ཕག་གྲུའི་སྲིད་སྐྱོང་དུས་རབས།

དྲུག་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།

སྤྱི་ལོ་ ༡༣༥༨ ནས་ ༡༤༨༡ བར་ལོ་ ༡༢༣། 

      ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༨ཉིན་སྤེལ།  ༥༧༽ དྲི་བ། ཕག་གྲུ་ཞེས་པའི་མིང་ཐོགས་ཚུལ་དང༌། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་ལོ་རྒྱུས། ཕག་གྲུས་བོད་ལ་དབང་བསྒྱུར་ཚུལ་ཇི་ལྟར་ཡིན།

       ལན། ཕག་གྲུའི་བརྒྱུད་པ་ནི། རླངས་ཀྱི་པོ་ཏི་བསེ་རུ་ལས། རུས་ཆེན་བཅོ་བརྒྱད་དང༌། འབྲས་ལ་དཀར་ནག་ཁྲ་གསུམ་སོགས་དང༌།  བོད་མིའུ་གདུང་དྲུག་བྱུང་ཚུལ་ཤིན་ཏུ་རྒྱས་པར་གསུངས་ཤིང༌། དེ་དག་གི་རྒྱུད་ལས་རླངས་ཀྱི་གདུང་བརྒྱུད་བྱུང་ཞིང༌། དེ་དག་ལས་ཨ་མེས་བྱང་ཆུབ་འདྲེ་འཁོལ་ནས་བཟུང་རིགས་བརྒྱུད་ཟམ་མི་ཆད་པར་བྱོན་ཞིང་དེ་དག་གི་རྒྱུད་པས་གདན་ས་ཐིལ་དུ་མཛད་པས་ཕག་གྲུ་པ་ཞེས་དང༌། རྒྱལ་ས་སྣེ་གདོང་དུ་བྱས་པས་སྣེ་གདོང་པ་ཞེས་གྲགས་སོ།།

        སྡེ་སྲིད་ཕག་མོ་གྲུ་པ་ཁྲི་རབས་དང་པོ་བྱང་ཆུབ་རྒྱལ་མཚན་ནི་ཡབ་རིན་ཆེན་སྐྱབས་དང་ཡུམ་འབུམ་སྐྱེད་གཉིས་ཀྱི་སྲས་སུ་ཆུ་སྟག་ཕྱི་ལོ་ ༡༣༠༢ ལོར་སྐུ་འཁྲུངས་ཤིང༌། དགུང་ལོ་བདུན་པར་སྤྱན་སྔ་ཆོས་བཞི་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ས་སྐྱར་བྱོན་ནས་ཕྱི་ནང་གི་རིག་གནས་ལ་སྦྱངས་བརྩོན་ཆེས་ཆེར་མཛད། ཁོང་དགུང་ལོ་ཉི་ཤུར་ཕེབས་སྐབས་ཆོས་སྲིད་ཀྱི་སློབ་གཉེར་ཟིན་ཅིང༌། ཆབ་སྲིད་ཐོག་མིག་རྒྱང་རིང་བ་དང༌། དཔའ་མཛངས་བརྟུལ་ཕོད་པ། དམག་བྱུས་དམག་རྩལ་ལ་མཁས་པ། གསར་བསྟོད་ཀྱི་སྙིང་སྟོབས་ལྡན་པས་ཆོས་སྲིད་གཉིས་ཐད་དུ་མཁྱེན་པ་རྒྱས་ཤིང་མཛད་རྗེས་ཤིན་ཏུ་ཆེ།

        ཕག་གྲུའི་ཁྲི་དཔོན་མཛད་ཅིང་ས་སྐྱས་ཁོང་ལ་ཕག་གྲུའི་ཁྲི་དཔོན་གྱི་ལས་འགན་དང༌། ཏཱ་སི་ཏུ་ཞེས་པའི་གོ་གནས། སྟག་མགོ་ནོར་བུ་གསུམ་པ་ཞེས་པའི་ཙན་དན་གྱི་ཐམ་ག་བཅས་གནང་སྟེ། སྣེ་གདོང་རྩིས་བླངས་རྗེས་སྣེ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་དང༌། སྐྱེ་ཤིང་འཛུགས་པ། གཞིས་ཀ་ཉམས་གསོ། ཁོང་གི་དྭགས་པོ་བཀའ་བརྒྱུད་པར་མདོ་ཕྱོགས་ཀྱི་བཤད་གྲྭ་གསར་བཏོད་མཛད། བོད་ཡུལ་གང་སར་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་མཐུན་སྦྱོར་རྒྱ་ཆེར་མཛད་པ་མ་ཟད། ཡུལ་ལུང་ནང་རི་རྒྱ་ཀླུང་རྒྱ། ཆུ་ཆེན་ལ་ཟམ་པ་དང་ཀོ་གྲུ་གསར་འཛུགས་སོགས་ཡུལ་ལུང་ལ་ཡར་རྒྱས་དང༌། ལམ་འཕྲང་དབེན་པ་ཇི་ཡོད་ལ་འཇིགས་སྐྱོབ། མངའ་རིས་ཕྱོགས་ཀྱི་ས་ཚིགས་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས། བོད་རྒྱལ་ཆོས་རྒྱལ་གོང་མའི་ལུགས་བཞིན་ལྷ་ཆོས་དགེ་བ་བཅུ་གཞིར་བཟུང་ཐོག་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔ་སོགས་གཏན་ལ་ཕབ་སྟེ། བཀའ་ཁྲིམས་ཀྱི་འཇམ་དར་ཡུག་ཅིག་ཏུ་བསྐྱངས་པས། སྐབས་ཤིག་རིང་རྒན་མོ་གསེར་འཁུར་ཞེས་བྱའི་རྫོགས་ལྡན་གསར་པའི་དུས་ཤིག་ཤར་བའི་མཛད་པ་སོགས་ཁྲི་དཔོན་གྱི་ལས་འགན་ལེགས་པར་བསྒྲུབས།

        ཁོང་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་ ༡༣༦༤ ལོར་དགུང་ལོ་ ༦༢ ལ་སྣེ་གདོང་རྩེའི་ཕོ་བྲང་དུ་སྐུ་གཤེགས། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་བརྩིས་པའི་ལོ་བརྒྱ་ལྷག་ཙམ་རིང་ཕག་གྲུའི་མི་རྒྱུད་ཀྱིས་སྲིད་དབང་བཟུང་སྟེ་བོད་ཁམས་ཡོངས་ལ་དབང་བསྒྱུར་མཛད་དོ།།

        སྡེ་སྲིད་ཕག་མོ་གྲུ་པའམ་སྣེ་གདོང་པའི་དབང་ཤུགས་སླེབས་ཚུལ་ནི༑ སྐབས་དེར་ས་སྐྱའི་མངའ་འོག་ཏུ་ཁྲི་དཔོན་བཅུ་གསུམ་ཡོད་པའི་ནང་ནས་འབྲི་གུང་དང༌། ཕག་གྲུ། ཚལ་པ་བཅས་གསུམ་ནི་ས་སྡེ་ཆེ་ཤོས་དང༌། ས་སྐྱ་པའི་ཞབས་འབྲིང་ནང་མའི་གྲས་སུ་གཏོགས། ཁྲི་དཔོན་གཞན་གྱི་རྒྱུད་བསྐུལ་བསླུ་ཐབས་ལ་བརྟེན་ནས་ས་སྐྱའི་དཔོན་ཆེན་འགའ་ཤས་ཀྱིས་ཕག་གྲུར་ཁྲིམས་འཁྱོག་དང༌། སྡང་ཟུག་ཆེན་པོས་སྔ་རྗེས་བཙན་མནོན་མང་པོ་བྱས་རྐྱེན་སྙིང་སྟོབས་ཅན་གྱི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་གོ་སྐབས་དང་བསྟུན་ཏེ། ས་སྐྱའི་སྲིད་དབང་ཕྲོགས་པ་ཡིན།

        དེ་ནས་གཡའ་བཟང་བ་དང༌། ཚལ་པ། འབྲི་གུང༌། ས་སྐྱ་བཅས་ལ་དམག་དྲངས་ཏེ་ཤིང་རྟ་སྤྱི་ལོ་ ༡༣༥༤ ལོར་བོད་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དབང་བདག་གིར་མཛད། ཁྲི་སྐོར་བཅུ་གསུམ་གྱི་སྲིད་འཛིན་པ་བསྒྲིགས་ཏེ་གོང་དཀར་རྫོང་དང༌། བྲག་དཀར་རྫོང༌། སྣེའུ་རྫོང༌། འོལ་ཁ་སྟག་རྩེ་རྫོང་སོགས་རྫོང་ཆེན་བཅུ་གསུམ་དུ་བསྒྱུར་ལ། རྫོང་དཔོན་རྣམས་ལོ་གསུམ་རེའི་མཚམས་ནས་བརྗེ་རེས་བྱེད་པའི་ལམ་ལུགས་བཙུགས། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་ཁྲལ་འུལ་སོགས་ལམ་ལུགས་གཏན་འབེབས་མཛད་པས། སྐབས་དེར་བོད་ཁམས་ཡོངས་སུ་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་ཞིག་བྱུང་བས་ཁོང་ནི་བོད་ལ་བཀའ་དྲིན་ཤིན་ཏུ་ཆེའོ།།

       ༥༨༽ དྲི་བ། ས་ཕག་གཉིས་དབར་འགལ་བ་བྱུང་ཚུལ་དང༌། མཐར་སྡེ་སྲིད་ཕག་གྲུས་བོད་ཁམས་ལ་མངའ་དབང་བསྒྱུར་ཚུལ་ཇི་ལྟར་ཡིན་ནམ།

       ལན། དེ་ཡང་ས་སྐྱའི་སྲིད་དབང་ནང་འགལ་བ་སྣ་ཚོགས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས། ཕག་གྲུ་དང་གཡའ་བཟང་བ་གཉིས་བར་ལ་རྩོད་གཞི་ཡང་ཡང་བྱུང་བའི་ཚེ་ས་སྐྱའི་དཔོན་ཆེན་ལ་གཏུགས་པར་གཡའ་བཟང་པའི་རྒྱབ་སྐྱོར་འོག ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་གོང་དུ་ཞུས་ཏེ་ཕག་གྲུའི་ཁྲི་དཔོན་འཕྲོག་རྩིས་བྱས། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཡའ་བཟང་བའི་ཕྱོགས་མཛད་དེ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ལ་དོ་དམ་དང་ཚ་འདྲི་སོགས་མནར་གཅོད་བཏང༌།

       དེ་ནས་ས་སྐྱའི་བླ་མ་ཀུན་སྤངས་དང་དཔོན་ཆེན་རྒྱལ་བ་བཟང་པོས་བྱང་ཆུབ་རྒྱལ་མཚན་བསད་དེ་སྣེའུ་གདོང་ལེན་རྒྱུའི་ཀློག་གཤོམ་འཐེན་ནས་འབྲི་གུང་པ་དང༌། ནང་གྲགས། གཡའ་བཟང་བ་བཅས་དང་མཉམ་འབྲེལ་སྒོས་ཕག་གྲུར་དམག་རྒྱག་རྩིས་བྱས་པ་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ས་སྐྱ་དང་ཕག་གྲུ་གཉིས་ནང་འདུམ་བྱས་རྐྱེན་དཔོན་ཆེན་རྒྱལ་བ་དང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གཉིས་འགྲིག་མོལ་བྱུང་ནའང་ལྷ་ཁང་བླ་བྲང་གི་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱི་སྲས་སྐུ་མཆེད་གཉིས་ཀྱིས་དེ་ལས་ལྡོག་སྟེ་དཔོན་ཆེན་རྒྱལ་བཟང་བ་འཛིན་བཟུང་བྱས་པས། ཕག་གྲུ་བྱང་ཆུབ་རྒྱལ་མཚན་དང་ནང་མོལ་གྱིས་དཔོན་ཆེན་རྒྱལ་བཟང་བཙོན་ཁང་ལས་བཏང༌།

        འོན་ཀྱང་ཕྱིས་སུ་ཀུན་སྤངས་པ་རང་ཉིད་ས་སྐྱ་ནང་ཁུལ་ནས་བཀྲོངས་པ་དང༌། དཔོན་ཆེན་རྒྱལ་བཟང་བ་ཡང་ལྷ་རྩེར་རྐྱེན་འདས་བྱུང་བ་སོགས་ཀྱི་རྐྱེན་གྱིས་བྱང་བ་ཁྲི་དཔོན་གྱིས་ཞུས་བསྐུལ་ལྟར། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཙང་དམག་བསྡུས་ཏེ་ལྷ་ཁང་ཆེན་མོ་བསྐོར་སྟབས། བོད་ཤིང་རྟ་སྤྱི་ལོ་ ༡༣༥༤ ལོར་ཕག་གྲུའི་དམག་དཔུང་ས་སྐྱར་བསྐྱོད་དེ་གཡུལ་དུ་ཞུགས་ནས་གཙང་དམག་ལ་ཕམ་ཉེས་ཆེན་པོ་བཟོས། ས་སྐྱའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ཅིང་སྲིད་དབང་ཕག་མོ་གྲུ་པའི་ལག་ཏུ་ཤོར་ཏེ་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་པ་ཡིན་ནོ།།

        ཕག་གྲུའི་ཁུ་བོས་ཁྲི་དཔོན་བྱེད་སྐབས་ཁོ་པའི་ས་སྡེའི་ཁོངས་གཏོགས་ཀྱི་ཁྱིམ་ཚང་ ༢༨༠ གཡའ་བཟང་པས་འཕྲོགས་པ་དང༌། རྗེས་སུ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་དུ་སླེབས་མ་ཐག་གཡའ་བཟང་པས་རང་གི་ཁུ་བོའི་དུས་སུ་འཕྲོག་པའི་ས་ཁང་མི་གསུམ་དཔུང་ཤུགས་ཀྱིས་ཕྱིར་བླངས། དེ་རྗེས་གཡའ་བཟའ་པས་ཕག་གྲུའི་སྟེང་དུ་དམག་གིས་ཚུར་རྒོལ་ལན་འགའ་བྱས། གཡའ་བཟང་པའི་རྒྱབ་ཏུ་ཚལ་པ་ཡོད་པ་མ་ཟད། ས་སྐྱའི་དཔོན་ཆེན་རྣམས་ཀྱིས་ཀྱང་རྒྱབ་རྩ་བྱས་པར་བརྟེན། ཁ་མཆུའི་རྩ་བ་མ་ཆོད་པར་དམག་འཁྲུག་ཀྱང་ཤོར།

        ཕྱི་ལོ་ ༡༣༣༧ ལོ་དང་ཕྱི་ལོ་ ༡༣༤༥ ལོ་སོ་སོར་ས་སྐྱའི་དཔོན་ཆེན་འོད་ཟེར་སེངྒེ་སོགས་ཀྱི་དྲུང་དུ། གཡའ་ཕག་གཉིས་གཏུགས་བཤེར་བྱས་ཏེ་ཕག་གྲུར་བདེན་པ་ཆེ་ཙམ་བྱུང་ཡང༌། ས་སྐྱའི་དཔོན་ཆེན་རྣམས་གྲོས་ཚོགས་སྐབས་ནང་ཆེན་དབང་བརྩོན་གྱིས་ཕྱོགས་ལྷུང་བྱས་ཏེ། བྱང་ཆུབ་རྒྱལ་མཚན་གྱི་ཚབ་ཏུ་བསོད་ནམས་རྒྱལ་མཚན་ལ་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཀྱང༌། སྣེ་གདོང་ལ་སླེབས་སྐབས། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་གྱི་ལས་འགན་དང༌། སྣེ་གདོང་ཕོ་བྲང་བཅས་རྩིས་མ་སྤྲད་པར་ཕན་ཚུན་འགལ་ཟླར་གྱུར། ཁོང་གཉིས་དབར་ཞི་དྲག་གི་ཐབས་ཤེས་རིམ་པར་བྱས་ཀྱང་ཞི་འགྲིགས་མ་བྱུང་སྟབས། ས་སྐྱའི་དཔོན་ཆེན་བཟང་པོས་སྣེ་གདོང་ལ་དམག་དྲངས་ཏེ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་དམག་ཐོག་ཏུ་འཛིན་བཟུང་གིས་སྣེ་གདོང་གི་སྲིད་དབང་སྤྲོད་དགོས་པར་བསྐུལ་ཀྱང༌། བྱང་ཆུབ་རྒྱལ་མཚན་གྱི་ངོས་ལེན་གཏན་ནས་མ་བྱས་སྟབས། མཐར་བཙན་ཐབས་སུ་ཁྲིམས་ཆད་བཏང་བ་དང༌། བཙོན་ཆས་གཡོགས་ཏེ་བཞོན་པ་གླང་དམར་ཞིག་ལ་ཁ་ཕྱིར་ལོག་གི་བསྐྱོན་ཏེ། ས་སྐྱར་ཁྲིད་པ་ལས་གཞན་ཐབས་གཞན་མ་རྙེད། ཟླ་བ་གཅིག་ཙམ་གྱི་རྗེས་སུ་བྱང་ཆུབ་རྒྱལ་མཚན་སྣེ་གདོང་དུ་ཕྱིར་ལོག་ནས་སྔར་བཞིན་སྲིད་དབང་བཟུང༌།

        སྐབས་དེར་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་ནང་ཆེན་དབང་བརྩོན་གཉིས་ནང་ཁ་མ་འཆམ་པར། དབང་བརྩོན་གྱིས་གཡོ་སྒྱུ་སྣ་ཚོགས་ལ་བརྟེན་ནས་རྒྱལ་བ་བཟང་པོ་བརྩོན་འཇུག་བྱས་མཐར། ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུང་ཕྱོགས་སུ་བཏང༌། བྱང་ཆུབ་རྒྱལ་མཚན་གྱིས་གོང་གསལ་གནས་ཚུལ་ཐོས་མ་ཐག་དམག་སྣེ་ཁྲིད་ནས་ས་སྐྱ་བའི་དཔུང་དང་འཐབ་སྟེ་རྒྱལ་ཁ་བླངས། དེ་ནས་དབུས་དཔུང་རྣམས་ས་སྐྱར་ཐད་ཀར་བསྐྱོད་པས་དམག་ཐབས་མ་དགོས་པར་དཔུང་གི་འཇིགས་ཟིལ་ཁོ་ནས་བླངས་ཏེ། ས་སྐྱའི་གདན་རབས་ཏཱ་དབེན་བློ་གྲོས་རྒྱལ་མཚན་ཁྲི་ལས་ཕབ། དཔོན་ཆེན་དབང་བརྩོན་འཛིན་བཟུང་བྱས། ལས་བྱེད་གནད་ཡོད་རྣམས་ཁྲིམས་ཀྱི་ཙ་ར་དང་གནས་འབྱུང་བཏང༌། རྫོང་གཞིས་སོ་སོར་དཔོན་རིགས་གསར་བསྐོ་མཛད། དེ་ལྟར་སྤྱི་ལོ་ ༡༣༥༨ ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་འཕྲོག་སྟེ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་དབང་བསྒྱུར་བ་ཡིན་ནོ།།

       ༥༩༽ དྲི་བ། ཕག་གྲུའི་སྲིད་རབས་རིམ་བྱོན་ཇི་ལྟར་ཡིན་དང༌། དེའི་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་བྱུང་ཚུལ་ཇི་ལྟར་ཡིན་ནམ།

       ལན། སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་གི་གནས་གཞི་ནི་སྣེའུ་གདོང་རྩེར་ཡོད་ལ། སྡེ་སྲིད་ཕག་མོ་གྲུ་པར་རྒྱལ་རབས་རིམ་བྱོན་བཅུ་གཉིས་བྱུང་བ་ནི། ༵༵དུང་དཀར་ཚིག་མཛོད་ཀཀ ལས། སྲིད་རབས་དང་པོ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ ༡༣༥༤ ནས་ ༡༣༧༡ བར་དང༌། གཉིས་པ༑ འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ནས་ ༡༣༥༤ ནས་ ༡༣༨༤ བར། གསུམ་པ། གྲགས་པ་བྱང་ཆུབ་ ༡༣༨༥ ནས་ ༡༣༩༠ བར། བཞི་པ། བསོད་ནམས་གྲགས་པ་ ༡༣༩༡ ནས་ ༡༤༠༨ བར། ལྔ་པ། གྲགས་པ་རྒྱལ་མཚན་ ༡༤༠༩ ནས་ ༡༤༣༨ བར། དྲུག་པ། སངས་རྒྱས་རྒྱལ་མཚན་ ༡༤༣༥ ནས་ ༡༤༣༩ བར། བདུན་པ། གྲགས་པ་འབྱུང་གནས་ ༡༤༤༠ ནས་ ༡༤༦༨ བར། བརྒྱད་པ། ཀུན་དགའ་ལེགས་པ་ ༡༤༦༩ ནས་ ༡༤༧༣ བར། དགུ་པ། རྡོ་རྗེ་རིན་ཆེན་ ༡༤༧༤ ནས་ ༡༥༡༣ བར། བཅུ་པ། སྤྱན་སྔ་ངག་གི་དབང་པོ། ༡༥༡༤ ནས་ ༡༥༦༤ བར། བཅུ་གཅིག་པ། ངག་དབང་བཀྲ་ཤིས་གྲགས་པ་ ༡༥༦༥ ནས་ ༡༥༧༨ བར། བཅུ་གཉིས་པ། འགྲོ་བའི་མགོན་པོ་ ༡༥༧༩ ནས་ ༡༦༡༧ བར་ས་སྐྱའི་རྒྱལ་རབས་འཕྲོས་ནས་ལོ་ ༢༦༤ རིང་བསྐྱངས་སོ་ཞེས་གསལ་ལོ།།

        ཕག་གྲུའི་སྐབས་སྲིད་འཛིན་སྒྲིག་གཞི་གསར་བཟོ་དང༌། སྔར་གཞན་གྱིས་བཙན་འཕྲོག་བྱས་པའི་འབངས་ཀྱི་ས་ཞིང་དང་རྒྱུ་ནོར་རྣམས་ཕྱིར་རང་རང་ལ་སྤྲད་པ་དང༌། འབངས་ཀྱི་ཁྲལ་རིགས་འོས་མཚམ་བསྡུ་བ་ལས་གང་འདོད་ཀྱིས་བསྡུ་མི་ཆོག་པའི་བཀའ་ཕབ། ཁྲིམས་ལུགས་ལ་བསྒྱུར་བཅོས་བྱས་པས་ཁྲིམས་མེད་ལུགས་མེད་ཀྱི་འཕྲོག་ཁྱེར་གྱི་བྱ་སྤྱོད་མེད་པར་ཕྱུགས་ཟོག་གོང་འཕེལ་བྱུང༌། སྡེ་སྲིད་རིམ་བྱུང་གིས་གཞིས་ཀ་ཁག་ནང་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་བྱས་ཤིང༌། ས་གནས་སོ་སོར་ཤིང་འཛུགས་ནགས་བསྐྲུན་གྱི་བསྐུལ་མ་བཏང༌། ཐང་རྒྱལ་རབས་ནས་བཟུང་བོད་དང་ནང་ལོགས་བར་བྱུང་བའི་ཇ་དང་རྟ་སོགས་ཉོ་ཚོང་བྱེད་པའི་སྲོལ་ཇེ་དར་དུ་སོང་སྟེ། བོད་ཀྱི་བལ་དང༌། སྨན་རྩྭ་གླ་རྩི། ལི་སྐུ། ཐང་ག་སོགས་དང་རྒྱ་ནག་གི་དར་གོས་དང༌། རས་ཁྲ་སོགས་ཕན་ཚུན་བརྗེ་རེས་བྱེད་པའི་བྱེད་སྒོ་མང་དུ་ཕྱིན་པས་དཔལ་འབྱོར་གཽང་དུ་འཕེལ་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་སུ་སོང་བས་སྐབས་དེར་རྒན་མོ་གསེར་ཁུར་གྱི་དུས་ཞེས་གྲགས།

རིག་གནས་ཐད་སྐབས་དེར་བོད་ཁམས་ཀྱི་སྤྱི་ཚོགས་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་བྱུང་སྟབས་རིག་གནས་དར་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཏེ་རྩོམ་རིག་དང༌། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ༑ སྒྱུ་རྩལ་སོགས་ཡར་རྒྱས་ཆེན་པོ་བྱུང༌། དཔེར་ན། ༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ དང༌། ༵༵དེབ་ཐེར་དམར་པོ་ཀཀ ༵༵བུ་སྟོན་ཆོས་འབྱུང་ཀཀ སོགས་ལོ་རྒྱུས་ཀྱི་དེབ་ཐེར་སྙན་གྲགས་ཅན་དང༌། སྙན་གྲགས་ཆེ་བའི་དམངས་ཁྲོད་རྩོམ་རིག་ ༵༵གླིང་གེ་སར་རྒྱལ་པོའི་སྒྲུང་ཀཀ སོགས་བྱུང་ནས་བོད་མི་རིགས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཡིན།

བུ་སྟོན་དང་ཚལ་པ་ཀུན་དགའ་རྡོ་རྗེའི་རྣམ་གཉིས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔེ་འཚོལ་སྡུད་དང་དཀར་ཆག་རྩོམ་སྒྲིག་གནང་བ་བཅས་བོད་ཀྱིས་འཛམ་གླིང་རིག་གནས་བང་མཛོད་ནང་རིན་ཐང་བྲལ་བའི་ནོར་བུ་ཞིག་བསྣན། གཞན་ད་དུང་གསོ་རིག་དང༌། སྐར་རྩིས་སོགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རྒྱུད་བཞི་སོགས་སྨན་གཞུང་རྣམས་ཤིང་དཔར་ལ་བཀོད། སྐར་རྩིས་ཀྱིས་བརྩི་སྟངས་ཀྱང་སྐབས་དེར་ཡིག་ཐོག་ལ་བཀོད་པ་སོགས་མདོར་ན་ཕག་གྲུའི་སྐབས་རྩ་ཁྲིམས་གཏན་འབེབས་དང༌། མི་དོན་སྒྲིག་སྲོལ། འགྱེད་དང་ཁྲལ་ཆག བོད་ཁམས་ལ་འཛུགས་བསྐྲུན། ལྷ་ཁང་དང་རྟེན་གསུམ་གསར་བཞེངས། ཁོར་ཡུག་ལ་ལེགས་བཅོས། པར་ཤིང་དར་སྤེལ། ཆོས་ལུགས་དང༌། སྨན་རྩིས། ལྷ་བཟོའི་ལག་རྩལ། རིག་གནས་དར་རྒྱས་ཕྱིན་པ་སོགས་ནི་འབྲེལ་ཡོད་ཀྱི་དེབ་ཐེར་ལས་གསལ་བ་ལྟར་རོ།།

       ༦༠༽ དྲི་བ། ཕག་གྲུའི་སྐབས་དགོན་སྡེ་གསར་བཞེངས་དང༌། ཆོས་ལུགས་དར་ཚུལ། ཕག་གྲུའི་སྲིད་དབང་ཉམས་ཚུལ་བཅས་ཇི་ལྟར་ཡིན་ནམ།

       ལན། ཨར་ལས་འཛུགས་སྐུན་འཕེལ་རྒྱས་སྐོར་ནི། ཕག་གྲུས་བོད་ཡོངས་ལ་མངའ་དབང་བསྒྱུར་བའི་སྐབས་སུ་བོད་ཡུལ་གྱི་ཨར་ལས་འཛུགས་བསྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཐོག་མར་དགོན་སྡེ་གསར་སྐྲུན་གྱི་ཐད་ལ་མཚོན་ན་དགེ་ལུགས་པའི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང༌། དཔལ་ལྡན་རྒྱུད་གྲྭ་སྟོད་སྨད། ངོར་ཨེ་ཝཾ་ཆོས་སྡེ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། རྩེད་ཐང་ཆོས་སྡེ། ཐུབ་བསྟན་རྣམ་རྒྱལ་གླིང༌། ཆབ་མདོ་བྱམས་པ་གླིང༌། དེ་མིན་མདོ་སྨད་དུ་རོང་པོ་དགོན་ཆེན་ཆོས་འཁོར་གླིང་དང༌། བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་སོགས་མང་པོ་བཞེངས་ཤིང༌། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང༌། བསམ་ཡས་དགོན་པ་སོགས་ལ་ཉམས་གསོ་རྒྱ་ཆེར་བྱས། སྐབས་དེར་སྐུ་གསུང་ཐུགས་རྟེན་གསར་བཞེངས་ལ་མཚོན་ནའང་བོད་སིལ་བུར་འཐོར་བའི་དུས་སྐབས་སུ་ཁྲོ་ཕུ་ལོ་ཙཱ་བས་བཞེངས་པའི་ཁྲོ་ཕུ་བྱམས་ཆེན་དང༌། འབྲས་སྤུངས་དགོན་གྱི་བྱམས་པ་མཐོང་གྲོལ་མ་སོགས་བཞེངས། ཁྱད་པར་དུ་ཐུགས་རྟེན་ལ་མཚོན་ན་ངམ་རིང་ཁོངས་སུ་ཡོད་པའི་གཅུང་རི་བོ་ཆེའི་སྐུ་འབུམ་དང༌། ལྷ་རྩེ་རྫོངས་ཁོངས་སུ་ཡོད་པའི་རྒྱང་འབུམ་མོ་ཆེ། རྒྱལ་རྩེ་རྫོང་ཁོངས་སུ་ཡོད་པའི་དཔལ་འཁོར་སྡེའི་སྐུ་འབུམ་སོགས་བོད་ཡུལ་དུ་སྐུ་འབུམ་ཆེ་གྲས་སུ་འཇོག་པ་འདི་དག་ཀྱང་ཕག་གྲུའི་སྲིད་དབང་གི་དུས་སུ་བཞེངས་པ་གཡུ་ཕྲེང་ལས་ཤེས། དཔལ་ལྕགས་ཟམ་བླ་མ་སྟེ་ཤངས་པ་བཀའ་བརྒྱུད་པའི་བླ་མ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐབས་དེར་ལྷ་མོ་ཚོགས་པ་བཙུགས་ནས་ས་གནས་ཁག་ཏུ་འཁྲབ་སྟོན་བྱས་པ་ཟམ་པ་འཛུགས་བྱེད་ཀྱི་ཞལ་འདེབས་བསྡུས། བོད་ཁམས་ཀྱི་ཆུ་ཆེན་ཡར་ཀླུངས་གཙང་པོ་སོགས་ལ་ལྕགས་ཟམ་བཙུགས་པས་ལྕགས་ཟམ་བླ་མ་ཞེས་མཚན་སྙན་ཐོགས་སོ།།

        རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་ནི་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པ་ཡིན་ལ། ཁོང་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་རིས་མེད་དུ་ལེགས་པར་སྦྱངས་ཏེ་མཁས་པའི་གྲགས་པ་ས་སྟེང་ཡོངས་སུ་ཁྱབ། སྐུ་ཚེའི་སྨད་དུ་ཁོང་གིས་སྐབས་དེར་བསྟན་པ་ཉག་ཕྲ་བ་བྱུང་བར་དམིགས་ནས་དག་ཐེར་ནན་ཏན་མཛད་པར་སྤྱི་ཚོགས་ནས་དགའ་བསུ་ཐོབ་སྟེ་དགེ་ལུགས་པ་ཞེས་པའི་གྲུབ་མཐའ་གསར་པ་ཞིག་ཆོལ་གསུམ་ཡུལ་དུ་མགྱོགས་མྱུར་ངང་དར། དེའི་ཚུལ་རྒྱས་པ་ནི་རྗེས་ཙོང་ཁ་པ་ཆེན་མོའི་རྣམ་ཐར་དང་དགེ་ལུགས་གྲུབ་མཐའ་ལས་འབྱུང་བ་ལྟར་རོ།།

        ཕག་གྲུའི་སྲིད་དབང་ཉམས་པའི་སྐོར་ནི། འདི་ཐད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། དེ་ཡང་བོད་ཆུ་བྱི་སྤྱི་ལོ་ ༡༤༣༢ ལོར་མི་དབང་གྲགས་པ་རྒྱལ་མཚན་གཤེགས་པས་གྲགས་པ་འབྱུང་གནས་ཁྲི་བཀོད། འོན་ཀྱང་ཡབ་སངས་རྒྱས་རྒྱལ་མཚན་གྱིས་ཁྲི་ཐོག་གི་གོ་སར་དམིགས་ནས་བྱ་ངན་སྤེལ་བས་ཡར་ལུང་དུ་སྡེ་གཟར་བྱུང་བ་ཡིན།

        ཤིང་སྟག་སྤྱི་ལོ་ ༡༤༣༤ ལོར་ཕག་གྲུའི་སྲིད་འཛིན་པ་དང་གདན་སའི་ཞལ་ངོ་ནང་ནས་མི་འཐུན་པ་བྱུང་སྟེ། རིན་སྤུངས་པའི་ཤུགས་ཇེ་ཆེ་དང་ཕག་གྲུའི་དབང་ཤུགས་ཇེ་ཞན་དུ་སོང༌། མེ་སྟག་སྤྱི་ལོ་ ༡༤༤༦ ལོར་གྲགས་པ་འབྱུང་གནས་ཀྱི་གཅུང་ཀུན་དགའ་ལེགས་ཁྲིར་བཀོད་པ་དང་ཁོང་གིས་རིན་སྤུངས་པའི་བདག་མོ་ཞིག་བླངས་ཤིང༌། གཞན་གྱི་ཁ་རྗེས་སུ་འབྲངས་པ་དང་རིན་སྤུངས་པ་ནོར་བུ་བཟང་པོ་ཁོང་ལ་དགའ་བས་ཡབ་ཡུམ་དང་མི་མཐུན་པ་བཅས་བྱུང༌། ཕྱིས་སུ་ཀུན་དགའ་ལེགས་གཤེགས་པ་དང་རིན་སྤུངས་པས་རྒྱལ་རྩེར་དམག་དྲངས་ནས་སྡེ་གཟར་མང་པོ་བསླངས། དེ་ནས་ངག་དབང་བཀྲ་ཤིས་ཁྲིར་བཀོད་ཀྱང་དབང་ཆ་རིན་སྤུངས་པས་བཟུང་བས་ཕག་གྲུའི་སྲིད་དབང་རིམ་བཞིན་ཉམས་པར་གྱུར་བ་ཡིན་ནོ།།

       ༦༡༽ དྲི་བ། སྡེ་སྲིད་ཕག་མོ་གྲུ་པ་ནས་དགའ་ལྡན་ཕོ་བྲང་བར་སྔ་ཕྱིར་ཁྲིམས་ཡིག་ཞལ་ལྕེ་རིམ་པར་གཏན་ལ་ཕབ་པ་རྣམས་གང་དག་ཡིན་ནམ།

       ལན། ཞལ་ལྕེ་ཞེས་པ་ནི་རྒྱལ་ཁྲིམས་སམ་ཁྲིམས་བཅད་པའི་མིང་ཞིག་ཡིན་ལ། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ནི། གཅིག ཁྲིམས་ཇི་ལྟར་བྱུང་བའི་ལོ་རྒྱུས། གཉིས། ཁྲིམས་བཅས་མ་བཅས་ཀྱི་ཕན་ཡོན་དང་ཉེས་དམིགས། གསུམ། བོད་དུ་རྒྱལ་ཁྲིམས་ནམ་གྱི་དུས་སུ་བྱུང་བ་བཅས་གླེང་གཞི་དང༌། དངོས་གཞི་ཁྲིམས་ཡིག་བཤད་པ་ལས། ༡ བསད་པ་སྟོང་གི་ཞལ་ལྕེ། ༢ རྨས་པ་ཁྲག་གི་ཞལ་ལྕེ། ༣ བརྐུས་པ་འཇལ་གྱི་ཞལ་ལྕེ། ༤ བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༥ བྱ་བྱས་བྱི་རིན་གྱི་ཞལ་ལྕེ། ༦ བྱེ་བྲལ་མཐུན་བསྡེབས་དག་གི་ཞལ་ལྕེ། ༧ འགྲོས་འདོད་ལེ་ལན་གྱི་ཞལ་ལྕེ། ༨ དམའ་ཕབ་ཡུས་ཀྱི་ཞལ་ལྕེ། ༩ སྤུངས་འདོད་ཚོང་གི་ཞལ་ལྕེ། ༡༠ ལྷག་ཆད་རྩིས་ཀྱི་ཞལ་ལྕེ། ༡༡ ལ་པར་རྒྱབ་ཀྱི་ཞལ་ལྕེ། ༡༢ ནམ་ཕར་ཚུར་གྱི་ཞལ་ལྕེ། ༡༣ དཔའ་བོ་སྟག་གི་ཞལ་ལྕེ། ༡༥ ཁྲིམས་འདེབས་བབས་སྨྱུག་གི་ཞལ་ལྕེ་བཅས་ཡིན་ཞིང༌། ༵༵དུང་དཀར་ཚིག་མཛོད་ཀཀ  ལས།  ཁྲིམས་ཡིག་འདིར་རྩོམ་པ་པོའི་ཁ་བྱང་མི་གསལ་ཡང་ཚོད་དཔག་བྱས་ན་ཕག་གྲུའི་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་ནམ་སྙམ་ཞེས་གསུངས་སོ།།            ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་རིང་གཏམ་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔར་གྲགས་པ་ནི། དང་པོ། དཔའ་བོ་སྟག་གི་ཞལ་ལྕེ། གཉིས་པ༑ སྡར་མ་ཝའི་ཞལ་ལྕེ། གསུམ་པ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། བཞི་པ༑ ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ལྔ་པ། བཟུང་བཀྱིག་ཁྲིམས་རའི་ཞལ་ལྕེ། དྲུག་པ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། བདུན་པ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། བརྒྱད་པ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། དགུ་པ། བསད་པ་སྟོང་གི་ཞལ་ལྕེ། བཅུ་པ། རྨས་པ་ཁྲག་གི་ཞལ་ལྕེ། བཅུ་གཅིག་པ༑ བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བཅུ་གཉིས་པ། བརྐུས་པ་འཇལ་གྱི་ཞལ་ལྕེ། བཅུ་གསུམ་པ། ཉེ་འབྲེལ་འབྲལ་འདུམ་གྱི་ཞལ་ལྕེ། བཅུ་བཞི་པ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། བཅོ་ལྔ་པ། ནམ་བར་ཚུར་གྱི་ཞལ་ལྕེ་བཅས་བཅོ་ལྔ་ཡིན་ནོ།།

        ཞལ་ལྕེ་བཅུ་དྲུག་ནི། དེའི་སྟེང་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བོད་ལ་མངའ་དབང་བསྒྱུར་སྐབས་སྤེལ་སེར་བ་ལ་སྒྲིག་ཏུ་བཅུག་པས། བཅུ་དྲུག་པ། ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བསྣན་པས་བཅུ་དྲུག་ཏུ་གཏན་འབེབས་མཛད་པ་ཡིན།

        ཞལ་ལྕེ་བཅུ་གསུམ་ནི། བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་དབང་བསྒྱུར་སྐབས་ྋགོང་ས་ལྔ་པ་ཆེན་པོས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལ་བཀའ་ཕབ་པ་སྔར་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བོད་ལ་དབང་བསྒྱུར་བྱེད་སྐབས་ཀྱི་ཞལ་ལྕེ་བཅུ་དྲུག་ནས་དཔའ་བོ་སྟག་གི་ཞལ་ལྕེ་དང༌། སྡར་མ་ཝའི་ཞལ་ལྕེ། ཀླ་ཀློ་མཐའ་འཁོབ་ཞལ་ལྕེ་གསུམ་དོར་བས་ཞལ་ལྕེ་བཅུ་གསུམ་དུ་གཏན་འབེབས་མཛད་ཅིང༌། ཞལ་ལྕེ་བཅུ་གཉིས་ནི། སླར་ཡང་ཞལ་ལྕེ་བཅུ་གསུམ་ལས་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་དོར་ནས་ཞལ་ལྕེ་བཅུ་གཉིས་སུ་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅུ་གཉིས་རྣམས་ཡིན་ནོ།།

        ༦༢༽ དྲི་བ། བོད་ཀྱི་ལོ་རྒྱུས་ཐོག་སྟག་ལོའི་སྡེ་གཟར་ཆེན་མོ་འམ་ཕག་གྲུ་ནང་ཞིག་ཞེས་པ་འབྱུང་རྐྱེན་དང༌། དེ་ལྟར་བྱུང་ཚུལ་ཇི་ལྟར་ཡིན་ནམ།

       ལན། དེ་ཡང༌། ༵༵རྒྱལ་རབས་དྲིས་ལན་བརྒྱ་པ་ཀཀ ལས། རབ་བྱུང་བཅུ་བདུན་པའི་ཆུ་བྱི་སྤྱི་ལོ་ ༡༤༣༣ ལོར་ཕག་གྲུ་སྡེ་སྲིད་ངག་དབང་གྲགས་པ་རྒྱལ་མཚན་སྐུ་འདས་པའི་རྗེས་སུ་དབང་གྲགས་པ་འབྱུང་གནས་ཀྱི་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་སྲིད་དབང་འཛིན་པའི་ཧམ་སེམས་བཅངས་ཤིང༌། སྐབས་དེར་བཀའ་བློན་ཁག་གིས་ཁྱིམ་བརྒྱུད་འཛིན་པའི་ལམ་ལུགས་ལ་གཞིགས་ཏེ་ཨ་ཁུས་ཚ་བོར་སྲིད་དབང་སྤྲོད་དགོས་པས་སྔར་སྲོལ་བཟང་པོ་མི་ཉམས་པར་སྲས་གྲགས་པ་འབྱུང་གནས་ཀྱིས་སྲིད་དབང་བཟུང་དགོས་ཟེར། ཡིན་ནའང༌། ཡབ་སངས་རྒྱས་རྒྱལ་མཚན་དང་དེའི་ཕྱོགས་འཛིན་བློན་པོ་ཁག་གཅིག་གིས་སྲས་སྐུ་ན་ཆེར་མ་སོན་པར་ལྗགས་གཡར་ནས་སྲིད་དབང་ཡབ་ཀྱིས་འཛིན་དགོས་ཞེས་སྣེའུ་གདོང་གི་སྲིད་དབང་ལེན་རྒྱུའི་ཐབས་མང་པོ་བརྩམས་པར་བརྟེན། ཡབ་སྲས་གཉིས་ཀྱིས་གཙོ་བྱས་པའི་ཕྱོགས་སོ་སོའི་བཀའ་བློན་གྱི་བར་འཐབ་རྩོད་ཆེ་ཕྲ་སྣ་ཚོགས་བྱུང་ཞིང༌། ཕན་ཚུན་གྱི་ཁ་མཆུའི་འཁྲུན་ཐག་མ་ཆོད་པར་ལུས་པ་རིན་སྤུངས་པ་ནོར་བུ་བཟང་པོ་སོགས་ཀྱི་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱི་སྙན་དུ་སྒྲོན་ཏེ་ཐག་གཅོད་དགོས་ཚུལ་ཞུས་པ་ལྟར། སྔོན་བྱོན་ཁྲི་ཐོག་རིམ་པའི་རྒྱུན་སྲོལ་བཟང་པོ་མི་ཉམས་པར་བྱ་དགོས་རྒྱུ་ཐུགས་སུ་བཅགས་ནས་སྲས་གྲགས་པ་འབྱུང་གནས་སྲིད་ཁྲིར་བསྐོ་བཞག་གནང་དགོས་པའི་བཀའ་བསྩལ། ཡབ་སངས་རྒྱས་རྒྱལ་མཚན་དང་ཁོང་གི་ཕྱོགས་གཏོགས་བཀའ་བློན་ཚོ་ཡིད་མ་རངས་པ་བྱུང་ཡང་སྤྱན་སྔ་རིན་པོ་ཆེའི་མཚན་སྙན་དང་སྐུ་དབང་ཆེ་བས་མི་སྙན་པ་སྦྲང་སྐད་ཙམ་ཡང་བྱེད་མ་ནུས་ལ། དེ་ནས་ལོ་གཉིས་སོང་བའི་མཚམས་སུ་སྤྱན་སྔ་བསོད་ནམས་རྒྱལ་མཚན་གཟིམ་ཁྲི་མཐའ་ཅན་དུ་གྱུར་རྗེས་དབང་གྲགས་པ་འབྱུང་གནས་རང་ཉིད་ཀྱི་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་སོགས་ཀྱིས་གོ་སྐབས་དེ་དང་བསྟུན་ཏེ་རྙོག་མ་རྟིང་སློང་གིས་སྲིད་དབང་འཕྲོག་པའི་གཡོ་ཐབས་སྣ་ཚོགས་བྱས། ཡབ་སྲས་གཉིས་ཕྱོགས་གཉིས་ཀྱི་བར་ཟིང་འཁྲུགས་ལངས་ནས་ཡུན་རིང་བར་ཐག་མ་ཆོད་པར་འདི་ལ་བོད་ཀྱི་ལོ་རྒྱུས་སྟེང་སྟག་ལོའི་ ༼༡༤༣༤༽ ཆེན་མོའམ་ཕག་གྲུ་ནང་ཞིག་གི་ལོ་ཞེས་ཟེར་རོ།།

ཆེ་ས་སངས་རྒྱས་རྒྱལ་མཚན་ཡབ་སྲས་ཀྱི་བར་ནང་འཁྲུག་བྱུང་བ་ལ་བརྟེན་ནས་མཐར་སངས་རྒྱས་རྒྱལ་མཚན་དང་ཁོང་གི་ཕྱོགས་འཛིན་བཀའ་བློན་དག་ཡར་རྒྱབ་ཏུ་བཏང་ནས་འཚོ་རྟེན་གཞིས་ཀ་འགའ་སྤྲད་ཅིང༌། སྐབས་དེར་སྤྱིར་ཕག་གྲུའི་ནང་གདུང་རྒྱུད་སྣེའུ་གདོང་གི་སྲིད་དབང་འཛིན་མཁན་བཙུན་པ་དང་གདུང་རྒྱུད་ཁྱིམ་པ་བཅས་ཀྱི་བར་འགལ་བ་ཆེས་ཆེར་འགྲོ་བཞིན་མཆིས། དེ་ནས་མུ་མཐུད་ཤིང་ཡོས་སྤྱི་ལོ་ ༡༤༣༥ ལོར། ས་སྐྱའི་དཔོན་རིགས་ཁག་གཅིག་གིས་སྐུལ་མ་བྱས་པར་བརྟེན་ནས་རིན་སྤུངས་པ་དོན་ཡོད་རྡོ་རྗེས་གཞིས་ཀ་བསམ་གྲུབ་རྩེ་བླངས། ཆབ་སྲིད་ཀྱི་ལྟེ་གནས་རིན་སྤུངས་ནས་གཞིས་རྩེར་སྤོས། གཙང་ཁུལ་གྱི་མི་དྲག་འགོ་པ་མང་པོ་རིན་སྤུངས་པའི་ཕྱོགས་སུ་ལངས་ནས་བོད་ཀྱི་སྲིད་དབང་གི་ལྟེ་གནས་དེ་སླར་ཡང་གཙང་ཁུལ་དུ་བྱེད་པའི་རེ་བ་བཅངས་པ་སོགས་ཕྱི་ནང་གི་འགལ་རྐྱེན་མང་པོ་འཚོགས་པར་བརྟེན། སྡེ་གཟར་རམ་ནང་ཞིག་བྱུང་བའི་དུས་དེ་ནས་བཟུང་ཕག་གྲུའི་དབང་བསྒྱུར་གྱི་གོ་གནས་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་པར་ཀུན་གསལ་མེ་ལོང་དུ་གསུངས་སོ།།    །།

ཕག་གྲུའི་སྡེ་སྲིད་རིམ་པར་བྱོན་རྣམས་ཀྱིས། །

བོད་ཁམས་ཡོངས་ལ་མངའ་དབང་བསྒྱུར་བ་དང༌། །

ཁྲིམས་ཡིག་གཏན་འབེབས་གྲུབ་མཐའ་རིམ་པར་དར། །

ཆབ་དཔལ་རིག་གསུམ་ཡར་ངོའི་ཟླ་ལ་འགྲན། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།