྟགས་ཀྱི་ཕྱག་རྒྱ་སྒྲོམ་བུ་དང༌། ༢ ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན་དང་རུ་དར། ༣ ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར། ༤ ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང༌། ༥ དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་པགས་ཀྱི་སློག་པ། ༦ མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚང་བཅས་དྲུག་གོ།

        ལྔ་པ། རྐྱེན་དྲུག་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཁྲིམས་དང་ལུགས་སྲོལ་མང་པོ་གཏན་འབེབས་མཛད་པའི་ནང་གསེས་རྐྱེན་དྲུག་ནི་ཐོབ་ཐང་ཅེས་པའི་དོན་ཏེ། ༡ དཔའ་བོའི་རྐྱེན་དུ་གུང་དང་སྟག་གི་སློག་པ༑ ༢ སྡར་མའི་རྐྱེན་དུ་ཝའི་ཞྭ། ༣ ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། ༤ མཛངས་པའི་རྐྱེན་དུ་ཡིག་ཚང༌། ༥ གཡུང་པོའི་རྐྱེན་དུ་ཐགས་དང་བོན། ༦ ངན་པའི་རྐྱེན་དུ་རྐུན་མ་བཅས་གཏན་འཁེལ་མཛད་དོ།།

       དྲུག་པ། དཔའ་ཚན་དྲུག་ནི། ༡ དཔའ་བོ་རྣམས་ལ་མཚོན་རྟགས་སུ་སྟག་སྟོད་དང་སྟག་སྨད་གཉིས། ཟར་ཆེན་དང་ཟར་ཆུང་གཉིས། གོང་རས་དང་སྟག་སློག་གཉིས་བཅས་དྲུག་གོ།

       གཞན་ཡང༌། ༡ མི་སྲོག་མི་གཅོད་པ། ༢ གཞན་ནོར་མི་རྐུ་བ། ༣ རྫུན་མི་ཤོད་པ། ༤ ལོག་གཡེམ་མི་སྤྱོད་པ། ༥ ཆང་མི་འཐུང་བ་སྟེ་གཏན་ཁྲིམས་ལྔ་དང༌། ༦ ཁེང་མི་ལྡོག་པ། ༧ བང་སོ་མི་འདྲུ་བ་གཉིས་བཅས་ཁྲིམས་ཆེན་བདུན་ཡང་གཏན་འབེབས་མཛད་པའོ།།

       ༢༨༽ དྲི་བ། སྲོང་བཙན་སྒམ་པོའི་སྐུ་དུས་སུ་གསར་དུ་གཏན་འབེབས་མཛད་པའི་ཁྲིམས་ལུགས་ཁག་གི་ནང་དོན་རྣམས་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་གི་ནང་གསེས་དང་པོ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི། ཁྲི་གཅིག་གིས་འབུམ་གོ་ཆོད་པ་ལྟ་བུ་ཡིན་པས་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ཞེས་ཟེར། དེ་ནི་སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང༌། སྲིད་འཛིན་རིམ་པ་དང་དམག་དོན་གྱི་སྒྲིག་གཞི། དཔོན་རིགས་ཁག་གི་གོ་གནས་དང་ལས་འགན། དམག་དཔུང་དང་འབངས་མིའི་དབྱེ་མཚམས་དང་ཐོབ་ཐང༌། སྒེར་བཟུང་གི་སྡེ་མི་སེར་དང་ས་ཞིང་དབང་བའི་ཚད་གཞི་བཅས་གཏན་འབེབས་བྱས་པའི་ཁྲིམས་ཡིན་པ་༵༵དུང་དཀར་ཚིག་མཛོད་ཀཀ དུ་གསལ་ཞིང༌། དེ་ལ་༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ནང་གསལ་བའི་ཁྲིམས་དྲུག་དང༌། ༵༵ཏུན་ཧོང་ལོ་རྒྱུས་ཡིག་ཆ་ཀཀ ནས་ཁ་བསྐང་བ་གཅིག་བཅས་བདུན་ཡོད་པ་སྟེ།

        ༡ རུ་སྡེ་ཆེན་པོ་ལྔ་སྟེ་དམག་སྲིད་གཅིག་གྱུར་གྱི་སྲིད་འཛིན་ས་ཁུལ་ཆེན་པོ་ལྔར་ཕྱེ་བ། ༢ ཡུལ་གྱི་དབང་རིས་ཞེས་རྒྱལ་བློན་རུས་རྒྱུད་ཚོ་བ་ཁག་ཅིག་གིས་སྒེར་བཟུང་བྱས་པའི་ས་ཁུལ་རྣམ་པ་བཅོ་བརྒྱད་དུ་ཕྱེ་བ། ༣ རྒོད་ཀྱི་སྟོང་སྡེ་ཞེས་དམག་དཔུང་གི་སྡེ་ཚན་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། ༤ བློན་པོ་ཆེ་དགུ་ཞེས་སྲིད་འཛིན་སྤྱི་ཁྱབ་རིམ་པའི་བློན་ཆེན་དགུར་ཕྱེ་བ༑ ༥ དཔོན་བདུན་སོགས་སྲིད་འཛིན་རིམ་པ་དམའ་བའི་ཁག་བཅུ་གཉིས་སུ་དབྱེ་བ། ༦ གཡུང་གི་མི་སྡེ་ཞེས་འབངས་མིའི་ཁོངས་གཏོགས་རྗེ་བྲན་རིམ་པ་ལྔར་ཕྱེ་བ་དང༌། ༧ ས་ཞིང་དབང་བའི་ལམ་ལུགས་རིམ་པ་ལྔར་ཕྱེ་བ་ནི་མཁས་པའི་དགའ་སྟོན་དུ་མི་གསལ་ལོ།།

        ༢  འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ནི་ཞིང་འབྲོག་ས་གནས་ཁག་གི་ཚོང་ལས་གོང་འཕེལ་དང་དེར་སྟབས་བདེ་ཡོང་ཆེད་བྲེ་སྲང་ཞོ་ཆ་སོགས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བྱེད་པ་སྟེ། ནང་དོན་ནི། ༵༵དུང་དཀར་ཚིག་མཛོད་ཀཀ ལས། འབྲུ་རིགས་སོགས་ཤོང་ཚད་ཀྱིས་འཇལ་དགོས་པའི་རིགས་ལ། ཁྱོར་བ་དང༌། ཕུལ། བྲེ། ཁལ་བཅས་དང༌། གསེར་དངུལ་ཤ་མར་ཚྭ་སོགས་ལྗིད་ཚད་ལ་བརྟེན་ནས་འདེགས་དགོས་པའི་རིགས་ལ། སྲང༌། ཞོ། ནམ། སེ་བ་བཅས་ཀྱི་སྒོ་ནས་ཚད་རྩི་བ་ལ་ཟེར་ཞེས་གསུངས་སོ།།

        ༣ རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ནི་ཡུལ་ལུང་སྤྱིའི་གོམས་སྲོལ་བཟང་པོ་ལ་དཔེར་བླངས་པའི་ཁྲིམས་སྟེ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སོགས་བོད་འབངས་སྤྱིས་བསྔགས་བརྗོད་བྱ་མུས་ཀྱི་ཡུལ་སྲོལ་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིམས། དེ་ཡང་བྱེད་དགོས་པ་གསུམ་དང༌། བྱེད་མི་ཆོག་པ་གསུམ། བསྟོད་བསྔགས་བྱེད་དགོས་པ་གསུམ། སྨ་འབེབས་བྱེད་དགོས་པ་གསུམ། མནར་གཅོད་བྱེད་མི་རུང་བ་གསུམ་བཅས་རྒྱལ་ཁྲིམས་བཅོ་ལྔ་ཡོད་པ་སྟེ།

        ༡ ཕྱི་ཡི་དགྲ་བོ་འགོག་ཅིང་རང་གི་ཡུལ་ཁམས་བདེ་བར་སྐྱོང་བ། ༢ ཁྱིམ་གྱི་དཔལ་འབྱོར་གོང་འཕེལ་དང་འབངས་དང་འཁོར་གཡོག་ཉེ་རིང་མེད་པར་སྐྱོང་བ། ༣ ཚེ་ཕྱི་མ་ལ་ཕན་པའི་ཆེད་དུ་དམ་པའི་ཆོས་བྱ་བ་སྟེ་འདི་གསུམ་ལ་མཛད་པ་གསུམ་ཞེས་ཟེར། ༤ གསང་སྔགས་ཀྱི་ཆོས་ནོར་གྱི་ཆེད་དུ་མི་བཙོང་སྙིང་གི་དཀྱིལ་དུ་བཅང་བ། ༥ ཆོས་ལ་དད་པ་མེད་པའི་མི་ལ་ཆོས་ཀྱི་ནང་དོན་མི་བཤད་པ། ༦ མི་ངན་རྣམས་ལ་དབང་དང་གོ་ས་མི་སྤྲོད་པ་བཅས་འདི་གསུམ་ལ་མི་མཛད་པ་གསུམ་ཞེས་ཟེར། ༧ དཔའ་བོ་བྱས་རྗེས་ཅན་ལ་སྟག་སྟོད་དང་སྟག་གདན་གྱི་བསྟོད་པ། ༨ མཁས་མཛངས་ཅན་གྱི་མི་ལ་ཡིག་ཚངས་ཀྱིས་བྱང་བུ་སྤྲད་ནས་བསྟོད་པ། ༩ བྱ་བ་བཟང་པོ་སྒྲུབ་མཁན་ལ་བྱ་དགའ་གསོལ་རས་ཀྱིས་བསྟོད་པ་བཅས་འདི་གསུམ་ལ་བསྟོད་པ་གསུམ་ཞེས་ཟེར། ༡༠ དམག་ས་ནས་བྲོས་པའི་སྡར་མ་ལ་ཝ་ཡིག་མཇུག་མའི་ཞྭ་བསྐོན་ནས་སྨད་པ། ༡༡ མི་ངན་གཡོ་སྒྱུ་ཅན་ལ་ཆད་པ་བཅད་ནས་སྨད་པ། ༡༢ ཉེས་ཅན་གྱི་མི་ལ་ཁྲིམས་དང་ཆད་པ་བཅས་ནས་སྨད་པ་བཅས་འདི་གསུམ་ལ་སྨད་པ་གསུམ་ཞེས་ཟེར། ༡༣ རང་ཉིད་ཀྱི་ལུས་བསྐྱེད་པའི་ཕ་མ་ལ་མནར་གཅོད་མི་གཏོང་བ། ༡༤ རང་ཉིད་ཀྱི་ཤ་ནས་ཆད་པའི་བུ་ལ་གནར་གཅོད་མི་གཏོང་བ། ༡༥ རང་ཉིད་ཀྱི་བཟའ་ཟླ་ལ་མནར་གཅོད་མི་གཏོང་བ་བཅས་འདི་གསུམ་ལ་མི་མནར་བ་གསུམ་ཞེས་ཟེར་རོ།།

        ༤ མདོ་ལོན་ཞུ་བཅད་ཀྱི་ཁྲིམས་སམ་མིང་གཞན་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་ཞེས་ཟེར་ཞིང༌། དེ་ཡང་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀྱི་བདེན་རྫུན་བརྟགས་ནས་བདེན་པ་ལ་རྒྱབ་སྐྱོར་དང་རྫུན་པ་ལ་ཉེས་ཆད་གཅོད་པ་དང༌། ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀའི་ཞུ་དོན་སྙིང་པོ་ལོན་པར་བྱས་ཏེ་གྱོད་གཞི་ཐག་གཅོད་བྱ་ཚུལ་གྱི་ཁྲིམས་ལ་བྱའོ།།

        ༥ དབང་ཆེན་བཅད་ཀྱི་ཁྲིམས་ནི་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་གྱི་གྱོད་ཡ་ཕྱོགས་གཉིས་ཀར་ཉེས་པ་ཡོད་ན་གཉིས་ཀར་ཉེས་པ་ཆེ་ཆུང་འདྲ་མཉམ་དུ་གཅོད་པ་དང༌། རིམ་གྲས་མི་འདྲ་བར་གཞིགས་ནས་ཐག་གཅོད་བྱ་ཚུལ་གྱི་སྤྱི་ཁྲིམས་ལ་ཟེར་རོ།།

        ༦ ཁབ་སོ་ནང་པའི་ཁྲིམས་ནི། ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ཀར་བདེན་པ་ཡོད་ན་ཕྱོགས་གཉིས་ཀས་ཁེ་གྱོང་འདྲ་མཉམ་དུ་ཁུར་རྒྱུར་ཐག་གཅོད་བྱས་པ་ལ་ཟེར་ཞིང༌། ཐག་གཅོད་དེ་ལྟར་བྱས་པ་དེས་ཕྱོགས་གཉིས་ཀའི་འདོད་པ་ཚིམ་ཐུབ་པ་མ་ཟད། ཐག་གཅོད་བྱེད་མཁན་གྱི་འདོད་པ་ཡང་ཚིམ་ཐུབ་པར་བརྟེན། དེ་ལ་གཉིས་བདེན་དགའ་གསུམ་ཞེས་ཟེར་ཞིང༌། དེ་ལྟར་ཞིབ་གསལ་གྱི་ཁྲིམས་སྲོལ་གཏན་ལ་ཕབ་པ་ཡིན་ནོ།།

        ༢༩༽ དྲི་བ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སྲིད་འཛིན་ལམ་ལུགས་ཀྱི་སྒྲིག་གཞི་ཞིབ་ཕྲ་གཏན་ལ་ཕབ་པ་རྣམས་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། ༵བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ་ཀཀ ལས། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ཡུལ་གྲུ་མཐའ་དག་གཅིག་གྱུར་མཛད་དེ་བོད་ཆེན་པོའི་རྒྱལ་ཁབ་འདི་བཙུགས། དེ་ནས་རིམ་གྱིས་ཕྱི་ནང་གི་རྐྱེན་མང་པོ་ལ་བརྟེན་ནས་སྲིད་འཛིན་ལམ་ལུགས་ཀྱི་སྒྲིག་གཏན་ལ་ཕབ་ཐུབ་པར་ངེས་ཤིང༌། དེ་ཡང༌། སྲིད་འཛིན་གྱི་ཐད་བོད་ཆེན་པོའི་རྒྱལ་ཁབ་ཏུ་གོ་གནས་ཆེས་མཐོ་ཤོས་ནི་བཙན་པོ་ཡིན་ཞེས་པ་ལྟར་དང༌། ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ དང༌། ༵༵དུང་དཀར་ཚིག་མཛོད་ཀཀ སོགས་ལས། བཙན་པོའི་འོག་ཏུ་དགུང་བློན་ཆེ་འབྲིང་ཆུང་གསུམ་དང༌། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོ་གལ་འཆོས་པ་ཆེ་འབྲིང་ཆུང་གསུམ་བཅས་བློན་ཆེན་དགུ་ཡོད་པར་བཤད་ཅིང༌། ད་དུང་དེ་ཉིད་དུ་དགུང་བློན་གྱི་ལས་ཐབས་ཁྱོ་ག་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད། ནང་བློན་གྱིས་བུད་མེད་མཛེས་མ་ལྟར་ནང་གི་ཚིས་བྱེད། བཀའ་ཡོ་གལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པས་གཅོད་ཅེས་པ་ལྟར་བྱེད་པ་ཡིན།

        ༵༵བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ་ཀཀ ལས། དགུང་བློན་གྱིས་ནི་གཙོ་བོ་སྲིད་གྲོས། བྱ་བ་ཐག་གཅོད་དམག་སྤྱིའི་འགན་འཁྲུ་བཅས་པས་གོ་རིམ་གསུམ་པའི་ནང་ནས་གོ་གནས་མཐོ་ཤོས་ཤིག་ཡིན་ཞིང་བཙན་པོ་ལའང་འབྲེལ་བ་ཆེས་ཟབ་པའི་གྲས་ཡིན། ནང་བློན་གྱིས་ནི་བཙན་པོའི་བཀའ་ལག་ལེན་བསྟར་བ་དང༌། ནོར་སྲིད། རྩིས་གྲངས། རྩོད་དོན་དང་བཙན་པོའི་ཕོ་བྲང་གི་འཚོ་བའི་འགྲོ་གྲོན་སོགས་གཉེར། གཙོ་བོ་སྲིད་འཛིན་གྱི་དབང་ཆ་དམ་འཛིན་བྱེད་ཀྱིན་ཡོད། བཀའ་ཡོ་གལ་འཆོས་པས་ནི་གྲོས་རྟོག ཞིབ་གཤེར་དང་ཁྲིམས་དང་ཁྲིམས་འཛིན་གྱི་ལས་གཉེར་གཙོ་བོ་ཞིབ་དཔྱོད་ཀྱི་དབང་ཆ་བཟུང་ཡོད་ཅེས་པ་ལྟར་རོ།།

        ཁོས་དཔོན་ནི། སྤྱི་ཁྱབ་རིམ་པའི་སྲིད་འཛིན་གྱི་དཔོན་རིགས་ཤིག་སྟེ༑ རུ་ཆེན་ལྔ་པོ་སོ་སོར་ཁོས་དཔོན་རེ་རེ་ཡོད་པ་ནི། བོད་ཀྱི་དབུ་རུའི་ཁོས་དཔོན་མགར་སྟོང་བཙན་ཡུལ་བཟུང༌། ཞང་ཞུང་གི་ཁོས་དཔོན་ཁྱུང་པོ་སྤུངས་སད་ཟུ་རྩེ། སུམ་པའི་ཁོས་དཔོན་ཧོར་བྱ་ཞུ་རིང་པོ། ཆིབས་ཀྱི་ཁོས་དཔོན་དབས་བཙན་བཟང་དཔལ་ལེགས། མཐོང་ཁྱབ་ཀྱི་ཁོས་དཔོན་ཅོག་རོ་རྒྱལ་མཚན་གཡང་ཀོང་བཅས་ཡིན་པར་༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ནང་གསལ་ཞིང༌། ༵༵དུང་དཀར་ཚིག་མཛོད་ཀཀ ལས། དམག་དཔོན་ཕུད་ད་དུང་མངན་དཔོན་དང༌། ཁྲུ་དཔོན། ཞིང་དཔོན། རྩིས་དཔོན། ཆིབས་དཔོན། ཁྲལ་དཔོན། གཟིམ་དཔོན། དྲང་དཔོན། ཁྲིམས་དཔོན་བཅས་ཀྱི་གོ་གནས་ཀྱང་གཏན་ལ་ཕབ་ཡོད་ཚུལ་འཁོད་ཅིང༌། གཞན་བཙན་པོ་འདི་ཉིད་ཀྱི་སྐུ་རིང་ལ་དཔོན་རིགས་ཀྱི་མཐོ་དམའ་མཚོན་བྱེད་རིམ་པ་ལྟར་རབ་གསེར་དང༌། གཡུ། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་དང་ལྕགས་བཅས་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་ཡོད་པར་བཤད་དེ། དེ་ཡང༌། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་བ་དང༌། དགུང་བློན་འབྲིང་དང་ནང་བློན་ལ་གཡུ་ཡིག་ཆུང་ངུ༌། དགུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌༑ བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་བ་སོགས་གོ་རིམ་ལྡན་པའི་གཏན་འབེབས་ཀྱང་མཛད་ཡོད་དོ།། 

       ༣༠༽ དྲི་བ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམག་དཔུང་གི་སྒྲིག་འཛུགས་ཞིབ་ཕྲ་གཏན་ལ་ཕབ་པ་རྣམས་ཚུལ་ཇི་ལྟར་ཡིན་ནམ།

       ལན། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་གཅིག་གྱུར་གྱི་རྒྱལ་ཁབ་ཆེན་པོ་བཙུགས་རྗེས་དམག་དཔུང་གི་སྒྲིག་འཛུགས་ཞིབ་ཕྲ་གཏན་ལ་ཕབ་སྟེ། ༵༵དུང་དཀར་ཚིག་མཛོད་ཀཀ ལས། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་གི་ནང་ནས་དང་པོ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དེ་ལ་ནང་གསེས་ཁོས་དྲུག་ཟེར་བ་ནི། ༡ བོད་ཡུལ་སྤྱི་ལ་རུ་ཆེན་ལྔར་ཕྱེ་བ་དང༌། ༢ ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་ཕྱེ་བ། ༣ རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། ༤ གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་དུ་ཕྱེ་བ། ༥ ཞང་གསུམ་བློན་དང་བཅས་པས་དབུས་ཀྱི་མདུན་ས་འཛིན་པ། ༦ དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་བཅས་དྲུག་ལ་ཟེར་བ་ཡིན།

       དང་པོ། ཐོག་མར་དབུས་གཙང་དང༌། མངའ་རིས། མདོ་སྟོད། མདོ་སྨད་བཅས་བོད་ཀྱི་མངའ་ཁོངས་རྣམས་སྤྱི་ཁྱབ་སྲིད་འཛིན་ས་ཁུལ་རུ་ཆེན་ལྔར་ཕྱེ་ཞིང་དེ་ནི་དམག་དོན་དང་སྲིད་འཛིན་དོ་དམ་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ཞིང༌། དམག་དོན་གྱི་དབང་དུ་བྱས་ན་དབུས་རུ་དང༌། གཡོ་རུ༑ གཡས་རུ། རུ་ལག སུམ་པའི་རུ་བཅས་རུ་ཆེན་ལྔ་རུ་ཕྱེ་བ་དམག་དཔུང་གི་རུ་ཁག་རེ་རེ་ཡིན། རུ་ཆེན་ལྔ་པོ་དེ་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་སྤྱི་ཁྱབ་ས་ཁུལ་ཆེན་པོ་ལྔ་སྟེ། ༵༵དུང་དཀར་ཚིག་མཛོད་ཀཀ  ལས། དེ་རྣམས་ལ་དབང་བསྒྱུར་བྱེད་པའི་དཔོན་རིགས་ཀྱི་གོ་གནས་ནི་བློན་ཆེན་ཡིན། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང༌། རུ་དཔོན། སྡེ་དཔོན། སྟོང་དཔོན། སྟོང་བུ་ཆུང་གི་རྗེ། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་རིམ་པ་ཤིན་ཏུ་མང་བ་བསྐོ་གཞག་གིས་འགན་དབང་གཏན་ལ་ཕབ་ཚུལ་འཁོད་པ་ལྟར་རོ།།

       གཉིས་པ། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ནི། བཙན་པོའི་མངའ་འོག་བློན་པོ་དང༌། རུས་རྒྱུད་མི་འདྲ་བའི་དཔོན་རིགས་རྙིང་པ་ས་ཞིང་སོགས་སྒེར་ལ་དབང་ཆོག་པར་བྱས་པ་ཞིག་ཡིན། དེ་དག་ནི། ༡ དབུ་རུ་ཤོད་ཆེན། ༢ ཕོ་བྲང་སྣེ་ཆེན། ༣ ཡར་ལུང༌། ༤ འཆིང་ང༌། ༥ བྱ་འུག ༦ བྲད་དང་ཞོང་པ། ༧ བྲག་རུམ་དང་གླེ་ཕྱེ། ༨ གཙང་སྟོད་སྨད། ༩ ཀླུང་ཤོད་ནམ་པོ། ༡༠ འཕན་ཡུལ། ༡༡ ཉང་རོ་གྲམ་པ། ༡༢ ཤངས་དང་གླེ་ཕྱེ། ༡༣ ཡུང་བ་ཆེ་ཆུང༌། ༡༤ ཞ་ག་སྡེ་གསུམ། ༡༥ ནམ་ར༑ ༡༦ ཆོག་གོང༌། ༡༧ འདམ་ཤོད་དཀར་མོ། ༡༨ མདོ་ཁམས་བཅས་ལས་དབུ་རུ་དང་ལྷོ་ཁའི་ཕོ་བྲང་ཉེ་འཁོར་གྱི་དབང་རིས་གཉིས་བཙན་པོའི་ཐད་གཏོགས་ཡིན་པ་དང༌། དེ་མིན་དབང་རིས་བཅུ་དྲུག་ནི་ཁུ་དང་གཉགས་ལ་སོགས་པའི་རུས་རྒྱུད་ཚོ་བ་ཉི་ཤུ་རྩ་ལྔ་སོ་སོས་སྒེར་བཟུང་བྱེད་པའི་ཡུལ་ཡིན་པར་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསལ་ལོ།།

       གསུམ་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་གི་རྒོད་ཅེས་པ་ནི་འབངས་རབ་ཚན་དམག་གི་ལས་བྱེད་མཁན་ཞིག་གི་མིང་ཡིན་པར་བཤད། དེ་ལ་སྟོང་དཔོན་ཏུའང་འབོད་ཟེར། གོང་གསལ་རུ་ཆེན་ལྔར་ཕྱེ་བ་རྣམས་དམག་དཔུང་གི་རུ་སྡེ་དྲུག་ཅུ་རེ་གཅིག་ཏུ་ཕྱེ་བ་སྟེ། དབུ་རུའི་སྟོང་སྡེ་བཅུ། གཡོ་རུའི་སྟོང་སྡེ་བཅུ། གཡས་རུའི་སྟོང་སྡེ་བཅུ། རུ་ལག་གི་སྟོང་སྡེ་བཅུ། ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། ཞང་ཞུང་སྨད་ཀྱི་སྟོང་བདེ་ལྔ་དང༌། སུམ་པའི་རུ་སྟོད་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་བཅས་སྟོང་སྡེ་རེ་གཅིག་ཏུ་དབྱེ་བའོ།།

        མདོར་ན་ཆོས་རྒྱལ་བཀའ་དྲིན་ཅན་དེའི་སྐུ་རིང་ལ་བོད་ཀྱི་དམག་དཔུང་རྣམས་རུ་ཆེན་ལྔ་དང༌། འཁོས་དྲུག རྒོད་རྩེ་དྲུག་ཅུ་རེ་གཅིག་སོགས་ལ་དབྱེ་བ་མ་ཟད། རུ་སྡེ་དེ་དག་གི་རུ་དཔོན་དང༌། རུ་དར། དཔའ་དར། རུ་རྟ་བཅས་ཀྱི་ཁ་མདོག་དང་དབྱིབས་སོགས་ཀྱང་མི་འདྲ་ཞིང་ཞིབ་པར་གཏན་ལ་ཕབ་པར་མཛད་པ་དང༌། གཞན་ཡང་གནས་བབ་དེ་ལྟའི་དུས་སུ་སུམ་པའི་རུ་མ་བརྩིས་པའི་རུ་བཞིའི་དམག་གི་གྲངས་ལ་བཞི་འབུམ་ཉིས་སྟོང་བཞི་བརྒྱ་ཡོད་ཅེས་༵༵བོད་ཀྱི་ལོ་རྒྱུས་མདོར་བསྡུས་ཀཀ དང༌། ༵༵བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ་ཀཀབཅས་སུ་འཁོད་མོད་ད་དུང་དཔྱད་དགོས་པར་སེམས་སོ།།

  ༣༡༽ དྲི་བ། སྲོང་བཙན་སྒམ་པོའི་རིང་བོད་ཀྱི་སྤྱི་ཚོགས་གོང་འཕེལ་དུ་གཏོང་ཐུབ་པའི་རྒྱུ་རྐྱེན་དང༌། ཆོས་སྲིད་ཀྱི་མཛད་རྗེས་གང་དག་བཞག་ཡོད་དམ།

       ལན། སྲོང་བཙན་སྒམ་པོས་བོད་གཅིག་གྱུར་མཛད་པ་སོགས་ཀྱིས་སྙན་གྲགས་ཆེས་ཆེར་རྒྱས་ཤིང༌། སྤྱི་ཚོགས་གོང་འཕེལ་དུ་གཏོང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། བཙན་པོ་ཉིད་ཀྱིས་སྐབས་དེར་ཡུལ་དང་མི་རིགས་ལ་མ་བལྟོས་པར་ཆབ་སྲིད་ཀྱི་གཙུག་ལག་དང༌། བཟོ་རིག་གི་ལག་སྩལ། དཔལ་འབྱོར་གྱི་ཐབས་ལམ། རིག་གནས་ཀྱི་གཞུང་ལུགས། ཁྲིམས་སྲོལ་དང་ཀུན་སྤྱོད། ཐོན་སྐྱེད་ཀྱི་ལས་རིགས་ལ་སོགས་པ་འཇིག་རྟེན་གྱི་བྱ་གཞག་མཐའ་དག་ཕྱོགས་རིས་མེད་པར་སྙིགས་དོར་བཅུད་ལེན་གནང་སྟེ་བོད་མི་རིགས་རང་ཉིད་སྟོབས་འབྱོར་དང་དཔལ་ཡོན་ཕུན་སུམ་ཚོགས་པའི་སྔོན་བསྐྱོད་ཀྱི་མི་རིགས་ཕུལ་བྱུང་ཞིག་ཏུ་འགྱུར་བར་འབད་བརྩོན་ཆེན་པོ་མཛད་པ་དང༌། གཞན་ཡང༌། བཙན་པོས་བོད་གཅིག་གྱུར་གྱི་བྱ་གཞག་ཐོག་རང་རང་སོ་སོའི་བྱས་རྗེས་ལ་གཞིགས་པའི་བཀའ་ཡི་བློན་པོ་སུམ་བརྒྱ་ལྷག་བསྐོ་བཞག་གནང༌། ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས་པ་དང༌། ལྷོ་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས་པ། ནུབ་ཕྱོགས་བལ་པོ་དང་སྟག་གཟིག་སོག་པོའི་ཡུལ་ནས་ནོར་ལོངས་སྤྱོད་ཀྱི་གཏེར་ཁ་ཕྱེས། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་ཁྲིམས་དང་ལས་ཀྱི་དཔེ་བླངས། དེ་བཞིན་ཐོན་མི་སམ་བྷོ་ཊ་དང་མགར་སྟོང་བཙན་ཡུལ་བཟུང་སོགས་བློན་པོ་བརྒྱ་ཡིས་བར་གྱི་ཁོད་སྙོམས་ཁྲིམས་གཉིས་སྐྱོང༌། ལུགས་གཉིས་བཀའ་ཡི་ཁྲིམས་ཆེན་པོ་བཅའ་བར་བཞེད། བློན་པོ་རྣམས་ཀྱི་གོ་གནས་དང་ལས་འགན་དཔོན་རིགས་རྣམས་ཕ་ཤུལ་བུ་འཛིན་བྱེད་པ། བུ་མེད་ན་སྤུན་མཆེད་ཀྱིས་ལས་འཛིན་བགྱིད་ཆོག་པ་སོགས་གནས་བབ་དང་འཚམ་པའི་བྱ་བཞག་ཡོད་དོ་ཅོག་བཀོད་སྒྲིག་གང་ལེགས་མཛད་པ་དེ་ཡིན་པར་སྙམ་མོ།།

        ཆོས་རྒྱལ་སྲོང་བཙན་སྒམ་པོས་ཡབ་མེས་ཀྱི་བྱ་བཞག་རྒྱུད་འཛིན་གནང་སྟེ་མཐའ་བཞིའི་རྒྱལ་ཕྲན་མཐའ་དག་ཞི་དྲག་གིས་དབང་དུ་བསྡུས། བོད་གཅིག་གྱུར་གྱི་བཙན་པོའི་རྒྱལ་ཁབ་གསར་དུ་བཙུགས། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་དམག་དོན་གྱི་ཁྲིམས་སྲོལ་གཏན་ལ་ཕབ། ད་ལྟའི་བོད་ཡིག་འདི་ཉིད་གསར་གཏོད་མཛད་དེ་བཀའ་བསྟན་མང་དུ་བསྒྱུར། བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་ཏེ་ཆོས་རིག་ནང་འདྲེན་དང༌། ཁྱིམ་མཚེས་རྒྱལ་ཁབ་ལ་མཐུན་ལམ། ནང་ཆོས་སྲོལ་དང་གཙུག་ལག་ཁང་མང་དུ་བཞེངས་ཏེ་ཁ་བ་ཅན་པའི་རིགས་ཅན་རྣམས་ཕན་བདེའི་ལམ་ལ་བཀོད། རྒྱལ་ཁམས་མངའ་ཐང་མི་ཉམས་གོང་དུ་སྤེལ། ཆབ་སྲིད་མཐའ་བཞིར་བཀྱེད་ཅིང་ཆབ་སྲིད་ཀྱི་ཐབས་ལམ་གསར་པ་དུ་མ་ཕྱག་ལེན་དུ་བསྟར་ཏེ་བོད་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་གནང་མཛད། ཁྲིམས་ཡིག་གསར་བཟོ་དང་ལེགས་ཉེས་བླང་དོར་གྱི་ཚད་གཞི་གཏན་ལ་ཕབ། རྒྱ་དཀར་ནག་དང༌། བལ་ཡུལ་སོགས་སུ་ཆབ་སྲིད་ཀྱི་འབྲེལ་ཟམ་བཙུགས། རྒྱ་དཀར་ནག་ཏུ་ཆུ་སྦྲུལ་སྤྱི་ལོ་ ༦༣༣ ལོར་བོད་ཕྲུག་སློབ་སྦྱོང་དུ་གཏོང་གནང་མཛད་དོ།།

        དཔལ་འབྱོར་ལམ་ལུགས་ཐད་ལའང་བསྒྱུར་བཅོས་མང་དུ་གནང་བས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་སྐོར་དཔེར་ན། འཁལ་འཐག་དང༌། མཛེས་རིག སྦྱར་བརྐོས། གཤངས་བརྐོས། གསེར་ཚག དངུལ་ཚག ལྕགས་ཚག ཤོག་བུ་བཟོ་བ་སོགས་ཀྱི་ལག་རྩལ་གོང་འཕེལ་དུ་གཏོང་གནང་མཛད། རིག་གནས་ཀྱི་ཐད་ལའང་སྔར་མེད་ཀྱི་འཕེལ་རྒྱས་ཕྱིན་ཏེ་ལོ་རྒྱུས་དང༌། རྩོམ་རིག གླུ་གར། ལུས་རྩལ། ཨར་ལས་ལག་རྩལ། བརྐོས་རིག མཛེས་རིག སྨན་རྩིས། ཆོས་ལུགས་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ། སྔར་མེད་གསར་བསུ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་ཆོས་རིག་དང་བཅས་ཕྱོགས་གང་ཅིའི་ཐད་རླབས་ཆེན་གྱི་མཛད་རྗེས་རྨད་དུ་བྱུང་བ་བཞག་ཡོད་དོ།།

       ༣༢༽ དྲི་བ། ནང་ཆོས་སྲོལ་གཏོད་དགོས་པའི་རྒྱུ་མཚན་དང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་བཞེངས་པ་གང་དག་ཡིན་ནམ།

       ལན། སྲོང་བཙན་སྒམ་པོས་ཐོག་མར་བོད་ཡོངས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང༌། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་འབེབས། དམག་དཔུང་གི་སྟོབས་ཤུགས་སྒྲིག་འཛུགས། བོད་ཡིག་གསར་བཅོས་སོགས་རླབས་ཆེན་གྱི་མཛད་པ་རིམ་པར་ཕྱག་ལེན་གནང་བའི་ནང༌། བོད་ཡུལ་འདི་ཡུན་རིང་བདེ་སྐྱིད་ཀྱི་དཔལ་ལ་འགོད་དགོས་ན་ད་དུང་དེ་ཙམ་གྱིས་མི་འདང་བར་དགོངས་ཤིང༌། དེ་ཡང་སྔོན་ཆད་མི་ལོ་སྟོང་ཕྲག་དུ་མའི་ནང་སིལ་བུར་གནས་པའི་བོད་ཀྱི་རུས་རྒྱུད་ཚོ་པ་རྣམས་གདོད་མའི་ཆོས་ལུགས་ཀྱི་ཤུལ་བཞག་པའི་རང་རང་ཕ་མེས་ཀྱི་རུས་ལྷ་གཉན་པོ་མི་འདྲ་བ་སོ་སོར་སྐྱབས་སུ་འགྲོ་ཞིང༌། ཕན་ཚུན་གཅིག་འོག་གཅིག་མི་འདུ་བའི་རུས་ཞེན་དགྲ་འཛིན་གྱི་བག་ཆགས་ཤུགས་ཆེར་ལྡན་ཞིང༌། རུས་ཚོ་ཁག་དབར་འཐབ་འཁྲུག་རྒྱུན་མི་ཆད་པ་རྒྱག་པའི་ནང་ཕན་ཚུན་དམར་གསོད་ཀྱི་དགྲ་ཤ་ལེན་རེས་བྱེད་པའི་འཁོན་འཛིན་ཆེ་བ།

        ལྷག་པར་བཙན་པོ་མེས་སྟག་རི་གཉན་གཟིགས་དང༌། ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་སྤུར་རྒྱལ་གྱི་མངའ་འབངས་སུ་འདུས་པའི་རྒྱལ་ཕྲན་ཚོ་པ་དེ་དག་གིས་གོ་སྐབས་ཤིག་རྙེད་མ་ཐག་སྤུར་རྒྱལ་ལ་ངོ་ལོག་དུས་ཟིང་ཡང་ཡང་བྱུང་བ་དང༌། བཙན་པོ་རང་ཉིད་ཀྱི་སྐུ་རིང་ལའང་ཁྱུང་པོ་སྤུང་ཟད་ཙེས་ལྐོག་གཡོ་བཤམས་ཏེ་བཙན་པོའི་སྐུ་ལ་ཐོ་འཚམས་པའི་ངོ་ལོག་རྒྱག་རིས་བྱས་པ་སོགས་ལ་བརྟེན་འབྱུང་འགྱུར་བོད་མི་རིགས་ཀྱི་ཤེས་རིག་རྒྱ་ཆེར་གཏོང་བ་དང༌། གཅིག་གྱུར་གྱི་བསམ་བློའི་ཀ་རྟེན་ཞིག་ངེས་པར་འཛུགས་དགོས་པར་དགོངས་པ་གཏད། དེ་ཡང་སྐབས་དེར་ཡ་གླིང་ན་ཤེས་རིག་དར་བའི་ཤར་ཕྱོགས་ཐང་གི་རྒྱལ་ཁམས་དང༌། ལྷོ་རྒྱ་གར། ནུབ་བལ་པོ༑ བྱང་ལི་ཡུལ་སོགས་བོད་ཀྱི་མཐའ་བཞིའི་རྒྱལ་ཁམས་ན་ཤཱཀྱའི་བསྟན་པ་རིན་པོ་ཆེ་འདི་དར་སྤེལ་དང་སྙན་གྲགས་ཆེ་བའི་སྐབས་ཡིན་པས་དེའི་སྙན་གྲགས་རིང་ནས་གསན་པ་དང༌། ལྷག་པར་དུ་རྒྱ་བལ་ནས་བསུས་པའི་བཙུན་མོ་རྣམ་གཉིས་ཆོས་ལ་དད་པ། རྫོངས་སྐྱེས་སུ་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་བོད་དུ་གདན་དྲངས་པ་དང༌། དེ་བཞིན་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་ནས་དམ་པའི་ཆོས་མང་པོ་སྤྱན་དྲངས་ཤིང་བསྒྱུར་ནས་གཟིགས་སུ་ཕུལ་བ་སོགས་རྒྱུ་རྐྱེན་དུ་མ་འཛོམས་པའི་རྐྱེན་གྱིས་རིམ་བཞིན་ནང་བསྟན་བོད་དུ་སྲོལ་བཟང་བཏོད་པར་འདོད་དོ།།                        མཐའ་འདུལ་དང༌། ཡང་འདུལ། རུ་གནོན་བཅས་ཀྱི་གཙུག་ལག་ཁང་བཅུ་གཉིས་ནི། སྔར་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་གོང་བོད་ཀྱི་ས་དབྱིབས་སམ་ས་དཔྱད་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་དབྱིབས་སུ་ཡོད་པ་གནོན་ཆེད་བཞེངས་པའི་ལྷ་ཁང་བཅུ་གཉིས་ཀྱི་ནང་ནས། སྲིན་མོའི་དཔུང་པ་གཡས་གནོན་ཆེད་དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང༌། སྲིན་མོའི་དཔུང་པ་གཡོན་གནོན་ཆེད་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང༌། སྲིན་མོའི་དཔྱིད་མགོ་གཡས་གནོན་པའི་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང༌། སྲིན་མོའི་དཔྱི་མགོ་གཡོན་གནོན་ཆེད་རུ་ལག་གྲུམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་བཅས་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ཡིན།།

        ཡང་འདུལ་གྱི་གཙུག་ལག་ཁང་བཞི་ནི། གྲུ་མོ་གཡས་གཡོན་གཉིས་དང༌། པུས་མོ་གཡས་གཡོན་གཉིས་བཅས་ཚིགས་ཆུང་བཞི་གནོན་ཆེད་དུ་བཞེངས་པ་ཀོང་པོ་བུ་ཆུའི་ལྷ་ཁང་དང༌། ལྷོ་བྲག་མཁོ་མཐིང་གསེར་གྱི་ལྷ་ཁང༌། བྱམས་སྤྲིན་དགེ་རྒྱས་ཀྱི་ལྷ་ཁང༌། བྱང་སྤྲ་དུན་རྩེའི་ལྷ་ཁང་དང་བཞིའོ།།

        རུ་གནོན་གྱི་གཙུག་ལག་ཁང་བཞི་ནི། ལག་མཐིལ་གཡས་གཡོན་གཉིས་གནོན་ཆེད། ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང༌། བུམ་ཐང་ངམ་སྤ་གྲོ་སྐྱེ་ཆུ། རྐང་མཐིལ་གཡས་གཡོན་གཉིས་གནོན་ཆེད། ཚལ་རིགས་ཤེས་རབ་སྒྲོལ་མ། ཚངས་པ་རླུང་གནོན་གྱི་ལྷ་ཁང་བཅས་བཅུ་གཉིས་སོ།།

       ༣༣ ༽ དྲི་བ། མཛངས་མི་བཞི་པ་དང་ལྔ་པ་སུ་ཡིན་མཛངས་པའི་ལས་གང་རྒྱལ་པོ་སུའི་སྐབས་སུ་བྱུང༌། བཙན་པོ་ལ་བློན་པོ་གང་དག་ཡོད་དམ།

       ལན། མཛངས་མི་བཞི་པ་ནི་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང༌། མཛངས་མི་ལྔ་པ་ནི་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ་གཉིས་ཡིན་ཞིང༌། ཁོང་གཉིས་མཛངས་མིའི་གྲས་སུ་འཇོག་དགོས་པའི་རྒྱུ་མཚན་ཡང༌། འཕྲུལ་བློན་ཐོན་མི་སམ་བྷོ་ཊས་མཛངས་པའི་ལས་སུ་བོད་རང་གི་སྐད་ཀྱི་སྟེང་ནས་ཡི་གེ་འབྲི་བའི་སྲོལ་གཏོད། བརྡ་སྤྲོད་པའི་གཞུང་ལུགས་དུ་མ་བོད་སྐད་དུ་བསྒྱུར་བ་སོགས་ཁ་བ་ཅན་གྱི་ལྗོངས་སུ་བཀའ་དྲིན་གཞལ་དུ་མེད་པ་འཇོག་གནང་མཛད་པས་སོ།།

        མཛངས་བློན་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས་ནི། མཛངས་པའི་ལས་སུ་སྔར་བོད་མིའི་ཁང་ཁྱིམ་ཕལ་མོ་ཆེ་རི་ལ་ཡོད་པ་ལ་འདིས་ཀླུང་དུ་ཕབ། མཁར་བརྩིགས་ནས་གྲོང་ཁྱེར་བཅོས་པར་མཛད་པ་སྟེ། ༵༵ཆོས་འབྱུང་མཁས་པའི་དགའ་སྟོན་ཀཀ ལས། གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས། །མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་ཕབ། །སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། །འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།།

དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། །ཞེས་འཁོད་པས་ཀྱང་གསལ་བར་ངེས་སོ།།

        དེ་བཞིན་༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ ལས། ཡང་གྲགས་ཀྱི་བློན་པོ་སུམ་བརྒྱ་ལ་མིང་ཆེན་གྱི་བློན་པོ་བཅུ་དྲུག་ཡོད། མེད་ཐབས་མེད་པའི་བློན་ཆེན་བཞི། རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཞབས་ཏོག ཕྱི་ནང་བར་གསུམ་གྱི་བྱ་བ་བྱེད་པའི་བློན་པོ། བྱང་ཆུབ་སེམས་དཔའི་གདུང་བརྒྱུད་བློན་པོ་བཅུ་དྲུག་གི་ཐོག་དྲངས་པའི་བློན་པོ་སུམ་བརྒྱ་ཡོད་དོ།། དེ་ལའང་ཕྱི་བློན་བཙན་པོ་དྲུག ནང་བློན་བཟང་པོ་དྲུག བཀའ་འཕྲུལ་བློན་བཞིའོ་ཞེས་གསུངས་པ་ལྟར་རོ།།

         དེ་ལ་ནང་བློན་བཟང་པོ་དྲུག་ནི། འཕྲུལ་གྱི་སྣ་ཆེན་རིག་བཟང༌། ༼ཁྲ་འབྲུག༽ ཞང་པོ་རྒྱལ་གྱི་ཁྲམ་བཟང༌། ༼ཧོར་ཡིན།༽ ཅོག་རོ་རིག་པའི་སྐད་བཟང༌། ༼ཅོག་རོ།༽ ལྷར་གཟིགས་ཤོག་པོ་བསྟན་བཟང༌། ༼ཁམས་པ།༽ ཀའི་གཉགས་སྟོན་འཕེལ་བཟང༌། ༼རྒྱ་མ་ཡར་སྟོན།༽ སྦས་ལྕང་དཔལ་གྱི་ལེགས་བཟང་ ༼སྦས་ཀྱི་སྐྱེད་ཐག་རིང་མོའང་ཟེར།༽ སོགས་བློན་པོ་བརྒྱ་ཐམ་པས་རྒྱལ་པོའི་སྐུའི་ཞབས་ཏོག་དང༌། ནང་གི་བྱ་བ་ཐམས་ཅད་བྱེད་དོ།།

        ཕྱི་བློན་བཙན་པོ་དྲུག་ནི། ཁྱུང་པོ་སྦུ་ན་བཟང་བཙན། ༼ཡར་སྟོད་པ།༽ ལམ་ཁྲི་བདེ་ལྷག་ཁྲི་བཙན། ༼འཕན་ཡུལ་རྒྱལ་བ།༽ མུ་ཁྲི་རྡོ་རྗེ་གནམ་བཙན། ༼འཇད་པ།༽ མཐིང་གི་བྱང་ཆུབ་མཆོག་བཙན། ༼མཆོང་རྒྱས་པ།༽ ཐར་པ་ཀླུའི་དཔལ་བཙན། ༼ཡར་ལུང་སོན་པ།༽ རོང་པོ་འཕྲུལ་གྱི་སྡེ་བཙན་ལ་སོགས་པའི་བློན་པོ་བརྒྱ་ཐམ་པས་ཕྱི་བློན་བྱེད་ཅེས་གསུངས་པ་ལྟར་རོ།།

        མེད་ཐབས་མེད་པའི་བཀའ་ཡི་བློན་པོ་བཞི་སྟེ། གཉལ་པ་ཐོན་མི་སམ་བྷོ་ཊ་དང༌། སྟོད་ལུང་རམ་པ་བ་མགར་སྟོང་བཙན་ཡུལ་བཟུང༌། འབྲི་གུང་པ་འབྲི་སེ་རུ་གུང་སྟོན། ཉང་སེར་བ་ཉང་ཁྲི་བཟང་ཡང་སྟོན་སོགས་བློན་པོ་བརྒྱ་ཐམ་པས་བར་གྱི་ཁོད་སྙོམས། རྒྱལ་པོའི་བཀའ་སྩལ་པ་བཞིན། དགེ་བ་བཅུའི་ཁྲིམས་བཅའ་སྟེ། བཟང་ལ་བྱ་དགའ་སྟེར། ངན་ལ་ཆད་པ་གཅོད། མཐོ་བ་ཁྲིམས་ཀྱིས་གནོན། དམའ་བ་ཐབས་ཀྱིས་སྐྱོང༌། སྐུ་བསྲུང་སྡེ་བཞིར་སྤྱད་ཅེས་སོགས་འཁོད་པ་ལྟར་ལགས་སོ།།

       ༣༤༽ དྲི་བ། བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་མི་རབས་རྣམས་ཀྱི་ལོ་རྒྱུས་དང༌། དེ་དག་གི་རྨད་དུ་བྱུང་བའི་མཛད་རྗེས་ཇི་ལྟར་ཡིན་ནམ།

        ལན། མགར་སྟོང་བཙན་ཡུལ་བཟུང་ནི་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་པོ་བཞིའི་ནང་གི་གཅིག་ཡིན་ཞིང༌། འཁྲུངས་ཡུལ་སྟོད་ལུང་རམ་པ་ནས་ཡིན་པ་དང༌། བློན་པོ་འདི་ཉིད་ཡི་གེ་མི་ཤེས་ཀྱང་རང་བཞིན་གྱི་བློ་རྣོ་ཞིང༌། ངང་ཚུལ་བརྟན་པ། ཆབ་སྲིད་དང་དམག་ཐབས་ལ་མཁས་པ༑ བོད་དུ་ཁོང་ལ་མཐོང་ཆེ་ཞིང༌། ཁོང་ལ་བརྟེན་ནས་བོད་ཁམས་ཆེར་སོང་ཚུལ་མཆིས་པ་ལྟར་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཞི་དྲག་གཉིས་ལྡན་གྱི་བློན་ཆེན་ཞིག་ཡིན་ནོ།།

        ཁོང་གིས་ཆོས་རྒྱལ་སྲོང་བཙན་ཞལ་བཞུགས་སྐབས་བཙན་པོར་རམ་འདེགས་ཞུས་ཏེ་ཕྱི་ནང་གི་ཟིང་ཆ་ལྷིང་འཇགས་བཏང་བ་དང༌། ཆབ་སྲིད་དང་དམག་དོན་ལམ་ལུགས་གསར་དུ་བཙུགས་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་མངགས་ལྟར་མཐའ་བཞིའི་རྒྱལ་ཁབ་ཁག་ནས་བཙུན་མོ་སྤྱན་དྲངས་ཏེ་གཉེན་སྒྲིག་གི་འབྲེལ་བ་བཙུགས་པ་དང༌། བཙན་པོ་སྐུ་གཤེགས་རྗེས་སྔར་བཞིན་རྒྱུན་སྐྱོང་སྒོས་རྒྱལ་པོ་མང་སྲོང་མང་བཙན་གྱི་སྲིད་དབང་བཟུང་སྐབས་ལོ་བཅོ་ལྔའི་རིང་བཙན་པོར་ཆབ་སྲིད་ཀྱི་རོགས་རམ་བྱས། བོད་ས་གནས་སུ་རུ་བཞི་དང་སྟོང་སྡེར་བགོས་ནས་དམག་སྲིད་ཟུང་འབྲེལ་གྱིས་སྲིད་དབང་འཛུགས་པ་དང༌། ས་ཞིང་གི་རྒྱ་ཁྱོན་རྩིས་ནས་ཁྲལ་བསྡུའི་ལམ་ལུགས་འཛུགས་པ། དཔའ་མཛངས་ལྡན་པའི་དགོངས་གཞི་དང་མཛད་འཕྲིན་ཇི་ལྟ་བ་མཐའ་འཁྱོངས་གནང་སྟེ། བོད་ཡུལ་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱིད་འཁོས་སུ་ཕེབས་པ་དང༌། ཞིང་འབྲོག་གི་ཐོན་བསྐྱེད་བདག་གཉེར་ཚུགས་སུ་ཚུད་པ། ཁྱིམ་མཚེས་ས་འདྲེས་དང་བརྗེ་ཚོང་གི་འབྲེལ་བ་འཛུགས་སྤེལ་སོགས་དཔལ་འབྱོར་དར་རྒྱས་ཡོང་ཐབས་དང༌། སྤྱི་ཚོགས་དང་དམག་དོན་གྱི་སྒྲིག་གཞི་རྣམས་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་གནང་མཛད་ཡོད།

        དེ་བཞིན་ཕྱོགས་བཞིའི་མཐའ་མཚམས་ཀྱི་སོ་ཁ་རྣམས་བརྟན་སྲུང་ཐོག མངའ་འོག་ཆབ་འབངས་གསར་དུ་རྒྱ་བསྐྱེད་པ་སོགས་མཛད་རྗེས་ཕུལ་དུ་བྱུང་བ་བཞག་ཡོད་ཅིང༌། ཚེ་སྨད་དུ་འ་ཞའི་ཡུལ་དུ་སྔ་རྗེས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་མཛད་འགན་བཞེས། མེ་ཡོས་ ༦༦༧ ལོར་འ་ཞའི་ཡུལ་ནས་ཕྱིར་ལོག་སྐབས་ལམ་དུ་ཟིང་མདའ་ཞེས་པར་སླེབས་སྐབས་གཉན་འབྲས་ཀྱིས་མནར་ཏེ་སྐུ་འདས་པ་ཡིན།

        ད་དུང་མགར་སྟོང་བཙན་ཡུལ་བཟུང་རང་ཉིད་ཀྱིས་གསོ་སྐྱོང་ནན་པོ་གནང་བའི་མགར་གྱི་བུ་ལྔ་སྟེ། མགར་བཙན་སྙ་ལྡོམ་བུ་དང༌། མགར་ཁྲི་འབྲིང༌། མགར་བཙན་བྲོད། བློན་ཟི་མདོ་ཡེ། བློན་འབལ་ལོན་བཅས་ལས་མགར་བཙན་སྙས་ཕ་འདས་རྗེས་ལོ་ངོ་དྲུག་སོང་བ་ཆུ་སྤྲེལ་སྤྱི་ལོ་ ༦༧༢ ལོར་བཙན་པོས་བསྐོ་གཞག་མཛད་དེ་བློན་ཆེན་གྱི་གོ་གནས་བཟུང་ཞིང༌། ལོ་དེར་བུ་གཞན་གསུམ་གྱིས་དམག་དཔོན་བྱས་ཏེ་རྒྱའི་ས་མཚམས་སུ་དམག་དྲངས་ནས་འཇང་རིགས་ཀྱི་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང༌། དེ་རྗེས་བོད་དམག་གིས་ནུབ་ཕྱོགས་གྲུ་གུ་ཚོ་ཆེན་བཅུ་བོད་ཀྱི་ཆབ་འོག་ཏུ་བཅུག་པ་སོགས་ཀྱི་མཛད་རྗེས་གཟེངས་སུ་ཐོན་པ་ཞུས་ཡོད།

        སླར་ཡང་བོད་དམག་དང་ལི་ཡུལ་པ་མཉམ་བསྡེབས་ཀྱིས་རྒྱའི་ཡུལ་ཚན་མང་པོ་བཟུང་བ་བཅས་ལ་བརྟེན་ནས་གོང་མས་ཀྱང་དམག་དཔོན་ཞོའི་རེན་ཀོས་དང་གོ་ཞི་ཕཱན་ཟེར་བ་གཉིས་དམག་དཔུང་འབུམ་ཕྲག་གཅིག་ཙམ་ཁྲིད་ནས་བོད་དམག་ལ་འཐབ་པར་བཏང་ཡང་ཁོང་ཚོས་བོད་དམག་ལས་རྒྱལ་ཁ་ལེན་མ་ཐུབ་པར་ཕམ་ཉེས་ཆེན་པོ་བྱུང་བས་མཐར་མགར་བཙན་སྙ་ལྡོམ་བུ་དང༌། ཞོའི་རེན་ཀོས་གཉིས་ཀྱི་འདུམ་བྱས་ཏེ་རྒྱ་ཡུལ་དུ་ལོག་ཚུལ་དུང་དཀར་ཚིག་མཛོད་གཞིར་བཟུང་ནས་བཀོད། མགར་གྱི་བུ་རྒྱུད་རྣམས་ཀྱང་ཞི་དྲག་གི་བྱ་བ་གང་ལ་ཤེས་ཡོན་དང༌། དཔའ་མཛངས་བརྟུལ་ཕོད་ཅན་ཤ་སྟག་བྱུང་བར་བརྟེན་ཁོང་ཚོས་ཕ་ཤུལ་བུ་འཛིན་གྱི་ནུས་པ་གཟེངས་སུ་ཐོན་པ་བཏོན་མྱོང་བས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང༌། མགར་ཁྲྀ་འབྲིང་གིས་བཙན་པོ་མང་སྲོང་དང༌། འདུས་སྲོང་ཡབ་སྲས་ཀྱི་བློན་པོ་གནང་ཞིང༌། མང་སྲོང་གི་སྐུ་དུས་སུ་རང་གི་གཅེན་པོ་མགར་བཙན་སྙ་ལྡོམ་བུར་གཞོགས་དེགས་བྱས་ནས་དམག་དོན་དང༌། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་འགན་ཆེན་པོ་བཞེས་པ་མ་ཟད། རང་གི་གཅེན་པོ་འདས་རྗེས་བཙན་པོའི་བཀའ་བཞིན་བློན་པོའི་ཐུགས་འགན་འཁུར་ནས་བཙན་པོར་ཆབ་སྲིད་བསྐྱངས་རོགས་མཛད། འདིས་བློན་ཆེན་གྱི་འགན་བླངས་རྗེས་འ་ཞའི་ཡུལ་དུ་དམག་དྲངས་ཤིང༌། རྒྱའི་དམག་དཔོན་འོ་ཞང་ཤོ་དང་གཡུལ་སྤྲད་དེ་ཕམ་པར་བྱས་ནས་ཤར་ཕྱོགས་སུ་རྒྱལ་ཁམས་རྒྱ་བསྐྱེད་མཛད། མཐར་ཤིང་བྱ་ལོར་ཤངས་ཀྱི་སུམ་ཆུ་བོ་ཞེས་པའི་ས་ཆར་མགར་བཙན་སྙ་ལྡོམ་བུ་དང༌། མགར་གྱི་བུ་རྒྱུད་རྣམས་མང་ཉེན་སྟག་ཙབ་ཟེར་བ་གཉིས་སྤུན་མཆེད་ནང་དམེ་བྱུང་ནས་བློན་བཙན་སྙ་གྲོངས་པར་གྲགས་སོ།།

       ༣༥༽ དྲི་བ། ཆོས་རྒྱལ་སྲོང་བཙན་གྱི་གསུང་རྩོམ་གང་ཡོད་དང༌། སྲས་གུང་རི་གུང་བཙན་དང་དེའི་སྲས་མང་སྲོང་གི་ལོ་རྒྱུས་བཅས་ཇི་ལྟར་ཡིན་ནམ།

       ལན། རྒྱལ་པོ་འདི་ཉིད་ཀྱིས་ཡི་གེ་དང་སྒྲ་སོགས་རིག་པའི་གནས་དང༌། ཆོས་ལ་བརྩོན་པ་ཆེས་ཆེར་བསྐྱེད་ནས་ཡུན་མི་ཐུང་བའི་རིང་ལ་སྦྱངས་པ་ཆེར་མཛད་པས། མཁས་པ་ཆེན་པོར་གྱུར་ཏེ་བསྟན་བཅོས་མང་དུ་མཛད་པ་སྟེ། དཔེར་ན། བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་རྣམས་དང༌། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཆོ་གའི་རིམ་པ་བརྒྱད། མདོ་སྐོར་ལེའུ་སུམ་ཅུ་རྩ་དྲུག སྒྲུབ་སྐོར་ཆེ་ཕྲན་གཉིས། ཆེན་མོ་ལ་དྲུག་སྐོར་དང་གསུམ་སྐོར་གཉིས། དེ་གཉིས་ཀྱི་བཤད་ཆོས། སྤྱིའི་ཁོག་དབུག སྒོས་ཀྱི་བཤད་འགྲེལ། ཊཱིཀྐ་དང་བསྡུས་དོན་རྣམས་དང༌། སྒྲུབ་ཕྲན་ལ་རྒྱས་འབྲིང་བསྡུས་གསུམ་སོགས་དང༌། གཞན་ཡང་ཆོས་སྲིད་ཀྱི་ལུགས་གཉིས་ཀྱི་བསྟན་བཅོས་མང་པོ་ཡོད་ཅེས་༵༵བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཀཀ དུ་གསལ་བ་ལྟར་ལགས་སོ།།

        བོད་རྒྱལ་གདུང་རབས་སོ་བཞི་པ་གུང་སྲོང་གུང་བཙན་ནམ་སྲས་གུང་རི་གུང་བཙན་ནི། ཡོངས་གྲགས་ལོ་རྒྱུས་ལྟར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་གྱ་གཉིས་བཞུགས་པ་དང༌། སྟོད་ལུང་མོང་བཟའ་ཁྲི་ལྕམ་ལ་ས་ཁྱི་སྤྱི་ལོ་ ༦༣༨ ལོར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་སྲས་གུང་རི་གུང་བཙན་སྐུ་འཁྲུངས་ཤིང༌། བཙན་པོ་འདི་དགུང་ལོ་བཅུ་གསུམ་སྟེ་བོད་ལྕགས་ཁྱི་སྤྱི་ལོ་ ༦༥༠ ལོར་ཡབ་སྲོང་བཙན་སྒམ་པོས་རྒྱལ་སར་བསྐོས་ནས་ལོ་ལྔའི་རིང་རྒྱལ་སྲིད་བསྐྱངས། བཙུན་མོ་འ་ཞ་བཟའ་མང་མོ་རྗེ་ཁྲི་དཀར་ཁབ་ཏུ་བཞེས་ཏེ་རིགས་སྲས་མང་སྲོང་མང་བཙན་འཁྲུངས། བློན་པོ་མྱང་ངམ་པོ་རྗེ་ཞང་སྣང་དང་སྣུབས་བཙན་ཏོ་རེས་བྱས། རང་གི་ཡུམ་དང་ལྷན་དུ་དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས་པར་མཛད་དོ།།

        བཙན་པོ་འདིའི་དུས་སུ་ཇ་དང་རོལ་མོ་སོགས་རྒྱ་ནག་ནས་བོད་དུ་དར། ཁོང་གིས་ཆབ་སྲིད་ལོ་ལྔ་མཛད་དེ་མེ་ཡོས་སྤྱི་ལོ་ ༦༥༥ ལོར་དགུང་ལོ་བཅོ་བརྒྱད་སྟེང་སྐུ་གཤེགས། གུང་སྲོང་ཡབ་ཀྱི་སྐུ་དུས་སུ་རྒྱལ་སྲིད་བསྐྱངས་མཐར་ཡབ་ཀྱི་གོང་དུ་སྐུ་གཤེགས་པས་ཡབ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སླར་ཡང་རྒྱལ་སྲིད་བསྐྱངས། བཙན་པོ་འདིའི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང༌། མེས་པོ་གནམ་རི་སྲོང་བཙན་གྱི་བང་སོའི་གཡོན་དུ་ཡོད་ལ། བང་སོའི་མིང་ལ་གུང་ཆེན་གུང་རི་ཞེས་གྲགས་སོ།།

        བོད་རྒྱལ་གདུང་རབས་སོ་ལྔ་པ་བཙན་པོ་མང་སྲོང་མང་བཙན་ནི་ཡབ་གུང་རི་གུང་བཙན་དང༌། ཡུམ་འ་ཞ་བཟའ་མང་མོ་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་ཆུ་གླང་སྤྱི་ལོ་ ༦༥༣ ལོར་འཁྲུངས། ༼སྲོང་བཙན་འདས་པའི་ལོ་སྟེ་མེ་རྟ་ ༦༤༦ ལོར་འཁྲུངས་ཚུལ་བཅས་མི་མཐུན་པ་ཡོད།༽ དགུང་ལོ་གསུམ་ལ་སླེབས་དུས་སྲིད་ཁྲིར་བསྐོས། ཁོང་ཁྲིར་བཞུགས་སྐབས་དགུང་ན་ཕྲ་བས་རྒྱལ་སྲིད་སོགས་ཕྱི་ནང་གི་བྱ་བ་ཐམས་ཅད་མེས་པོའི་བློན་ཆེན་མགར་སྟོང་བཙན་གྱིས་གྲོགས་བྱས་ཏེ་རྒྱལ་སྲིད་ལོ་བཅོ་ལྔ་བསྐྱངས། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བཞེས། བོད་མེ་བྱི་སྤྱི་ལོ་ ༦༧༦ ལོར་ ༼ས་ཡོས་ ༦༧༩ དགོངས་རྫོགས་ཀྱང་ཟེར།༽ གཙང་གི་བར་སྣང་སྒང་དུ་གཤེགས་པ་དང༌། བང་སོ་དེ་ཡང་རིན་ཆེན་གྱིས་བཀང་སྟེ་མེས་པོ་སྲོང་བཙན་གྱི་བང་སོའི་གཡོན་དུ་བརྩིགས། བང་སོའི་མིང་ནི་སྔོ་གཞེར་ཧྲལ་པོ་ཞེས་གྲགས་སོ།།

       ༣༦༽ དྲི་བ། བཙན་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་ལོ་རྒྱུས་དང་མཛད་རྗེས། རྩལ་པོ་ཆེ་མི་བདུན་བྱུང་བ་གང་དག་ཡིན་ནམ།

        ལན། བོད་རྒྱལ་གདུང་རབས་སོ་དྲུག་པ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་ཡབ་བཙན་པོ་མང་སྲོང་མང་བཙན་དང༌། ཡུམ་འབྲོ་བཟའ་ཁྲི་མ་ལོད་ཀྱི་སྲས་སུ་བོད་ས་ཡོས་སྤྱི་ལོ་ ༦༧༩ ལོར་སྒྲགས་ཀྱི་ལྷ་ལུང་དུ་སྐུ་འཁྲུངས། ཡབ་གཤེགས་ནས་ལོ་གསུམ་རིང་གསང་རྒྱ་བྱས་ཤིང་སྐུ་ན་ཕྲ་བའི་དུས་ཡུམ་གྱིས་ཆབ་སྲིད་ཀྱི་འགན་བཟུང༌། ༵༵ཏུན་ཧོང་གཏེར་ཡིགཀཀ ལས། བཙན་པོ་ཁྲི་འདུས་སྲོང༌། སྐུ་ཆུང་ནས་གཞོན་གྱིས་ཀྱང༌། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག སྟག་གི་རྣ་བ་ལ་བཟུང་བ་སོགས་པ། ཐུགས་སྒམ་པའི་སྟེང་དུ་སྐུ་རྩལ་ཆེན་པོས་བསྣན་ཏེ༑ མི་དང་མི་འདྲ་བར་འཕགས་པས་ཉི་འོག་རྒྱལ་པོ་ཐམས་ཅད་དང༌། འབངས་མགོ་ནག་ཕྱོགས་ཀྱིས་མཚན་བླ་དྭགས་འཕྲུལ་གྱི་རྒྱལ་པོ་ཞེས་བཏགས་སྟེ༑ བཀའ་མཆིད་ཀྱི་དཔེར་བརྗོད་དོ་ཞེས་གསལ་པོར་འཁོད་ཡོད་པས་ཁོང་ཆུང་དུས་སྐུ་རྩལ་གཞན་དང་མི་འདྲ་བ་ཁྱད་དུ་འཕགས་པའི་དཔའ་མཛངས་ཅན་ཞིག་ཡིན་སྟབས་མཚན་ལའང་དུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་གསོལ་ཏེ་འབངས་མགོ་ནག་ཀུན་གྱིས་བསྔགས་པར་བྱེད། བཙུན་མོ་མཆིམས་བཟའ་བཙན་མོ་ཏོག་ཁབ་ཏུ་བཞེས་ཁབ་ཏུ་བཞེས་པ་དང༌། མགར་བཙན་སྙ་ལྡོམ་བུས་བློན་པོ་བྱས་ཤིང་དེ་གྲོངས་རྗེས་མགར་ཁྲི་འབྲིང་གིས་བློན་པོ་བྱས་ཏེ་རྒྱལ་ཁམས་དབང་དུ་བསྡུས། ལྷག་པར་རྒྱ་བོད་ཀྱི་ས་མཚམས་སྲུང་སྟབས་རྒྱའི་ལོ་རྒྱུས་སུའང་གྲགས་ཆེའོ།།

        ཁོང་དགུང་ལོ་ཉི་ཤུ་རྩ་དགུ་སྟེ་ཆུ་ཡོས་སྤྱི་ལོ་ ༧༠༣ ལོར་བཙན་པོའི་མངའ་འོག་ཏུ་ཡོད་པའི་འཇང་པ་རྣམས་ཀྱིས་ངོ་ལོག་བྱས་པར། བཙན་པོ་ངོ་མས་དམག་སྣ་དྲངས་ཏེ་སླར་ཡང་མངའ་འོག་ཏུ་བསྡུས་ཤིང་བཙན་པོ་རང་ཉིད་དམག་ཐོག་ཏུ་འདས། འདས་ལོ་ཤིང་འབྲུག་སྤྱི་ལོ་ ༧༠༤ ཡིན་པར་བཞེད་ཅིང༌། སྲས་དགུང་ན་ཕྲ་བས་ཡབ་འདུས་སྲོང་གི་ཡུམ་དང་བཙན་པོ་འདིའི་རྨོ་བོ་ཡིན་པ་འབྲོ་བཟའ་ཁྲི་མ་ལོད་ཅེས་དབང་གྲགས་ལྡན་པ་ཞིག་བྱུང་བ་དེས་སྲིད་བསྐྱངས་པར་མཛད་དོ།།

        ༵༵འཁྲུངས་རབས་གསོལ་འདེབསས་ཀཀ ལས། ཇ་དང་དཀར་ཡོལ་སྤྱད་སྲོལ་འདུས་སྲོང་རྗེ། །ཞེས་གསུངས་པ་ལྟར་རྒྱལ་པོ་བསྙུང་བའི་རྐྱེན་གྱིས་དེ་ལ་ཕན་པའི་ཇ་འཚོལ་དུ་བཏང་བས་རྒྱ་ནག་ནས་བོད་དུ་ཇ་ཐོག་མར་བྱུང་ཞིང་ཇ་འདེབས་པའི་སྲོལ་དར་བ་དང༌། ཇ་བཞེས་པའི་སྣོད་བཟང་པོ་བོད་དུ་དཀར་ཡོལ་བོད་དཀར་བཟོས་ཏེ་དར་ཚེ་ཞེས་མིང་འདོགས་ཀྱང་མཛད་པས་བོད་དུ་ཇ་དང་དཀར་ཡོལ་བྱུང་བའི་སྔོན་མ་འདི་ཡིན་པར་འདོད་ཅིང༌། རོལ་མོའི་རྣམ་གྲངས་ཀྱང་མང་པོ་བྱུང༌། བཙན་པོ་འདིའི་བང་སོའི་མིང་ལ་ལྷ་རི་ཅན་ནམ་སེངྒེ་བརྩེགས་པ་ཅན་ཞེས་པ་ཡབ་མང་སྲོང་མང་བཙན་གྱི་གཡོན་ངོས་ན་ཡོད་ཅིང༌། མཐའ་ལ་ལྕགས་རི་ཡང་ཡོད་ཅེས་གསལ་ཞིང༌། བང་སོ་འདི་འབངས་གྱེན་ལོག་སྐབས་བྲེང་འཁྱོས་འཁུས་བྲུས་ཟིན་པས་དེང་བང་སོའི་ཤུལ་ཙམ་ལས་མེད་སྐད་དོ།།

        བཙན་པོ་འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་སྐུ་དུས་སུ་བློན་པོ་རྩལ་པོ་ཆེ་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ་དང༌། རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲའི་སྐེད་པ་བཅད་ནུས། དབས་རྒོད་ལྡོངས་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གཅིག་གིས་སླེབས་ནུས། འགོས་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་བ་ཀླད་ནུས། ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་བརྒྱུགས་པ་གྱེན་ལ་འཐེན་ཐུབ། གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་བཅས་ཀྱི་རྩལ་དང་ལྡན་པའི་བློན་པོ་བདུན་བྱུང་བ་ཡིན།

        འདི་དག་ནི་བཙན་པོ་འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དམག་དཔོན་ཆེན་པོ་བདུན་ཡིན་ཏེ། རྟ་དཀྱུ་བ་ལ་མཁས་པ། མདའ་འཕེན་པ་མཁས་པ། རྐྱང་དང་བང་འགྲན་ཐུབ་པ། འབྲོང་དང་སྦེ་བཀྱེ་ཐུབ་པ་སོགས་དཔའ་རྩལ་ཤིན་ཏུ་ཆེ་བའི་དམག་དཔོན་ཡིན་པར་༵༵ཀུན་དགའི་མེ་ལོང་ཀཀ ལས་གསུངས་ཤིང༌། འདི་སྐབས་མངའ་ཐང་དཔལ་འབྱོར་ནི་ལྷ་དང་མཉམ། སྟོབས་དང་མཐུ་རྩལ་གྱིས་ནི་མཐའ་བཞི་ལས་རྒྱལ་ལོ།།

        ༣༧༽ དྲི་བ། རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་ལོ་རྒྱུས་དང༌། ཁོང་གིས་མཛད་རྗེས་གང་དང་གང་བཞག་ཡོད་དམ།

       ལན། བོད་རྒྱལ་གདུངས་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི་ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མོ་ཏོག་གཉིས་ཀྱི་སྲས་སུ་བོད་མེ་བྱ་སྤྱི་ལོ་ ༦༩༧ ལོར་ཕོ་བྲང་ལྡན་དཀར་དུ་འཁྲུངས་ཤིང༌། སྐུ་ན་ཕྲ་དུས་མཚན་དུ་རྒྱལ་བཙུག་རུ་ཞེས་དང༌། སྨ་ར་དང་བགྲེས་ཉམས་ཆེ་བས་མེས་ཨག་ཚོམ་དུ་གྲགས། འཇང་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པས་སྲས་ལྷ་བུ་འདྲ་བ་སྣའི་གཟེངས་མཐོ་བ། དཔྲལ་བའི་དབྱེས་ཆེ་བ་ཤིན་ཏུ་མཛེས་པ་ཞིག་སྐུ་བལྟམས་པས་ཞང་བློན་རྣམས་ཀྱིས་ལྷ་སྲས་འདི་མི་མིན་ལྷ་ཡི་དབོན་པོ་ཡིན་ཞེས་སྨྲས་པས་དེ་ནས་བཟུང་མཚན་ལ་འཇང་ཚ་དབོན་ཞེས་རང་ཆགས་སུ་སོང༌། ལྷ་སྲས་སྐུ་ནར་སོན་སྐབས་བཙུན་མོ་བླང་བའི་གྲོས་བྱས་པར། ཡབ་རྗེའི་བློན་པོ་གཉགས་ཁྲི་བཟང་ཡང་སྟོན་གྱིས་རང་ཉིད་ཀྱི་བུ་མོ་ལྷ་སྲས་ལ་ཕུལ་ཟེར་ཡང་ཞང་ཏོ་རེ་ལྷས་བྱིན་སོགས་ཀྱིས་དེར་མ་ཉན་པར་མེས་སྲོང་བཙན་གྱི་ལུགས་ལྟར་བྱ་ཟེར་ནས་རྒྱ་ནག་ཏུ་གྱིམ་ཤིང་ཀོང་ཇོ་སློང་དུ་སོང་བའི་ཤུལ་དུ། བོད་བློན་རྣམས་ཀྱིས་མཚན་མོ་ཟླ་འོད་ལ་རྟ་རྒྱུགས་པར་རྒྱལ་བུས་ཀྱང་རྟ་རྒྱུག་པས་རྟས་བསྐྱུར་ཏེ་འདས། འཇང་ཚ་ལྷ་དབོན་བང་སོ་མེས་ཀྱི་མདུན། །ཟླུམ་པོར་བརྩིགས་ནས་གཏེར་ཡང་སྦས་སོ་སྐད། །ཅེས་པ་ལྟར་རོ།།

        དེ་ནས་རྒྱལ་པོས་ཕོ་ཉ་མངགས་ནས་ཀོང་ཇོ་ལ་ཁྱོད་ཀྱི་སྐྱེས་པའི་འོས་ངའི་བུ་ལྷ་འདྲ་བ་དེ་རྐྱེན་ངན་ལས་འདས། ཁྱོད་རང་ང་ལ་བལྟས་ནས་འོང་ངམ་ཕྱིར་ཡུལ་དུ་ལོག་པ་གང་མོས་གྱིས་ཤིག་ཅེས་བྱུང་བས། དེར་རྒྱ་མོ་ན་རེ། བུ་མོའི་འདུན་མ་ལན་གཅིག་ཡིན་པས་སྐྱིད་སྡུག་ཅི་བྱུང་ཡང་བོད་དུ་འགྲོ་ཞེས་འོངས་པས་ལྕགས་ཁྱི་སྤྱི་ལོ་ ༧༡༠ ལོར་བོད་དུ་ཕེབས་ནས་ལོ་ཉི་ཤུ་རྩ་དགུ་བཞུགས། ཤིང་ས་ཡོས་སྤྱི་ལོ་ ༧༣༩ ལོར་འདས་ཤིང༌། བང་སོ་འཕྱོང་རྒྱས་རྒྱབ་རིར་བརྩིགས་སོ།།

        སྦས་སྐྱེས་བཟང་སྟོང་བཙན་དང༌། མཆིམས་རྒྱལ་གཟིགས་ཤུ་ཏིང༌། འབྲོ་ཆུ་བཟུང་འོར་མང་གསུམ་གྱིས་བློན་པོ་མཛད། བྲན་ཀ་མུ་ལེ་ཀོ་ཥ་དང་གཉགས་ཛྙ་ན་ཀུ་མ་ར་གཉིས་ཕོ་ཉར་བརྫངས་ཏེ། གངས་རི་ཏེ་སེ་ལ་པཎ་ཊི་ཏ་སངས་རྒྱས་གསང་བ་དང་ཞི་བ་གཉིས་སྤྱན་འདྲེན་དུ་བཏང་ཡང་སྤྱན་མ་འདྲོང་པར་ཐེག་ཆེན་མདོ་ལྔ་བློར་བཟུང་ནས་འོངས་པ་གླེགས་བམ་ལྔར་བཞེངས་ཏེ་བཞུགས་ཁང་དུ་བྲག་དམར་མགྲིན་བཟང་དང༌། བྲག་དམར་ཀ་རུ༑ གསང་མཁར་བྲག ལྷ་ས་མཁར་བྲག མཆིམས་ཕུ་ནམ་རལ། མ་ས་གོང་གི་ལྷ་ཁང་བཅས་བཞེངས་པར་མཛད་དོ།།

        བཙན་པོ་ཁྲི་ལྡེ་བཙུག་བརྟན་གྱིས་སྨན་པ་གཡུ་ཐོག་ཁྱུང་པོ་རྡོ་རྗེའི་བུ་གཡུ་ཐོག་ཡོན་ཏན་མགོན་པོ་བླ་སྨན་དུ་བསྟེན་གནང་མཛད་ལ། རྒྱ་ཡུལ་ནས་གསེར་འོད་དམ་པ་དང༌། འདུལ་བ་ལས་རྣམ་པར་འབྱེད་པ། སྨན་དཔྱད་ཀྱི་རིགས་བསྒྱུར་བ་དང༌། ཕོ་བྲང་འཕང་ཐང་མ་བརྩིགས་པར་མཛད། བོད་ཆུ་བྱ་སྤྱི་ལོ་ ༧༣༣ ལོར་རྒྱ་བོད་གཉིས་ཀྱི་ས་མཚམས་ཁྲི་ལིང་ཀ་རྡོ་རིང་བཙུགས་ཤིང་ཕན་ཚུན་ཉོ་ཚོང་བྱས་པ་སོགས་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་མཐར་ཁོང་གི་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་ཟིགས་ཀྱིས་གཡོ་ཐབས་ལ་བརྟེན་ནས་སྐུ་བཀྲོངས་པའོ།།

       ༣༨༽ དྲི་བ། བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་དང༌། ཁོང་གི་བླ་མེད་ཀྱི་མཛད་རྗེས་རྣམས་ཇི་ལྟར་ཡིན་ནམ།

       ལན། བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཆོག་ནི། ཆུ་རྟ་སྤྱི་ལོ་༧༤༨ ལོར་ཕོ་བྲང་བྲག་དམར་དུ་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང༌། ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་བཞེས་པ་མེ་སྤྲེལ་ལོ་སྟེ་སྤྱི་ལོ་ ༧༥༦ ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་ཞེ་གཅིག་རིང་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཏེ་བོད་ཀྱི་རྒྱལ་རབས་ཀྱི་མངའ་ཐང་དར་རྒྱས་ཆེ་བའི་རྩེ་མོར་སོན་ཏེ༑ ཆབ་སྲིད་མཐའ་བཞིར་བཀྱེད་ཅིང་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བཟུང་བས་ཆོས་སྲིད་གཉིས་ཀར་མཛད་རྗེས་རླབས་ཆེ་བྱུང་བ་གཤམ་གསལ།

        སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་སོགས་བོད་དུ་གདན་འདྲེན་ཞུས་ཏེ། བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་སོགས་བཞེངས་ནས་སད་མི་བདུན་རབ་ཏུ་བྱུང་བ་དང༌། བཙན་པོ་རང་ཉིད་ས་གནས་སོ་སོར་ཕེབས་ཐོག་བོད་ཕྲུག་ཤེས་རབ་གསལ་ཞིང་སྨྲ་ལྕེ་བདེ་བ་འདེམས་སྒྲུག་གིས་བསམ་ཡས་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་པ་གནང་སྟེ་ལོ་ཙྭ་བའི་དཔུང་ཁག་གསོ་སྐྱོང་གནང་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་སྒྲ་བསྒྱུར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། ལྷག་པར་དུ་ཕྱི་ནང་གི་སྨན་པ་མཁས་པ་ཕྱིར་གཏོང་ནང་འདྲེན་གྱིས་སྨན་གཞུང་གསར་རྩོམ་དང་ཡིག་བསྒྱུར་ཟུང་འབྲེལ་གྱི་ཐོག་ནས་གསོ་རིག་གི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ནས་འགྲོ་བའི་ནད་ཀྱི་སྡུག་བསྔལ་འཇོམས་པར་མཛད། རྒྱ་བོད་གཉིས་བར་སྐབས་རེ་འཁྲུགས་རྩོད་དང་སྐབས་རེ་འདུམ་པ་ཐེངས་མང་བྱུང་ཞིང༌། སྲིད་དབང་བཟུང་ནས་ལོ་བདུན་པ་ཆུ་སྟག་སྤྱི་ལོ་ ༧༦༢ ལོར་དམག་དཔོན་ཞང་རྒྱལ་གཟིགས་དང༌། བློན་སྟག་སྒྲ་ཀླུ་གོང༌། བློན་སྟོང་བཙན་སོགས་ཀྱིས་བོད་དམག་འབུམ་གཅིག་ཙམ་ཁྲིད་ནས་རྒྱ་ཁོངས་མཁར་དང་ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་བཟུང༌། རྒྱ་ནག་གི་གོང་མ་ཡང་གནས་སྐབས་རྒྱལ་ས་ལས་བྲོས་དགོས་པ་སོགས་རྒྱ་བོད་ཀྱི་ཡིག་ཆ་གཉིས་ཀར་གསལ། སྲིད་དོན་གྱི་བྱས་རྗེས་ཡོད་པའི་བློན་པོ་རྣམས་ལ་གཟེངས་བསྟོད་དང༌། སྲིད་ཀྱི་བྱ་བ་གལ་ཆེའི་རིགས་རྒྱལ་བློན་གྲོས་བསྡུར་གྱིས་སྲིད་དབང་གི་སྟོབས་ཤུགས་ཆེན་པོ་བྱུང༌། དམག་དོན་དང་སྲིད་དོན་ཐོག་བྱས་རྗེས་ཆེ་བའི་བློན་པོ་རྣམས་ལ་གཟེངས་བསྟོད་ཀྱི་བཀའ་གཙིགས་དང༌། གོ་གནས། སྡེ་མི་སེར་གྱི་བྱ་དགའ་བཅས་གང་འོས་གནང་སྟེ་མིག་དཔེ་བཟང་པོ་འཇོག་གནང་མཛད་པ་བཅས་མཛད་རྗེས་རྨད་དུ་བྱུང་བ་དང༌། ཁོང་གི་མཆིམས་བཟའ་ལྷ་མོ་བཙུན་དང༌། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་བྱང་ཆུབ་སྒྲོན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཤིང་རིགས་སྲས་མུ་ཁྲི་བཙན་པོ་སོགས་སྐུ་འཁྲུངས།

        ཁོང་གི་བློན་པོ་གྲགས་ཆེ་བ་ནི་སྣང་བཞེར་ཟླ་བཙན་དང༌། མཆིམས་རྒྱལ་གཟིགས་ཤུ་ཏིང༌། བློན་སྐྱེས་བཟང་རྒྱལ་ཀཽང༌། ཞང་སྟོང་བཙན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང༌། འགོས་ཁྲི་བཟང་ཡབ་ལྷག གཉེར་སྟག་བཙན་གདོང་གཟིགས། མ་ཞང་གྲོམ་པ་སྐྱེས་བཅས་དང༌། རྟེན་རབ་འབྱུང་ཡིན་པའི་བློན་པོ་བྲན་ཁ་དཔལ་ཡོན་དང༌། མྱང་ཏིང་འཛིན་བཟང་གཉིས་བཅས་བྱུང་ངོ༌།།

        གཞན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ན་དང༌། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་རྒན་པ་གསུམ་དང༌། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ལོ་ཙཱ་བ་གཞོན་པ་གསུམ་བཅས་ལོ་ཙྭ་བ་རབ་དགུར་གྲགས་པ་རྣམས་འདི་དུས་བྱུང༌། དེ་ལྟར་ཆོས་སྲིད་ཀྱི་ལས་དབང་གྲུབ་སྟེ། བོད་ལུགས་མེ་གླང་སྤྱི་ལོ་ ༧༩༧ ལོར་དགུང་ལོ་ལྔ་བཅུ་ང་ལྔ་པར་རྒྱལ་སྲིད་སྲས་མུ་ནེ་བཙན་པོར་གཏད། རྗེས་ལོ་ས་སྟག་སྤྱི་ལོ་ ༧༩༨ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཤིང༌། བང་སོ་མུ་ར་རི་ལ་བརྩིགས་ཤིང་མདུན་དུ་རྡོ་རིང་ཡི་གེ་ཅན་ཞིག་བཙུགས་སོ།།

   ༣༩༽ དྲི་བ། ཁྲི་སྲོང་ལྡེའུ་བཙན་གྱིས་མཐའ་བཞི་དབང་དུ་བསྒྱུར་ཏེ་ཆབ་སྲིད་མངའ་ཐང་དར་ཚུལ་དང༌། ནང་ཆོས་དར་སྤེལ་མཛད་ཚུལ་ཇི་ལྟར་ཡིན།

       ལན། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྲགས་པའི་བཙན་པོ་འདིས་རང་ལ་གློ་ཉེ་བའི་བློན་པོ་རྣམས་ལ་བརྟེན་ནས་ཙོང་ཁ་ཆེ་ཆུང་དང༌། ཀ་ཆུ། ཟོང་ཆུ་སོགས་ལ་བོད་དམག་དྲངས་ཏེ་མཁར་བཙན་མང་པོ་ཕབ།  ཁྱད་པར་དུ་བོད་ཆུ་ཡོས་སྤྱི་ལོ་ ༧༦༣ ལོར་བློན་ཞང་རྒྱལ་གཟིགས་དང་དམག་དཔོན་སྟག་སྒྲ་ཀླུ་ཁོང༌། ཞང་སྟོང་བཙན་སོགས་ཀྱིས་དམག་འབུམ་ཕྲག་ཙམ་ཁྲིད་དེ་ཐང་གི་རྒྱལ་ས་ཁྲང་ཨན་བླངས་ཤིང༌། ཐང་ཏེའི་ཙུང་དང་བློན་ཆེན་ཀོ་ཛུ་ཀི་འཁོར་བཅས་ཧྲན་ཀྲུའུ་ས་གནས་སུ་བྲོས། བོད་དམག་གིས་གྱིམ་ཤིང་ཀོང་ཇོའི་ཚ་བོ་ལི་ཁྲིན་ཧུང་ཟེར་བ་གོང་མའི་ཁྲིར་བསྐོས་པ་དང༌། རྒྱ་ནག་གིས་ལོ་ལྟར་བོད་ལ་དཔྱ་ཁྲལ་འབུལ་རྒྱུའི་ཆོད་ཡིག་བཞག་པར་མཛད།

        འོན་ཀྱང༌། བོད་དམག་རྣམས་ཀྱིས་ཚ་བ་མ་ཐེག་པས་ཉིན་བཅོ་ལྔ་ཙམ་ལས་མ་འདས་པར་ཕྱིར་འཐེན་བྱས། ཁྲི་སྲོང་ལྡེའུ་བཙན་གྱིས་ཐེངས་དེའི་བོད་བློན་བྱས་རྗེས་ཅན་ཚོར་གཟེངས་བསྟོད་དང་བྱ་དགའ་གནང༌། གཞན་རྨ་ཆུའི་བྱང་ཕྱོགས་སུ་རྐྱེན་པོ་མི་དགུ་སྟེ། དམག་དཔོན་སྟོབས་ལྡན་དགུ་སོགས་དམག་དང་བཅས་པ་མངགས་ནས་ཡུལ་དེའི་དགྲ་ཟླ་ཆམ་ལ་ཕབ་ནས་ཡུལ་གྲུ་དེ་བརྟན་པོར་བསྲུང་དུ་བཅུག ལོ་མང་འགོར་རྗེས་དམག་དཔོན་ཚོས་ས་མཚམས་ནས་ཕྱིར་ལོག་ཆོག་མིན་གྱི་ཞུ་སྙན་ཕུལ་བར་རྒྱལ་པོས་བཀའ་མ་བྱུང་བར་ཕྱིར་མ་ལོག་ཅིག ཅེས་བཀའ་ཕབ་པར་བངརྟེན་ཕྱིས་སུ་ཁོ་ཚོའི་མིང་ལ་བཀའ་མ་ལོག་ཅེས་མིང་ཐོགས། དཔའ་རིས་དང་མདོ་སྨད་ཀྱི་མི་རྒྱུད་མང་པོ་ཞིག་དེ་ལས་མཆེད་པར་གྲགས་སོ།།

        གཞན་ཡང་རྒྱ་གར་ནས་སངས་རྒྱས་ཀྱི་རིང་བསྲེལ་འདྲེན་ཕྱིར། འགོས་ཀྱི་དམག་དཔོན་བྱས་ཏེ་རྟ་དམག་འབུམ་ཚོ་ཁ་ཤས་སོང་ནས་མཁར་ཆེ་ཆུང་དུ་མ་ཞིག་དབང་དུ་བསྡུས་ཤིང༌། མ་ག་དྷའི་རྒྱལ་པོས་ལོ་ལྟར་དཔྱ་དང་སྐྱེས་འབུལ་བར་ཁས་བླངས། ཆུ་མོ་གངྒཱའི་འགྲམ་དུ་རྒྱ་བོད་ཀྱི་ས་མཚམས་ཕྱེ་ནས་རྡོ་རིང་བཙུགས་ཤིང་བརྟན་སྲུང་བྱེད་པའི་དམག་དཔོན་བཞག དུས་དེར་བཙན་པོའི་མངའ་ཐང་དར་བའི་བ་དན་སྲིད་པའི་རྩེ་མོར་སོན་ཞིང་རྒྱལ་ཁབ་ཀྱི་ས་ཁྱོན་ཡངས་པོ་སྔར་ལས་ཆེས་ཆེར་བསྐྱེད་པས་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བསྔགས་པའང་དོན་ལ་གནས་པར་སྙམ་མོ།།

        བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནར་མ་སོན་པའི་དུས་སུ་བློན་པོ་མ་ཞང་ཁྲོམ་པ་སྐྱེས་དང༌། སྟག་སྒྲ་ཀླུ་ཁོང་སོགས་ཆོས་ལ་མི་དགའ་བ་ཚོས་ཆོས་བྱར་མི་གནང་བའི་ཁྲིམས་བཅོས་ནས། ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་བྱེ་དོང་དུ་སྦས་པ་སོགས་བྱས། ཕྱིས་སུ་བཙན་པོ་སྐུ་ནར་སོན་པ་ན་ཆོས་ལ་དགའ་བའི་བློན་པོ་འགོས་ཁྲི་བཟང་དང་ཞང་ཉ་བཟང་སོགས་གྲོགས་སུ་སྦྲན་ནས། ཐབས་མཁས་ཀྱིས་མ་ཞང་ཁྲོམ་པ་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོར་བཅུག སྟག་སྒྲ་ཀླུ་ཁོང་བྱང་ལ་སྤྱུགས། དེ་ནས་ཆོས་བྱ་བའི་བཀའ་གནང་ནས་ཐོག་མར་མང་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟར་དྲངས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས། སྦ་གསལ་མངགས་ཏེ་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཤིང༌། དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་སོགས་ཀྱི་ཆོས་གསུངས་རྗེས་ཆོས་ལ་མི་དགའ་བའི་བོད་ཀྱི་ལྷ་སྲིན་མ་རུང་པས་རྐྱེན་ངན་བཟོས་ཏེ་ལོ་ཉེས་བྱུང་བར་བརྟེན་མཁན་ཆེན་སླར་བལ་ཡུལ་དུ་སྤྱུགས་པའི་ཚུལ་དུ་ལོག་དགོས་བྱུང་ངོ༌།།

        རྗེས་སུ་བཙན་པོས་མཁན་ཆེན་གྱི་ཞལ་བཀོད་ལྟར་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས། སློབ་དཔོན་གྱིས་བོད་ཀྱི་ཀླུ་གདུག་པ་ཅན་རྣམས་མཐུ་སྔགས་ཀྱིས་བཏུལ་རྗེས་མཁན་ཆེན་ཞི་འཚོ་སླར་བོད་དུ་གདན་དྲངས་ཞེས་གྲགས། བཙན་པོས་མཁན་སློབ་ལས་ཆོས་གསན་ནས་བསྒྲུབ་པར་བློ་ཁ་ཕྱོགས་པ་ན། བོན་པོ་རྣམས་མ་དགའ་བས་བན་བོན་རྩོད་དུ་བཅུག་པར་བོན་ཕམ་སྟེ་ཕྱིས་སུ་བོན་བྱ་མི་ཆོག་པའི་བཀའ་བསྒྲགས་ཏེ་ནང་ཆོས་ལ་ཁྲིམས་མཐུན་གྱི་གོ་ས་ཐོབ་པར་བྱས། གཞན་ཡང་བོད་ཤིང་འབྲུག་སྤྱི་ལོ་ ༧༦༤ ལོར་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཤིང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ས་དཔྱད་མཛད་པ་བཞིན་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང་ནས་འོག་ཁང་བོད་ལུགས་དང༌། བར་ཁང་རྒྱ་ནག སྟེང་ཁང་རྒྱ་གར་ལུགས་སུ་བཞེངས་བཀོད་ཡོངས་སུ་གྲུབ་པས་རྒྱལ་བློན་འབངས་གསུམ་གྱིས་མཁན་སློབ་རྣམ་གཉིས་ལ་ཕྱག་རྟེན་ཕུལ། དགའ་སྟོན་གཟབ་རྒྱས་བཤམས་ཏེ་མི་རེས་གླུ་རེ་བླངས། རྟ་རེས་བང་རེ་འགྲན། བྱ་རེས་སྐད་རེ་བཏོན་ཞེས་གྲགས་སོ།།

       ༤༠༽ དྲི་བ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སད་མི་བདུན་ཞེས་བོད་དུ་རབ་ཏུ་བྱུང་བའི་སྡེ་ཐོག་མར་བཙུགས་ཚུལ་ཇི་ལྟར་ཡིན་ནམ།

       ལན། དེ་ནས་བཙན་པོའི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པར་གཟིགས་ཏེ། རྒྱ་གར་དུ་ལང་གྲོ་སྣང་བཞེར་སོགས་མངགས་ནས་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང༌། ཤིང་འབྲུག་སྤྱི་ལོ་ ༧༦༤ ལོར་བོད་ཀྱི་ནང་ནས་སྦ་གསལ་སྣང་དང༌། སྦ་ཁྲི་བཞེར། པ་གོར་བཻ་རོ་ཙྭ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག གཙང་ལེགས་གྲུབ་སྟེ་སད་མི་བདུན་རབ་བྱུང་གི་བསླབ་སྡོམ་སྲུང་ནུས་མིན་ཚོད་ལྟའི་ཕྱིར་དུ་མཁན་པོ་ལས་རབ་ཏུ་བྱུང་རྗེས་སྡོམ་ཁྲིམས་ཚུལ་བཞིན་དུ་སྲུང་ནུས་པ་བྱུང༌། དེ་ནས་བཟུང་བོད་ལ་རབ་ཏུ་བྱུང་བའི་སྲོལ་དར་རོ།།

        དེ་མཚུངས་རྒྱལ་པོའི་ཐུགས་བཀོད་བཙུན་མོ་སྲིད་མ་ཟིན་པ་དང་ཞང་བློན་གྱི་བུ་དད་པ་ཅན་རྣམས་ལ་རྒྱལ་པོས་འཚོ་བ་བླངས་ནས་སྦྱར་ཏེ་རབ་ཏུ་བྱུང་ཞིང་རྒྱ་དཀར་ནག་ལ་སློབ་སྦྱོང་དུ་མངགས། ཆབས་ཅིག རྒྱ་དཀར་ནག་ཟུང་ནས་ལོ་པཎ་མང་པོ་བོད་ལ་གདན་དྲངས། བོད་ཀྱི་ལོ་ཆེན་སྐ་ཅོག་ཞང་གསུམ་སོགས་ཀྱིས་བསམ་ཡས་སྒྲ་བསྒྱུར་ལོ་ཙཱའི་གླིང་ནས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་མང་པོ་བོད་དུ་བསྒྱུར། དུས་དེར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཐོག་མར་རང་གི་ཡབ་དང་མཁས་པ་དུ་མའི་དྲུང་ནས་གསན་བསམ་རྒྱ་ཆེར་མཛད། དེ་ནས་རྒྱ་དཀར་ནག་དང་བལ་པོ་སོགས་ལ་ཕེབས་ནས། གསོ་རིག་མཁས་ཅན་མང་པོའི་ཞབས་ལ་གཏུགས་ཏེ་མཁས་པར་སྦྱངས་པས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བླ་སྨན་དུ་བཀུར། ཁོང་གིས་བོད་རང་ལ་སྔར་ཡོད་ཀྱི་གཏར་བསྲེག་བྱུག་གསུམ་སོགས་གཞི་མཛད་དེ་སྒོ་ཀུན་ནས་དཔྱད་ཞིབ་མཛད་མཐར་ཆ་ལག་ཚང་བའི་སྨན་གཞུང་རྒྱུད་བཞི་བརྩམས། ཀོང་པོ་སྨན་ལུང་ཞེས་སྨན་སློབ་པའི་དགོན་པ་བཏབ་ནས་གསོ་རིག་རྒྱ་ཆེར་སྤེལ། འདི་སྐབས་བོད་ཀྱི་སྨན་པ་མཁས་དགུར་གྲགས་པ་གཡུ་ཐོག་ཡོན་ཏན་མགོན་པོ་དང༌། བི་བྱི་ལེགས་མགོན། འུག་པ་ཆོས་བཟང༌། ཆེ་ཆེར་ཞིག་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང༌། གཉག་པ་ཆོས་བཟང༌། སྟོན་སྨན་གྲགས་རྒྱལ། མཐའ་བཞི་དོར་བོ་བཅས་ཀྱང་བྱུང་ངོ༌།།

        ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མགོས་ཁྲི་བཟང་ཡབ་ལྷག་གིས་བསད་པ་སྟོང་གི་ཞལ་ལྕེ་དང༌། རྨས་པ་ཁྲག་གི་ཞལ་ལྕེ་ཞེས་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་སྐབས་ཕན་ཚུན་ཁ་གཏད་གཉིས་ཕྱོགས་ནས་ཕུལ་བའི་ཞུ་བ་ལས་གཞིར་བཟུང་ནས་བདེན་རྫུན་བརྟག་དཔྱད་བྱ་ཐབས་ཀྱི་བྱང་བུ་རིགས་དགུར་བཟོས་ཏེ་གསོས་ཐང་དང༌། དགུང་བློན་ཆེན་པོ་ནས་འབངས་ཀྱི་བར་རིམ་པ་མཐོ་དམའ་དང་བསྟུན་ནས་བྱང་བུ་ཆ་དགུར་གྲགས་པའི་དོན་ཚན་བཅོ་བརྒྱད་ཐོག་མར་གཏན་ལ་ཕབ་པས། བོད་ཀྱི་མཛངས་བློན་དྲུག་པར་བཞག་པ་དང༌། བློན་པོ་སྟག་བཙན་གདོང་གཟིགས་ཀྱིས་འབངས་མི་ཁྱིམ་རེས་རྟ་དང༌། མཛོ་རེ། བ་རེ། གླང་རེ་བཅས་གསོ་དགོས་པ་དང༌། དབྱར་ཁ་རྩྭ་མང་པོ་བརྔས་ཏེ་དགུན་རྩྭ་གསོག་འཇོག་བྱ་དགོས་པར་གཏན་འབེབས་བྱས་པས་འཕྲུལ་བློན་མཛངས་མི་བདུན་གྱི་བདུན་པར་བཞག་པ་ཡིན་ལ། མཛད་རྗེས་འདི་དག་གིས་བོད་ཀྱི་ཁྲིམས་ལུགས་དང༌། སྐད་ཡིག་ཚོང་ལས། ཞིང་འབྲོག་ཐོན་སྐྱེད་བཅས་ལ་ཕན་ནུས་ཆེན་པོ་ཐོན་ཡོད་དོ།།

       ༤༡༽ དྲི་བ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་གཉིས་པ་བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོའི་ལོ་རྒྱུས་དང༌། ཁོང་གི་མཛད་རྗེས་ཇི་ལྟར་ཡིན་ནམ།

       ལན། བོད་ཀྱི་གདུང་རབས་སོ་དགུ་པ་མུ་ནེ་བཙན་པོ་ནི་ཡབ་ཁྲི་སྲོང་ལྡེའུ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ལ་སྲས་བཞི་འཁྲུངས་པའི་དང་པོ་མུ་ཁྲི་སྲོང་པོ་ཡིན་ཡང་སྐུ་ཆུང་དུས་སུ་འདས་པས་བང་སོ་མེད་སྐད། གཉིས་པ་མུ་ནེ་བཙན་པོ་ཆུ་སྟག་སྤྱི་ལོ་ ༨༢༢ ལོར་བྲག་དམར་དུ་འཁྲུངས། གསུམ་པ་མུ་ཏིག་བཙན་པོ་ཆུ་ཡོས་སྤྱི་ལོ་་༨༢༣ ལོར་འཁྲུངས། བཞི་པ་ཁྲི་ལྡེ་སྲོང་བཙན་ཤིང་འབྲུག་སྤྱི་ལོ་ ༨༢༤ ལོར་འཁྲུངས། དེ་ནས་མུ་ནེ་བཙན་པོས་རུ་ཡོང་བཟའ་མདོ་རྒྱལ་དང་ཡབ་ཀྱིས་གནང་བའི་ཕོ་ཡོང་བཟའ་གཉིས་ཁབ་ཏུ་བཞེས་ཀྱང་རིགས་སྲས་ཀྱི་མྱུ་གུ་མ་བྱུང༌། དགུང་ལོ་ཉེར་གསུམ་སྟེ་ཤིང་གླང་སྤྱི་ལོ་ ༧༨༥ ལོར་ཁྲིར་མངའ་གསོལ་ཞིང༌། ཡབ་མེས་ཀྱི་རྗེས་སུ་འབྲངས་ནས་བསྟན་པ་ལ་གུས་པར་མཛད་དོ།།

        ལྷག་པར་མངའ་འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་མི་རིང་བར་སྔར་བཞིན་གྱུར། འཛམ་གླིང་ནང་ས་ཞིང་བཅོས་སྒྱུར་བྱེད་མཁན་སྔ་ཤོས་བོད་ཡིན་པར་གྲགས། ལྷ་སར་འདུལ་བའི་མཆོད་པ་དང༌། ཁྲ་འབྲུག་ཏུ་མངོན་པའི་མཆོད་པ། བསམ་ཡས་སུ་མདོ་སྡེ་དང་བྱང་ཆུབ་ཀྱི་མཆོད་པ་བཅས་སྡེ་སྣོད་གསུམ་གྱི་མཆོད་པ་ཆེན་པོ་བཞིའི་སྲོལ་བཟང་བཙུགས་ཤིང༌། གཞན་ཡང་རྒྱལ་པོ་འདིའི་སྐུ་རིང་ལ་ཡི་གེའི་མཁན་པོ་ཚེ་སྤོངས་བྱང་ཆུབ་ཅེས་བྱ་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་དེ་ཁམས་ཡིག་ཏུ་གྲགས་སོ།།

        བཙན་པོ་འདིས་རྒྱལ་སྲིད་ལོ་བདུན་དང་ཟླ་བ་དགུ་ ༼ལོ་གཅིག་དང་ཟླ་བ་བདུན་ནམ། ལོ་བཅུ་བདུན་སོགས་བཞེད་ཚུལ་མི་འདྲ་བ་མང༌།༽ བསྐྱངས་པ་ན། དབུལ་ཕྱུག་སྙོམས་པའི་འཕྲིན་ལས་དེ་བློན་ཆེན་འགའི་བློར་མ་བབས་པ་དང༌། ཁོང་གི་ཕོ་ཡོང་བཟའ་ལ་བྱམས་པར་མཛད་པ་སོགས་ཀྱི་རྐྱེན་ལས་ཡུམ་མེ་ཏོག་སྒྲོན་ཐུགས་ཁྲོས་ནས་དུག་ཟས་དྲངས་པས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྐུ་གཤེགས། འདི་ཉིད་ཀྱི་བང་སོ་མུ་ར་རི་ལ་བརྩིགས་ཤིང༌། ཨག་ཚོམ་བང་སོའི་གཡས་ན་ཡོད་ལ། མིང་ལ་ལྷ་རི་ལྡེམ་པོ་ཟེར་སྐད་དོ།།

        དེ་ནས་སྔར་སྲོལ་ལྟར་ན་བཙན་པོའི་སྲས་གསུམ་པ་མུ་ཏིག་བཙན་པོ་སྲིད་དུ་བསྐོ་དགོས་ཀྱང་ཁོས་སྔར་ཡབ་ཀྱི་དུས་སུ་རྒྱལ་བློན་བཀའ་གྲོས་གནང་སར་བྱོན་པས་བློན་པོ་ཞང་སྣ་ནམ་གྱི་བུ་དབུ་རིང་གིས་བཀག་པར་སྲས་ཀྱིས་ཆུ་གྲི་བསྣུན་ཏེ་ཞང་གི་བུ་དབུ་རིང་བསད། དེའི་ཉེས་པར་བློན་པོ་མགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་སྡུག་གསུམ་བཅད་པའི་དོན་བཞིན་ལྷོ་བྲག་གམ་བྱང་དུ་ ༼མོན་ལ།༽ སྤྱུགས། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་བྱང་ནས་གདན་དྲངས་ཏེ་རྒྱལ་སར་བསྐོ་བར་བྱས་ཀྱང༌། ཞང་སྣ་ནམ་པས་སྔར་གྱི་ཤ་འཁོན་བཟུང་སྟེ་ལམ་བར་དུ་ཆིབས་དཀྲོགས་ཏེ་རྟ་ལས་ལྷུང་ནས་འདས་ཞེས་གྲགས། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང༌། མིང་ནི་ཀྱ་རི་ཀྱང་སྡེབས་ཞེས་ཟེར་སྐད་དོ།།

       ༤༢༽ དྲི་བ། ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བཞི་པ་བོད་རྒྱལ་བཞི་བཅུ་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་དང༌། མཛད་རྗེས་ཇི་ལྟར་ཡིན་ནམ།

        ལན། བོད་རྒྱལ་གདུང་རབས་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ ༼ལྡེང་ཁྲི།༽ ནི་ཡབ་ཁྲི་སྲོང་ལྡེའུ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་བཞི་པ་ཡིན་ལ། བཙན་པོ་འདི་ཉིད་བོད་ཤིང་འབྲུག་སྤྱི་ལོ་ ༧༦༤ ལོར་འཁྲུངས། སྐབས་དེའི་བློན་པོ་རྣམས་ཀྱིས་དང་པོར་བཙན་པོ་ཐ་ཆུང་འདིས་རྒྱལ་པོ་འོང་མི་འོང་མི་ཤེས། ཁོང་ལ་ཉམས་སད་ཅིག་བྱས་ན་ལེགས་ཞེས་བགྲོས་ཏེ་ཉམས་སད་བྱས་པ་ན་བཙན་པོ་ཉིད་མི་ཆེན་གྱི་ཚུལ་དུ་འགྱིང་བག་ཏུ་བཞུགས་པ་མཐོང་ནས། བློན་པོ་རྣམས་ཀྱིས་ཁོང་ལ་སད་ན་ལེགས་མཇིང་ཡོན་ཞེས་བཏགས་པ་ཡིན་ཟེར། དེས་བཙན་པོ་འདི་ལ་མཚན་གྱི་རྣམ་གྲངས་མང་དུ་ཡོད་པ་སྟེ། སློབ་དཔོན་ཆེན་པོ་པདྨས་མཚན་གསོལ་བ་མུ་ཏིག་བཙན་པོ་དང༌། ཡབ་རྒྱལ་པོས་མཚན་གསོལ་བ་ཁྲི་ལྡེ་སྲོང་བཙན། བློན་པོ་རྣམས་ཀྱིས་མཚན་གསོལ་བ་སད་ན་ལེགས་མཇིང་ཡོན་ཞེས་མཚན་གསོལ་ཞིང་ཕྱི་ལོ་ ༨༠༤ ལོར་མི་འཇིགས་གདོང་ལྔའི་ཁྲིར་བཞུགས་སོ།།

        ཁོང་གིས་བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་རྒྱལ་གསུམ་ཁབ་ཏུ་བཞེས་ཤིང་རིགས་སྲས་ལྔ་ཙམ་འཁྲུངས། མཁས་པ་བྲན་ཁ་དཔལ་ཡོན། ༼རབ་ཏུ་བྱུང་བས་བློན་པོ་མཛད་པ་ཐོག་མ་ཡིན་པར་གྲགས།༽ དང༌། བནྡེ་ཏིང་ངེ་འཛིན། ཞང་མདོ་ཁྲི་ཤེར། ངན་ལམ་ཁྲི་རྒྱལ་བཞི་བློན་པོར་བརྟེན་ནས་རྒྱལ་སྲིད་ལོ་བཅུ་གཅིག་བསྐྱངས་པར་མཛད་དོ།།

        ཁོང་གི་མཛད་རྗེས་གཙོ་བོ་ནི། ༡ བློན་པོ་བན་དེ་ཏིང་འཛིན་ལ་སོགས་པའི་བློན་པོར་སྐོར་ཞིག་ལ་བརྟེན་ནས་སྲིད་དབང་ཁ་བྲལ་གཏོང་བའི་བློན་ངན་རྣམས་ཕམ་པར་མཛད་ཅིང༌། སྔོན་བྱོན་བཙན་པོ་རྣམས་ཀྱི་མཛད་འཕྲིན་གྱི་རྒྱུན་བཟང་བསྐྱངས་པར་བོད་ཁམས་སྔོན་ལས་གཅིག་གྱུར་བྱུང༌། ༢ ཡབ་མེས་ཀྱི་གཙུག་ལག་ཁང་སྔར་ཡོད་རྣམས་ལ་ཉམས་གསོ་ལེགས་པར་མཛད་ཅིང༌། སྐྱིད་ཤོད་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་བཞེངས་མཛད། དམ་པའི་ཆོས་བོད་ཡིག་ཏུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་གཏན་ལ་ཕབ། སྒྱུར་གྲྭ་དང་འཆད་གྲྭ་བཙུགས་ནས་བོད་རང་གི་ཤེས་ཡོན་ཅན་གྱི་དཔུང་སྡེ་གསོ་སྐྱོང་མཛད།

         ༣ སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་དང༌། དབུ་རུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང༌། ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ ཁམས་ཀྱི་བྱམས་མདུན་བྲག་བརྐོས་ཡི་གེ འཕྱོངས་རྒྱས་བང་སོའི་རྡོ་རིང་སོགས་བཙན་པོ་རིམ་བྱོན་དང་རང་ཉིད་ཀྱི་སྲིད་དོན་གལ་ཆེའི་ལོ་རྒྱུས་འཁོད་པའི་རྡོ་རིང་ཁག་མང་དུ་བཙུགས་སྟེ་ཕྱི་རབས་རྣམས་ཀྱི་དཔངས་རྟགས་སུ་འཇོག་གནང་མཛད། ༤ རྒྱ་གར་དང་བོད་ཀྱི་ལོ་ཙཱ་བ་དུ་མ་ཞིག་ཕོ་བྲང་འོན་ཅིང་མདོ་ལ་བསྡུས་ཏེ༑ སྔོན་མ་བསྒྱུར་བའི་བསྟན་བཅོས་མང་པོ་བསྒྱུར། བསྒྱུར་ཡིག་ལ་བྱཱ་ཀ་ར་ཎའི་གཞུང་ལུགས་དང་མཐུན་དགོས་པ་དང༌། ཆོས་ཀྱི་གཞུང་ལས་བྱུང་བའི་རྩ་བའི་བརྗོད་དོན་དང་འགལ་མི་ཆོག་པ། བོད་མི་ཡོངས་ཀྱིས་གོ་བདེ་ཡིན་དགོས་པའི་རྩ་དོན་གསུམ་དང༌། དོན་སྒྱུར་དང༌། སྒྲ་སྒྱུར། ཐད་སྒྱུར་གྱི་སྒྱུར་ཐབས་དམ་པ་བཞི་གཏན་ལ་ཕབ། སྐད་གསར་བཅད་གཉིས་པར་གྲགས་པ་སྟེ་བོད་གི་ཡིག་བསྒྱུར་རྩ་འཛིན་གྱི་ཡིག་ཆ་བོད་ཀྱི་མིང་མཛོད་ཐོག་མ་༵༵བྱེ་བྲག་རྟོགས་བྱེད་ཀཀ དང༌། ༵༵སྒྲ་སྦྱོར་བམ་གཉིས་ཀཀ གཉིས་པོ་རྩོམ་སྒྲིག་མཛད་དེ་རིག་གནས་གོང་དུ་འཕེལ་བར་མཛད་རྗེས་ཆེན་པོ་བཞག

        ༥ སྲིད་དབང་བཟུང་རིང་རྒྱ་བོད་གཉིས་ཀྱི་མཛའ་མཐུན་ཡང་སྔར་ལས་ཇེ་བཟང་དུ་བཏང་སྟེ་རྒྱ་བོད་གཉིས་བར་འདུམ་འགྲིག་ཞི་ཆིངས་ཡོང་བའི་རྨང་གཞི་ཐོག་མར་བཏིང་གནང་མཛད་པ་བཅས་ཕྱག་རྗེས་བླ་ན་མེད་པ་ཞིག་འཇོག་གནང་མཛད་ཅིང༌། ཡབ་མེས་ཀྱི་མཛད་སྲོལ་བཟང་པོས་མངའ་འབངས་ཆོས་བཞིན་དུ་བསྐྱངས་ནས་བོད་ཁམས་བདེ་ལ་བཀོད། སངས་རྒྱས་བསྟན་པའི་ཞབས་ཏོག་རྒྱ་ཆེར་མཛད་བཞིན་དགུང་ལོ་ཉེར་གཅིག་བར་དུ་སྲིད་བསྐྱངས་ཏེ། མཐར་དགུང་གྲངས་སུམ་ཅུ་པ་མེ་བྱ་ལོ་སྟེ་སྤྱི་ལོ་ ༨༡༥ ལོར་སྒྲགས་ཀྱི་ཕུར་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་མདུན་དུ་བརྩིགས་ཞེས་གྲགས་སོ།།

   ༤༣༽ དྲི་བ། བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་གྱི་ལོ་རྒྱུས་དང༌། ཁོང་གིས་མཛད་རྗེས་གང་དག་བཞག་ཡོད་དམ།

       ལན། བོད་རྒྱལ་གདུང་རབས་ཞེ་གཅིག་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི་ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་དང༌། ཡུམ་བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ལ་སྲས་ལྔ་འཁྲུངས་ཏེ། ལྷ་སྲས་གཙང་མ་དང༌། ཁྲི་དར་མ་ཨུ་དུམ་བཙན་པོ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན། ལྷ་རྗེ། ལྷུན་གྲུབ་བཅས་ལས་ཆེ་བ་གཙང་མ་རབ་ཏུ་བྱུང་བས་བོད་ཀྱི་བཙན་པོའི་གདུང་ལས་རབ་ཏུ་བྱུང་བའི་ཐོག་མ་ཡིན་ཞིང༌། ཆུང་བ་གཉིས་ནར་མ་སོན་པར་འདས་པས་བང་སོ་ཡང་མེད་སྐད་དོ།།

        དེ་ནས་ཁྲི་གཙུག་ལྡེ་བཙན་ནི་མེ་ཁྱི་སྤྱི་ལོ་ ༨༠༦ ལོར་འཁྲུངས། ཡབ་གཤེགས་པའི་ལོ་སྟེ་སྤྱི་ལོ་ ༨༡༧ ལོར་དགུང་ལོ་བཅུ་གཉིས་ཐོག་རྒྱལ་སྲིད་དུ་བསྐོས། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང༌། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ༑ ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་རིགས་སྲས་ནི་མ་འཁྲུངས་པར་གྲགས། བཀའ་བློན་བྲན་ཁ་དཔལ་ཡོན་གྱིས་མཛད་ནས་རྒྱལ་ཁམས་བསྐྱངས་པར་མཛད་དོ།།

        རྒྱ་བོད་གཉིས་ཀྱི་བར་ཞི་མཐུན་གྱི་རྡོ་རིང་བཙུགས། བོད་རྒྱ་གཉིས་མཛའ་མཐུན་གྱི་མོས་པ་བཞིན་བོད་རྒྱ་ས་མཚམས་གོང་གུ་རྨེ་རུར་རྡོ་རིང་བཙུགས་ནས་ཕན་ཚུན་དེ་ལས་བརྒལ་ཏེ་གཡུལ་བཤམས་པ་སོགས་མི་བྱ་བའི་དཔང་དུ་ཆིངས་ཚིག་རྡོ་རིང་ལ་བྲིས། ས་དེ་སྔོན་གྱི་ཀ་ཆུའི་མཆོད་རྟེན་དཀར་པོ་ཡོད་ས་དེ་ཡིན་པར་གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་ལས་བྱུང༌། དེ་མུར་ལྕགས་གླང་སྤྱི་ལོ་ ༨༢༡ ལོར་བོད་ཀྱི་ཕོ་ཉ་བློན་ན་ལོད་སོགས་ཁྲང་ཨན་དུ་བསྐྱོད་དེ་ཁྲང་ཨན་གྱི་ནུབ་ངོས་རྒྱ་བོད་མནའ་མཐུན་གྱི་རྡོ་རིང་བཙུགས་ཤིང་མནའ་བོར་བ་དང༌། ཆུ་སྟག་སྤྱི་ལོ་ ༨༢༢ ལོར་ཐང་གི་ཕོ་ཉ་རྣམས་ལྷ་སར་འབྱོར་བས་བློན་ཆེན་བྲན་ཁ་དཔལ་ཡོན་སོགས་དཔོན་རིགས་བརྒྱ་ལྷག་དང་ཐང་གི་ཕོ་ཉ་རྣམས་དང་བཀའ་གྲོས་མཛད་ནས། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་དབོན་ཞང་རྡོ་རིང་བཙུགས་པས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་ཞེས་གྲགས་སོ།།

        ༵༵མཁས་པའི་དགའ་སྟོན་ཀཀ ལས། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧ་ཞང་རྣམས་ཀྱིས་དཔང་པོ་མཛད། རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་བོད་རྒྱའི་ས་མཚམས་བྱས་ཏེ་དེར་བོད་བཙན་པོའི་གཙུག་ལག་ཁང་ཞིག་དང༌། རྒྱ་རྗེའི་གཙུག་ལག་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་བཙན་པོ་དབོན་ཞང་ལས་མེད་དོ་བར་བགྲོས་ནས། ཆུ་སྟག་སྤྱི་ལོ་ ༨༢༢ ལོར་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། སོ་མཚམས་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲངས། གལ་ཏེ་དྲངས་ན་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་འགྱུར་ཅིག་ཅེས། བཙན་པོ་དབོན་ཞིང་གིས་བདེན་པ་བཙུགས་ཏེ་དམོད་བོར། བོད་རྒྱའི་ཕོ་བྲང་གི་མདུན། སོ་མཚམས་རྨེ་རུ་དང་གསུམ་དུ་རྡོ་རིང་རེ་རེ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གི་གཙིག་ཡིག་དང་བྲོ་ཚིག ངོས་ཆུང་བ་གཉིས་ལ་བོད་རྒྱའི་བློན་པོ་བཀའ་གཏོགས་པ་རྣམས་ཀྱི་གཙིགས་ཡིག་དང་བྲོ་ཚིག་བྲིས་ཏེ། དཀོན་མཆོག་གསུམ་ལྷ་ཀླུ་གཟའ་སྐར་སྐུ་ལྷ་ཐམས་ཅད་དཔང་དུ་བཙུགས་ཏེ་བཙན་པོ་དབོན་ཞང་གི་དབུ་སྙུང་མཛད་ཅེས་གསུངས་སོ།།

       ༤༤༽ དྲི་བ། ཁྲི་རལ་གྱི་བཀས་བཅད་རྣམ་གསུམ་མཛད་ཚུལ་དང༌། རབ་བྱུང་ལ་བསྙེན་བཀུར་ཞུ་ཚུལ། མཛད་རྗེས་གཙོ་བོ་གང་དག་ཡིན་ནམ།

       ལན། དེ་ཡང༌། ༵༵སྲིད་དོན་རྒྱལ་རབས་ཀཀ ལས། མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ། རྒྱ་གར་གྱི་པཌཎི་ཏ་ཤྲི་ལེནྟ་བྷོ་དྷི་དང༌། དཱ་ན་ཤི་ལ། ཛི་ན་མི་ཏྲ་ལ་སོགས་པ་བོད་དུ་གདན་དྲངས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། བནྡེ་ཡེ་ཤེས་སྡེ་ལ་སོགས་པས་ལོ་ཙཱ་བྱས་ཏེ་སྐྱིད་འཕན་གྱི་ཀ་བ་ན་མོ་ཆེར་ཡབ་མེས་ཀྱི་དུས་སུ་བསྒྱུར་ཟིན་པའི་ཆོས་ལ་དག་ཐེར་དང༌། སླད་འགྱུར་རྣམས་ལ་སྐད་གསར་བཅད་ཀྱི་སྲོལ་གཏན་ལ་ཕབ། བཀའ་བཅས་རྣམ་པ་གསུམ་དུ་མཛད་དོ།།

        དེ་ཡང་བོད་སྐད་ཚིག་གི་མ་ལྡེང་པ་རྣམས་ལ་མཧཱ་བྷོ་ཡ་པ་ཏི་ཞེས་པའི་ཚིག་མཛོད་གསར་དུ་བརྩམས། གསེར་དངུལ་དང༌། འབྲུ་རིགས་ལ་སོགས་པ་འདེགས་གཤོར་གྱི་དཔྱད་གཞི་བྲེ་དང༌། སྲང་རྣམས་རྒྱ་གར་དང་མཐུན་པར་བཟོས། ཆོས་ཀྱི་རྒྱལ་པོ་དང༌། ལོ་པཎ་བཀའ་དྲིན་ཅན་དེ་དག་གི་ཐུགས་རྗེས་མདོ་རྒྱུད་བསྟན་བཅོས་ཀྱི་ཚིག་དང༌། དོན་མ་ལུས་པ་མ་ནོར་བ༑ མ་ཆད་པ། མ་འཁྲུལ་བ། ཡང་དག་པ་འདི་ལྟ་བུ་ཕྱི་རབས་ཀྱི་གདུལ་བྱའི་བགོ་སྐལ་དུ་འཇོག་པར་མཛད་པའི་ཕྱག་རྗེས་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་ཟབ་མོ་རྗེས་སུ་དྲན་དགོས་པ་ནི་གནད་དམ་པ་ཡིན་ཞེས་པ་ལྟར་བཙན་པོ་འདིའི་སྐབས་ལོ་པཎ་བཀའ་དྲིན་དེ་དག་གིས་སྔར་བསྒྱུར་བའི་དམ་ཆོས་ཐམས་ཅད་དག་པར་བྱས་ཤིང༌། ཆོས་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས་པ་དང༌། ༡ བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་པའི་སྡེ་མི་འཛུགས་ཤིང་དེ་དག་གི་སྡེ་སྣོད་མི་བསྒྱུར། ༢ གསང་སྔགས་མ་རྒྱུད་རྣམས་བོད་དུ་མི་བསྒྱུར་བ། ༣ བྲེ་སྲང་སོགས་ཀྱི་འཇལ་ཚད་རྒྱ་གར་མ་གྷ་དྷའི་ཚད་གཞི་དང་གཅིག་གྱུར་བྱེད་དགོས་པ་བཅས་བཀས་བཅད་རྣམ་གསུམ་མཛད་པ་ཡིན་ནོ།།

        གཞན་ཡང་རྒྱལ་བའི་བསྟན་པར་བཀུར་སྟི་རིམ་གྲོ་དཔག་མེད་མཛད། རྒྱལ་པོའི་དབུ་རལ་གཡས་གཡོན་གྱི་དར་སྣེར་དགེ་འདུན་བཞུགས་སུ་གསོལ་ཏེ་བཀུར་བསྟི་མཛད། ཐུགས་དམ་དུ་འུ་ཤང་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པ་དང༌། ཐོས་བསམ་སྒོམ་གསུམ་གྱི་སྒོམ་གྲྭ། འཆད་རྩོད་རྩོམ་གསུམ་གྱི་བཤད་གྲྭ། མཁས་བཙུན་བཟང་གསུམ་གྱི་འདུལ་གྲྭ། ཆོས་སྡེ་སུམ་ཅུ་ཐམ་པར་དགེ་འདུན་གྱི་སྡེ་སོགས་བཙུགས་ནས་རབ་བྱུང་རེ་རེར་འབངས་ཁྱིམ་བདུན་རེ་མཆོད་གཞིས་སུ་ཕུལ་ཏེ་ཞབས་ཏོག་བླ་མེད་མཛད་དོ།།

        བཙན་པོ་འདིས་འབངས་ལ་རབ་བྱུང་རྣམས་ཤིན་ཏུ་བླ་ནས་བཀུར་དགོས་པ་སོགས་ཀྱི་ཁྲིམས་བཙན་པོ་བཅོས་པ་སོགས་ཀྱིས་བློན་དབས་སྟག་རྣ་དང་ཅོག་རོ་ལྷ་ལོད་སོགས་ཀྱིས་འགལ་བ་བེད་སྤྱད་ནས་བློན་པོ་བྲན་ཁ་དཔལ་ཡོན་དང་བཙུན་མོ་དཔལ་གྱི་ངང་ཚུལ། གཅེན་པོ་གཙང་མ་རྣམས་ཐབས་ཀྱིས་མེད་པར་བཏང་མཐར། བཙན་པོ་རལ་པ་ཅན་ལྕགས་བྱ་སྤྱི་ལོ་ ༨༤༡ ལོར་མལ་གྲོ་ཞམ་པའི་ཕོ་བྲང་དུ་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲིར་གཟིམས་པ་ནས་དབས་སྟག་རྣ་དང༌། ཅོག་རོ་ལྷ་ལོད་སོགས་ཀྱིས་མགུལ་ལྟག་རྒྱབ་ཏུ་གཅུས་ནས་བཀྲོངས།  བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང༌། མིང་ལ་ཁྲི་སྟེང་རྨང་རི་ཞེས་ཟེར་རོ།།

        མངའ་བདག་ཁྲི་རལ་པ་ཅན་གྱི་མཛད་རྗེས་གཙོ་བོ་ནི། བཙན་པོ་འདི་པའི་སྐུ་དུས་སུ་བོད་རང་གི་སྲིད་འབྱོར་རིག་གསུམ་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་ནས་ཁྲིམས་ཡིག་གསར་དུ་བཅོས་པ་དང༌། རྒྱ་བོད་དབར་གྱི་མཐུན་ལམ། ནང་པའི་བསྟན་པ་རྒྱ་ཆེར་སྤེལ། བྲེ་སྲང་ཞོ་སོགས་ལ་ལེགས་བཅོས་བཏང༌། ཆབ་འབངས་རྒྱ་ཆེ་སྟེ་སྔར་ཡབ་མེས་ཀྱི་སྐུ་རིང་ལ་མ་འདུས་པ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་གི་སོ་ལོན་ཤན་གྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་སོ་མཚམས་སྦ་སྟག་ཤ་དུང་གི་སྒོ་མོ་ལ་སླེབས། བྱང་ཧོར་གྱི་སོ་མཚམས་ཕྱེ་མ་སྒང་རིང་ཉ་རྨང་མའི་རྒྱབ་འདྲ་བར་གཏུགས་པ་སོགས་གནས་བབ་དེར་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། དམག་དོན་བཅས་ཕྱོགས་གང་ཐད་དབྱར་མཚོ་རྒྱས་པའི་དཔེ་བཞིན་གོང་དུ་འཕེལ་ཡོད་ཅེས་དེབ་ཐེར་ཀུན་གསལ་མེ་ལོང་དུ་འཁོད་པ་ལྟར་མདོར་བསྡུས་པའོ།།

       ༤༥༽ དྲི་བ། བཙན་པོ་ཁྲི་དར་མ་ཨུ་དུམ་བཙན་ནམ་གླང་དར་གྱི་ལོ་རྒྱུས་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྣུབས་ཚུལ་བཅས་ཇི་ཡིན་ནམ།

       ལན། བོད་རྒྱལ་གདུང་རབས་ཞེ་གཉིས་པ་བོད་ཆེན་པོའི་ཁྱོན་ལ་དབང་བསྒྱུར་བའི་བཙན་པོའི་རྒྱལ་རབས་ཀྱི་ཐ་མ་ཁྲི་དར་མ་འུ་དུམ་བཙན་ནམ་ཡོངས་གྲགས་སུ་གླང་དར་མར་གྲགས་པ་ནི་ཡབ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ཀྱི་སྲས་གཉིས་པ་ཡིན་ལ། བོད་ཤིང་ལུག་སྤྱི་ལོ་ ༨༡༥ ལོར་འཁྲུངས། བཙན་པོའི་གདུང་རབས་ཀྱི་ནང་ནས་ནག་ཆང་ལ་དགའ་ཞིང་གདུག་རྩུབ་ཆེ་ལ༑ སྤྱོད་པ་ངན་པའི་དཔེར་འོས་པ་ཞིག་ཡིན་པར་རྒྱལ་རབས་ལོ་རྒྱུས་ཕལ་མོ་ཆེའི་ནང་གསལ་བས་བཙན་པོ་འདི་ཐུགས་གཤིས་རྩུབ་ཅིང༌། བཟང་པོའི་སྤྱོད་པ་ལས་རྒྱབ་ཀྱིས་ཕྱོགས་པ། མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་རྒྱལ་པོ་ལ་གླང་ཞེས་དུད་འགྲོའི་མིང་དུ་འབོད་པ་དེ་ནས་བཟུང་གླང་དར་མར་གྲགས་པ་ཡིན་ནོ།།

        བཙུན་མོ་སྣ་ནམ་བཟའ་དང༌། ཚེ་སྤོང་བཟའ་བཙུན་མོ་ཕན་གཉིས་ཁབ་ཏུ་བསུས་ཏེ་སྣ་ནམ་བཟའ་ལ་སྲས་བཏགས་པ་བ་མངའ་བདག་ཡུམ་བརྟན་དང༌། ཚེ་སྤོང་བཟའ་ལ་རིགས་སྲས་དངོས་འོད་སྲུངས་འཁྲུངས། ལྕགས་བྱ་སྤྱི་ལོ་ ༨༤༡ ལོར་རལ་པ་ཅན་བཀྲོངས་རྗེས་ནག་ཕྱོགས་ལ་དགའ་བའི་བློན་པོ་རྣམས་བགྲོས་ཏེ་སྲས་དར་མ་རྒྱལ་པོའི་ཁྲིར་མངའ་གསོལ་ནས་ལོ་ངོ་དྲུག་རིང་རྒྱལ་སྲིད་བཟུང༌། སྦི་རྒྱལ་ཏོ་རེ་དང༌། སྦས་སྟག་རྣ་ཅན། ཉ་ནམ་རྒྱ་ཚ་ཁྲི་སྲུང་བཅས་ནང་བློན་དུ་བསྐོས་ནས་ཆབ་སྲིད་བསྐྱངས་སོ།།

        ༵༵དུང་དཀར་ཚིག་མཛོད་ཀཀ ལས། ཐོག་མར་ཟླ་དྲུག་རིང་སྔར་སྲོལ་ལྟར་ཚུལ་མཐུན་བྱས་ཏེ། འབྲི་ཡི་གཙུག་ལག་ཁང་དང༌། སྤོ་བྲོ་སྟག་ཁུག་གི་གཙུག་ལག་ཁང་སོགས་བཞེངས། དེ་ནས་རིང་པོར་མ་སོང་བར་རྒྱ་ནག་ནས་བོན་པོ་འགའ་ཞིག་གིས་བོད་ཀྱི་ཆབ་སྲིད་ཕུང་བའི་མཐུ་སྔགས་བྱས་པའི་དངོས་པོ་ཁག་གསུམ་རྒྱལ་པོ་དང༌། བཙུན་མོ། བློན་པོ་བཅས་ལ་ལག་རྟགས་སུ་བསྐུར་བ་འབྱོར་རྗེས་རྒྱལ་བློན་བཙུན་མོ་རྣམས་སེམས་འགྱུར་ནས་ཆོས་ཁྲིམས་བཤིག་པའི་ངན་གྲོས་བཤམས་ཞེས་འཁོད་པ་ལྟར་རོ།།

        ༵༵སྲིད་དོན་རྒྱལ་རབས་ཀཀ ལས། ལོ་གསུམ་བར་དཀར་ཕྱོགས་ཆོས་ལ་བརྣགས་པ་ཙམ་ལས། བློས་མི་འཁྱུད་པའི་གནོད་པ་ཆེ་བ་རང་མ་བྱུང་ཞིང༌། འོན་ཀྱང་ས་རྟ་ ༨༣༨ ལོ་ཙམ་ནས་རྒྱལ་པོའི་ཐུགས་ལ་གདོན་གསོལ་ཏེ་བློན་པོ་རྣམས་དང་བཅས་ཆོས་ཁྲིམས་བཤིག་པར་བགྲོས་ཏེ། ལྷ་ས་དང༌། བསམ་ཡས། ཁྲ་འབྲུག འུ་ཤང་སོགས་ཀྱི་སྐུ་རྟེན་ལ་ལ་ཆུར་སྐྱུར། ལ་ལ་བྱེ་འདམ་དུ་སྦས་ཤིང༌། ལ་ལ་ཁྲི་འོག་ཏུ་མནན། གསུང་རབ་འགའ་ཤས་ལྷ་སའི་བྲག་ལ་སྦས་ཤིང༌། ཕལ་ཆེ་བ་མེ་དང་ཆུ་ལ་སྦྱངས། ལྷ་ཁང་རྣམས་ཀྱི་སྒོར་ཞལ་བ་བྱས་ཏེ་བཙུན་པ་ཆང་འཐུང་བའི་རི་མོ་བྲིས། གཙུག་ལག་ཁང་དུ་བཤས་ར་བཟོས། བཙུན་པ་རབ་རྣམས་བསད། འབྲིང་རྣམས་ཕབ། མཐའ་མ་རྣམས་ལ་མདའ་དང༌། གཞུ་བསྐུར་ནས་ཁྱི་ར་བྱེད་དུ་བཅུག བན་དེ་ཉང་ཏིང་འཛིན་བཟང་པོ་དང༌། སྨྲ་རིན་ཆེན་མཆོག་གཉིས་འདུལ་ཁྲིམས་མ་བཏང་བས་བསད། རྒྱ་གར་ནས་གདན་དྲངས་པའི་པཌཎི་ཏ་ལ་ལ་སྤྱུགས། ལ་ལ་རང་ཡུལ་དུ་བསྐྲད། ལོ་ཙཱ་བ་ཕལ་ཆེར་ག་ཤེས་སུ་བྲོས། ཆོས་བསྒྱུར་འཕྲོ་རྣམས་དང༌། འུ་ཤང་རྡོར་རབ་གནས་མ་གྲུབ་པར་ལུས། ཐབས་དུ་མའི་སྒོ་ནས་རབ་ཏུ་བྱུང་བའི་རྟགས་མིང་ཙམ་ཡང་མེད་པར་བཟོས་ཏེ་སངས་རྒྱས་ཀྱི་བསྟན་པ་རྨང་ནས་བཤིག་པར་བརྩམས་ཞེས་གསུངས་པ་ལྟར་རྒྱལ་བསྟན་རིན་པོ་ཆེ་བསྣུབས་སྟབས་ལྷ་ལུང་དཔལ་གྱི་རྡོ་རྗེས་ཆུ་ཁྱི་སྤྱི་ལོ་ ༨༤༢ ལོར་བཀྲོངས། དེ་ནས་བཟུང་བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ནས་བོད་སྤྱི་ལ་དབང་བསྒྱུར་བའི་རིམ་པ་དེ་རྫོགས་པར་གྱུར་བས་བོད་ཁམས་གཅིག་གྱུར་གྱི་ལམ་ལུགས་འཐོར་ཞིག་ཏུ་སོང་རྗེས་དཔོན་མང་དུ་བྱུང་སྟེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མ་བྱུང་བས་སྨད་སིལ་ཆད་ཅེས་གྲགས་སོ།།

        དེ་ལྟར་གཉའ་ཁྲི་བཙན་པོ་ནས་འགོ་བརྩམས་ཏེ་འདི་ཡན་ལ་རྒྱལ་པོ་བཞི་བཅུ་ཞེ་གཉིས་སོང་ཞིང༌། བཙན་པོ་འདིའི་བང་སོ་འཕྲུལ་དང་རྒྱ་ཆེན་བར་བརྩིགས་པ་འཕྲོར་ལུས་སྐད་དོ།། 

ཕུན་སུམ་ཚོགས་པའི་བོན་རྒྱལ་རྣམ་བཞི་དང༌། །

སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང༌། །

ཤིན་ཏུ་སྐྱིད་པའི་གདུང་རབས་རྣམ་ལྔ་སོགས། །

སྔོན་གྱི་བཙན་པོའི་བཀའ་དྲིན་ཇི་ལྟར་གཞལ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།