བོད་ཁམས་སིལ་བུའི་དུས་སྐབས།

བཞི་པ། བོད་ཁམས་སིལ་བུའི་དུས་སྐབས།

སྤྱི་ལོ་ ༨༤༢ ནས་ ༡༢༥༣ བར་ལོ། ༤༡༡ 

       ༤༦༽ དྲི་བ། བཙན་པོ་གླང་དར་གྱི་སྲས་འོད་སྲུངས་དང༌། མངའ་བདག་ཡུམ་བརྟན་གཉིས་ཀྱི་ལོ་རྒྱུས་དང༌། ཡུམ་བརྟན་གྱི་རྒྱུད་པ་ཇི་ལྟར་ཡིན་ནམ།

       ལན། མངའ་བདག་འོད་སྲུངས་ནི་བཙན་པོ་ཁྲི་དར་མ་འུ་དུམ་བཙན་ནམ་གླང་དར་བཀྲོངས་ཏེ་ཟླ་ཤས་སོང་རྗེས་ཆུ་ཁྱི་སྤྱི་ལོ་ ༨༤༢ ལོར་འཁྲུངས། བཙུན་མོ་ཆུང་བ་ཚེ་སྤོང་བཟའ་ལ་སྲས་གཅིག་བྱུང་བ་བཙུན་མོ་ཆེན་མ་སྣ་ནམ་བཟས་ཕྲག་དོག་གིས་གསོད་དམ་འཕྲོག་པར་དོགས་ནས་ཉིན་མོ་མིས་བསྐོར་ཞིང་མཚན་མོ་འོད་དང་མ་བྲལ་བར་བསྲུངས་བས་མཚན་གནམ་ལྡེ་འོད་སྲུངས་ཞེས་ཐོགས། གནམ་ལྡེ་འོད་སྲུངས་སྐུ་ནར་མ་སོན་ཡང་རྒྱལ་སྲིད་ལ་དབང་བསྐུར་ཞིང༌། བློན་པོ་དགུ་ཁྲི་ཐོག་སྒྲ་དང༌། རྔོག་དཔལ་གསུམ་སྒྲ་ཆེ། རྔོག་རྒྱལ་ཏོ་རེ་རྒྱལ་རྣམས་ཀྱིས་མཛད་ཅིང་ཆོས་ལ་དཀར་བའི་བློན་པོ་རྣམས་ཀྱིས་བསྐུལ་ནས་རྒྱལ་པོ་འདིས་ཡབ་ཀྱིས་བསྟན་པ་བསྣུབས་པའི་བྱ་ངན་དེ་ཉིད་མཚམས་འཇོག་ཐུབ་ཅིང༌། རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་ཁས་བླངས་ནས་དཀོན་མཆོག་ལ་མཆོད་པ་བྱས། ཇོ་བོ་རྣམ་གཉིས་དང་བྱམས་མགོན་ས་འོག་ནས་བཏོན་ཏེ་རང་རང་གི་ཁྲི་ལ་བཞུགས་སུ་གསོལ་ནས་མཆོད་རྒྱུན་བཙུགས། ལྷ་ཁང་ཞིག་པ་རྣམས་སླར་གསོས། འོད་སྲུངས་ཀྱིས་ཅོག་རོ་བཟའ་རྒྱལ་མོ་ཁབ་ཏུ་བཞེས་པར་སྲས་དཔལ་འཁོར་བཙན་སྐུ་འཁྲུངས། མཐར་མངའ་བདག་འོད་སྲུངས་དགུང་ལོ་རེ་གསུམ་བོད་ཤིང་གླང་ ༼སྤྱི་ལོ་༩༠༥། ༩༦༥ བཞེད་ཚུལ་མི་གཅིག༽ ལོར་སྐུ་གཤེགས། འོད་སྲུངས་ཀྱི་བང་སོ་ནི། འོད་སྲུངས་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། །ཞེས་པ་ལྟར་དེ་ནི་བཙན་པོའི་བང་སོ་མཐའ་མ་དེ་ཡིན་ཞིང༌། དེ་ནས་བཟུང་བཙན་པོའི་བང་སོ་བརྩིགས་པའི་སྲོལ་ནུབ་པར་གྲགས། ཁྲི་ལྡེ་ཡུམ་བརྟན་ནི་ཡབ་འདས་པའི་རྗེས་སུ་ཆུ་ཁྱི་སྤྱི་ལོ་ ༤༨༢ ལོར་གཅེན་པོ་མངའ་བདག་འོད་སྲུངས་འཁྲུངས་རྗེས་སུ་སྐུ་བལྟམས་ཤིང༌། དེ་ཡང་དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་བྱིས་པ་མལ་འབྱར་ཞིག་བཙལ་ཏེ་ང་ལའང་རིགས་སྲས་འདི་མདངས་སྐྱེས་སོ་ཞེས་བློན་པོ་རྣམས་ལ་བསྟན་པས་བློན་པོ་རྣམས་ཀྱིས་མདངས་སྐྱེས་པའི་བྱིས་པ་ལ་སོ་གདའ། འོན་ཀྱང་ཡུམ་བཙུན་མོ་དབང་ཆེ་བས་སྨྲ་མ་ནུས་ཏེ། ཡུམ་གྱིས་ཇི་ལྟར་གསུངས་པ་བཞིན་བཀའ་བརྟན་དུ་ཆུགས་ཟེར་བས་མིང་ཡང་མངའ་བདག་ཡུམ་བརྟན་དུ་ཐོགས། བཙན་པོ་འདིས་སྤ་ཚབ་བཟའ་བཀྲ་ཤིས་མཚོ་ཁབ་ཏུ་བཞེས་པས་སྲས་ཁྲི་ལྡེ་ཉི་མ་མགོན་གཉེན་སྐུ་འཁྲུངས་ཤིང༌། མཐར་ཆུ་ཡོས་སྤྱི་ལོ་ ༨༨༢ ལོར་གཤེགས་སོ།།

        ཁྲི་ལྡེ་མགོན་གཉེན་ལ་སྲས་ཁྲི་ལྡེ་རིག་པ་མགོན་དང༌། ཉི་མ་མགོན་གཉིས་འཁྲུངས་ཤིང༌། ཁྲི་ལྡེ་རིག་པ་མགོན་གྱི་རྒྱུད་པ་ནི། ༵༵བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཀཀ ལས། རིག་པ་མགོན་ལ་སྲས་ལྡེ་བོ་དང༌། རྡོ་རྗེ་འབར་གཉིས་འཁྲུངས། ལྡེ་བོ་ལ་སྲས་ལྷ་བུག་ཅན་དང༌། ཐང་བྲག་པ་གཉིས་འཁྲུངས། རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། ཁྲི་དབང་ཕྱུག་བཙན་ལ་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན་འཁྲུངས། ཚ་ན་ལ་སྲས་མངའ་བདག་ཁྲི་པ་འཁྲུངས། འདི་ཡབ་སྲས་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དུས་སུ་དབུས་གཙང་གི་མི་བཅུས་མདོ་ཁམས་ནས་སྡོམ་རྒྱུན་བཞེས་ནས་བྱོན་ནོ།།

         ཁྲི་པ་ལ་སྲས་ཨ་ཙ་ར་དང༌། དགེ་སློང༌། བླ་མ་བོ་དྷི་རཱ་ཛ་གསུམ་འཁྲུངས། ཨ་ཙ་རའི་རྒྱུད་ཕྲེང་པོ་པ་དང༌། ལྕང་རྒྱབ་པ། གླག་པ་ལམ་པ། འབྲོང་པ། སྙེ་ཐང་པ། ལུམ་པ་བཙད་པོ་བཅས་སུ་གྲགས། དགེ་སློང་གི་རྒྱུད་པ་སྤེལ་བཞི་པ། བོ་དྷི་རཱ་ཛའི་རྒྱུད་པ་ཉགས་ལམ་པ། འབྲི་གུང་པ། འོན། དོ། ཆབ་ཐང༌། བསམ་ཡས་བཙད་པོ་སོགས་མང་དུ་འཕེལ། ཉི་མ་མགོན་ལ་སྲས་ཉི་འོད་དཔལ་མགོན་འཁྲུངས། དེའི་རྒྱུད་པ་ཀླུང་ཤོད་འཕན་ཡུལ་མདོ་སྟོད་ན་ཤིན་ཏུ་མང་ཞེས་གསུངས་པ་ལྟར་རོ།།

       ༤༧༽ དྲི་བ། འོད་སྲུངས་དང་ཡུམ་བརྟན་སྲིད་ལ་མ་འཆམ་པར་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས་ཏེ་བོད་སིལ་བུར་འཐོར་ཚུལ་ཇི་ལྟར་ཡིན།

       ལན། བཙན་པོའི་མཐའ་མ་གླང་དར་བཀྲོངས་རྗེས་སྲས་འོད་སྲུངས་དང་ཡུམ་བརྟན་གཉིས་སྲིད་ལ་མ་འཆམས་པར་བོད་ས་གླང་སྤྱི་ལོ་ ༨༦༩ ལོར་བོད་ཁམས་ཡོངས་སུ་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་བ་སྟེ། དེ་ཡང༌། ༵༵མཁས་པའི་དགའ་སྟོན་ཀཀ ལས། དང་པོ་དབས་ཁོ་བཞེར་ལེགས་བཙན་གྱིས་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་བྱས། དེ་ནས་དབུ་རུར་འབྲོ་སྦས་འཁྲུགས་པ་ལ་བརྟེན་ནས་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་ཁེང་ལོག དེ་ནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད། འབངས་ལ་རི་མགུལ་དུ་ཡུར་བ་ལས་སུ་བཅུག་པས། རི་འགུལ་ལས་མི་མགུལ་གཅོད་པ་སླ། ཞེས་སྨྲས་ཏེ་མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས་ཏེ་ཁེང་ལོག་ཞེས་གསུངས་པ་དང༌། ལྷག་པར་དུ་བོད་མེ་བྱ་སྤྱི་ལོ་ ༨༧༧ ལོར་འབངས་གྱེན་ལོག་ཤུགས་ཆེན་ལངས་ཏེ་བཙན་པོའི་བང་སོ་མང་ཆེ་བ་བཤིགས་པ་སོགས་བོད་སིལ་བུར་འཐོར་བས་ལོ་རྒྱུས་དེབ་ཐེར་མང་ཆེ་བའི་ནང་གླང་དར་ཕ་བུ་གསུམ་ལ་བསོད་ནམས་ཟད་པའི་རྒྱལ་པོ་གསུམ་ཤེས་གྲགས་སོ།།

        ༵༵སྲིད་དོན་རྒྱལ་རབས་ཀཀ ལས། སྲས་གཉིས་པོ་མངའ་རིས་ལ་མ་མཆམས་པར་རྩོད་དེ་འོད་སྲུང་གི་རྒྱུད་པས་སྟོད་དང༌། མངའ་རིས་ཕྱོགས་སུ་དབང་བསྒྱུར་ཞིང༌། ཡུམ་བརྟན་གྱི་རྒྱུད་པས་དབུས་ཕྱོགས་སུ་དབང་བསྒྱུར། འབངས་གྱེན་ལོག་ཅེས་འབངས་རྣམས་རྗེ་ལ་མ་གུས་པས་བང་སོ་བཤིག་པ་སོགས་བྱས་པའི་རྐྱེན་ལས་རྒྱལ་སྲིད་སིལ་བུར་གྱུར་ཏེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ལུང་པ་རེ་ལ་སྡེ་དཔོན་རེ་དང༌། སྡེ་དཔོན་རེ་རེས་རྫོང་བཙན་པོ་རེ་བརྩིགས་ཏེ་མངའ་འབངས་ཉུང་ཟད་རེ་ལ་དབང་བྱས་ཞེས་པ་ལྟར་འོད་སྲུངས་དང་ཡུམ་བརྟན་གཉིས་སྲིད་ལ་མ་མཆམས་པར་ཕྱོགས་སུ་གྱེས་ཏེ་དམག་འཁྲུག་ལོ་བཅུ་ལྷག་ལ་བྱས་མཐར། མཐར་འོད་སྲུངས་གི་ཕྱོགས་ཕམ་ནས་སྟོད་མངའ་རིས་སུ་བྲོས་ཏེ་གཡོ་རུ་བཟུང་བ་དང༌། ཡུམ་བརྟན་གྱིས་དབུ་རུ་བཟུང་སྟེ་དབུ་གཡོ་གཉིས་སུ་གྱེས་པ་དང༌། མདོ་ཁམས་སོགས་ཡུལ་གྲུ་གསུམ་ནས་སྔ་གཞུག་ཏུ་འབངས་གྱེན་ལོག་བྱུང་སྟབས། ས་གནས་སོ་སོའི་སྔོན་གྱི་མི་དྲག་དཔོན་རིག་ཚོས་ས་གནས་བཅད་བཟུང་བྱས་པ་དང༌། འོས་ལངས་འགོ་དཔོན་ཚོས་ཡུལ་ལུང་བཙན་བཟུང་བྱས་པ་སོགས་ཀྱི་རྣམ་པ་ཆེན་པོ་གསུམ་བྱུང་བའི་དུས་ཡུན་རིང་པོ་ཞིག་འདས་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་ཡོངས་ཀྱི་སྲིད་ཀྱི་བྱེད་པོར་བསྐོས་པ་ནས་དཔལ་ལྡན་ས་སྐྱ་བས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་བར་བོད་བཙན་པོའི་རྒྱལ་རྒྱུད་ནི་ཕྲེང་ཐག་ཆད་པ་བཞིན་དུ་གྱུར་ནས་རྒྱལ་ཕྲན་སིལ་མའམ་ས་གནས་བཅད་བཟུང་གི་རྣམ་པ་སྟེ། གཙང་སྟོད་ཀྱི་འབྲོ་དང་ཅོག་རོའི་རྗེ་དཔོན་གྱི་ཚན་པ་དང༌། སྙེ་མོའི་མྱང་དང་སྣང་གི་རྗེ་དཔོན་གྱི་ཚན་པ། མདོ་སྨད་ཙོང་ཁའི་ཡུལ་ཆེན་དབང་དུ་བཟུང་བའི་རྒྱས་སྲས་ཁྲི་ལྡེའི་གདུང་རྒྱུད་ཀྱི་ཚན་པ་དང༌། དཔའ་རིས་བོད་ལུང་དྲུག་སོགས་མང་དུ་བྱུང་ངོ༌།།

        དེ་ལྟར་བོད་ཀྱི་རྒྱལ་རབས་སིལ་བུར་འཐོར་རྗེས་སྐྱིད་ཤོད་མངའ་བདག་ཁྲི་ལྡེ་ཡུམ་བརྟན་དང༌། ཡར་ལུང་ཇོ་བོ་བཀྲ་ཤིས་བརྩེགས་པ་དཔལ། མངའ་རིས་མངའ་བདག་སྐྱིད་ལྡེ་ཉི་མ་མགོན། ཡ་རྩེ་རྒྱལ་པོ་བཙན་ཕྱུག་ལྡེ་བཅས་མངའ་བདག་དང༌། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་དང་བཙུན་མོ་ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་ཡུམ་ཅོག་རོ་བཟའ་མགོན་དཔལ་ལ་སྲས་དཔལ་ལྡེ་དང༌། འོད་ལྡེ། སྐྱིད་ལྡེ་བཅས་སྨད་ཀྱི་ལྡེ་གསུམ་རིམ་པར་འཁྲུངས། ཆུ་ཕོ་འབྲུག་ལོར་ཡབ་མཆེད་སོ་སོར་གྱེས་ནས་ལྡེ་གསུམ་པོ་གྲོམ་པ་ལྷ་རྩེར་གདན་ཕབ་སྟེ་གཙང་ཕྱོགས་ལ་མངའ་མཛད་པས་སྨད་ཀྱི་ལྡེ་གསུམ་དུ་གྲགས་སོ།།

       ༤༨༽ དྲི་བ། གླང་དར་གྱིས་བསྟན་པ་བསྣུབས་རྗེས་སླར་ཡང་བསྟན་པའི་མེ་རོ་སྟོད་སྨད་གཉིས་ནས་གསོས་པའི་ཚུལ་རྣམས་ཇི་ལྟར་ཡིན་ནམ།

       ལན། བསྟན་པའི་མེ་རོ་སྨད་ནས་གསོས་ཚུལ་ནི་བོད་ཤིང་སྟག་སྤྱི་ལོ་ ༨༩༤ ལོར་ཐོག་མར་མདོ་སྨད་ཀྱི་ཡུལ་ནས་བསྟན་པའི་མེ་རོ་བསླངས་པ་ལས་བསྟན་པ་ཕྱི་དར་འགོ་ཚུགས་ཏེ། བོད་ཀྱི་མཁས་པ་མི་གསུམ་སྟེ་གཡོ་དགེ་བའི་འབྱུང་གནས་དང༌། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་གྱིས་ཁྲི་དར་མས་དམ་ཆོས་བསྣུབས་དུས་འདུལ་བའི་གླེགས་བམ་དྲེལ་ཁལ་ཅིག་བསྣམས་ནས་མདོ་སྨད་རྨ་ལུང་རྡོ་རྗེ་བྲག་ཏན་ཏིག་ཏུ་བྱོན་ནོ།།

        བོད་ཤིང་སྟག་སྤྱི་ལོ་ ༨༩༤ ལོར་བླ་ཆེན་དགོངས་པ་རབ་གསལ་ཁོང་གསུམ་དང་མཇལ་ཏེ་རབ་བྱུང་བསྙེན་རྫོགས་ཆིག་རྫོགས་གནང༌། ཕྱིས་སུ་མཁན་སློབ་ཀྱི་སྡོམ་རྒྱུན་མ་ཆད་པའི་གཏམ་ཕྱོགས་མཚམས་སུ་ཁྱབ་སྟབས་དབུས་གཙང་གི་མཁས་པ་མི་བཅུར་གྲགས་པ། དབུས་ཀྱི་གླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། རྦ་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་བཅས་ལྔ་དང༌། གཙང་གི་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེངྒེ། བོ་དོང་བ་ཨུ་བ་དེ་དཀར་བ་སྟེ་གསུམ་དང༌། མངའ་རིས་པ་འོ་བརྒྱད་སྤུན་གཉིས་ཏེ་བཅུ་པོ་རྣམས་མདོ་སྨད་དུ་བྱོན་ནས་སྡོམ་རྒྱུན་བླངས་ཏེ་དབུས་གཙང་དུ་སླེབས་རྗེས། བསམ་ཡས་ཀྱི་བཙད་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་གྱི་སྲས་བཙད་པོ་ཁྲི་པས་བདག་རྐྱེན་མཛད་དེ། ཀླུ་མེས་ལ་སོགས་པས་དབུས་གཙང་ཁུལ་དུ་ལྷ་ཁང་བསམ་གྱིས་མི་ཁྱབ་པ་བརྩིགས་ཤིང༌། དགེ་འདུན་གྱི་སྡེ་བཙུགས་ནས་སངས་རྒྱས་ཀྱི་བསྟན་པ་སླར་དར་བར་མཛད་ཅིང༌། བསྟན་པའི་སྲོག་རྩ་ལེགས་པར་བཟུང་སྟེ་མེ་རོ་བསླངས་ནས་བོད་དུ་མུན་པའི་གླིང་དུ་སྒྲོན་མེ་འབར་བར་མཛད་པས་བསྟན་པའི་མེ་རོ་སྨད་ནས་གསོས་ཞེས་གྲགས་སོ།།

        བསྟན་པའི་མེ་རོ་སྟོད་མངའ་རིས་ནས་གསོས་ཚུལ་ནི། དེ་ཡང་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ཀྱི་རྒྱལ་པོ་མཛད་པ་དང་སྤུ་ཧྲེང་ལ་དབང་བསྒྱུར་སྐབས། ཁོང་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དཔལ་གྱི་མགོན་གྱི་མང་ཡུལ་བཟུང༌། བར་པ་བཀྲ་ཤིས་མགོན་གྱིས་སྤུ་ཧྲེང་བཟུང༌། ཆུང་བ་ལྡེ་བཙུན་མགོན་གྱིས་ཞང་ཞུང་བཟུང་བས་འདི་གསུམ་ལ་སྟོད་ཀྱི་མགོན་གསུམ་ཞེས་གྲགས་ཤིང༌། ལྡེ་བཙུན་མགོན་ལ་སྲས་འཁོར་རེ་དང་སྲོང་ངེ་གཉིས་འཁྲུངས། སྲོང་ངེས་སྐུ་ཚེ་སྟོད་ལ་བཙུན་མོ་ཁབ་ཏུ་བཞེས། སྐུ་ཚེ་སྨད་ལ་རབ་ཏུ་བྱུང་ནས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གསོལ། མཐོ་ལྡིང་དཔལ་གྱི་ལྷ་ཁང་བཞེངས་གནང་མཛད།

        ༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ ལས། ཁོང་གིས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། རྔོག་ལེགས་པའི་ཤེས་རབ་སོགས་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཆོས་སློབ་པར་མངགས། པཌཎི་ཏ་ཤྲདྡྷ་ཀ་ར་སོགས་སྤྱན་དྲངས་ཏེ་མཚན་ཉིད་ཐེག་པ་དང༌། རྒྱུད་སྡེ་བཞི་པོ་བསྒྱུར་ཅིང་གཏན་ལ་ཕབ། འདུལ་བ་སྟོད་ལུགས་དར་བར་མཛད། གཅེན་པོ་འཁོར་རེས་འཁོར་ཆགས་དགོན་ལྷ་ཁང་དང༌། དེའི་རྟེན་གཙོ་དབུས་མ་ཇོ་བོའི་དངུལ་སྐུ་དེ་ཉིད་བཞེངས། དེའི་སྲས་ལྷ་ལྡེ་པོས་པཌཎི་ཏ་སུ་བྷ་ཤིད་དང༌། པཌཎི་ཏ་རྨེ་རུ་སྤྱན་དྲངས། ལྷ་ལྡེ་པོ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ཞི་བ་འོད་དང༌། འབྲིང་བ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་ལྡེ་བཅས་འདི་གསུམ་གྱི་དུས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་པ་ལ་དགོངས་ནས་ལུས་སྲོག་བློས་བཏང་མཛད་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་གྱི་སླད་དུ་ལུས་སྲོག་ལ་ལྟོས་མེད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པ་སོགས་བསྟན་པའི་མེ་རོ་སྟོད་མངའ་རིས་ནས་གསོས་པར་མཛད་དོ།།

       ༤༩ ༽ དྲི་བ། ལ་དྭགས་རྒྱལ་བརྒྱུད་དང༌། གུང་ཐང་རྒྱལ་བརྒྱུད་སོགས་བྱུང་ཚུལ་དང༌། གུ་གེའི་རྒྱལ་རབས་རིམ་བྱོན་བཅས་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། གླང་དར་མ་བཀྲོངས་རྗེས་སྲས་འོད་སྲུངས་དང་ཡུམ་བརྟན་གཉིས་ལོ་མང་རིང་སྲིད་དབང་འཕྲོགས་རེས་ཀྱི་དམག་འཁྲུག་བྱས་ཤིང༌། དེ་ནས་ས་གླང་སྤྱི་ལོ་ ༨༦༩ ལོར་བོད་ཁམས་ཡོངས་སུ་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་མཐར་མངའ་བདག་དཔལ་འཁོར་བཙན་རང་ལོ་སོ་གཅིག་པ་ཤིང་ཡོས་སྤྱི་ལོ་ ༨༩༥ ལོར་འབངས་གྱེན་ལོག་གིས་རྒྱལ་རྩེར་བཀྲོངས། སྲས་ཆེ་བ་སྐྱིད་སྡེ་ཉི་མ་མགོན་མངའ་རིས་དང་སྲས་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བྲོས། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྐོར་གསུམ་དུ་དབང་བསྒྱུར། དེ་ལ་སྲས་དཔལ་གྱི་མགོན་དང༌། བཀྲ་ཤིས་མགོན། ལྡེ་གཙུག་མགོན་བཅས་གསུམ་བྱུང༌། རྒྱལ་པོས་སྲས་གསུམ་སོ་སོར་རང་རང་གི་སྲིད་འཛིན་མངའ་ཁོངས་གསུམ་དུ་བགོས་ནས་གནང་བས་ཡོངས་གྲགས་སུ་མངའ་རིས་སྐོར་གསུམ་དུ་གྲགས།

        གླང་དར་གྱི་སྲས་ཁྲི་ལྡེ་འོད་སྲུང་གི་གདུང་རྒྱུད་ཀྱིས་མངའ་རིས་རྒྱལ་བརྒྱུད་བཙུགས་པ་སྟེ། དེ་ཡང་སྲས་ཆེ་བ་དཔལ་གྱི་མགོན་ལ་མང་ཡུལ་ལ་དྭགས་གནང་སྟེ་སྲིད་དབང་བཟུང་བས་ལ་དྭགས་རྒྱལ་བརྒྱུད་བྱུང༌། འབྲིང་བ་བཀྲ་ཤིས་མགོན་ལ་གུ་གེ་སྟེ་ཞང་ཞུང་གནང་བས་དེ་ནས་གུ་གེའི་རྒྱལ་བརྒྱུད་བྱུང༌། ཆུང་བ་ལྡེ་གཙུག་མགོན་ལ་མང་ཡུལ་གུང་ཐང་གནང་བས་དེ་ནས་གུང་ཐང་རྒྱལ་བརྒྱུད་བྱུང་བ་ཡིན། ནཱ་ག་དེ་ཝའི་སྲས་བཙན་ཕྱུག་ལྡེས་གཙང་ཁུལ་དུ་ཡ་ཙེའི་རྒྱལ་རྒྱུད་བཙུགས། འོད་སྲུང་གི་སྲས་མངའ་བདག་བཙན་གྱིས་ལྷོ་ཁར་ཡར་ཀླུང་ཇོ་བོའི་རྒྱལ་རྒྱུད་བཙུགས། གླང་དར་མའི་གདུང་རྒྱུད་རྫུན་མར་གྲགས་པའི་མངའ་བདག་ཡུམ་བརྟན་གྱི་སྲས་ལྡེ་མགོན་གཉེན་གྱིས་དབུས་ཁུལ་དུ་ལྷ་སའི་རྒྱལ་རྒྱུད་བཅས་བཙུགས་པར་མཛད་དོ།།

        རྒྱལ་པོ་ཉི་མ་མགོན་གྱིས་སྲས་འབྲིང་པོ་བཀྲ་ཤིས་མགོན་ནི་གུ་གེའམ་ཞང་ཞུང་གི་རྒྱལ་རབས་རྗེས་མའི་རྒྱལ་པོ་དང་པོ་དེ་ཡིན་ཞིང༌། རྒྱལ་པོ་དེ་ལ་སྲས་ཆེ་བ་སྲོང་ངེའམ་མཚན་གཞན་དྲང་སྲོང་ལྡེར་གྲགས་པ་དང༌། ཆུང་བ་འཁོར་རེའམ་མཚན་གཞན་འཁོར་ལོ་ལྡེར་འབོད་པ་གཉིས་བྱུང༌། སྲས་ཆེ་བ་སྲོང་ངེས་རབ་བྱུང་མ་གནང་གོང་ལ་སྲིད་དབང་བཟུང་ཞིང་རབ་ཏུ་བྱུང་རྗེས་ལྷ་བླ་མ་ཡེ་ཤེས་འོད་ཅེས་ཞུ་བ་དེ་ཡིན། ཁོང་ནི་རབ་བྱུང་གོང་གི་ལོ་རབས་དང་པོའི་ས་ལུག་སྤྱི་ལོ་ ༩༥༩ ལོར་འཁྲུངས་ནས་དགུང་ལོ་དོན་བརྒྱད་པ་རབ་བྱུང་དང་པོའི་མེ་བྱི་སྤྱི་ལོ་ ༡༠༣༦ ལོར་སྐུ་གཤེགས་པར་གསུངསས་སོ།།

        གུ་གེ་རྒྱལ་རབས་གཉིས་པ་ལྷ་བླ་མ་ཡེ་ཤེས་འོད་ལ་སྲས་ཁྲི་ལྡེ་བཙན་དང་རབ་བྱུང་གི་མཚན་ལ་དེ་བ་རཱ་ཛ་དང༌། ལྷ་འཁོར་བཙན་རབ་བྱུང་གི་མཚན་ལ་ནཱ་ག་རཱ་ཛ་དང༌། སྲས་མོ་ལྷ་ཡི་མེ་ཏོག་བཅས་གསུམ་བྱུང་ཡང༌། ལྷ་བླ་མས་དགུང་ལོ་མཐོན་པོར་མ་ཕེབས་བར་དུ་སྲིད་དབང་བཟུང་ནས་དེ་རྗེས་སྲས་གཉིས་དང་སྲས་མོ་བཅས་ཡབ་སྲས་བཞི་ཀ་དུས་གཅིག་ཏུ་རབ་བྱུང་མཛད། གུ་གེ་རྒྱལ་རབས་གསུམ་པ་གཅུང་པོ་འཁོར་རེ་ལ་སྲས་བཙན་སྲོང་ཅོག་རེ་དང༌། ཚ་ལ་ལྡེ། ལྷ་ལྡེ་བཀྲ་ཤིས་བཙན་བཅས་གསུམ་བྱུང་བའི་སྲས་གསུམ་པ་ལྷ་ལྡེ་བཙན་གྱིས་སྲིད་དབང་བཟུང་ངོ༌།།

        གུ་གེ་རྒྱལ་རབས་བཞི་པ་མངའ་བདག་ལྷ་ལྡེ་དེ་ལ་སྲས་འོད་ལྡེ་བཙན་དང༌། བཀྲ་ཤིས་འོད་དམ་རབ་བྱུང་གི་མཚན་བྱང་ཆུབ་འོད། ཡོང་སྲོང་ལྡེའམ་རབ་བྱུང་གི་མཚན་ཞི་བ་འོད་བཅས་གསུམ་བྱུང་བའི་ཆེ་བ་འོད་ལྡེ་བཙན་གྱིས་སྲིད་དབང་བཟུང༌། སྲས་གཞན་གཉིས་རབ་ཏུ་བྱུང༌། མངའ་བདག་ལྷ་ལྡེ་བཀྲ་ཤིས་བཙན་ལ་སྲས་བློག་ཚ་བཙན་སྲོང་དང༌། ཕྱེ་ཚ་རྩེ་ལྡེ། ལྷོ་ཚ་གྲགས་བཙན་ལྡེ་བཅས་གསུམ་བྱུང་བའི་འབྲོང་པོ་རྩེ་ལྡེས་སྲིད་དབང་བཟུང་བ་བཅས་སོ།།

       ༥༠༽ དྲི་བ། ཞང་ཞུང་རྒྱལ་རབས་སམ་གུ་གེ་རྒྱལ་རབས་ལྔ་པ་ནས་ཉི་ཤུ་པའི་བར་གྱི་བྱུང་རིམ་དང༌། མཛད་རྗེས་བཅས་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། གུ་གེའི་རྒྱལ་རབས་ལྔ་པ་མངའ་བདག་རྩེ་ལྡེ་ལ་སྲས་སེང་གྲགས་དང༌། ཙ་མེ་དཱི་ཊ། ཟངས་ཁ་ཚ་ཁྲི་བཀྲ་ཤིས་དཔལ་ལྡེ་བཙན། ཆོ་ཆེན་ཚ་བསོད་ནམས་རྩེ་བཅས་བཞི་བྱུང་བའི་གསུམ་པ་ཁྲི་བཀྲ་ཤིས་དཔལ་ལྡེ་བཙན་གྱིས་སྲིད་དབང་བཟུང༌། གུ་གེ་རྒྱལ་རབས་དྲུག་པ་ཁྲི་བཀྲ་ཤིས་དཔལ་ལྡེ་བཙན་ལ་སྲས་བཀྲ་ཤིས་རྩེ་དང༌། ཇོ་བོ་རྒྱལ་པོ། འོད་འབར་རྩེ་བཅས་གསུམ་བྱུང་བའི་དང་པོ་གར་ལོག་གིས་བཀྲོངས། གསུམ་པ་གར་ལོག་གིས་བཙོན་དུ་བཟུང་ནས་འདས། གཉིས་པ་ཇོ་བོ་རྒྱལ་པོས་སྲིད་དབང་བཟུང༌། གུ་གེ་རྒྱལ་རབས་བདུན་པ་དང་པོ་བཀྲ་ཤིས་རྩེ་ལ་སྲས་ཨ་ཀ་རཱ་ཛ་དང༌། ཙདྲན་བོ་དྷི། ཨ་མི་སོག་ཙ། ཕྱོགས་ཙ། རྩེ་འབར་བཙན་བཅས་ལྔ་བྱུང་བའི་ལྔ་པ་རྩེ་འབར་བཙན་གྱིས་སྲིད་དབང་བཟུང༌།

    གུ་གེའི་རྒྱལ་རབས་བརྒྱད་པ་ཇོ་བོ་རྒྱལ་པོ་ལ་སྲས་གཅུང་ལྡེ་དང༌། དེའི་སྲས་ཞོང་ལྡེ། དེའི་སྲས་ཇོ་བླ་མ་བཅས་རིམ་པར་བྱུང་ཡང་སྲིད་མ་བཟུང༌། འོད་འབར་རྩེའི་སྲས་ཨེ་ལོ་མིས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་དགུ་པ་རྩེ་འབར་བཙན་ལ་སྲས་སྐྱིད་ལྡེ་བཙན་དང༌། རྩེ་ལྡན་ངལ། དཔལ་འོད་བཙན། འདུལ་སྲིད་འདུལ་བཙན་བཅས་བཞི་བྱུང་བའི་དང་པོ་སྐྱིད་ལྡེ་བཙན་གྱིས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་པ་སྐྱིད་ལྡེ་བཙན་ལ་སྲས་ཉི་ལྡེ་བཙན་དང༌། རྣམ་ལྡེ་བཙན་གཉིས་བྱུང་བའི་དང་པོ་ཉི་ལྡེ་བཙན་གྱིས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་གཅིག་པ་ཉི་ལྡེ་བཙན་ལ་སྲས་གུང་ལྡེ་བཙན་དང༌། ཉི་མ་ལྡེ། ལྷ་བཙན་ལྡེ་བཅས་གསུམ་བྱུང་བའི་གཉིས་པ་ཉི་མ་ལྡེས་སྲིད་དབང་བཟུང་ངོ༌།།

        གུ་གེའི་རྒྱལ་རབས་བཅུ་གཉིས་པ་ཉི་མ་ལྡེ་ལ་སྲས་དགེ་འབུམ་དང༌། བྱམས་པ། སེམས་དཔའ་གསུམ་བྱུང་བའི་དང་པོ་དགེ་འབུམ་གྱིས་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་གསུམ་པ་དགེ་འབུམ་ལ་སྲས་སྐྱིད་རྡོར་དང༌། ལ་ག ཐོས་པ་བཅས་གསུམ་བྱུང་བའི་གཉིས་པ་ལ་གས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་བཞི་པ་ལ་གའི་སྲས་ཆོས་རྒྱལ་གྲགས་པ་ལས་མེད་པས་དེས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅོ་ལྔ་པ་ཆོས་རྒྱལ་གྲགས་པ་ཡང་སྲས་ལྷ་ཆེན་གྲགས་པ་ལྡེ་ལས་མ་བྱུང་བས་དེས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་དྲུག་པ་ལྷ་ཆེན་གྲགས་པ་ལྡེ་ལ་སྲས་ཁྲི་རྣམ་རྒྱལ་ལྡེ་དང༌། དཔལ་འབར་ལྡེ་གཉིས་བྱུང་བའི་དང་པོ་ཁྲི་རྣམ་རྒྱལ་ལྡེས་སྲིད་དབང་བཟུང་ངོ༌།།

         གུ་གེའི་རྒྱལ་རབས་བཅོ་བརྒྱད་པ་ནམ་མཁའི་དབང་པོ་ཡུན་ཚོགས་ལྡེ་ལ་སྲས་རྣམ་རི་སངས་རྒྱས་ལྡེ་ལས་མ་བྱུང་བས་དེས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཅུ་དགུ་པ་རྣམ་རི་སངས་རྒྱས་ལྡེ་ལ་སྲས་བློ་བཟང་རབ་བརྟན་ལས་མ་བྱུང་བས་དེས་དབང་བཟུང༌། འདི་མན་ཆད་གདུང་རབས་ཁ་ཤས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ ༵༵བཻ་སེར་ཀཀ ནང་གསལ་ཞིང༌། གུ་གེ་རྒྱལ་རབས་ཉི་ཤུ་པ་འདི་རྗེ་ཙོང་ཁ་པའི་སློབ་མ་གུ་གེ་མཁན་ཆེན་ངག་དབང་གྲགས་པ་དང་དུས་མཉམ་ཞིང༌། མཁན་ཆེན་དེས་ ༵༵གུ་གེའི་རྒྱལ་རབས་ཆོས་འབྱུང་ཀཀ མཛད་ཅིང་དེའི་ནང་གུ་གེའི་རྒྱལ་རབས་ཉི་ཤུ་པའི་བར་དུ་གསལ་བ་རྣམས་འདིར་གནད་བསྡུས་བྱས་ཏེ་ ༵༵དུང་དཀར་ཚིག་མཛོད་ཀཀ སོགས་ལ་གཞི་བཅོལ་གྱིས་དྲངས་པའོ།།

        དེ་ལྟར་ལྷ་ལུང་དཔལ་གྱི་རྡོ་རྗེས་སྡིག་ཅན་བཙན་པོ་གླང་དར་མ་ཆུ་ཁྱི་ཕྱི་ལོ་ ༨༤༢ ལོར་བསྒྲལ་བ་ནས་བཟུང་རབ་བྱུང་བཞི་པའི་ཆུ་གླང་ལོ་སྟེ་སྤྱི་ལོ་ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་མ་བསྒྱུར་བར་མི་ལོ་ ༤༡༡ རིང་བོད་ཁམས་སིལ་བུར་འཐོར་བས་སིལ་བུའི་སྐབས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པའོ།། །། 

འོད་སྲུངས་རྒྱུད་པ་སྟོད་ཀྱི་མགོན་གསུམ་དང༌། །

ཡུམ་བརྟན་རིགས་རྒྱུད་སྨད་ཀྱི་ལྡེ་གསུམ་གྱིས། །

དབུ་གཡོར་དབང་བསྒྱུར་སྲིད་ལ་མ་འཆམ་པར། །

བོད་ཁམས་སིལ་བུར་འཐོར་ལུགས་འདི་ཙམ་མོ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།