ས་སྐྱའི་སྲིད་སྐྱོང་དུས་རབས།

ལྔ་པ། ས་སྐྱའི་སྲིད་སྐྱོང་དུས་རབས།

སྤྱི་ལོ་ ༡༢༥༣ ནས་ ༡༣༥༨ བར་ལོ། ༡༠༥ 

       ༥༡༽ དྲི་བ། བོད་དུ་སོག་པོའི་དྲག་ཤུགས་ཐོག་མར་སླེབས་ཚུལ་དང༌། བོད་སོག་དབར་ཐོག་མར་འབྲེལ་བ་བྱུང་ཚུལ་ཇི་ལྟར་ཡིན་ནམ།

       ལན། བོད་སིལ་བུའི་སྐབས་ལོ་ ༤༡༡ རིང་བོད་སྤྱི་ལ་དབང་བའི་རྒྱལ་པོ་གཅིག་ཀྱང་མ་བྱུང་བར། ས་ཁུལ་རེར་སྡེ་དཔོན་རེའི་ཁྱབ་ཁོངས་སུ་ཁྲིམས་མགོ་རང་བཙན་ལྟ་བུར་སོ་སོར་གནས། དེ་ཡང༌། ༵༵སྲིད་དོན་རྒྱལ་རབས་ཀཀ ལས། བོད་རྒྱལ་ཁབ་སྤྱིའི་ས་མཚམས་ལ་མཉམ་སྦྲེལ་གྱིས་སྲུང་འདོམས་བྱེད་མཁན་མེད་པར། ས་གནས་སོ་སོའི་སྡེ་དཔོན་ནས་རང་སྲུང་བྱས་ཏེ་སྡོད་མུས་ཀྱིས། རབ་བྱུང་གསུམ་པའི་ལྕགས་སྤྲེལ་ ༡༢༠༠ ཙམ་ནས་བོད་ཀྱི་བྱང་ཤར་དང༌། ནུབ་བྱང་སོགས་ཀྱི་ས་མཚམས་ཡས་མས་ཚང་མར་སོག་པོ་ཆིང་གེ་སེ་ཁང་གི་དྲག་པོའི་དབང་ཤུགས་སླེབས་ཏེ་ས་གནས་སྡེ་མགོན་དང༌། ས་བདག་ཁག་གིས་འཕྲལ་སེལ་སོག་པོར་ངོ་སྲུང་ལྟ་བུས་ཐོག་མར་མཇལ་ཞུ་དང༌། ཕྱག་རྟེན་སྤྲོད་པ་དང༌། དེ་ནས་རིམ་པས་འདབ་ནོར་ཞེས་རྟེན་ཆས་ཆུང་ཚག་རེ་སྤྲད་དེ་རང་རང་གི་ས་སྡེའི་ནང་སོག་པོའི་དམག་དང་མི་སྣས་བརྡབས་གསིག་མི་འབྱུང་བའི་དུས་ཡུན་འཕར་འགྱངས་གནས་ཐབས་ཁོ་ནའི་མུར་སྡོད་བཞིན་པར། ས་སྐྱ་དང༌། ཆིང་གེ་སེ་ཁཱང་རྒྱལ་རྒྱུད་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ། ཆོལ་ཁ་གསུམ་དུ་གྲགས་པའི་བོད་ཡུལ་ཡོངས་རྫོགས་ས་སྐྱས་དབང་བསྒྱུར་ཞེས་དང༌།

        ཤིང་ཡོས་ ༡༡༩༥ ལོར་བོག་ཏ་ཆིང་གེ་སེ་ཁཱང་གི་དྲག་པོའི་སྟོབས་ཤུགས་བོད་ཀྱི་ས་མཚམས་སུ་སླེབས་རྗེས། ས་མཚམས་ཀྱི་སྡེ་མགོན་ཁག་ནས་ཁཱང་གི་དམག་དཔོན་རྣམས་ལ་རྒྱུ་ནོར་རྒྱ་ཆེན་པོས་བརྔན་ཏེ་ང་ཚོས་བོག་ཏ་རྒྱལ་པོའི་ལག་པ་ལྟ་བུ་བྱས་ནས་དཔྱ་དང༌། ཁྲལ་འབུལ་ལོ་ཞེས་འཕྲིན་བཏང༌། དེ་རྗེས་རབ་བྱུང་བཞི་པའི་མེ་ཡོས་ ༡༢༠༧ ལོར་བོད་ནང་སོག་པོའི་དཔུང་དམག་བཏང་བ་འགོག་ཐབས་སུ་སྡེ་དཔོན་རྣམས་ནས་འདབ་ནོར་ཟེར་བའི་དངོས་ནོར་ཕྲན་བུ་རེ་བོག་ཏོ་ཁཱང་ལ་སྤྲོད་རྒྱུ་བྱས། བོག་ཏ་ཆིང་གེ་སེ་ཁཱང་དགུང་ལོ་དྲུག་ཅུ་ཐམ་པ་མེ་ཕག ༡༢༢༧ ལོར་ཚ་བའི་ནད་ཕོག་སྟེ་གཤེགས། ཁོང་གི་སྲས་གསུམ་པ་ཨུ་གེ་ཏའི་ཞེས་པ་ཁཱང་གི་གོ་སར་ཕེབས། ཆིང་གེ་ཁཱང་གཤེགས་པའི་གཏམ་ཏེ་བོད་ཕྱོགས་ནས་ཐོས་ཏེ་བོད་པས་འདབ་ནོར་ལོ་འགའ་ཤས་མ་སྤྲྤད་པས། གོ་དན་ཁཱང་ཁྲོས་ཏེ་ལྕགས་ཕྱི་ ༡༢༤༠ ལོར་དམག་དཔོན་ལི་ཅི་དང༌། དོར་ཐའི་འོག་ལ་སོག་དམག་ཁྲི་ཚོ་གསུམ་བཏང༌། རཱ་སྒྲེང་དང༌། རྒྱལ་ལྷ་ཁང་སོགས་མེར་བསྲེགས། སོ་སྟོན་སོགས་བཙུན་པ་ལྔ་བརྒྱ་བསད། ཅེས་སོགས་འཁོད་པ་ལྟར་བོད་མི་རྣམས་ལ་གསོད་འཕྲོག་གཏོར་གསུམ་གྱི་ལམ་ནས་བརྡབ་གསིག་ཚོད་མེད་བཟོས། དེ་ནས་གོ་དན་ཁཱང་གིས་ཧོར་སོག་གི་ཡུལ་དུ་ལམ་གྱི་གནད་སྟོན་ཤེས་པའི་བླ་མ་བཟང་པོ་ཞིག་དགོས་པས། དེང་དུས་དབུས་གཙང་ན་སུ་བཟང༌། ཞེས་དྲི་བ་འབྱོར་བར། དོར་རྟས། དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ། མི་ཆོས་ནི་སྟག་ལུང་པ་མཁས། གཟི་བརྗིད་ནི་འབྲི་གུང་པ་ཆེ། ཆོས་ཀྱི་ས་སྐྱ་པཌཎི་ཏ་མཁས། ཞེས་ལན་བཏང་བས། གོ་དན་ཁཱང་གིས། གསེར་ཡིག་པ་རྡོར་སྲི་མགོན་དང༌། དབོན་ཇོ་དར་ཅན་ཆེད་མངགས་ས་སྐྱ་པཌཎི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སོག་ཡུལ་དུ་གདན་ཞུར་བཏང་ངོ༌།།

        ༥༢༽ ས་པཎ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཕེབས་ཚུལ་དང༌། བོད་སོག་མཆོད་ཡོན་གྱི་འབྲེལ་བ་བྱུང་ཚུལ་ཇི་ལྟར་ཡིན་ནམ།

       ལན། དེ་ཡང་རབ་བྱུང་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༢༤༤ ལོར་ས་པཎ་ས་སྐྱ་ནས་ཕེབས་ཐོན་གྱིས་ལྷ་ས་དང༌། བྱང་མི་ཉག་སོགས་བོད་ཀྱི་སྡེ་མང་པོ་བརྒྱུད་དེ་མེ་ལུག་སྤྱི་ལོ་ ༡༢༤༧ ལོར་ལང་ཇུ་ལ་ཞབས་སོར་འཁོད། རང་གི་ཚ་བོ་འཕགས་པ་བློ་གྲོས་རྒྱལ་མཚན་ཕྱག་ཕྱིར་ཁྲིད། སྐབས་དེར་གོ་ཏན་ཁཱང་སོག་ཡུལ་ནས་ཚུར་བྱོན་པའི་ལམ་བར་སྐབས་དང་འཁེལ་ཏེ་དེར་མཇལ་འཕྲད་ཐོག་མར་བྱུང༌། དེ་གར་རྒྱལ་བློན་འབངས་དང་བཅས་པར་སྐྱབས་འགྲོ་དང༌། ལས་འབྲས། དགེ་སྡིག་བླང་དོར། ཐེག་པ་ཆེན་པོའི་སེམས་བསྐྱེད་སོགས་གསུངས་ནས་མི་དགེ་བ་བཅུ་སྤོང་གི་ལམ་དུ་འཇུག་པར་མཛད། ཕྱི་ལོ་ ༡༢༤༧ ནས་ ༡༢༥༡ བར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཆོས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། དགུང་ལོ་ ༧༠ ཐོག་ལང་ཇུ་གྲོང་ཁྱེར་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བར་གཤེགས། དེ་ནས་རིང་པོར་མ་སོང་བར་རྒྱལ་པོ་གོ་དན་ཁཱང་ཡང་གྲོངས།

        ཕྱི་ལོ་ ༡༢༥༣ ལོར་ཀུབ་ལའི་ཁཱང་ངམ་སེ་ཆེན་རྒྱལ་པོ་རྒྱལ་ཁྲིར་ཕེབས། དེ་དུས་ས་སྐྱ་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་ ༡༩ ལ་ཕེབས་པ་ཁཱང་གིས་རང་གི་རྒྱལ་སར་གདན་དྲངས། ཁཱང་གིས་ཟླ་བ་མང་པོའི་རིང་ཆོས་ཕྱོགས་ཀྱི་དཀའ་གནད་མང་པོ་དྲི་བ་ཞུས་པར་ཐོགས་པ་མེད་པར་ལན་འདེབས་མཛད། ལྷག་པར་ཁཱང་གིས་བོད་ཡུལ་ཀླ་ཀློའི་ཡུལ་ལྟ་བུར་ངོས་འཛིན་བྱེད་པས་ན། འཕགས་པས་བོད་རྗེས་གཉའ་ཁྲི་བཙན་པོ་ནས་གླང་དར་བར་གྱི་རྒྱལ་རབས་དང༌། ཆོས་འབྱུང༌། ལོ་ཚིགས། རྒྱ་རྒྱལ་གྱི་སྲས་མོ་གཉིས་སྔ་རྗེས་བོད་ཀྱི་རྒྱལ་པོའི་བཙུན་མོར་དྲག་ཤུལ་གྱིས་བླངས་པ་དང༌། རྒྱའི་གོང་མའང་ཁྲི་ལས་ཕབ་པའི་ལོ་རྒྱུས་རྣམས་ཞིབ་ཏུ་གསུངས་པས། ཁཱང་ཡིད་མ་ཆེས་པར་རྒྱའི་ལོ་རྒྱུས་ཁག་ལ་བཙལ་ནས་དེ་ལྟར་ཐོན་པས། རྒྱལ་པོ་བོད་ལ་དགའ་གུས་ཡི་རང་བར་གྱུར། འཕགས་པས་སོག་རྒྱལ་གྱི་ཞུ་བསྐུལ་བཞིན་སོག་པོའི་སྐད་དང་མཐུན་པའི་སོག་ཡིག་གསར་བཏོད་མཛད།

        ཀུབ་ལའི་ཁཱང་གིས་འཕགས་པར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། སྤྱིར་ཁྱེད་ཀྱིས་ཆོས་ཞུ་བའི་དམ་ཚིག་བསྲུང་མི་ཐུབ་ཅིང༌། ད་རེས་ལོ་ཙཱ་བ་མཁས་པ་ཡང་མེད་པས་ཕྱིས་སུ་འཆད་པར་གསུངས་པས། རྒྱལ་པོ་ཁཱང་ན་རེ། དམ་ཚིག་ཅི་བསྲུང་དགོས་ཞུས་པར། དབང་བསྐུར་ཞུས་པ་ནས་བཟུང་བླ་མ་གྲལ་མགོར་བཞུགས། ལུས་ཀྱིས་ཕྱག་འཚལ། ངག་གིས་ཅི་གསུངས་བཀའ་བཞིན་བསྒྲུབས། ཡིད་ཀྱིས་ཐུགས་དང་མི་འགལ་བ་བྱ་དགོས་ཡིན་ཞེས་གསུངས་པས། ཆོས་ཞུ་བའི་དུས་དང༌། རྒྱུན་དུ་བླ་མ་གོང་ལ་བཞུགས། རྒྱལ་རྒྱུད་དང༌། མི་དཔོན། མི་མང་བཅས་ཚོགས་པའི་སྐབས་སུ་རྒྱལ་ཁབ་གནོན་དགོས་པས་རྒྱལ་པོ་གོང་དུ་བཞུགས། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མས་ཅི་གསུངས་དང་དུ་བླངས། བླ་མའི་བཀའ་མེད་པར་རྒྱལ་པོས་ལུང་མི་གནང༌། རྒྱ་སོག་གི་ཡུལ་གྲུ་ཀུན་ཏུ་བྱ་བ་ཆེ་ཆུང་གཞན་ལ་བླ་མ་སྙིང་རྗེ་ཆེ་བས་ཞུ་ངོ་འཚོལ་དུ་བྱུང་ན་རྒྱལ་ཁམས་མི་གནོན་པས་བླ་མས་མི་གསུང་བ་བྱ་རྒྱུ་ཞེས་ཞུས་པས་བླ་མས་ཞལ་གྱིས་བཞེས།

        དེ་ནས་ཡུ་གུར་གྱི་ལོ་ཙཱ་བ་བརྒྱད་ནས་རྒྱལ་པོ་ཁཱང་དང་བཙུན་མོས་གཙོས་བློན་ཆེན་རྣམས་ལ་དཔལ་ལྡན་ས་སྐྱ་བའི་ཁྱད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་བཞི་ཟབ་མོ་ཡོངས་སུ་རྫོགས་པ་ལན་གསུམ་བསྐུར་བར་མཛད། དེ་ནས་བཟུང་སོག་ཡུལ་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དབུ་བརྙེས། དེའི་དབང་ཡོན་དང་པོར་བོད་ཡུལ་ཁྲི་སྐོར་བཅུ་གསུམ་གྱི་དབང་རིས་བདག་ཐོབ་དང་བཅས་པ་ཕུལ། དབང་ཡོན་གཉིས་པར་བོད་ཆོལ་ཁ་གསུམ་གྱི་དབང་ལུང་བཅས་པ་ཕུལ། དབང་ཡོན་གསུམ་པར་ཆོས་དུང་དཀར་མོ་རྒྱང་གྲགས་མ་དང༌། རྒྱ་ཡི་མི་ཡུར་ཆེན་མོ་སོགས་ཕུལ། ཏི་ཤྲི་ཞེས་པའི་རྒྱལ་པོའི་དབུ་བླའི་གོ་གནས་ཀྱང་ཕུལ། དེ་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དང༌། སོག་རྒྱལ་ཀུབ་ལའི་ཁཱང་སེ་ཆེན་རྒྱལ་པོའི་སྐབས་སུ་བོད་སོག་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་དབུ་བརྙེས་པ་ཡིན་ནོ།།

        ཕྱི་ལོ་ ༡༣༤༤ བར་མིང་རྒྱལ་རྒྱུད་ཀྱིས་བོད་ལ་འབྲེལ་བ་བྱེད་རྒྱུའི་ཐོབ་ཐང་སོག་པོ་ཆིང་ཁེ་སེ་ཁཱང་གི་སྐབས་སུ་བྱུང་ཚུལ་ཟེར་ཡང༌། ཆིང་ཁེ་སེ་ཁཱང་གི་མི་རྒྱུད་ནས་འཛམ་གླིང་ཡུལ་གྲུ་གང་སར་མངའ་ཐང་རྒྱ་བསྐྱེད་བྱེད་སྐབས་བོད་ཀྱི་ས་ཆ་འགའ་ཤས་ལ་དྲག་པོའི་དབང་ཤུགས་ཀྱི་གྲིབ་མ་ཙམ་སླེབས་ཡོད་ཀྱང༌། དེའི་རྗེས་སྤྱི་ལོ་ ༡༢༥༣ ལོར་ཀུབ་ལའི་ཁཱང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་མངའ་རིས་དང་བཅས་པ་ཕུལ་བ་ནས་བཟུང༌། བོད་སོག་གཉིས་རང་བཙན་བཙང་མའི་མངའ་བདག་གི་གནས་སྟངས་འོག་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་དང༌། དེ་རྗེས་ཕྱི་ལོ་༡༣༦༨ ལོར་རྒྱ་ནག་གོང་མ་མིང་ཐེ་ཙུ་སྐབས་ནས་བཟུང་གཞི་ནས་སོག་པོའི་འོག་ནས་རྒྱ་ནག་ལ་རང་བཙན་ཐོབ་པ་ལགས་སོ།།

       ༥༣༽ དྲི་བ། འཁོན་གྱི་གདུང་རྒྱུད་དུ་གྲགས་པ་བྱུང་ཚུལ་དང༌། ས་སྐྱ་པའི་སྲིད་འཛིན་རིམ་པས་ཆོས་སྲིད་ཀྱི་མཛད་པ་སྐྱོང་ཚུལ་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། ༵༵བོད་ཀྱི་སྲིད་དོན་རྒྱལ་རབས་ཀཀ ལས། བོད་ཀྱི་ཡུལ་དུ་ལྷ་སྲིན་དར་བའི་ཚེ། མ་སངས་སྤུན་བདུན་བྱུང་བའི་མཐའ་ཆུང་ཐོག་ཚ་དཔའ་བོ་སྟག་བྱུང་ལ་མོན་བཟའ་མཚོ་རྒྱལ་ཟེར་བ་ཞིག་ཁབ་ཏུ་བསུས་པར་སྲས་གཡའ་སྤངས་སྐྱེས་འཁྲུངས། དེས་སྲིན་པོ་སྐྱ་རེངས་ཁྲག་མེད་བསད། གཡའ་གྲུམ་བསིལ་མ་འཕྲོགས་ཏེ་ཁབ་ཏུ་བཞེས་པར་སྲས་ཤིག་བྱུང་བ་དེ་སྲིན་པོ་དང༌། མ་སངས་འཁོན་པའི་བར་དུ་སྐྱེས་པས་མིང་ལ་ཇོ་བོ་འཁོན་བར་སྐྱེས་སུ་བཏགས། དེའི་རྒྱུད་པ་ལ་འཁོན་གྱི་གདུང་རྒྱུད་གྲགས་ཞེས་གསུངས་པ་ལྟར་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱའི་མགོན་པ་ཕྱག་བཏབ་པ་ནས་བཟུང་ས་སྐྱ་པ་ཞེས་གྲགས་པ་དེ་ཉིད་བྱུང༌། འཁོན་དཀོན་མཆོག་རྒྱལ་འབར་དང༌། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་ཆེ་སྟེ་བཞི་བྱུང༌། དཔལ་ཆེན་འོད་པོ་ཆེ་ལ་རྗེ་བཙུན་ཀུན་དགའ་རྒྱལ་མཚན་དང༌། ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས། རྗེ་བཙུན་ཀུན་དགའ་རྒྱལ་མཚན་ནི་ཆུ་སྟག་སྤྱི་ལོ་༡༡༨༢ ལོར་འཁྲུངས། མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་གྱུར་ནས་ས་སྐྱ་པཌཎི་ཏ་ཞེས་སྙན་གྲགས་ཅན་དེ་ཉིད་བྱུང་ངོ༌།།

        ༡༽ འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་ཡབ་འཁོན་རིགས་ཟངས་ཚ་བསོད་ནམས་རྒྱལ་མཚན་དང༌། ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་ཤིང་ལུག་སྤྱི་ལོ་ ༡༢༣༥ ལོར་འཁྲུངས་ཤིང༌། ཆུ་གླང་སྤྱི་ལོ་ ༡༢༥༣  ནས་ལྕགས་འབྲུག་སྤྱི་ལོ་ ༡༢༨༠ བར་ལོ་ ༢༧ རིང་ཆོས་སྲིད་ཀྱི་མཛད་འགན་བཞེས་པ་དང༌། ༢༽ བདག་ཉིད་ཆེན་པོ་དྷ་རྨ་པ་ལ་ནི་ཡབ་འགྲོ་མགོན་ཕྱག་ན་དང༌། ཡུམ་མཁའ་འགྲོ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ལྕགས་འབྲུག་སྤྱི་ལོ་ ༡༢༨༠ ནས་ ༡༢༨༧ བར་ལོ་ ༧ རིང་ཆོས་སྲིད་ཀྱི་མཛད་པ་བསྐྱངས། ༣༽ ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མེ་ཕག་སྤྱི་ལོ་ ༡༢༨༧ ནས་ཤིང་སྦྲུལ་སྤྱི་ལོ་ ༡༣༠༥ བར་ལོ་ ༡༨ རིང་ཆོས་སྲིད་ཀྱི་མཛད་འགན་བཞེས། ༼འདི་ས་སྐྱའི་གདུང་རྒྱུད་ཡིན་མིན་གསལ་རྙེད་མ་བྱུང༌།༽

        ༤༽ བདག་ཉིད་ཆེན་པོ་བཟང་པོ་དཔལ་ནི། ཡབ་སློབ་དཔོན་ཆེན་པོ་ཡེ་ཤེས་འབྱུང་གནས་དང༌། ཡུམ་ཤིང་ཡང་ཇོ་མོ་འབུམ་མེར་གཉིས་སྲས་སུ་འཁྲུངས། འདིས་གདུང་རྒྱུད་སྤེལ་མཆེད་བདག་མོ་དྲུག་ཁབ་ཏུ་བཞེས་ནས་གདུང་རྒྱུད་མང་པོ་འཕེལ་ཤིང༌། མེ་རྟ་སྤྱི་ལོ་ ༡༣༠༦ ནས་  ༡༣༢༤ བར་ལོ་ ༡༨ རིང་ཆོས་སྲིད་ཀྱི་མཛད་འགན་བཞེས་པ་དང༌། ༥༽ མཁས་བཙུན་ཆེན་པོ་བདག་ཆེན་ནམ་མཁའ་ལེགས་ནི། ཡབ་བདག་ཆེན་བཟང་པོ་དཔལ་དང༌། ཡུམ་ནམ་མཁའ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདི་ནི་ཁྲི་ཐོག་བླ་བྲང་གི་གདུང་རབས་ཡིན་ཞིང༌། ཤིང་གླང་སྤྱི་ལོ་ ༡༣༢༥ ནས་ཆུ་ལུག་སྤྱི་ལོ་ ༡༣༤༢ བར་ལོ་ ༡༨ ཆོས་སྲིད་ཀྱི་མཛད་པ་བསྐྱངས།

        ༦༽ འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི། ཡབ་བདག་ཆེན་བཟང་པོ་དཔལ་དང༌། ཡུམ་ཞ་ལུ་མ་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདི་ནས་རིན་ཆེན་སྒང་བླ་བྲང་གདུང་རྒྱུད་ཡིན། ཆུ་ལུག་སྤྱི་ལོ་ ༡༣༤༣ ནས་ ༡༣༤༤ བར་ལོ་གཅིག་ཙམ་རིང་མཛད་འགན་བཞེས། ༧༽ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི། ཡབ་བདག་ཆེན་བཟང་པོ་དཔལ་དང༌། ཡུམ་ཞ་ལུ་མ་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཤིང་བྱ་སྤྱི་ལོ་ ༡༣༤༥ ནས་ས་གླང་སྤྱི་ལོ་ ༡༣༤༩ བར་ལོ་ ༤ རིང་ཆོས་སྲིད་ཀྱི་མཛད་པ་བསྐྱངས། དེ་ལྟར་ཆུ་གླང་སྤྱི་ལོ་ ༡༢༥༣ ནས་ས་ཁྱི་སྤྱི་ལོ་ ༡༣༥༨ བར་ལོ་ངོ་ ༡༠༥ རིང་དཔལ་ལྡན་ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་ཞིང༌། སྤྱི་ལ་ཁྱབ་པའི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་ཏེ་ལྷ་སྡེ་མི་སྡེ་ཡོངས་ལ་རིས་མེད་ཀྱིས་འཚོ་སྐྱོང་གཟིགས་རྟོགས་འོག་ཞི་བདེ་བག་ཕེབས་ཐོག་གནས་ཐུབ་པ་བྱུང་བ་ལགས་སོ།།

       ༥༤༽ དྲི་བ། གླང་དར་ནས་བོད་ཁམས་སིལ་བུར་འཐོར་རྗེས་དཔལ་ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་ཚུལ་ཇི་ལྟར་ཡིན་ནམ།

       ལན། སྐབས་དེར་བོད་སྤྱི་ལ་མཚོན་ན་གཅིག་གྱུར་གྱི་སྲིད་དབང་མེད་པས་བོད་སྤྱི་ཚོགས་ཧྲིལ་པོར་ཡམ་ཡོམ་ཆེ་བ་ལས་བདེ་འཇགས་བརྟན་ལྷིང་གི་རྣམ་པ་མེད་པར་བརྟེན། སྟོབས་འབྱོར་ཆེ་ཙམ་ལྡན་པའི་འབྲི་གུང་བ་དང༌། ས་སྐྱ་བ། ཕག་མོ་གྲུ་པ། ཚལ་པ། གཡའ་བཟང་བ། སྟག་ལུང་བ་སོགས་ཀྱིས་དབུས་གཙང་ཁུལ་དུ་སོ་སོའི་དབང་ཤུགས་ལ་བརྟེན་ནས། ཁྱབ་ཁོངས་ཅུང་རྒྱ་ཆེ་བ་རེ་བདག་བཟུང་བྱས་ཤིང༌། མདོ་སྟོད་སྨད་དང༌། ལྷོ་མོན། སྟོད་མངའ་རིས་ཀྱི་ས་ཁུལ་སོགས་ཀྱི་མགོན་ལག་དང་འབྲེལ་བའི་སྡེ་མང་པོ་ཞིག་གིས་ཀྱང་ཁོ་ཚོའི་ངག་བཀོད་ལ་ཉན་ཡང་བོད་ཡོངས་རྫོགས་གཅིག་གྱུར་བཟོ་ནུས་པའི་སྟོབས་ཤུགས་ནི་སུ་ལའང་མ་མཆིས་སོ།།

        གཞན་ཡང་བཀའ་གདམས་པ་ནི་དགོན་སྡེ་དང་དགེ་འདུན་གྱི་གྲངས་འབོར་ཆེ་ཤོས་ཀྱི་གྲས་ཡིན་ནའང་ཇོ་བོ་རྗེ་དང་འབྲོམ་སྟོན་པ་ཡབ་སྲས་ནས་བརྒྱུད་པའི་གྲུབ་མཐའི་བཞེད་སྲོལ་གཙོ་བོར་ཉམས་བཞེས་མཛད་པ་ལས་སྲིད་ཕྱོགས་ཀྱི་སྟོབས་འབྱོར་གཅིག་སྡུད་བྱེད་ཐུབ་པ་ཞིག་མ་བྱུང་བར་སྙམ། དེ་བཞིན་ཀརྨ་བཀའ་བརྒྱུད་ཀྱང་གནས་བབ་དེར་ཆོས་ཕྱོགས་ཀྱི་སྙན་གྲགས་ཆེ་བ་ལས་སྲིད་ཕྱོགས་ཀྱི་སྟོབས་ཤུགས་ད་དུང་ཆེར་སོན་མེད་པ་དང༌། བསམ་ཡས་བཙན་པོ་ཤཱཀྱ་མགོན་སོགས་བཙན་པོའི་གདུང་རྒྱུད་མཆིས་མོད་ཀྱང༌། ཡུན་རིང་དུས་ཟིང་གི་ཀློང་འཁོར་དུ་འཁྱམས་སྟབས་བཙན་པོའི་གདུང་རྒྱུད་ཀྱི་མིང་ཙམ་ལས་དཔོན་པོའི་གོ་ས་ནོན་མཁན་གཅིག་ཀྱང་མེད་པ་བཅས་ཀྱི་གནས་ཚུལ་འོག་ཏུ་དཔལ་ལྡན་ས་སྐྱ་བའི་བདག་པོས་གླགས་དང་བསྟུན་ནས། ཚེ་རིང་གནམ་གྱི་ཤེ་མོང་ཅན་གྱི་ཆེན་པོ་ཧོར་དང་འབྲེལ་བ་བཟུང་བས་ཆོས་སྲིད་གཉིས་ཐད་ནས་མཛད་འཕྲིན་ཆེས་ཆེར་རྒྱས་སོ།། 

        བོད་ལྕགས་སྤྲེལ་སྤྱི་ལོ་ ༡༢༦༠ ལོར་ཧོར་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བཀུར་བ་དང་གཡང་ཊིའི་ཐམ་ག་དང༌། བོད་ཤིང་བྱི་སྤྱི་ལོ་ ༡༢༦༤ ལོར་གོང་མ་སེ་ཆེན་ཧུ་པེ་ལིས་ཙོང་ཀྲི་ཡོན་ཞེས་པའི་རྒྱལ་ཡོངས་ནང་བསྟན་ཆོས་ལུགས་ལས་ཁུངས་བཙུགས་ཏེ་བོད་ཡོངས་ལ་བདག་སྐྱོང་བྱས། འགྲོ་མགོན་འཕགས་པ་བློ་གྲོས་ཀྱིས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་བདག་པོ་མཛད། དེའི་རྗེས་སུ་ས་སྐྱ་བས་ཧོར་གྱི་སྲིད་ཤུགས་ལ་བརྟེན་ནས་ལོ་ངོ་བཞི་བརྒྱ་ལྷག་ལ་ཁ་འཐོར་དུ་སོང་བའི་བོད་ཁུལ་གཅིག་གྱུར་བྱས་ཤིང༌། ལོ་ངོ་ ༡༠༥ རིང་ཆབ་སྲིད་བསྐྱངས། ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་སྐབས་ཀྱི་དཔོན་ཆེན་དཔོན་རབས་ཉི་ཤུ་ནི། དང་པོ་ཤཱཀྱ་བཟང་པོ་དང༌། གཉིས་པ་ཀུན་དགའ་བཟང་པོ། གསུམ་པ་ཞང་བཙུན། བཞི་པ་ཕྱུག་པོ་བན་དཀར་བ། ལྔ་པ་བྱང་རིན། དྲུག་པ་ཀུན་གཞོན། བདུན་པ་གཞོན་དབང༌། བརྒྱད་པ་བྱང་རྡོར། དགུ་པ་ཨང་ལེན། བཅུ་པ་ལེགས་པ་དཔལ། བཅུ་གཅིག་པ་སེངྒེ་དཔལ། བཅུ་གཉིས་པ་འོད་ཟེར་སེངྒེ༌། བཅུ་གསུམ་པ་ཀུན་རིན། བཅུ་བཞི་པ་དོན་ཡོད་དཔལ། བཅོ་ལྔ་པ་ཡོན་བཙུན། བཅུ་དྲུག་པ་འོད་ཟེར་སེངྒེ༌། བཅུ་བདུན་པ་རྒྱལ་བ་བཟང་པོ། བཅོ་བརྒྱད་པ་དབང་ཕྱུག་དཔལ། བཅུ་དགུ་པ་ཡང་རྒྱལ་བ་བཟང་པོ། ཉི་ཤུ་པ་དབང་བརྩོན་བཅས་དཔོན་རབས་ཉི་ཤུས་རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ་ ༡༢༦༠ ལོ་ནས་རབ་བྱུང་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ་ ༡༣༤༩ ལོའི་བར་ལོ་དགུ་ཅུ་ཙམ་གྱི་རིང་བོད་ཀྱི་སྲིད་དབང་བཟང་ཞིང་མཐར་སྲིད་དབང་སྡེ་སྲིད་ཕག་མོ་གྲུ་པ་ཏཱ་སི་ཏུའི་ལག་ཏུ་ཤོར་ཚུལ་འཁོད་པ་ལྟར་རོ།།

       ༥༥༽ དྲི་བ། ས་སྐྱའི་སྐབས་བོད་ཀྱི་དཔལ་འབྱོར་དང་རིག་གཞུང་ཡར་རྒྱས་བྱུང་ཚུལ་དང༌། སྲིད་དབང་ཉམས་རྒུད་དུ་འགྲོ་ཚུལ་ཇི་ལྟར་ཡིན་ནམ།

       ལན། དཔལ་ས་སྐྱ་བས་བོད་ཀྱི་སྲིད་དབང་བཟུང་རྗེས། སྔོན་གྱི་འཕྲོག་བཅོམ་དང་རྐུ་ཁྱེར་སོགས་ཀྱི་རྣམ་པ་ལྷིང་འཇགས་སུ་གྱུར་ནས། འབྲོག་ལས་ཐོན་སྐྱེད་དང་ས་ཞིང་འདེབས་བཀོལ་སླར་གསོ་དང་ཡར་རྒྱས་གོང་འཕེལ་དུ་ཆེས་ཆེར་ཕྱིན་པ་དང༌། སྐབས་དེར་བོད་ཕྱི་ནང་དུ་ཐོན་རྫས་བརྗེ་རེས་ཀྱི་ཚོང་ལམ་སྔར་ལས་དར་ཁྱབ་ཆེ་ལ། ཉོ་ཚོང་བརྗེ་རེས་ཀྱི་ཚོང་ར་བཙུགས་པ་དང༌། བོད་རང་གི་ས་གནས་སུའང་ཚོང་ར་མང་པོ་བཙུགས། དཀར་ཡོལ་བཟོ་བའི་ལག་རྩལ་དར་བ་སོགས་སྐབས་དེར་དཔལ་འབྱོར་དར་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད།

        ས་སྐྱ་བ་ནས་བཟུང་བོད་ཀྱི་མཁས་དབང་རྣམ་པས་གཞུང་དང་རིག་གནས་གཉིས་མཉམ་དུ་མཁས་པར་སྦྱོང་སྲོལ་བྱུང་ལ། ས་པཎ་ཉིད་ཀྱིས་སྔོན་མིང་ཙམ་ལས་དངོས་སུ་བསྒྱུར་མེད་པ་དང༌། བསྒྱུར་ཀྱང་ཕྱག་ལེན་དུ་བསྟར་མ་ཐུབ་པར་དཔེ་ཐོག་ཏུ་ལུས་པའི་རིག་གནས་ཀྱི་གཞུང་དུ་མ་ངོ་སྤྲོད་དང་ལག་ལེན་དུ་བཏབ་པ་སྟེ། ༵༵སྒྲ་ལ་འཇུག་པ་ཀཀ དང༌། ༵༵མཁས་པ་འཇུག་པ་ཀཀ ༵༵སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་ཀཀ སོགས་བརྩམས་ནས་བཤད་ཁྲིད་ཀྱི་ལམ་ཕྱེས། ལེགས་ཉེས་བླང་དོར་གྱི་ཚུལ་ལེགས་བཤད་ཀྱི་ཐོག་མར་གྲགས་སོ།།

        འགྲོ་མགོན་འཕགས་པས་བསྐུལ་ངོར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྔོན་ས་པཎ་གྱི་མཁས་འཇུག་གཞིར་བཟུང་ ༵༵སྙན་ངག་མེ་ལོང་མ་ཀཀ ཆ་ཚང་བོད་ཡིག་ཏུ་བསྒྱུར་ཅིང་སྙན་གཞུང་གི་ཁྲིད་རྒྱུན་སྤེལ། དེ་དུས་ ༵༵རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཀཀ དང༌། ༵༵ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཀཀ ༵༵འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་ཀཀ སོགས་རིག་གནས་སྐོར་མང་པོ་བོད་ལ་བསྒྱུར། བཀའ་བསྟན་ཕྱག་བྲིས་མ་སྤུས་དག་ལ་གྲངས་མང་གིས་བཞེངས་པའི་ཆོས་བརྩིགས་བྲག་རི་མར་འབོད་པ་དེའི་ཕྱིའི་རྩིག་པ་ཞིག་ཀྱང་ནང་གི་ཆོས་རྩིག་མི་ཞིག་ཅེས་གྲགས་པ་དེ་ད་ལྟའང་མཐོང་བ་དོན་དང་ལྡན་དུ་མཆིས་པ་འདི་ལྟར་ཡིན། མདོར་ན་ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་རིང་ལ། བོད་ཀྱི་རིག་གནས་ཆེ་བ་ལྔ་སྔར་ལས་དར་རྒྱས་བྱུང་ཞིང་རིག་གནས་ཆུང་བ་ལྔའི་རྣམ་གཞག་ཕལ་མོ་ཆེ་དུས་སྐབས་དེའི་ནང་དུ་གསར་དུ་སྲོལ་གཏོད་ཅིང་དར་སྤེལ་བྱུང་བ་ཡིན། འཇིག་རྟེན་ལུགས་ཀྱི་རྣམ་གཞག་དང༌། མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ཐད་ལ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་བ་བཅས་སོ།།

        ས་སྐྱ་བའི་སྲིད་དབང་ཉམས་རྒུད་དུ་གྱུར་བའི་རྒྱུ་རྐྱེན་དང་ཉམས་རྒུད་དུ་འགྲོ་ཚུལ་ནི། དེ་ཡང་ ༵༵ས་སྐྱའི་གདུང་རབས་ཀཀ ལས།  གདན་ས་འདིས་བོད་སྤྱི་ལ་དབང་བསྒྱུར་བ་ནི་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་ཡོངས་སུ་གྲགས་པ་དེའི་ཡན་ཆད་ཡིན་ལ། དེ་ནས་བླ་བྲང་ཁག་བཞིར་གྱེས། ཞེས་པ་ལྟར། ཁོང་གི་སྔ་རྗེས་སུ་བཙུན་མོ་དྲུག་ཁབ་ཏུ་བཞེས་པར་སྲས་སྲོས་བཅུ་ལྷག་འཁྲུངས། རྗེས་སུ་རབ་བྱུང་བསྒྲུབས་ཏེ་རབ་བྱུང་ལྔ་པའི་མེ་རྟ་སྤྱི་ལོ་ ༡༣༠༦ ལོར་ས་སྐྱའི་གདན་སར་ཕེབས་ནས་དགོན་བདག་མཛད། ཤིང་བྱི་སྤྱི་ལོ་ ༡༣༢༤ ལོར་བདག་ཉིད་ཆེན་པོ་བཟང་པོ་དཔལ་སྐུ་གཤེགས། ལོ་དེར་ཁོང་གི་སྲས་རྣམས་ཕན་ཚུན་མ་མཐུན་པར་གོང་མའི་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་གཅུང་པོ་རྣམས་ལ་བླ་བྲང་སོ་སོར་བགོས། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་ ༡༣༤༩ ལོ་ནས་ས་སྐྱའི་བཞི་ཐོག་བླ་བྲང་དང༌། ལྷ་ཁང་བླ་བྲང༌། རིན་ཆེན་སྒང་བླ་བྲང༌། དུས་མཆོད་བླ་བྲང་བཅས་བླ་བྲང་ཁག་བཞི་པོའི་ནང་ཁུལ་འགལ་བ་སྔར་ལས་ཛ་དྲག་ཏུ་གྱུར་ཏེ། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཙོ་བོ་བྱས་པའི་ལྷ་ཁང་བླ་བྲང་གཞན་པ་གསུམ་གྱི་ཕྱོགས་ཁག་བཅས་ཁག་གཉིས་སུ་གྱེས་པའི་བར། སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ཚབས་ཆེན་ཞིག་བྱུང་བ་དང་ཆབས་ཅིག་བོད་སྤྱིའི་དབང་བསྒྱུར་ཡང་ཚགས་སུ་མ་ཚུད་པའི་ཁར། ཡོན་གོང་མའི་ནང་ཁུལ་ཡང་ཉམས་རུལ་དུ་གྱུར་བས། ས་གནས་ཁག་གི་བདེ་འཇགས་ལ་མི་ལྟ་བར་རང་གི་དགའ་བདེའི་འཚོ་བ་ལོངས་སུ་སྤྱོད་པ་ཁོ་ནས་དུས་འདའ་བའི་གནས་སུ་སླེབས། ཡོན་རྒྱལ་རབས་ཀྱིས་རྒྱབ་སྐྱོར་བྱས་ནའང་ས་སྐྱ་བའི་ནང་ཁུལ་དུ་འཐབ་འཁྲུག་དང་གསོད་རེས་སོགས་ཀྱིས་སྤྱི་ཚོགས་ལ་གཡོ་འགུལ་བྱུང་བ་དང༌། ས་སྐྱ་ལ་དམག་དྲངས་ཏེ་ས་སྐྱ་བ་ཕམ་པར་བཅུག་སྟེ། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་གསོན་པོར་བཟུང་བ་བཅས་སྡེ་གཟར་མང་པོ་བྱུང་བ་བརྒྱུད། རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ་ ༡༣༥༤ ལོར་བཀའ་བརྒྱུད་ཕག་མོ་གྲུ་པས་ས་སྐྱའི་དབང་ཆ་ཡོངས་སུ་འཕྲོག་ནས་ས་སྐྱ་བས་བོད་ལ་དབང་བསྒྱུར་བྱེད་པའི་མཇུག་བསྒྲིལ་བ་ནི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟར་རོ།།

       ༥༦༽ དྲི་བ། ས་སྐྱ་དང་འབྲི་གུང་གཉིས་བར་འགལ་བ་བྱུང་ཚུལ་དང༌། ས་འབྲི་འཁྲུག་སྟེ་འབྲི་གུང་གླིང་ལོག་ཅེས་པ་བྱུང་ཚུལ་ཇི་ལྟར་ཡིན་ནམ།

       ལན། སྤྱིར་འབྲི་གུང་གླིང་ལོག་ཅེས་པའི་དོན་རྐྱེན་འདི་ནི་ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིག་ཀྱང་ཡིན། དེ་ཡང་འབྲི་གུང་གླིང་ལོག་གི་བྱུང་རྐྱེན་དང་པོ་ནི། ༵༵དེབ་དམར་ཀཀ ལས།  འབྲི་གུང་དཔོན་པོ་རིན་པོ་ཆེ་བསོད་ནམས་གྲགས་པ་གཤེགས་པའི་དུས་སུ། གངས་ཏི་སིར་འགྲོ་བའི་འབྲི་གུང་པའི་རི་པ་ཚན་གཅིག་ས་སྐྱར་ཕྱིན། ཆོས་རྗེ་ས་པཎ་གྱིས། རིན་པོ་ཆེ་འོག་མིན་དུ་གཤེགས་སམ། གཤེགས་ལྟས་ཅི་བྱུང་གསུངས་པས། རི་པ་གཅིག་ན་རེ། འོག་མིན་ཅི་ཡིན་སྟེང་དུ་གཤེགས་མོད། རིང་བསྲེལ་གྱི་ཆར་བབས། ཕྱག་རྒྱ་ཆེན་པོའི་གསེར་སྐུ་ཁྲུ་གང་བྱོན། ཟེར་བས་ཆོས་རྗེས་ཅང་མ་གསུངས། སང་ཉིན་ཆོས་གྲྭར། ངས་ཁྱེད་ཚོ་ལ་མཁས་དྲག་གི་དྲིན་མེད་དེ། ཁ་སང་གི་ཁ་འཆལ་དེ་འདྲ་ཁ་ནས་མ་འོངས་ཙམ་འདི་ངའི་དྲིན་ཡིན་གསུངས། དེ་ཐེལ་པས་ཐོས་པས་ཐུགས་ལ་མ་འཐད། དཔོན་རྡོ་རྗེ་དཔལ་གཙང་གི་དཔོན་བྱེད་དུས། དེའི་ཞེ་ནད་དུ། རྗེ་ས་པཎ་གྱི་ཆོས་གྲྭ་ལ་རྟ་རྒྱུགས། ཟངས་མོ་ཆེ་ལ་རྟ་ཆུ་བླུད། སྤྱིལ་བུ་བཤིག་ནས་བརྒྱ་སྲང་བཅོས། དེ་ལྟ་བུ་ལ་ས་སྐྱ་པ་རྣམས་ཐུགས་ལ་མ་དན། ཕྱིས་འཕགས་པ་རིན་པོ་ཆེ་ཐུགས་ཤིན་ཏུ་བཟང་ཞིང༌། ཐམས་ཅད་ལ་ཕན་བདེ་འབའ་ཞིག་དགོངས་པས་བྱེད་ཐབས་མ་བྱུང་ཡང༌། སྐུ་གཤེགས་རྗེས་སུ་དེ་འཕྲལ་ནས་འབྲི་གུང་གི་རྩོད་གཞི་བྱུང་ཞེས་དང༌།

        ༵༵སྲིད་དོན་རྒྱལ་རབས་ཀཀ ལས། རྐྱེན་གཞན་པ་གཅིག་ནི་འབྲི་གུང་རིན་པོ་ཆེ་གྲགས་ཡེས་བླ་མ་འཕགས་པ་ལས་རྒྱུད་དང་གདམས་ངག་ཞུས། བླ་མ་ཤར་པ་ཡེ་རིན་པ་ལ་ཁོ་རང་གི་དཔོན་པོ་གནག་ཚ་བྲག་སླེབ་བ་ཕུལ། དེ་ལ་ས་སྐྱ་པས་གདན་ས་བསྐོ་རྩིས་མཛད་པས་གཅུང་རྒྱ་བོས་བསྐྱངས། དེ་རྟིང་རིན་པོ་གྲགས་ཡེ་གྲོངས་ནས། རིན་པོ་ཆེ་གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱིས་གདན་ས་མཛད། ས་སྐྱ་པས་བྲག་སླེ་བའི་ཁ་མཆུ་རྩོད་རྩིས་བྱས་པས་གཅུང་རྒྱའི་རྟིང་འབྲི་གུང་པས་མནན། ས་འབྲི་འཁྲུག་པའི་འགོ་ཚུགས་ཞེས་གསལ་བ་ལྟར་དང༌།

        འདིའི་ནང་དོན་གཙོ་བོ་ནི། ༵༵རྒྱལ་རབས་དྲིས་ལན་བརྒྱ་པ་ཀཀ  ལས། འགྲོ་མགོན་འཕགས་པའི་གཅུང་ཕྱག་ནའི་སྲས་དྷ་རྨ་པཱ་ལ་རཀྵི་ཏས་སྲིད་མཛད་པའི་རིང་དུ། འབྲི་གུང་བའི་གདན་སའི་ཁྲིར་སྣ་ཚ་གྲགས་སླེ་བ་འཇོག་རྩིས་མཛད་པར་འབྲི་གུང་པ་རྒྱ་བོ་གྲགས་རིན་ཆེན་གྱིས་མ་འདོད་ནས་གྲགས་སླེ་བ་བཀྲོངས། གྲགས་རིན་གྱི་རྒྱབ་གཉེར་དུ་འབྲི་གུང་པ་ཡོངས་རྫོགས་ལངས་པར་བརྟེན་ས་འབྲི་འཁྲུག་པའི་འགོ་ཚུགས། དེའི་དབང་གིས་འབྲི་གུང་པ་ཀུན་རྡོར་རིན་ཆེན་གྱིས་རབ་བྱུང་ལྔ་པའི་ཤིང་བྱ་ ༡༢༨༥ ལོ་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧཱའི་སོག་དམག་ཁྲི་དགུ་ལྷག་ཙམ་བོད་དུ་འཁྲིད་ཡོང་སྟེ་ས་སྐྱར་དྲངས། དེ་ལ་ལྕགས་སྟག ༡༢༩༠ ལོར་སླེབས་སྐབས་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་བུ་ཐི་མུ་བྷོ་ཁས་ཀྱི་དམག་དཔུང་བོད་དུ་ཁྲིད་ཡོང་སྟེ་གཙང་དམག་དང་མཉམ་དུ་འབྲི་གུང་ལ་དམག་དྲངས་ནས་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས། མི་ཆིག་ཁྲི་ལྷག་བསད། འབྲི་གུང་པའི་ཁོངས་སུ་གཏོགས་པའི་དྭགས་པོ་དང༌། ཀོང་པོ༑ ཨེ། གཉལ། ལྷོ་ཁ། བྲག་དཀར། ཡར་རྒྱབ། མོན་བཅས་ས་སྐྱ་བས་བླངས་པ་སོགས་འབྲི་གུང་པ་ལ་ཕམ་ཉེས་ཚབས་ཆེན་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་འབྲི་གུང་གླིང་ལོག་ཅེས་གྲགས་སོ།།   །། 

གོང་མ་རྣམ་ལྔ་འཇམ་དབྱངས་བདུན་བརྒྱུད་དང༌། །

དཔོན་ཆེན་ཉི་ཤུ་ཁྲི་རབས་རིམ་བྱོན་དང༌། །

ཏྲཱི་ཤྲི་རྣམས་དང་དཔལ་ལྡན་ས་སྐྱ་པའི། །

གདུང་རབས་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་སོ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འདི་ག་ཤམ་བྷ་ལ་ཕོ་ཉའི་དྲ་བའི་སློབ་སྟོན་པ་རྒན་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་བོད་ཀྱི་རྒྱལ་རབས་དང་སྐད་ཡིག དེ་བཞིན་ལོ་རྒྱུས་སོགས་ཀྱི་ཐོག་དྲི་བ་དྲིས་ལན་གྱི་ལམ་ནས་ཞིབ་བྲིས་གནང་སྟེ་ད་ལྟ་དངོས་སུ་དྲ་རྒྱའི་ཐོག་བཀོད་ཐུབ་པར་ཁོང་ལ་བཀའ་དྲིན་ཆེ་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།