དཔའ་བོ་བློ་བཟང་དབང་ཕྱུག་གི་ལོ་རྒྱུས་མདོར་བསྡུས།

༄༅། །དེབ་འདི་རྩོམ་པ་པོ་སྐུ་གཤེགས་དཔའ་བོ་མཁས་དབང་རྒན་བློ་བཟང་

དབང་ཕྱུག་གི་ལོ་རྒྱུས་མདོར་བསྡུས་དང༌།

སྔོན་གླེང་མཚམས་སྦྱོར།

ཤམ་བྷ་ལའི་ཕོ་ཉ། ༢༠༡༣ལོའི་ཟླ་༦ཚེས༡༨ཉིན། རྒན་བློ་བཟང་དབང་ཕྱུག་ནི་ནག་ཆུ་རྫོངས་ཁོངས་ཨ་མདོ་ཤོག་ཆུང་གི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་ ༡༩༡༤ རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ཟླ་ ༩ ཚེས་ ༡༥ ཉིན་འཁྲུངས། ཆུང་ངུའི་དུས་ནས་ཁུལ་དེའི་གསང་འདུས་བྲག་དཀར་དགོན་ཞེས་པར་ཆོས་སྒོར་ཞུགས་ཏེ་དགོན་པ་དེ་གའི་ཆོས་སྤྱོད་སློབ་གཉེར་ཁག་ལ་འགྲུས་པར་མཛད། དགེ་ཚུལ་སློང་གི་སྡོམ་པ་རིམ་བཞིན་བཞེས། དེ་རྗེས་དབུས་ཁུལ་དུ་ཕེབས་ཏེ་གྲུབ་མཐའ་རིས་མེད་ཀྱི་བླ་མ་དང༌། མཁས་པ་མང་པོའི་དྲུང་ནས་མདོ་རྒྱུད་གཞུང་ལུགས་དང༌། ཞར་བྱུང་རིག་གནས་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་སྟེ་མཁས་བཙུན་བཟང་པོའི་ཡོན་ཏན་མངའ་བ་ཞིག་ཏུ་གྱུར། བྲག་དཀར་དགོན་གྱི་དབུ་མཛད་ཀྱི་མཚན་ཁུར་བཞེས་ནས་བཀའ་འགྱུར་ལྗགས་ལུང་ཐེངས་འགའ་ཤས་གནང་བས་ཁོང་ལ་བཀའ་འགྱུར་བླ་མ་ཡང་ཞུ། ཕྱི་ལོ་ ༡༩༥༩ ལོ་བོད་དུ་དུས་འགྱུར་སྐབས་རྒན་བློ་བཟང་དབང་ཕྱུག་ལ་མཁས་པའི་སྙན་གྲགས་ཡོད་པ་དང༌། དགོན་པའི་ལས་སྣེར་བསྙད་བཏགས་བོད་བྱང་ཕྱོགས་ས་ཁུལ་གྱི་གཞུང་ཞབས་དང༌། མི་དྲག་གང་འཚམས་དང་མཉམ་དུ་རྒྱ་མིས་འཛིན་བཟུང་གིས་ཉེས་ཆད་ལོ་ ༡༠ བཏང་སྟེ་ཐོག་མར་ནང་ཆུ་བཙོན་ཁང་དང༌། དེ་རྗེས་ ༡༩༦༣ ལོར་གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། ཉེས་དུས་གཙང་བ་དང༌། ༡༩༧༠ ལོ་ནས་ངལ་རྩོལ་ཁོངས་ཞྭ་མོ་ཡོད་པའི་ལས་མི་རུ་ཁག་གསུམ་པ་དང༌། མཉེས་ཐང་རྫ་ཕག་བཟོ་གྲྭ་བཅས་སུ་ངལ་རྩོལ་སྒྱུར་བཀོད་དུ་བཞག སྐབས་དེ་དག་ཏུ་རྒྱ་དམར་ནས་བོད་ཀྱི་སྐད་ཡིག་དང༌། སྨན་རྩིས་སོགས་ལ་གཏོར་བཤིག་རང་བཞིན་ལྡན་པའི་སྒྱུར་བཅོས་གང་བྱུང་བཏང་བ་ཁོང་གི་ཐུགས་ཀྱིས་མ་བཟོད་པར་ངོ་རྒོལ་སྦྱར་ཡིག་བཀྲམས་པའི་དབང་གིས། ༡༩༨༡ ཟླ་ ༡༢ ཚེས་ ༣ ཉིན་སླར་ཡང་འཛིན་བཟུང་གིས་ལོ་གསུམ་དང་ཟླ་བ་དྲུག་རིང་གྲྭ་བཞིར་བཙོན་འཇུག་བྱས། དེའི་རིང་ཁོང་གིས་ང་བོད་ཀྱི་དོན་དུ་འཛིན་བཟུང་དང༌། ཁྲིམས་གཅོད་བྱས་ཙང༌། ངས་བོད་ཀྱི་དོན་དུ་སྐད་ཆ་མང་ཙམ་མི་ཞུ་ཀ་མེད་ཡིན་ཞེས། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་ལུགས་དང༌། བོད་ནང་འཕྲོག་བཅོམ་དང༌། བོད་མི་དམར་གསོད་བཏང་བ་ཚོར་སྐྱིན་ཚབ་གུན་གསབ་དགོས་ལུགས། བོད་རྒྱ་མཐུན་སྒྲིལ་རྡོ་རིང་གི་མནའ་ཡིག་དོན་གསལ་བོད་རྒྱའི་ས་མཚམས་སྐྱར་གསོ་དགོས་པ། གཞན་ཡང་བོད་རང་བཙན་ཡིན་པའི་ལོ་རྒྱུས་དོན་ཚན་ ༡༦ འཁོད་པ་སོགས་བོད་དོན་གྱོད་གཏུགས་ཀྱི་ཡི་གེ་རྣམས་གྲངས་བཅུ་སྐོར་བརྩམས་བྲིས་གནང་སྟེ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྲིམས་ཁང་གོང་འོག་དང༌། ལས་ཁུངས་ཁག་ལ་སྤྲད་དེ་བོད་དོན་བདེན་པ་དག་འབུལ་ཀྱི་རྩོད་གླེང་གནང༌། སྐབས་དེར་རྒྱ་མིའི་ལས་བྱེད་ཚོས་ཁོང་ལ་བོད་རང་བཙན་གྱི་འདོད་ཚུལ་དོར་དགོས་པའི་སློབ་གསོ་ཐེངས་མང་བྱེད་པ་དང༌། སྐབས་རེ་དྲག་རྩུབ་བརྡུང་བརྡེག་ཚབས་ཆེན་གཏོང་བ། སྐབས་རེ་འཇིགས་སྐུལ་བྱེད་པ། སྐབས་རེ་མཁས་སྙན་འཇམ་འདུལ་བྱེད་པ་སོགས་ཐབས་ཤེས་ཇི་ལྟར་སྤྱད་ཀྱང༌། ཁོང་གིས་བོད་རང་བཙན་དངོས་འབྲེལ་ཞིག་ཡིན་པས་ངས་དོར་མི་ཐུབ། བོད་རང་བཙན་ཡིན་མིན་ང་ཚོ་བགྲོ་གླེང་བྱས་ཏེ་བརྡར་ཤ་བཅད་ན་འགྲིགས། ཁྱེད་རང་ཚོ་ལས་བྱེད་པས་ཐག་མི་ཆོད་པས། ཡང་ན། ང་ཏང་གི་འགོ་ཁྲིད་ཚོའི་སར་འཁྲིད། ཡང་ན། ཁོང་ཚོ་ངའི་སར་འཁྲིད་ཤོག ང་ཚོ་ངོ་འཛོམས་སར་དངོས་ཡོད་གནས་ཚུལ་ཇི་ཡིན་སྦྱངས་བཤད་བྱས་ན་འགྲིགས་ཞེས་རང་ཚུགས་གཡོ་མེད་བརྟན་བཟུང་གནང༌། དེའི་ཚེ་རྒྱ་དམར་འགོ་འཁྲིད་པས། བོད་མི་ཞིག་བོད་དོན་སྐོར་ལ་རྩོད་གླེང་བྱས་པ་དེ་མིའི་ཐོབ་ཐང་དུ་བརྩི་རྒྱུ་ཕར་བཞག ཁྲིམས་འགལ་ནག་ཉེས་ཆེན་པོར་བརྩིས་ཏེ། ༡༩༨༣ ལོ་ཁོང་ལ་རྐང་ལྕགས་ལག་ལྕགས་གཡོགས། འཐབ་རྩོད་འདྲི་བཙིར་ལན་མང་བྱས་མཐར། ཁྱོད་ཀྱི་བོད་རང་བཙན་ཡིན་ཟེར་བ། ཁ་བྲལ་གྱི་ནག་ཉེས་ཆེ་བས་དྲག་གནོན་བྱ་རྒྱུ་ཡིན་ཞེས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས། སྐབས་དེར་བོད་ཕྱི་ནང་ཀུན་ནས་རྒན་བློ་བཟང་དབང་ཕྱུག་གློད་འཀྲོལ་དགོས་པའི་སྐད་འབོད་ཤུགས་ཆེ་བྱས་པའི་ཉེར་ལེན་གྱིས་ལམ་སེང་སྲོག་ཐོག་གཏོང་བདེ་མ་བྱུང་བར། ༡༩༨༤ ལོར་ཁོང་ལ་ལོ་བཅོ་བརྒྱད་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད།

དེ་རྗེས་པཎ་ཆེན་རིན་པོ་ཆེས་བོད་ནང་བོད་ཡིག་དངོས་སྤྱོད་བྱེད་དགོས་པའི་འབོད་སྐུལ་གནང་སྐབས་བོད་ཡིག་དགེ་རྒན་དཀོན་པའི་བབས་དང་བསྟུན་ཁོང་ལ་བཙོན་ཁང་ནང་བོད་ཡིག་དགེ་རྒན་བྱེད་དགོས་བཤད་དོན་ལྟར། ཟླ་ཤས་རིང་ན་གཞོན་ཁག་གཅིག་ལ་བོད་ཡིག་དང༌། ལན་ཙ། ཝར་ཏུ་ལ་སོགས་པའི་རིགས་གནས་སློབ་ཁྲིད་གནང་སྟེ་ཕན་འབྲས་གང་ཆེ་བྱུང་ཡང༌། སླར་ཡང༌། བོད་རང་བཙན་ཡིན་ཟེར་མཁན་དང༌། རྩ་བའི་རྩ་དོན་བཞི་ཁས་མི་ལེན་མཁན། གོང་བུ་གཅིག་གྱུར་ཁ་བྲལ་གཏོང་མཁན་གྱི་ལོག་སྤྱོད་པ་ཞིག་གིས་དགེ་རྒན་བྱེད་མི་ཆོག་ཅེས་དགེ་རྒན་ནས་འཐེན་་ཏེ་སླར་ཡང་ངལ་རྩོལ་དུ་བཏང༌།

དེ་མཇུག་པཎ་ཆེན་རིན་པོ་ཆེའི་གསུང་བཤད་དོན་ཚན་བཞི་ལ་གྲོས་བསྡུར་སློབ་སྦྱོང་བྱ་དགོས་ཟེར་བའི་སྐབས་ཁོང་ནས་གཡོན་གྱི་མཚོན་ཚུལ་ལ་དགག་པ་ཤུགས་ཆེ་གནང་བའི་ཁར། རྣམ་ཀུན་ན་གཞོན་ཚོའི་བསམ་བློའི་སྣེ་འཁྲིད་བྱེད་མཁན་རེད་ཅེས་རྒྱ་མིས་ཁོང་དགྲ་ནག་ཏུ་བཟུང་ནས་དུས་རྟག་ཏུ་སྡང་ཟུག་སྡུག་སྦྱོང་ཚད་བརྒལ་རྒྱུན་མཐུད་བཏང་སྟེ་སྐུ་གཟུགས་གཅོང་ཅན་ཕན་མེད་བཟོས་ཏེ་ལྗགས་དབུགས་ཆད་ལ་ཉེ་བའི་སྐབས་ཁོ་པ་ཚོས་ཉེས་འགན་ལས་གཡོལ་ཆེད་སྐུ་ཉེ་ཚོར་རྩིས་སྤྲོད་བྱས་པ་དེ་མ་ཐག ༡༩༨༧ ཟླ་ ༡༡ ཚེས་ ༤ ཉིན་སྐུ་ཚེའི་འདུ་བྱེད་སྟོངས།

ཁོང་ལ་བཙོན་ཁང་ནང་དགྲ་བོས་སྡང་འཛིན་སྡུག་སྦྱོངས་དེ་ལྟ་བུ་བཏང་སྟེ་ལུས་སེམས་མི་བདེ་བའི་གནས་སྐབས་དེ་འདྲའི་དུས་སུ་ཡང༌། སྙོམས་ལས་སུ་མ་བཞུགས་པར། ༧སྐྱབས་མགོན་༧ཏཱ་ལའི་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་སྨེང་གསོལ་ཁྱེའུ་ཕ་འབོད་ཀྱི་གདུང་དབྱངས་ཞེས་པ་བརྗོད་བྱའི་དོན་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ། བོད་དུ་བསྟན་པ་ཅི་ལྟར་དར་ཚུལ་གྱི་སྐབས་དང༌། བསྟན་པ་མཆོག་གསུམ་གྱི་བྱུང་བ་མདོ་ཙམ་བརྗོད་པའི་སྐབས། དེང་དུས་བསྟན་པ་འཕེལ་འགྱུར་གྱི་སྐབས། བཀའ་དྲིན་གསབ་ཕྱིར་རང་གཞན་རྣམ་དཀར་དམ་པའི་ཆོས་ལ་སྐུལ་བའི་སྐབས་ཏེ། སྐབས་བཞིའི་བདག་ཉིད་ཅན་འདི་ལྟ་བུ་ཞིག་རྩོམ་འབྲི་མཛད་ཅིང༌། སྐབས་བཞི་བའི་ནང་རང་ཅག་གངས་ཅན་པ་རྣམས་ལ་བླང་དོན་སློབ་སྟོན་གྱི་སྙིང་པོ་ཅན་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུ་གནང་བ་བཅས། ཆོས་སྲིད་གཉིས་ལྡན་གྱི་སྐྱེས་བུ་དམ་པའི་ངོ་མཚར་མཛད་རྗེས་ལ་སྙིང་ནས་དགའ་གུས་ཡི་རངས་ཐོག་བཀའ་དྲིན་རྗེས་སུ་དྲན་པའི་ཆེད། ཉེ་དུས་བོད་ནས་འགྲུལ་མིའི་མདུན་འབྱོར་པ་ཁོང་གི་གསུང་རྩོམ་འདི་བཞིན་ད་ལམ་ཆེད་དུ་དཔར་བསྐྲུན་ཞུས་པ་ཡིན་ན། རང་རིགས་སེར་སྐྱ་རྣམས་ནས་ཁོང་གི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་རྟོབས་ལ་སློབ་སྦྱོང་དང༌། ཟབ་ཡང་མཁྱེན་རྒྱའི་གསུང་རྩོམ་གྱི་རོ་བཅུད་མྱངས་ནས་མཆོག་གསུམ་སྐྱབས་སུ་བཟུང༌། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་སྤྱད་ནས་རྙེད་དཀའི་རྟེན་བཟང་དོན་ལྡན་དུ་མཛད་པ་དང༌། ཆབས་ཅིག་ཁོང་གི་འཕྲལ་ཡུན་བཞེད་དོན་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་དང༌། ཁོང་ལ་མིག་དཔེར་བཟུང༌། ཁོང་གི་རྗེས་སུ་འབྲངས་ནས་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་གོང་མཐོར་སྤེལ་ཏེ་རྒན་དམ་པའི་བཞེད་དོན་གཙོ་བོ་བོད་མིར་ཐོབ་ཐང་ཡོང་ངེས་ཀྱི་བོད་རང་དབང་སྒྲུབ་པ་ལ་ཚང་མས་འབད་བརྩོན་ལྷོད་མེད་མཛད་སྐྱོང་ཞུ། བོད་རབ་བྱུང་ ༡༧ པའི་ཆུ་སྦྲུལ་ལོ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༠ ལ།།


 

༄༅། །བོད་ལྗོངས་ཆོས་ལྡན་ཞིང་གི་ྋསྐྱབས་མགོན་ཏཱ་ལའི་

བླ་མ་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་རྗེས་སུ་དྲན་

པའི་སྨྲེང་གསོལ་ཁྱེའུ་ཕ་འབོད་ཀྱི་གདུང་

དབྱངས་ཞེས་བྱ་བ་

བཞུགས་

སོ།།

 

 

༄༅། །ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་རོལ་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ཡང་ཡང་དྲན་པའི་ངང་ཚུལ་གསལ་བར་གླེང་བ་ཁྱེའུ་ཕ་འབོད་ཀྱི་གདུང་དབྱངས་དྲི་མེད་ཆོས་འབྱུང་སྣང་བའི་རྒྱན་ངོ་མཚར་རྒྱ་མཚོའི་མཛོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་བསམ་གྱིས་མི་ཁྱབ་གསང་གསུམ་ཡོན་ཏན་རྒྱ་མཚོའི་མཛོད། །གང་ཞིག་ཡིད་ལ་ཅུང་ཟད་དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཐམས་ཅད་མཁྱེན། །གངས་ཅན་མགོན་པོའི་བཀའ་དྲིན་ཡང་ཡང་དྲན་པའི་ངང་ཚུལ་འདིར་གླེང་གི །གངས་ཅན་པ་རྣམས་རབ་དགའི་ཡིད་མཚོ་དད་པའི་པདྨོས་མཛེས་པར་མཛོད། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར། །རྨད་བྱུང་མཚན་དཔེའི་མཛེས་སྐུར་བཞེངས་པ་ལ། །སྤྱན་རས་གཟིགས་ཞེས་ངོ་མཚར་མཚན་སྙན་གྱིས། །འཇིག་རྟེན་གསུམ་དུ་དགེ་ལེགས་མཛད་པ་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲིད་པར་ཡོངས་དུབ་ཡིད་ཅན་མ་ལུས་པ། །གང་འདུལ་བཀོད་པ་མཆོག་གིས་ཀུན་མཁྱེན་སར། །བཀྲི་ལ་མ་བསྙེངས་སྙིང་སྟོབས་དམ་བཅའི་ཁུར། །ཁྱོད་ཉིད་གཅིག་པུས་བཟུང་བའི་ངོ་མཚར་གྱིས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འགྲོ་ལ་རྟག་པར་བརྩེ་བ་འབའ་ཞིག་གིས། །རྫོགས་སྨིན་སྦྱངས་གསུམ་མཛད་པ་རྒྱ་མཚོ་ཡིས། ། ཆོས་ཀྱི་སྣང་བ་མཆོག་ཏུ་བདེར་གཤེགས་ཀྱང༌། །ངོ་མཚར་བརྩོན་འགྲུས་ཆེན་པོས་སྲིད་མཐའ་སྐྱོང༌། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དཔལ་ལྡན་འཆི་བ་མེད་པའི་རྔ་སྒྲ་ལས། །ལེགས་འདོམས་ཆོས་ཀྱི་སྡོམ་བཞི་མི་རྟོག་ལྟར། །ངོ་མཚར་གསང་གསུམ་ཡོན་ཏན་རྒྱ་མཚོའི་སྤྲིན། །གང་འདུལ་རྟོག་བྲལ་མཛད་པས་འགྲོ་རྣམས་སྒྲོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་མཛད་མཐའ་དག་བརྗོད་ལ་འཕགས་ཚོགས་ཀྱི། །འཕྲུལ་གྱི་ལྗགས་ཡངས་གཡོ་བས་གཏུགས་བྱེད་ན། །སོ་སྐྱེས་སྨོས་ཅི་འོན་ཀྱང་ཆ་ཙམ་ཞིག །བརྗོད་འདིའང་གང་གི་ཐུགས་རྗེའི་མཐུར་རིག་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འོད་མཚན་སྟོང་འབར་གཟི་བརྗིད་རྒྱལ་པོའི་དྲུང༌། །འགྲོ་སྒྲོལ་ལྷག་བསམ་ཁུར་གྱི་གོ་ཆ་ལས། །བཅུ་གཅིག་ཞལ་བཟང་སྤྱན་ཕྱག་སྟོང་སྟོང་གིས། །རྒྱལ་སྲས་རྒྱ་རྒྱ་མཚོའི་དབུས་འཕགས་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚད་མེད་སྙིང་རྗེ་རྒྱས་པའི་སྤྱན་རས་ཆབ། །འགྲོ་མང་སྒྲོལ་ལ་མ་སྨད་སྤྲུལ་བའི་གར། །ཟུང་ལས་ཟླ་ཟུང་རོལ་བས་རབ་འབྱམས་ཀྱི། །རྒྱལ་ཀུན་འཕྲིན་ལས་ཀུན་སྒྲུབ་ངོ་མཚར་གྱིས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་པ་སེངྒེའི་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་བཤོལ་དང༌། །དོན་ཡོད་ཞགས་པ་ཧ་ལ་ཧ་ལ་སོགས། །སྤྱན་རས་གཟིགས་དབང་སྤྲུལ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྡུག་བསྔལ་རང་གྲོལ་ངན་སོང་ཀུན་སྒྲོལ་དང༌། །བདེ་གཤེགས་ཀུན་འདུས་སེམས་ཉིད་ངལ་གསོ་དང༌། །ནམ་མཁའི་རྒྱལ་པོ་མིག་འབྱེད་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་ལ་སོགས་བསམ་ཡས་གར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གངས་ཅན་མཚོ་རྒྱལ་རྒྱལ་བ་རྒྱ་མཚོ་དང༌། །འགྲོ་འདུལ་རྟ་མགྲིན་མགྲིན་སྔོན་ལེགས་ལྡན་སོགས། །གང་འདུལ་དེར་སྟོན་སྒྱུ་འཕྲུལ་དྲ་བའི་གར། །མཐའ་ཡས་ངོ་མཚར་བཀོད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་བཞོན་ལ་སོགས་པ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམ་ཐར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལས་ཉོན་སྐྱེ་བའི་ལམ་གསུམ་རིགས་དྲུག་གི །འཁོར་བའི་སྒོ་གཅོད་གཟུངས་མཆོག་ཡི་གེ་དྲུག །བཟླས་པས་མཚམས་མེད་རྩ་ལྟུང་ལ་སོགས་སྡིག །སྦྱོངས་མཛད་ངོ་མཚར་བྱིན་རླབས་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གྲོལ་བ་བཞི་ལྡན་གྲོང་ཁྱེར་ཀུན་སྒྲོལ་གྱི། །འཁོར་ལོ་འཁོར་བ་དོང་སྤྲུགས་གདམས་པ་སོགས། །གསུང་གི་གསང་བ་རྣམ་པ་ཐམས་ཅད་པའི། །ངོ་མཚར་ཡོན་ཏན་རྒྱ་མཚོ་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་གི་རྣལ་འབྱོར་རྒྱུད་དོན་མན་ངག་བཞིན། །སྨྱུང་བར་གནས་པའི་ཆོ་ག་ལན་རེས་ཀྱང༌། །བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བའི། །བསམ་ཡས་འགྲོ་སྒྲོལ་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཟག་བྲལ་སྒྲིབ་མེད་མཁའ་ལྟར་རྣམ་དག་པའི། །སྤྲོས་རྣམས་ཉེར་ཞིའི་དབྱིངས་སུ་མཉམ་བཞག་ལས། །གཡོ་བ་མེད་གང་འཇྀག་རྟེན་གསུམ་གཟིགསཀྱི། །དམིགས་མེད་སྙིང་རྗེ་ཉེར་འཇུག་བརྩེ་ཆེན་གཏེར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཇི་ལྟ་ཇི་སྙེད་མཁྱེན་རབ་ཡེ་ཤེས་ཐུགས། །ཤེས་དང་ཤེས་བྱ་རོ་གཅིག་བྱང་ཆུབ་སེམས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་བདེ་ཆེན་དབྱིངས། །མི་འགྱུར་མི་ཤིགས་ཟུང་འཇུག་དང་པོའི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྟོག་བྲལ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །ཟབ་གསལ་དབྱེར་མེད་ཡེ་ཤེས་ཡངས་པའི་དབྱིངས། །ལྷན་སྐྱེས་བདེ་སྟོང་རྡོ་རྗེ་ཉི་མའི་གཟིས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་སྤྲོ་དང་བསྡུ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་གི་མཚན་ཙམ་བཟུང་བའི་བསོད་ནམས་ཀྱང༌། །གྲངས་མེད་སངས་རྒྱས་བསྙེན་བཀུར་ཕན་ཡོན་དང༌། །རབ་མཉམ་སྲས་བཅས་དུས་གསུམ་རྒྱལ་ཀུན་གྱི། །ཐུགས་རྗེ་གཅིག་བསྡུས་འཕགས་མཆོག་སྤྱན་རས་གཟིགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲིད་ཞི་ཀུན་ཁྱབ་ཀུན་ཏུ་བཟང་པོའི་སྤྱོད། །འགྲོ་ལ་སྙིང་རྗེས་སྙིང་པོའི་མ་ནོར་ལམ། །སྟོན་མཛད་མཛད་པ་རྒྱ་མཚོས་ཁམས་གསུམ་གྱི། །འཁོར་བའི་རྒྱ་མཚོ་སྐེམ་མཛད་ཐུགས་རྗེ་ཅན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མི་མཇེད་སྙིང་པོས་ཐེག་གསུམ་དམ་ཆོས་ཀྱི། །འཁོར་ལོ་རིམ་གསུམ་ངོ་མཚར་མཛད་པའི་ཆེ། །དེ་སྲས་ཚུལ་གྱིས་བྱེ་བ་ཕྲག་བརྒྱའི་ཞིང༌། །གང་འདུལ་ཆོས་ཚུལ་སྤེལ་མཛད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་ཡུལ་ཨོ་རྒྱན་བྷངྒ་ལ་སོགས་སུ། །ཁྱེའུ་སྣང་ནས་ཆོས་རྒྱལ་དགེ་བའི་བར། །ནོར་བུའི་ཕྲེང་བ་རབ་གསལ་སོ་དྲུག་གིས། །རྒྱ་གར་རྒྱལ་བསྟན་སྐྱོང་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མ་འོངས་བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །སྤྱན་རས་གཟིགས་ཀྱི་རྒྱལ་བསྟན་ཉི་མོ་ལྟར། །གསལ་བར་འགྱུར་ཞེས་བུ་རམ་ཤིང་པ་ཡིས། །བདེན་གསུང་ལུང་གི་རྔ་སྒྲ་སྙན་པ་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁ་བ་ཅན་དུ་མཚོ་བྲི་སཱ་ལའི་ནགས། །འབྱུང་ཞེས་ལུང་བསྟན་ཇི་བཞིན་འོ་ཐང་མཚོ། །རིམ་བཞིན་བྲི་ནས་ལྗོན་ཤིང་ནགས་ཚལ་གྱི། །མཛེས་དགའི་ལྗོངས་གྱུར་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་ཚེ་རྒྱུ་དང་འབྲས་པའི་ཐེག་ཆེན་གྱི། །རིགས་ངེས་གདུལ་བྱ་གཙང་མར་སྤེལ་སླད་དུ། །བྱང་སེམས་སྤྲུལ་པའི་སྤྲེའུ་བྲག་སྲིན་ལས། །མི་ཡི་འགྲོ་བ་སྤེལ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་པས་བྱིན་རླབས་ཟས་མཆོག་འབྲུ་རིགས་ཀྱི། །འཚོ་བ་གསར་པའི་དགའ་སྟོན་ལོངས་སྤྱོད་དང༌། །ལེགས་སྦྱར་སྒྲ་ལས་དམ་ཆོས་སྒྱུར་བདེའི་མཆོག །སྐད་ཀྱི་ཐ་སྙད་མིང་ཚིག་ཚོགས་ཀྱང་སྤྲུལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་ཡུལ་ལི་ཙ་བཱི་རིགས་གངས་ལྡན་དུ། །མཆེད་ལས་ཆགས་ལ་བོད་ཅེས་གྲགས་ཞེས་དང༌། །འོད་གསལ་ལྷ་རིགས་གཉའ་ཁྲི་བཙན་པོ་སོགས། །སྤྲུལ་པའི་རྒྱལ་བརྒྱུད་བསྟན་པའི་ཚུལ་བསལ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གནམ་གྱི་ཁྲི་བདུན་ས་ལ་ལེགས་དྲུག་དང༌། །བར་གྱི་ལྡེ་སོགས་རྒྱལ་རབས་ཉེར་དྲུག་རིང༌། །སྒྲུང་ལྡེའུ་བོན་གསུམ་གང་ལ་གང་འདུལ་གྱིས། །མངའ་འབངས་རྒྱས་པར་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་ཐོ་རི་གཉན་བཙན་ཕོ་བྲང་སྟེང༌། །དམ་ཆོས་མདོ་སྡེའི་ཆར་བབས་བསྟན་པའི་དབུ། །བརྙེས་ནས་རྒྱལ་རབས་ལྔ་ནས་འདི་དག་དོན། །རྟོགས་པར་འགྱུར་ཞེས་ལུང་བསྟན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མགོན་ཁྱོད་སྲོང་བཙན་སྒམ་པོའི་རྣམ་རོལ་གྱིས། །སྟོབས་ཀྱི་འཁོར་ལོས་འཛམ་གླིང་གསུམ་གཉིས་ལ། །དབང་བསྒྱུར་མཐའ་བཞིའི་མི་བསྲུན་འབངས་སུ་བཀོད། །ངོ་མཚར་མཛད་པ་ཉེར་གཅིག་རིམ་པར་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་བལ་བཙུན་མོ་རྟེན་བཅས་ཁབ་ཏུ་བསུས། །སྐྱེ་རྒུའི་སྐྱབས་གཅིག་ཇོ་བོ་ཡིད་བཞིན་ནོར། །རྣམ་གཉིས་བཞུགས་གནས་གཙུག་ལག་ཁང་བཟང་ནི། །ངོ་མཚར་སྤྲུལ་བ་སྣ་ཚོགས་ཚུལ་གྱིས་བཞེངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁ་བ་ཅན་དུ་ཐུབ་པའི་གཟུགས་སྐུ་མཆོག །བཞུགས་གནས་ལྷ་ཁང་ཀ་བ་ཤིང་ལོ་ཅན། །འབྱུང་ཞེས་ལུང་བསྟན་ཇི་བཞིན་མགོན་ཁྱོད་ཀྱིས། །ངོ་མཚར་འཛམ་གླིང་མཛེས་པའི་རྒྱན་དུ་བསྒྲུབས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲིན་མོ་གན་རྐྱལ་སྙིང་ཁ་ལྷ་ཡིས་གནོན། །མཐའ་འདུལ་ཡང་འདུལ་རུ་གནོན་གཙུག་ལག་ཁང༌། །བརྒྱ་རྩ་བརྒྱད་དུ་ངོ་མཚར་རྟེན་གསུམ་བཅས། །བོད་ལྗོངས་སྐྱེ་རྒུའི་བསོད་ནམས་ཞིང་དུ་བསྐྲུན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་བློན་ཐུ་མིས་རྒྱ་གར་ཡུལ་བྱོན་ནས། །མཁས་མང་དྲུང་དུ་གཙུག་ལག་གཞུང་བརྒྱར་སྦྱངས། །བོད་ཀྱི་སྐད་ཡིག་མདོ་རྒྱུད་སྒྲ་བསྒྱུར་གྱི། །འཇིག་རྟེན་མིག་ཏུ་ཐོག་མའི་སྲོལ་ལམ་ཕྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བློན་ཟུང་གི་མཁྱེན་བརྩེའི་རོལ་པ་ལས། །སྤྲུལ་བའི་ཡི་གེ་སྐུ་མཁར་མ་རུར་བསྐྲུན། །བྱ་དཀའི་རྒྱན་དང་བརྡ་སྤྲོད་གཞུང་བརྒྱད་སོགས། །དང་པོའི་ལོ་ཙཱ་ཐུ་མིས་ལེགས་པར་བཤད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དབྱངས་སྒྱུ་འཕྲུལ་ཐུུ་མི་ལ་སོགས་པའི། །བྱང་སེམས་སྤྲུལ་པའི་ཆོས་བློན་བརྒྱད་སོགས་ཀྱིས། །ཕྱག་ན་པདྨོ་མི་རྗེའི་ཆོས་སྲིད་ཀྱིས། །ངོ་མཚར་འཕྲིན་ལས་སྤེལ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་ཚེ་མི་རྣམས་ཡི་གེ་འབྲི་ཀློག་སོགས། །བློ་མིག་ཆེར་གསལ་དཀོན་མཆོག་ལས་འབྲས་ལ། །ཡིད་ཆེས་དད་གུས་ཕྱག་སྐོར་མཆོད་སྦྱིན་སོགས། །རྣམ་དཀར་དགེ་སྲོལ་དར་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷ་ཆོས་དགེ་བ་བཅུ་ལྡན་དམ་པའི་ཆོས། །མི་ཆོས་གཙང་མ་བཅུ་དྲུག་སྲིད་ཀྱི་སྲོལ། །ཟུང་འབྲེལ་ཁྲིམས་ཀྱིས་འཇིག་རྟེན་བདེར་འགོད་པའི། །རྣམ་ཐར་གངས་རིའི་ཁྲོད་དུ་སྐྱོང་བ་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མཐའ་འཁོབ་མུན་གླིང་འདུལ་བའི་ཐུགས་བསྐྱེད་ཀྱིས། །ལེགས་མཛད་གསུམ་ལས་ཐུབ་བསྟན་ལྷའི་སྒྲོན་མེ། །སྦར་བའི་དགེ་ལེགས་གཟི་བྱིན་འོད་སྣང་གིས། །ཡུལ་དབུས་ཉིན་མོར་མཛད་པའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་པའི་བཀའ་ལུང་དར་དཀར་ལ་ཐོད་ཀྱིས། །གང་ལ་བརྒྱན་པའི་རྒྱལ་པོ་མི་ཡི་ལྷས། །ལྷ་ཡི་ཡང་ལྷའི་བསྟན་པ་དྲི་མེད་ཀྱིས། །ལེགས་ལམ་ཟླ་མེད་ཤིང་རྟའི་སྲོལ་ཆེན་བཏོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིགས་ཀྱི་ཅོ་པཎ་སྣང་མཐའི་དབུ་ལ་བརྒྱན། །སྨིན་མཚམས་སྤྲུལ་བའི་མཛད་པ་སྤོ་དང་བསྡུ། །སྤྲོས་རྣམས་གཅིག་བསྡུས་རང་བྱུང་ལྔ་ལྡན་ཞེས། །ངོ་མཚར་གྲགས་པས་ས་སྟེང་སྙན་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྡིག་ལྡན་སྡིག་ལས་ལྡོག་པར་དམ་བཞག་ཕྱིར། །སྤྲུལ་ལ་སྤྲུལ་པའི་ཆད་ལས་ཀྱིས་བསྡིགས་ལས། །ལུས་ཅན་ལུས་ཀྱི་བ་སྤུའི་ཁུང་བུར་ཡང༌། །མི་གནོད་མི་འཁྲུགས་བྱང་སེམས་ཆོས་ཀྱི་རྒྱལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་རིའི་ཁྲོད། །གྲགས་པ་རབ་གསལ་སྲིད་པའི་སྒྲོན་མེ་བཞིན། །དྲི་མེད་སངས་རྒྱས་བསྟན་པའི་འབྱུང་གནས་ཆེ། །ངོ་མཚར་འཛམ་གླིང་མཛེས་པའི་རྒྱན་གྱི་མཆོག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མགོན་ཁྱོད་ཁྲི་སྲོང་ལྡེའུ་བཙན་རྣམ་རོལ་གྱིས། །བསམ་ཡས་ལྷ་ཁང་བཞེངས་ཕྱིར་རྒྱ་གར་ནས། །མཁན་སློབ་སྤྱན་དྲངས་ས་འདུལ་བྱིན་རླབས་མཛད། །ལྷ་འདྲེ་ཁ་བསྡུས་གདེངས་ཅན་ནོར་མཛོད་ཕྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཉིན་མོ་མིས་བརྩིགས་མཚན་མོ་ལྷ་འདྲེས་བཞེངས། །ཕྱི་ན་རྩིག་མེད་ནང་ན་ཀ་མེད་ཀྱི། །ལྷ་ཁང་བརྒྱ་རྩ་ཁོར་ཡུག་ལྕགས་རི་བཅས། །འཕགས་ཡུལ་ཨོ་ཏན་ཏ་འདྲ་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱི་ལྟར་སྤྲུལ་སྐུའི་ཞིང་ཁམས་བཀོད་པའི་ཚུལ། །ནང་དུ་སྐུ་གསུམ་གསུང་རྟེན་རྒྱུད་རིས་བཅས། །རྟེན་དང་བརྟེན་པའི་བཀོད་པ་ཕུན་ཚོགས་ཀྱི། །ལུགས་གསུམ་མི་འགྱུར་ལྷུན་གྲུབ་ཕོ་བྲང་བཞེངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རབ་གནས་དུས་སུ་ཡེ་ཤེས་དངོས་སུ་ཞུགས། །ལྷ་རྣམས་ཕྱིར་ཐོན་བཞེངས་བཞུགས་སྐོར་བ་མཛད། །ཞལ་ནས་གསུང་བྱོན་ངོ་མཚར་བྱིན་རླབས་མཛད། །སྔོན་མེད་གངས་ལྗོངས་མཛེས་པའི་རྒྱན་དུ་བསྒྲུབས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བཻ་རོ་ནམ་སྙིང་ལ་སོགས་རྒྱ་གར་དུ། །སྒྲ་བསླབས་དམ་ཆོས་འཚོལ་བསྡུ་བོད་ལ་སྒྱུར། །མཁན་སློབ་བི་མ་ལ་སོགས་པཎ་གྲུབ་ཚོགས། །མི་ཕངས་གསེར་གྱི་མཆོད་པས་སྤྱན་དྲངས་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྒྲ་བསྒྱུར་གླིང་དང་ལོ་པཎ་ཁང་སོགས་སུ། །ཉིན་མོ་མདོ་སྡེ་མཚན་མོ་གསང་སྔགས་ཆོས། །སྒྱུར་ཞུས་འཆད་ཉན་བཤད་སྒྲུབ་འབའ་ཞིག་གིས། །བསྟན་པའི་སྒྲོན་མེ་སྦར་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ལྟར་འཕགས་བོད་ལོ་པཎ་རྣམ་མང་གིས། །རྒྱལ་གསུང་མདོ་སྔགས་དགོངས་འགྲེལ་དམ་པའི་ཆོས། །ལེགས་སྦྱར་སྒྲ་ལས་སྒྱུར་ཞུས་གཏན་དབབ་ཀྱི། །བསྟན་པ་དར་རྒྱས་བཀའ་དྲིན་གཞལ་དུ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བོན་བློན་སྙན་ཁྲིས་ཟོལ་གྱིས་མཐར་སྤྱུགས་པའི། །རྣམ་པར་སྣང་མཛད་འཕྲིན་ལས་ཉི་མའི་གཟིས། །ཚ་བའི་རོང་མུན་མཐར་མཛད་ཐུབ་བསྟན་གྱི། །རྒྱལ་མཚན་ཕྱོགས་མཐར་རྒྱས་མཛད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བློན་པདྨས་ཐེག་དགུའི་ཆོས་འཁོར་བསྐོར། །དཀྱིལ་འཁོར་ཞལ་ཕྱེ་སྨིན་གྲོལ་སྒྲུབ་འཕྲིན་ལས། །རྗེ་འབངསས་ཉེར་ལྔ་ཡེ་གྲུབ་བརྒྱད་ཅུ་སོགས། །འཇའ་ལུས་གྲུབ་བརྙེས་གྲངས་མེད་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཨོ་རྒྱན་སངས་རྒྱས་གཉིས་པས་བོད་ཡུལ་འདིར། །ཨོ་རྒྱན་མཁའ་འགྲོ་གསང་བའི་ཆོས་མཛོད་ནས། །ཨོ་རྒྱན་བརྡ་སྐད་ཟབ་གསང་རྒྱ་ཅན་བསྟན། །ཨོ་རྒྱན་ཡུལ་བཞིན་རྒྱས་མཛད་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གུ་རུ་སྡེ་ལྔ་མཚན་བརྒྱད་འགྲོ་འདུལ་དྲུག །འཕྲུལ་མཚན་ཉི་ཤུའི་གར་གྱིས་གངས་ལྗོངས་དང༌། །འཕགས་ཡུལ་ཨོ་རྒྱན་གདུལ་འོས་ཞིང་ཀུན་ཏུ། །ངོ་མཚར་སྒྱུར་འཕྲུལ་དྲ་བའི་ཟློས་གར་རོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྒྲུབ་གནས་ས་གཞི་མ་ལུས་གཏེར་གྱིས་གཏམས། །སྤྲུལ་བའི་གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང༌། །བསྟན་ཞབས་གཏེར་གྱིས་སྐྱོང་བའི་འཕྲིན་ལས་ཀྱི། །ས་སྟེང་ཆོས་ཀྱིས་བཀང་མཛད་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་འབྱུུང་འདྲེན་པ་དཀའ་ཐུབ་རིག་བྱེད་དང༌། །དབང་སྒྱུར་ཐབས་ཀྱི་ཐེག་པ་མཆོག་རེ་རེར། །གསུམ་གསུམ་དབྱེ་བའི་རིམ་དགུ་ཐེག་པའི་ལམ། །གདུལ་བྱའི་དབང་པོར་ལེགས་འཚམས་སྟོན་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་ཏིང་འཛིན་གསུམ་གྱི་རོལ་པ་ལས། །སྒོམ་པ་སྣང་གྲག་ལྷ་སྔགས་ཆོས་སྐུའི་ངང༌། །སྤྱོད་པ་བདེ་ཆེན་ཀུན་ཏུ་བཟང་པོ་ཡི། །རྣམ་འབྱོར་ཆེན་པོའི་ཉམས་ལེན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ངོ་བོ་ཀ་དག་ལྟ་བ་ཆོས་སྐུའི་དབྱིངས། །རང་བཞིན་ལྷུན་གྲུབ་སྒོམ་པ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་སྤྱོད་པ་སྤྲུལ་པའི་སྐུ། །ཚེ་གཅིག་འཚང་རྒྱའི་མྱུར་ལམ་ལ་དད་ནས། །ཉིན་མཚན་ཁ་སྦྱོར་སྒོམ་པའི་ཐོད་རྒལ་གནད། །སྣང་བ་དབང་སྒྱུར་སྤྱོད་པས་འགྲོ་བ་འདྲེན། །འཇའ་ལུས་ཆོས་སྐུའི་གསེང་ལམ་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སིངྡྷིའི་མཚན་སྔགས་ཚིག་བདུན་གསོལ་འདེབས་ཙམ། །བཟུང་བའི་བྱིན་རླབས་དངོས་གྲུབ་མཐའ་ཡས་ན། །རིམ་དགུའི་ཡང་རྩེ་ནང་རྒྱུད་སྡེ་གསུམ་དོན། །ཉམས་བླངས་གྲུབ་གཉིས་མཆོག་སྦྱིན་སྨོས་ཅི་འཚལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐུ་གསུམ་བརྒྱུད་པ་དྲུག་ལྡན་དམ་པའི་ཆོས། །བཀའ་གཏེར་དག་སྣང་བསྟན་པའི་བབས་སོ་གསུམ། །རྒྱལ་བསྟན་ཐོག་མའི་སྲོལ་གཏོད་དར་རྒྱས་པའི། །ཟླ་མེད་ཤིང་རྟ་སྔ་འགྱུར་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མདོ་རྒྱུད་སེམས་སོགས་བསྟན་པ་རྒྱ་མཚོའི་མཛོད། །ལྟ་སྒོམ་སྤྱོད་འབྲས་ལྡོག་པ་གཅིག་རྫོགས་ལ། །ཡོངས་རྫོགས་བསྟན་པའི་མངའ་བདག་རྙིང་མ་ཞེས། །ངོ་མཚར་བསྔགས་པའི་མེ་ཏོག་མཁས་པས་འཐོར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སད་མི་བདུན་སོགས་བླ་མཆོད་སྡེ་གཉིས་ཀྱིས། །མདོ་སྔགས་བཤད་སྒྲུབ་བསྟན་པ་དར་རྒྱས་མཛད། །ཡབ་མེས་ཡིག་ལམ་གཙང་མའི་ལུགས་གཉིས་ཀྱི། །ཁྲིམས་ལུང་བཙན་པོས་མི་བསྲུན་གཡུང་པོར་བཀོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟོང་ཉིད་ལྟ་བ་གནད་དུ་མ་སོང་བས། །ཐབས་ཀྱི་ཆ་ལ་སྐུར་འདེབས་ཧ་ཤང་ལུགས། །དྲི་མེད་རིགས་པས་ཚར་གཅོད་ཀ་མ་ལའི། །སྒོམ་རིམ་གསུམ་གྱིས་ལྟ་ངན་དྲི་མ་བསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡང་དག་ལམ་དུ་བོན་ཡང་བཀྲི་མཛད་དེ། །བཻ་རོ་ཙཱ་ནས་བོན་ཆོས་འདྲེས་མར་བསྒྱུར། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་ཞེས། །བསྟན་གཉིས་གླིང་པ་ལ་སོགས་ཚུལ་ལས་རྟོགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བའི་མཛད་པ་རྒྱལ་ཆེན་ནམ་མཁའི་དབྱིངས། །བྱིས་བློས་གཞལ་བར་མི་ནུས་མོས་ངོ་བཞིན། །ཐང་ནག་བོན་དང་ལི་ཤི་སྟག་རིང་སོགས། །གྲུབ་མཐའ་འགེག་རེས་ཐེ་ཚོམ་ཚུལ་ཀྱང་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མངའ་ཐང་གསེར་གྱི་འཁོར་ལོས་བསྒྱུར་བ་ཡི། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས། །མངའ་འབངས་ཆོས་སྲིད་ཀུན་དའི་དགའ་ཚལ་ལ། །མངའ་མཛད་གྲགས་པའི་ཟླ་ཟེར་སྟོང་གིས་དཀར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་དེའི་བཀའ་ལུང་གསེར་གྱི་ཅོ་པན་རྒྱན། །སྤྱི་བོར་བཅིངས་ལ་མ་བསྙེངས་སྨོན་ལམ་སྟོབས། །ལེགས་སྨིན་ལྷ་སྲས་མི་རྗེ་བརྒྱུད་པར་བཅས། །ཆོས་རྒྱལ་རིམ་པས་མངའ་འབངས་ཆོས་བཞིན་བསྐྱངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མཐོ་བའི་གཉའ་མནན་དམའ་བ་མཐའ་ནས་སྐྱོང༌། །ཉེ་འཁོན་རིས་མེད་ཀུན་སྙོམས་ཉི་མ་བཞིན། །འབངས་ལ་དབུལ་ཕྱུག་ལན་གསུམ་མཉམ་ན་ཡང༌། །སྔ་མཁོ་བཞིན་གྱུར་ལས་འབྲས་ཚུལ་ཡང་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་མཁྱེན་ཡབ་སྲས་མཛོད་བརྒྱ་ཤིང་རྟ་ལྔ། །འཇམ་མགོན་རྣམ་གསུམ་བཀའ་བབས་མཛོད་ཆེན་ལྔའི། །བཤད་སྒྲུབ་སྨིན་གྲོལ་ཟབ་ལམ་དུས་མཐར་ཡང༌། །ལྷག་པར་སྤེལ་བའི་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མགོན་ཁྱོད་མངའ་བདག་ཁྲིལ་རལ་རྣམ་རོལ་གྱིས། །འཕགས་བོད་ལོ་པཎ་རྣམ་མང་སྲི་ཞུས་བསྙེན། །དམ་ཆོས་སྒྲུབ་བསྒྱུར་ཟིན་དག་ཐེར་དང༌། །གསར་བཅད་སྐད་ཀྱིས་གཏན་དབབ་ཐེམ་བྱང་བཀོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཙུག་ལག་ལྷ་ཁང་རྟེན་གསུམ་དགོན་གནས་དང༌། །མདོ་སྔགས་འཆད་ཉན་ཆོས་གྲྭ་དར་ཞིང་རྒྱས། །ཆོས་སྤྱོད་རྣམ་བཅུའི་འཁོར་ལོ་མཁས་གྲུབ་ཀྱིས། །འཛིན་ཚུལ་དྲི་མེད་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་ནོར་བདུན་ལྡན་བསྟན་འཛིན་དགེ་འདུན་རེར། །མི་ཁྱིམ་བདུན་གྱི་བསྙེན་བཀུར་ཡོད་སྦྱོར་མཛད། །སྤྱན་དྲངས་ཞབས་ལ་དབུ་རལ་དར་ཡུག་བཏིང༌། །བསྟན་ལ་ཚད་མེད་སྲི་ཞུའི་སྲོལ་སྤེལ་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟོབས་ཀྱི་འཁོར་ལོས་ཕས་རྒོལ་ཕམ་པར་མཛད། །རྒྱ་བོད་ས་མཚམས་བཙན་པོའི་རྡོ་རིང་བསླངས། །འབངས་རྣམས་ཆོས་ནོར་འདོད་བདེ་ཐར་པའི་དཔལ། །ཅི་དགར་སྤྱོད་པའི་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལོག་སྨོན་མཐུ་ཅན་གླང་དར་ལོག་སྤྱོད་ཀྱིས། །རྟེན་གསུམ་དགོན་གནས་བཤིག་དབྲལ་དགེ་འདུན་བཅོམ། །བསྟན་པ་བཤིག་ཚེ་དཔལ་གྱི་རྡོ་རྗེ་ཡིས། །སྙིང་སྟོབས་མཚོན་གྱིས་བསྒྲལ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེའི་ཚེ་དམ་ཆོས་འཛིན་པའི་སྨོན་ལམ་ཅན། །དུ་མས་སྟོད་དང་སྨད་ནས་འདུལ་བ་སོགས། །བསྟན་པའི་མེ་རོ་སླར་གསོས་རྒྱལ་བའི་བསྟན། །སླར་ཡང་རྒྱས་མཛད་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

ལྷག་པར་མགོན་ཁྱོད་འབྲོམ་སྟོན་རྣམ་རོལ་གྱིས། །རྒྱ་གར་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་མཆོག །དཔལ་ལྡན་དིའ་པཾ་ཀ་ར་སྤྱན་དྲངས་ནས། །བར་དར་བསྟན་པ་སྤེལ་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་བརྒྱན་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི། ། འགྲོ་བ་གང་གིས་བགྲང་ཡང་དོན་ཡོད་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས། །འགྲོ་བའི་ནད་བརྒྱ་དྲུང་འབྱིན་གསོ་རིག་མཁན། །ཇོ་འབྲོམ་ཡབ་སྲས་བཀའ་དྲིན་གཞལ་དུ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐུ་མཆེད་གསུམ་དང་རྣལ་འབྱོར་རྣམ་བཞི་སོགས། །བརྒྱུད་གསུམ་གསེར་རིའི་ཕྲེང་འདྲ་འཕགས་ཚོགས་ཀྱི། །འདུས་པ་འཕགས་པའི་ཡུལ་ལས་ཆེས་ལྷག་ཅེས། །ངོ་མཚར་གྲགས་པའི་སྙན་པས་ཕྱོགས་ཀུན་གསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་ཆེན་གཞུང་དྲུག་འཆད་ཉན་མཁས་མང་དང༌། །ཟབ་མོ་གསང་ཆོས་རྣལ་འབྱོར་གྲུབ་པའི་ཚོགས། །ལྷ་ཆོས་བདུན་ལྡན་བསླབ་གསུམ་རིམ་གཉིས་ཀྱི། །བསྟན་འཛིན་ནམ་མཁའི་སྐར་ཚོགས་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་བྱང་ཆུབ་སེམས་གཉིས་ཟུང་དུ་འཇུག །སྒོམ་པ་གཏོང་ལེན་བྱང་ཆུབསེམས་མཆོག་འབྱོངས། །སྤྱོད་པ་སྙིགས་ལྔ་བྱང་ཆུབ་ལམ་དུ་སྒྱུར། །ཐེག་ཆེན་བྱང་སེམས་གདམས་པས་ས་སྟེང་མཛེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་འཁྲུལ་སྣང་སྐུ་བཞིའི་ངོ་སྤྲོད་གནང༌། །སྒོམ་པ་སྟོབས་ལྔའི་ཉམས་ལེན་གཅིག་ཏུ་དྲིལ། །སྤྱོད་པ་སྦྱོར་བ་བཞིན་ལྡན་ཐབས་ཀྱི་མཆོག །ངོ་མཚར་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་སྤེལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་མཐའ་བརྒྱད་སྤྲོས་བྲལ་དབུ་མ་ཆེ། །སྒོམ་པ་དཀྱིལ་འཁོར་བཅུ་དྲུག་རྗེས་དྲན་དྲུག །སྤྱོད་པ་ཕུགས་ནོར་བཅུ་ལྡན་བཀའ་གདམས་ཞེས། །ངོ་མཚར་གྲགས་པའི་བ་དན་ཕྱོགས་སུ་མཛེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བྱང་སེམས་ནོར་ཕྲེང་བཀའ་གདམས་གསང་ཆོས་ཀྱི། །སྤྲུལ་པའི་གླེགས་བམ་གར་བཞུགས་གང་ཟག་དེའི། །རྒྱུད་ལ་བྱང་སེམས་མི་སྐྱེ་མི་སྲིད་ཅེས། །ངོ་མཚར་བྱིན་རླབས་བཀའ་བབས་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བཀའ་རྣམས་གདམས་ངག་གཅིག་ཏུ་འཁྱེར་བ་དང༌། །བཀའ་བརྒྱུད་གདམས་པའི་སྙིང་པོ་གཅིག་བསྡུས་པའི། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་གདམས་ཟབ་ཀྱི། བཀའ་བབས་སྐལ་བཟང་གདུལ་བྱའི་དཔལ་དུ་ཤར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མགོན་ཁྱོད་བཀའ་བརྒྱུད་གོང་མའི་རྣམ་རོལ་གྱིས། །རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་ནས། །བརྒྱུད་པའི་གདམས་ཟབ་ཚེ་གཅིག་འཚང་རྒྱའི་ལམ། །གངས་ཅན་ཁྲོད་དུ་དར་ཞིང་རྒྱས་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མར་མི་དྭགས་གསུམ་སྐྱོབ་པ་འཇིག་རྟེན་མགོན། །དུས་གསུམ་མཁྱེན་པ་གླིང་རས་པད་དཀར་སོགས། །བརྒྱུད་པ་གསེར་གྱི་ཉག་ཐག་གཡའ་བྲལ་བར། །ཚད་མེད་ཆོས་བརྒྱུད་ཆུ་བོའིརྒྱུན་བཞིན་སྤེལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀར་འབྲུག་དྭགས་པོ་འབྲི་སྟག་ཚལ་པ་སོགས། །ཡ་བཞི་ཟུང་བརྒྱད་གྱེས་པའི་བརྒྱུད་པ་ལས། །འཇའ་ལས་མཁའ་སྤྱོད་གོ་འཕང་མཆོག་བརྙེས་པའི། །སྒོམ་ཆེན་གྲུབ་ཐོབ་ངོ་མཚར་གྲངས་མཐའ་ཡས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་ཕྱག་ཆེན་ཆོས་ཀུན་སྟོང་པར་གཟིགས། །སྒོམ་པ་ཆོས་དྲུག་གཏུམ་མོ་བདེ་ཆེན་འབར། །སྤྱོད་པ་རས་རྐྱང་རས་གོས་རི་ཡི་བུས། །སྒྲུབ་པའི་རྒྱལ་མཚན་འཛིན་ཚུལ་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྡོ་རྗེ་འཆང་དབང་མཁའ་འགྲོ་ནི་གུ་དང༌། །མཁས་གྲུབ་ཁྱུང་པོ་རིན་ཆེན་རྣམ་བདུན་ལས། །བརྒྱུད་པའི་བཀའ་བབས་ཤངས་པ་བཀའ་བརྒྱུད་ཅེས། །ངོ་མཚར་གྲགས་པའི་ཤིང་རྟ་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱུད་དང་གྲུབ་པའི་དངོས་བཅུད་གསེར་ཆོས་ལྔ། །རྟག་ཏུ་འབྲལ་མེད་དྲུག་གི་ཉམས་ལེན་དང༌། །མཐར་ཐུག་ལྔ་ལྡན་ཁྱད་པར་བཞིའི་ལམ་གྱིས། །ཟླ་དྲུག་ཙམ་གྱིས་མཆོག་གྲུབ་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐྱོན་བཞི་རང་གྲོལ་ལྟ་བ་ཕྱག་རྒྱ་ཆེ། །སྐུ་གསུམ་རང་གཤིས་སྒོམ་པ་མ་བཅོས་ངང༌། །གེགས་སེལ་བོགས་འདོན་སྤྱོད་པས་རྩ་རླུང་འབྱོངས། །སྒྲུབ་བརྒྱུད་བསྟན་པའི་ཉིན་བྱེད་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་ཀྱི། །ཏིང་འཛིན་བསླབ་པ་ལྷག་པའི་སྒོམ་པ་ལ། །མདོ་སྡེ་ཏིང་འཛིན་མངའ་བདག་བཀའ་བརྒྱུད་ཅེས། །ངོ་མཚར་བསྔགས་པའི་རོལ་མོ་མཁས་པས་འཁྲོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕྲིན་ལས་སྟོབས་ཀྱི་རྡོ་རྗེ་ས་སྐྱོང་བའི། །བསིལ་ལྗོངས་ཆོས་ཀྱི་རྒྱལ་པོར་མི་བདག་གིས། །བཀུར་བའི་ཆོས་སྲིད་དགའ་བདེའི་དཔལ་ཡོན་ཆེས། །འགྲོ་རྣམས་བདེ་བར་བསྐྱངས་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མགོན་ཁྱོད་ས་ཆེན་གོང་མའི་རྣམ་རོལ་གྱིས། །དགྱེས་མཛད་རྡོ་རྗེ་བདག་མེད་ལྷ་མོ་ནས། །གྲུབ་ཆེན་བིར་ཝ་ལོ་ཆེན་འབྲོག་མིསོགས།

།རིམ་རྒྱུད་ངོ་མཚར་བཀའ་བབས་ཤིང་རྟའི་སྲོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚོགས་དང་སློབ་བཤད་གསུང་ངག་ལམ་འབྲས་ཀྱི། །གདམས་པའི་སྙིང་པོར་གསེར་ཆོས་བཅུ་གསུམ་སོགས། །ཟབ་དོན་རྒྱ་མཚོའི་མཛོད་འཛིན་མཁས་གྲུབ་ཀྱི། །དེད་དཔོན་ངོ་མཚར་ཟླ་མེད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྕགས་རི་མི་འདའ་གསང་མཛད་གསེར་ཆོས་དང༌། །ཁྱད་པར་སྙིང་པོ་སྐོར་གསུམ་བཀླགས་གྲུབ་ཀྱི། །རྣལ་འབྱོར་མཆོག་གི་མཁའ་སྤྱོད་རིག་འཛིན་སར། །མངོན་གཤེགས་ངོ་མཚར་ལམ་གྱི་ཁྱད་ཆོས་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་བསྟན་སྲོལ་འབྱེད་ཀུན་དགའ་སྙིང་པོ་སོགས། །ས་བཅུའི་དབང་ཕྱུག་བསམ་བཞིན་སྲིད་འགྲོའི་དོན། །ས་གསུམ་སྒྲོན་མེ་རྒྱལ་བསྟན་གསལ་བའི་མགོན། །ས་ཆེན་གོང་མའི་རྣམ་ཐར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་བདེན་གཉིས་དབྱེར་མེད་སྟོང་པའི་དབྱིངས། །སྒོམ་པ་རིམ་གཉིས་ཟུང་འཇུག་བདེ་ཆེན་ངང༌། །སྤྱོད་པ་ཚོགས་གཉིས་ཟུང་འཇུག་མྱུར་བདེའི་ལམ། །ཚེ་གཅིག་འཚང་རྒྱའི་བཀའ་སྲོལ་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་འཛིན་མེད་འོད་གསལ་ཕྱག་རྒྱ་ཆེ། །སྒོམ་པ་ལམ་ཟབ་འབྲས་བུའི་རྣལ་འབྱོར་མཆོག །སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་རྣམ་ཐར་གཟིས། །ས་གསུམ་མུན་སེལ་ས་བསྟན་ཉིན་མོར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཞེན་པ་བཞི་བྲལ་ཐུན་མོང་ལམ་སྦྱངས་ཀྱིས། །ཚད་མ་བཞི་ལྡན་ཐུན་མིན་གསང་ཆེན་གྱི། །གསེར་ཆོས་བདུད་རྩིའི་སྙིང་པོ་གདམས་པའི་མཛོད། །སྤེལ་བའི་བསྟན་འཛིན་རྣམ་མང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསལ་སྟོང་འཛིན་མེད་རང་རིག་གཉུག་མའི་ངང༌། །དབང་ལས་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེ། །མ་བཅོས་བདེ་ཆེན་རྡོ་རྗེ་སྐུ་གསུམ་གྱི། །གོ་འཕང་མཆོག་སྦྱིན་མྱུར་ལམ་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཆད་ལ་གཞུང་བརྒྱ་སྨྲ་བའི་སེངྒེར་གྲགས། །རྩོད་པས་ཕས་རྒོལ་མུ་སྟེགས་སྨྲ་བ་བཅད། །རྩོམ་པས་བསྟན་བཅོས་བསྟན་འགྲོའི་སྤྱི་ནོར་བསྐྲུན། །བསམ་ཡས་ངོ་མཚར་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་བསྟན་མདོ་སྔགས་བཤད་སྒྲུབ་སྤེལ་བ་ཡི། །ས་ངོར་ཚར་སོགས་ཆོས་གྲྭ་གྲངས་མེད་ཀྱིས། །སཱ་ལའི་སྨན་ལྗོངས་མཛེས་པའི་རྒྱན་གྱི་མཆོག །ས་སྟེང་སྙན་པའི་གྲགས་པ་མངོན་པར་གསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཤེས་བྱའི་གཞི་ལྔའི་རང་སྤྱིའི་མཚན་ཉིད་ཀྱི། །ཤེས་རབ་བསླབ་པ་ལྷག་པའི་ལྟ་བ་ལ། །མངོན་པའི་བདག་ཉིད་དཔལ་ལྡན་ས་སྐྱ་ཞེས། །ངོ་མཚར་བསྔགས་པའི་བ་དན་མཁས་པས་བསྒྲེངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་སྟེང་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་དབང༌། །བོད་སྤྱིའི་གཙུག་ནོར་གདེངས་ཀར་གོང་མས་བཀུར། །བོད་ཆེན་ལྗོངས་སུ་འཕགས་པའི་རྣམ་ཐར་གྱིས། །དབང་བསྒྱུར་ངོ་མཚར་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱན་དྲུག་མཆོག་གཞུང་བཅུ་གསུམ་བཤད་སྒྲུབ་དང༌། །གསང་ཆེན་རྒྱུད་སྡེ་ཀུན་སྒྲུབ་ཐབས་ཀུན་བཏུས། །དབང་ལུང་མན་ངག་འཆད་ཉན་དུས་མཐར་ཡང༌། །སྤེལ་བའི་བཀའ་བབས་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མགོན་ཁྱོད་འཇམ་མགོན་རྒྱལ་བའི་རྣམ་རོལ་གྱིས། །བློན་ཆེན་རྒྱལ་བ་ཀུན་གྱི་མཛད་སྨོན་ཁུར། །གཅིག་ཏུ་འཁྱེར་བའི་སྙིང་སྟོབས་མཛད་བཟང་གིས། །ངོ་མཚར་གྲགས་པའི་སྙན་པ་སྲིད་ཞིའི་འཛིན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མང་ཐོས་རྒྱ་མཚོས་ཐུབ་བསྟན་ཀླུང་བརྒྱ་གཞོལ། །གདམས་པའི་ནོར་མཛོད་ལེགས་བཤད་རླབས་འཕྲེང་འཕྱུར། །གདུལ་བྱའི་སྣང་ངོར་གྲུབ་ཟིན་སྒྲུབ་པའི་ཚུལ། །བརྒྱ་ཕྲག་དཀའ་བའི་ཁུར་བཞེས་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀཱ་རི་ཀཱ་ནས་དཔལ་ལྡན་འདུས་པའི་བར། །ཡོངས་རྫོགས་རྒྱལ་བསྟན་ལུང་རིགས་བརྒྱ་ཕྲག་གིས། །དཔྱད་གསུམ་དག་པའི་གསེར་འདྲ་དྲི་མེད་ཀྱི། །མདོ་སྔགས་ཟུང་འབྲེལ་བསྟན་པའི་སྲོལ་ཆེན་བཏོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འདུལ་བ་འབུམ་སྡེའི་སྙིང་པོ་ལུང་སྡེ་བཞིའི། །དགོངས་དོན་དགག་སྒྲུབ་གནང་གསུམ་བཅས་པའི་མཚམས། །ཕྲ་ཞིབ་མ་འདྲེས་དག་ཐེར་གཞི་གསུམ་གྱི། །ལག་ལེན་གཙང་མས་ཐུབ་བསྟན་བྱི་དོར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རུང་མཐུན་ཡོད་བྱད་གནས་ཁང་གཞི་སོ་སོར། །གསོལ་སོགས་ལས་ཀྱི་ཆོ་གས་བསྒྲུབ་པ་ཡི། །སོ་ཐར་ཁྲིམས་ཀྱི་བཅས་མཚམས་མི་འདའ་བའི། །ཚུལ་ཁྲིམས་ཕུང་པོ་ཡོངས་རྫོགས་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་ཚེ། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ཅེས་སྔགས་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟོན་པས་དགེ་སློང་དག་གམ་མཁས་རྣམས་ཀྱིས། །དཔྱད་གསུམ་གསེར་བཞིན་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན་གསུངས་པའི། །བཀའ་བཞིན་སྒྲུབ་པས་རྒྱལ་བསྟན་གསལ་བར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་འཇམ་དབྱངས་ངུར་སྨྲིག་ཟློས་གར་གྱིས། །སངས་རྒྱས་མཛད་པ་མཛད་ཅེས་ལུང་བསྟན་བཞིན། །རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་ལྟར། །ངོ་མཚར་མཛད་བརྒྱས་འཛམ་གླིང་མཛེས་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་མཁྱེན་བསླབ་གཞི་དཀོན་མཆོག་རིན་ཆེན་སྣོད། །གཙང་མར་སྒྲུབ་ལ་དྲི་མ་མེད་པའི་སྲོལ། །ཕྱེ་བའི་ཤིང་རྟ་བཤོལ་མེད་འཇུག་ངོགས་ཆེར། །གཏོད་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྲགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་བསྟན་ཆུ་ཀླུང་སྔ་རབས་ལྟ་སྤྱོད་ཀྱི། །རྙོག་པའི་དྲི་མ་རྣམས་སངས་ཀེ་ཏ་ཀས། །བགྲུང་འདྲ་དྲི་མེད་མཁྱེན་རབ་ཡེ་ཤེས་ཀྱིས། །གཙང་མར་མཛད་ལ་མཚུངས་མེད་ཙོང་ཁ་པ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྡོམ་རྩོན་དང་པོའི་ཡི་གེ་བ་ཞེས་སོགས། །སངས་རྒྱས་བཀའ་ལུང་གསེར་སྦྱངས་ཅོད་པན་གྱིས། །གངས་ལྗོངས་མཛེས་པའི་འཛམ་གླིང་རྒྱན་གྱི་མཆོག །ཤིང་རྟའི་སྲོལ་ཆེན་བློ་བཟང་གྲགས་པའི་དཔལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཆད་པས་སྡེ་སྣོད་དྲང་ངེས་དགོངས་པ་འགྲེལ། །པཎ་གྲུབ་གཞུང་ལུགས་བཅུ་བདུན་དུས་གཅིག་ཏུ། །ལེགས་བཤད་སྨྲ་བའི་ཉི་མ་འབུམ་འབར་ཚེ། །བློ་གསར་པད་ཚལ་བྱེ་བ་ཅིག་ཅར་བཞད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྩོད་པས་ལུང་རིགས་སེངྒེའི་སྒྲ་ཆེན་གྱིས། །འགྲན་དང་ཕྲག་དོག་ཕྲ་རྒྱས་ཀུན་གཞིལ་ནས། །དུལ་དང་དད་པའི་བློ་གྲོས་མཆོག་སྟེར་བས། །སྨྲ་ངན་ཆོས་ཀྱིས་ཕམ་མཛད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྩོམ་པས་རྒྱུ་ཚོགས་ཁྱད་ཆོས་གསུམ་མངའ་བས། །མདོ་སྔགས་དགོངས་འགྲེལ་དཀའ་གནད་མཐའ་གཅོད་ཀྱིས། །རྒྱུད་དང་གྲུབ་ཆེན་དགོངས་པ་བདུད་རྩིའི་བཅུད། །ཐར་འདོད་འཇུག་ངོགས་མཆོག་ཏུ་སྒྲུབ་པ་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚུལ་ཁྲིམས་འཆལ་ལ་ཐུབ་པས་སྔགས་འགྲུབ་པར། །མ་གསུངས་དེ་ཕྱིར་བསྟན་རྩ་སོ་ཐར་གྱིས། །བསླབ་གཞི་གཙང་མར་གསོས་ལ་ཐེག་ཆེན་གྱི། །འཇུག་སྒོར་རིམ་གྱིས་བཀྲི་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བྱང་སེམས་མ་སྐྱེས་གསང་སྔགས་འགྲུབ་པའི་རྒྱུ། །མེད་པར་དགོངས་ཏེ་སྲོལ་གཉིས་བྱང་སེམས་ཀྱི། །གདམས་པས་ཐེག་ཆེན་རིགས་ངེས་དབང་རྣོན་ལ། །གསང་ཆེན་སྨིན་གྲོལ་ནོར་བུའི་སྒོ་འཕར་ཕྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡང་དག་ལྟ་བ་མེད་པར་གསང་སྔགས་ཀྱི། །མྱུར་ལམ་བདེ་སྟོང་སྒྱུ་འོད་ཟུང་གི་ཡ། །བྲལ་བར་གཟིགས་ཏེ་ཟབ་མོ་རྟེན་འབྱུང་གི། །ངོ་མཚར་ལྟ་བ་དྲི་མེད་གཏན་ལ་ཕབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་ཀུན་ཀྱི་རྩ་བ་སྐྱབས་འགྲོ་སྟེ། །སྐྱབས་འགྲོ་མེད་པར་སོ་ཐར་བྱང་སེམས་དང༌། །གསང་སྔགས་སྡོམ་པ་གང་ཡང་སྐྱེར་མེད་པར། །དགོངས་ནས་སྐྱབས་འགྲོ་བསྟན་པའི་འཇུག་སྒོར་བསྔགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ཕྱིར་དྲི་བ་ལྷག་བསམ་རབ་དཀར་དུ། །གངས་རིའི་ཁྲོད་ཀྱི་སྒོམ་ཆེན་མཐའ་དག་ལ། །སྐྱབས་འགྲོའི་ངོ་བོ་གང་ཡིན་ལ་སོགས་ཀྱི། །དྲི་ཚིག་གདམས་པའི་བདུད་རྩི་ཅི་ཡང་བསྩལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མདོ་སྔགས་ཟབ་རྒྱས་གསང་མཛོད་འབུམ་གྱི་སྒོ། །ལེགས་བཤད་གསེར་གྱི་ལྡེ་མིག་གིས་ཕྱེ་ནས། །གདམས་ཟབ་རིན་ཆེན་བྱེ་བའི་བགོ་བཤའ་མཁན། །ཁྱོད་འདྲ་འཛམ་གླིང་ས་སྟེང་སུ་ཡང་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཤེས་རབ་ལྷག་བསམ་བསྟན་ཀུན་འགལ་མེད་རྟོགས། །ཏིང་འཛིན་སྒོམ་པས་གསུང་རབ་གདམས་པར་ཤར། །ཚུལ་ཁྲིམས་སྤྱོད་པས་ཉེས་སྤྱོད་གཡང་ས་སྲུང༌། །ཐུབ་དགོངས་བདེ་བླག་རྙེད་པའི་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་གཉིས། །རྒྱུད་འགྲེལ་རིམ་གཉིས་སྒྱུ་ལུས་བསྲེ་བ་སོགས། །རྡོ་རྗེ་འཆང་དབང་ཐུགས་བཅུད་བདུད་རྩིའི་གཏེར། །གཅིག་བསྡུས་གདུལ་བྱར་འདོམས་པའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིགས་གསུམ་སྤྱི་སྒྲུབ་ཕྱི་ནང་གསང་བ་ཡི། །གསོལ་འདེབས་བྱིན་རླབས་གཏེར་ཆེན་དམིགས་བརྩེ་མའི། །འཁྲུད་སེལ་ཆེ་གསལ་མྱུར་ཟབ་འཆད་རྩོད་རྩོམ། །ཐོགས་མེད་བློ་གྲོས་མཆོག་སྟེར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མདོ་སྡེ་དྲང་ངེས་དགོངས་ལྡེམ་ཐུབ་དགོངས་བཞིན། །དཔལ་ལྡན་ཀླུ་དང་ཟླ་བའི་བཞེད་གཞུང་བཅུད། །ཟབ་མོ་དབུ་མའི་ལྟ་བ་རྟེན་འབྱུང་གི །སེངྒེའི་རྔ་ཆེན་གངས་རིའི་ཁྲོད་དུ་སྙན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་ལུང་རིགས་གཏན་ལ་འབེབས་པས་མཁས། །སྒོམ་པ་ཉམས་མྱོང་དྲན་ཤེས་བག་ཡོད་བཙུན། །སྤྱོད་པ་བླང་དོར་ཕྱོགས་མེད་འགྲོ་དོན་བཟང༌། །འཇམ་མགོན་རྒྱལ་བའི་རྣམ་ཐར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཆད་ལ་མདོ་སྔགས་ཟབ་དོན་འགྲེལ་བས་མཁས། །རྩོད་ལ་དགག་སྒྲུབ་ཚིག་རྩུབ་བྲལ་བས་བཙུན། །རྩོམ་ལ་ལེགས་བཤད་བློ་གཏེར་སྲོལ་བས་བཟང༌། །གྲགས་པའི་འོད་ཟེར་སྟོང་ལྡན་འགྲོ་བའི་མིག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་ལུང་རིག་བརྒྱ་ཕྲག་ལམ་ལས་དྲངས། །སྒོམ་པ་དཔྱད་འཇོག་ཉམས་མྱོང་ཚད་མས་གྲུབ། །སྤྱོད་པ་བླང་དོར་ཚུལ་ཁྲིམས་གཙང་མས་བརྒྱན། །དགེ་ལྡན་བསྟན་པའི་ཁྱད་ཆོས་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཟབ་མོའི་ལྟ་བ་རྣམ་ཐར་གསུམ་དབྱིངས་ནས། །ཟུང་འཇུག་སྒོམ་པ་ཡོངས་དག་རྣམ་བཞིའི་ལམ། །རྒྱ་ཆེན་སྤྱོད་པ་ཚུལ་ཁྲིམས་གསུམ་ལྡན་གྱིས། །ངོ་མཚར་ལམ་བཟང་འགྲོ་བའི་སྒྲོན་མེ་གསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་སྟོང་ཉིད་བཅོ་བརྒྱད་འོད་གསལ་དབྱིངས། །སྒོམ་པ་བྱང་ཕྱོགས་སོ་བདུན་ལྷ་སྐུར་ཤར། །སྤྱོད་པ་ཕྱིན་བཅུ་སྤྲོས་སོགས་གསུམ་དང་འབྲེལ། །མདོ་སྔགས་ཟུང་འབྲེལ་ལྟ་སྒོམ་སྤྱོད་པའི་ཚུལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྟ་བ་དྲི་མེད་དྲན་པ་བཞི་དང་ལྡན། །སྒོམ་པ་ཟབ་གསལ་རིམ་ལྔ་ཡན་ལག་དྲུག །སྤྱོད་མཆོག་རྣམ་གསུམ་ཡོངས་རྫོགས་ཕ་རོལ་ཕྱིན། །ཟུང་འབྲེལ་མྱུར་ལམ་བླ་ན་མེད་པའི་ལུགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཞེས་མཁས་པས་བསྔགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མི་ལོ་བཅུ་གཉིས་ལོ་གསུམ་ཕྱོགས་གསུམ་དང༌། །ཟླ་ཕྱེ་ཙམ་གྱིས་མཆོག་གྲུབ་མྱུར་ལམ་གྱི། །ངོ་མཚར་ཁྱད་ཆོས་བཅོ་བརྒྱད་མངའ་བ་ཡི། །འཇམ་དབྱངས་རིང་ལུགས་དྲི་མེད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ལྟར་འཇམ་མགོན་རྒྱལ་བའི་ལེགས་བཤད་ནི། །མདོ་རྒྱུད་པཎ་གྲུབ་དགོངས་པ་མན་ངག་དོན། །གབ་པ་མངོན་ཕྱུང་འཐོར་བ་རྣམ་པར་བསྡུས། །བསྡུས་དོན་རྒྱས་བཤད་དཀའ་འགྲེལ་མཐའ་གཅོད་མཛད། །གངས་ཅན་མགོན་པོ་ཕྱག་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཁྲུགས་བསྡེབས་ཆད་གསབ་དཀྲུགས་དང་ནོར་བ་བསྒྲིགས། །དྲང་ངེས་རྣམ་ཕྱེ་རྒྱ་ཆེའི་ཚིག་དོན་བཀྲལ། །ཟབ་པའི་རྒྱ་དཀྲོལ་གསང་བའི་གནད་ཀུན་ཕྱེ། །སྦས་པའི་དོན་གསལ་རྡོ་རྗེའི་ཚིག་མཛོད་ཕྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བསླད་པའི་དྲི་གཙང་ལུང་རིགས་དགག་སྒྲུབ་གཙང༌། །འཇམ་དབྱངས་དངོས་དང་བརྒྱུད་པའི་གདམས་པས་བརྒྱན། །གོ་བདེ་གཙོར་སྟོན་ལག་ཏུ་བླངས་བདེ་བའི། །ཁྱད་ཆོས་ཉི་ཤུས་ཆེ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དབྱངས་སྙན་བརྒྱུད་ཟབ་རྒྱས་ཉམས་ལེན་སོགས། །དྲི་མེད་བརྒྱུད་པ་བརྒྱད་ལྡན་གདམས་པའི་བཅུད། །ཡོངས་རྫོགས་མན་ངག་ཚང་ལ་མ་ནོར་བསྟན། །འདི་འདྲ་འཇལ་བའི་སྐལ་བཟང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སངས་རྒྱས་བྱང་སེམས་པཎ་གྲུབ་གྲངས་མེད་ཀྱི། །མངོན་གསུམ་ཞལ་གཟིགས་གདམས་ངག་བསྟན་པ་གཏད། །གང་བསྟན་ལ་ཞུགས་དགའ་ལྡན་མཁའ་སྤྱོད་དུ། །སྐྱེས་ལས་ལྷག་ཅེས་དཀྱིལ་འཁོར་བདག་པོ་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འབུམ་ཕྲག་འདུལ་ལུང་སྡེ་བཞིའི་སོ་ཐར་གྱིས། །ཚུལ་ཁྲིམས་བསླབ་པ་ལྷག་པའི་སྤྱོད་པ་ལ། །དམ་ཆོས་འདུལ་བའི་མངའ་བདག་དགེ་ལྡན་ཞེས། །ངོ་མཚར་བསྔགས་པའི་ཕོ་ཉ་མཁས་པས་བཀྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སོ་བྱང་བསླབ་པས་རྒྱུད་དུལ་ཚུལ་ཁྲིམས་གཙང༌། །བོང་བ་གསེར་མཉམ་གསེར་གྱི་རོ་འདྲ་ཞིང༌། །གསང་ཆེན་རྣལ་འབྱོར་ཟབ་ལམ་རྣལ་འབྱོར་གྱིས། །ཟུང་འཇུག་གྲུབ་པའི་གྲལ་རིང་ཚར་དུ་དངར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དགའ་ལྡན་དགོན་གནས་ཆོ་འཕྲུལ་མཆོད་པ་སོགས། །བློ་ཆེན་གཞན་གྱིས་དཔག་པར་དཀའ་བའི་དོན། །རྒྱལ་བའི་ལུང་བཞིན་ལེགས་མཛད་ཆུ་གཏེར་རླབས། །གངས་ཅན་ལྗོངས་ཀུན་ཀུན་ནས་གང་བར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲས་གསུམ་དག་པའི་འཁོར་བརྒྱད་དར་ཆེན་བཞི། །འཇམ་དབྱངས་བདུན་བརྒྱུད་འཇའ་ལུས་རྣམ་གསུམ་སོགས། །གྲངས་མེད་མཁས་བཙུན་བཟང་གསུམ་བསྟན་འཛིན་གྱི། །སློབ་བརྒྱུད་གསེར་རིའི་ཕྲེང་འདྲ་མཚར་དུ་དངར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཞྭ་སེར་རང་ལུགས་མདོ་སྔགས་བཤད་སྒྲུབ་ཀྱི། །ངུར་སྨྲིག་འཆང་བའི་ཆོས་གྲྭ་གྲངས་མེད་ཀྱིས། །བོད་དང་བོད་ཆེན་རྒྱ་སོགས་གསེར་ལྡན་ཁྱོན། །གུར་གུམ་གོས་ཀྱིས་བཀླུབས་འདྲ་མཛེས་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

གཞན་ཡང་དུས་འཁོར་ཞི་བྱེད་གཅོད་ཡུལ་སོགས། །གསང་ཆེན་ཤིང་རྟའི་བཀའ་སྲོལ་གང་དང་གང༌། །མཐའ་དག་མགོན་ཁྱོད་རྣམ་ཐར་འབའ་ཞིག་སྟེ། །བསམ་ཡས་བཀའ་དྲིན་ཇི་ལྟར་གཞལ་སྙམ་དུ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྡེ་སྣོད་རྒྱུད་སྡེའི་བཀའ་སྲོལ་བཀའ་བབས་ལས། །ས་རྙིང་བཀའ་དགེར་གྲགས་སོགས་སྒྲུབ་བརྒྱུད་ཀྱི། །ཤིང་རྟ་ཆེན་བརྒྱད་གཞུང་ལུགས་གདམས་ངག་མཛོད། །གཅིག་བསྡུས་རིན་ཆེན་ཕ་ནོར་བུ་ལ་འབོག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལམ་རིམ་ཁྲིད་བརྒྱད་སྙན་བརྒྱུད་ཁྲིད་བརྒྱད་གཉིས།

།རྡོར་ཕྲེང་མི་ཏྲ་ནོར་ཕྲེང་བརྒྱ་རྩ་གསུམ། །རྒྱུད་སྡེ་རབ་འབྱམས་བཀའ་གདམས་དུས་འཁོར་སོགས། །བཀའ་བབས་འཕྲིན་ལས་དུས་ཀྱི་མཐར་ཡང་རྒྱས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་གྲུབ་མཐའི་ངོ་བོ་སོ་སོ་བ། །མ་ཡིན་མཆོག་དམན་དབྱེ་བའང་དེ་བས་མིན། །མགོན་ཁྱོད་གང་འདུལ་འཕྲིན་ལས་འགྲོ་བའི་མིག །གཅིག་ལ་དུ་མར་འཆར་བའི་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་ཀྱང་ཐུབ་དབང་རྡོ་རྗེ་འཆང་གི་བཀའ། །ཚེ་གཅིག་འཚང་རྒྱའི་མྱུར་ལམ་འབའ་ཞིག་སྟེ། །དེ་དག་ལམ་ལས་གྲུབ་བརྙེས་གྲངས་མེད་ཀྱིས། །རྣམ་ཐར་བསམ་ཡས་ཚུལ་དེ་ཀུན་ལ་དད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱག་རྫོགས་ཞི་གཅོད་དབུ་མ་སོགས་སོ་སོར། །མིང་འདོགས་མང་ཡང་ཉམས་མྱོང་ལུང་རིགས་ཀྱི། །དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཅེས་པའི། །གསུང་འདི་གཟུར་གནས་བློ་མིག་ཡངས་ལ་སྨན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན།

།དེ་ལྟར་མེས་དབོན་གསུམ་སོགས་རྒྱལ་བློན་དང༌། །མཁས་གྲུབ་ངུར་སྨྲིག་སྡོམ་བརྩོན་རྒྱལ་པོའི་ཚུལ། །རིམ་དང་ཅིག་ཅར་སྣ་ཚོགས་བཀོད་པ་བརྒྱས། །དྲི་མེད་ཐུབ་བསྟན་སྒྲོན་མེ་སྦར་བར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གངས་ལྗོངས་ཐུབ་བསྟན་ཡོངས་རྫོགས་འཛིན་པའི་མགོན། །དགེ་འདུན་གྲུབ་པ་དཔལ་ནས་གང་གི་བར། །གསེར་མདོག་ཅོད་པཎ་འཆང་བ་རིམ་བྱོན་གྱིས། །ས་གསུམ་ཉིན་མོར་མཛད་པའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐུ་གཅིག་བཀོད་པ་སྣ་ཚོགས་ཚུལ་སྟོན་པ། །བརྒྱ་འབག་མིག་འཕྲུལ་འདྲ་ཞེས་འབྲོམ་སྟོན་རྗེས། །རང་གི་རྣམ་ཐར་ཇི་བཞིན་ཞལ་བཞེས་ཀྱི། །བཀའ་ལུང་སྐལ་བཟང་ཐར་འདོད་རྣ་བའི་དཔྱིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གྲུ་འཛིན་ཞིང་དུ་སྙིང་རྗེའི་རྒྱལ་བ་ཡི། །ཆོས་སྲིད་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །ཁམས་གསུམ་དབང་སྒྱུར་ཕྱོགས་ལས་རྣམ་རྒྱལ་གྱི། །གྲགས་པའི་བླ་རེ་སྲིད་ཞིའི་བླ་ན་བྲེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་པའི་དཔལ་དང་ངག་དབང་ལྷ་མོ་ཡི། །བློ་གཏེར་གྲོལ་བའི་མཛད་བཟང་རྒྱ་ཀུན་གྱི། །ཡེ་ཤེས་དང་མཉམ་བསྟན་པའི་མཛོད་འཛིན་པའི། །ཟླ་བྲལ་འཕྲིན་ལས་རྒྱ་མཚོའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕྲོག་བྱེད་རྣམ་པར་རྩེ་བ་བཀྲ་ཤིས་ཀྱིས། །མཆོག་མཛེས་ཆོས་ཀྱི་ཁྲི་འཕང་སྲིད་གསུམ་གྱི། །གཙུག་ན་དབང་བསྒྱུར་མཚུངས་པ་མེད་པའི་སྡེ། །ངོ་མཚར་ཆོས་བདུན་རང་བཞིན་གཞེས་པ་ཡི། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་དང་བཀའ་དྲིན་དྲན་པའི་ཚུལ་ལས། བོད་དུ་བསྟན་པ་ཇི་ལྟར་དར་ཚུལ་གྱི་སྐབས་ཏེ་དང་པོའོ།།   །།

གངས་རིའི་ཕྲེང་བ་དཀར་པོས་ཀུན་ནས་རྣམ་མཛེས་སྣང་བ་མཆོག་གི་ལྗོངས། །གང་འདིར་རྒྱལ་བསྟན་དྲི་མེད་འོད་འབར་ནམ་མཁའི་ནོར་བུ་འཛིན་པའི་དཔལ། །གངས་ཅན་མགོན་པོའི་བཀའ་དྲིན་ཡང་ཡང་དྲན་པའི་ངང་ཚུལ་གླེང་བ་འདིར། །གངས་ཅན་པ་རྣམས་ཆོས་རྗེས་འབྲངས་ཏེ་ཆོས་མིག་བློ་གྲོས་ཡངས་པར་མཛོད། །རབ་འབྱམས་རྒྱལ་ཀུན་སྙིང་རྗེའི་འཇུག་པ་ནི། །འཇིག་རྟེན་གསུམ་གྱི་མགོན་པོར་རོལ་བའི་གར། །གང་འདུལ་མཛད་པས་གངས་ལྗོངས་གདུལ་བྱ་སོགས། །མཐའ་ཡས་འགྲོ་ཀུན་སྒྲོལ་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི། །རིགས་གསུམ་སེམས་དཔའི་གར་གྱིས་གངས་ལྗོངས་སོགས། །ཡིད་ཅན་ཡོངས་སྨན་རྒྱ་ཆེན་འཕྲིན་ལས་ཀྱི། །ངོ་མཚར་སྒྱུ་འཕྲུལ་དྲྭ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷག་པར་ཐུགས་རྗེ་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་བོད་ཀྱི་ལྷ་གཅིག་རྒྱལ་བ་ཡི། །དྲི་མེད་ལུང་གིས་བསྔགས་པའི་ངོ་མཚར་དབྱངས། །རབ་འབྱམས་ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ཁྱབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱག་སྟོང་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་གུས་ཕྱག་འཚལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་གིས་སྤྲུལ་པའི་དཀྱིལ་འཁོར་བཅུ་དྲུག་ལས། །འབྲོམ་རྗེ་ཤེལ་གྱི་ཁྱེའུ་ཆུང་ཕྱག་འཁར་ལ། །སངས་རྒྱས་སྟོང་གིས་མཚན་པའི་ཕྱག་མཚན་ལས། །སྤྲུལ་དང་སྤྲུལ་གཞིའི་ངོ་མཚར་གསལ་བར་མཚོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྣམ་འདྲེན་སྟོང་དང་དེ་སྙེད་འཁོར་སྒྱུར་གྱིས། །མི་མཇེད་འཇིག་རྟེན་བསྐལ་བ་བཟང་པོ་རུ། །གྲགས་ཤིང་གྲུབ་པའང་གང་གི་རྣམ་ཐར་ཏེ། །ངོ་མཚར་རྒྱ་མཚོའི་གླེང་གཞི་བླ་ན་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སངས་རྒྱས་ཞེས་བྱའི་སྒྲ་ཙམ་འཇིག་རྟེན་དུ། །ཆེས་ཆེར་དཀོན་པའི་མུན་བསྐལ་ཆེས་མང་ཡང༌། །བསྐལ་བཟང་འདིར་ནི་སངས་རྒྱས་སྟོང་བྱོན་པའི། །ངོ་མཚར་མགོན་ཁྱོད་སྙིང་རྗེའི་རོལ་པ་ཉིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇིག་རྟེན་རྣམ་འདྲེན་རྒྱལ་བ་ཚད་མའི་ཚུལ། །བསྒྲུབ་པའི་རིགས་ལམ་དྲི་མེད་ཉི་མའི་གཟིས། །ཕྱོགས་ཀྱི་གླང་པོའི་ལེགས་བཤད་འགྲོ་བའི་མིག །འཇམ་དཔལ་དཔའ་བོས་བསྔགས་པའི་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་ཅེས་འཇམ་མགོན་རྗེའི། །ལེགས་བཤད་ངོ་མཚར་ཚད་མའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིན་ཆེན་གསུམ་གྱི་མཚན་སྙན་བདུད་རྩིའི་ཆར། །སྲིད་ན་སྲིད་མཐའ་ཙམ་ཡང་རྣམ་འདྲེན་སྟོང༌། །མཛད་པ་དུས་གཅིག་འགྲོ་བའི་སྒྲོན་མེ་འབར། །མགོན་ཁྱོད་བཀའ་དྲིན་འགྲོ་འདིས་ཇི་ལྟར་གཞལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འབྱུང་བ་དཀོན་ཕྱིར་དྲི་མེད་མཐུ་ལྡན་ཕྱིར། །འཇིག་རྟེན་རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །མཆོག་གི་ཁྱད་ཆོས་ལྔའི་ཕྱིར་དཀོན་མཆོག་ཅེས། །གྲགས་པའི་མཚན་སྙན་རབ་འབྱམས་ཞིང་གིས་འཛིན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ལྡན་དང༌། །མཚན་དཔེ་གསུངས་དབྱངས་ཀྱིས་མཚོན་སྐུ་ཆེ་བའི། །ཡོན་ཏན་བཅུ་ཕྲག་བཞི་ལྷག་མངའ་བ་ཡི། །སྟོན་པ་སངས་རྒྱས་མཆོག་ལ་རབ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དག་པ་གཉིས་ལྡན་ཆོས་སྐུའི་མཁའ་དབྱིངས་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །བཅུ་གཉིས་མཛད་ལྡན་མཆོག་གི་སྤྲུལ་པའི་གར། །ལྷུན་གྲུབ་སྐུ་གསུམ་འགྲོ་བའི་སྐྱབས་ཀྱི་ཕུལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་རྣམ་འདྲེན་མཚུངས་མེད་ཤཱཀྱའི་ཏོག །ཤཱཀ་ཐུབ་ཆེན་པོ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱ་དཀའི་ཁུར་གྱིས་མཁའ་མཉམ་འགྲོ་སྒྲོལ་སླད། །རླབས་ཆེན་སྤྱོད་པ་རྒྱ་མཚོའི་རྩེ་མོར་གཤེགས། །སློབ་པའི་ལམ་དུ་དམ་ཆོས་ཚིག་རེའི་ཕྱིར། །སྲས་དང་བཙུན་མོ་རྒྱལ་སྲིད་རང་གི་སྐུ། །ཕངས་མེད་བཏང་ནས་བསྒྲུབ་པའི་ཡེ་ཤེས་མཛོད། །བརྙེས་ནས་འགྲོ་ལ་སྩོལ་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་སྔོན་རྣམ་འདྲེན་རིན་ཆེན་སྙིང་པོའི་དྲུང༌། །རྒྱལ་སྲས་སྟོང་གིས་རང་རང་ཞིང་བཟུང་ཚེ། །དོར་བའི་ལྔ་བདོ་ཚེ་ལོ་བརྒྱ་བའི་ཞིང༌། །མ་སྨད་ཐུགས་བསྐྱེད་ངོ་མཚར་དམ་བཅས་བཟུང༌། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ཚེ་ཐུབ་རྣམས་ཐུགས་གསུང་དབྱངས་གཅིག་གིས། །སེམས་དཔའ་སྟོང་དབུས་སེམས་དཔའ་ཆེས་མཆོག་ཏུ། །རབ་བསྔགས་ངོ་མཚར་པདྨ་དཀར་པོའི་འཛུམ། །གང་ལ་གྲོལ་བའི་གྲགས་པ་སྲིད་ཞིའི་ཏོག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འཁྲུངས་པའི་ཚེ། །རིན་ཆེན་སྙིང་པོར་བསྙེན་བཀུར་ཐུགས་བསྐྱེད་དེ། །རྩོད་དུས་འཛིན་པའི་སྨོན་ལམ་ལྔ་བརྒྱ་ཡིས། །དམ་བཅས་ཐུགས་བསྐྱེད་འབྲས་བུའི་ཚུལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟོང་གསུམ་འཇིག་རྟེན་བྱེ་བ་བརྒྱ་ཕྲག་ནི། །མཆོག་གིས་སྤྲུལ་སྐུ་གཅིག་གི་གདུལ་ཞིང་སྟེ། །དེ་ཕྱིར་དེ་སྙེད་བལྟམས་གཤེགས་རིམ་གཅིག་གི །མཐའ་ཡས་སྒྱུ་འཕྲུལ་བཀོད་པའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སངས་རྒྱས་སྟོང་གི་རེ་རེར་མཛད་པ་ཡི། །ཁྱད་པར་བཅོ་ལྔ་སྤྱི་མཛད་བཅུ་གཉིས་དང༌། །བྱེ་བྲག་སྒོས་མཛད་ངོ་མཚར་བསམ་ཡས་ཀྱིས། །བགྲང་ཡས་འགྲོ་ཀུན་འདྲེན་པའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གླིང་བཞི་བར་མའི་བྱེ་བྲག་འཛམ་གླིང་འདིར། །བར་གྱི་སངས་རྒྱས་རྣམ་གཟིགས་སོགས་གསུམ་དང༌། །རྣམ་འདྲེན་སྟོང་གི་དང་པོ་འཁོར་བ་འཇིག །གསེར་ཐུབ་འོད་སྲུང་མཛད་པ་རིམ་གྱིས་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྣམ་འདྲེན་བཞི་བ་དམ་པ་ཏོག་དཀར་གྱིས། །དགའ་ལྡན་གནས་སུ་དམ་ཆོས་སྣང་བའི་སྒོ། །བརྒྱ་ཕྲག་ཆོས་བསྟན་ཅོད་པཎ་ལྔ་བའི་དབུར། །བརྒྱན་དེ་གཟིགས་པ་ལྔ་ཡིས་འཛམ་གླིང་གཟིགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མང་བཀུར་རྒྱལ་བརྒྱུད་ས་ཡ་ཆིག་འབུམ་དང༌། །ཉི་ཁྲི་ཆིག་སྟོང་ས་ཡ་བཅུ་བཞི་ཡི། །མ་སྨད་འཁོར་ལོ་སྒྱུར་རིགས་ཟས་གཙང་མའི། །སྲས་སུ་མཆོག་གི་སྤྲུལ་བའི་མཛད་པ་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕོ་ལྷུམས་བལྟམས་དང་སྒྱུ་རྩལ་བཙུན་མོའི་འཁོར། །རྒྱལ་སྲིད་བསྐྱངས་སོགས་སྤྱི་མཛད་བཅུ་གཉིས་ཚུལ། །རིམ་པར་བསྟན་པའི་བསམ་ཡས་མཛད་པ་ཡིས། །སྙིགས་འགྲོ་སྒྲོལ་བའི་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཁོར་བའི་ཆོས་ཉིད་རྒས་ན་འཆི་སོགས་ཀྱིས། །འཁོར་བསྒྱུར་དཔལ་ཡང་སྙིང་པོ་མེད་གཟིགས་ནས། །ངེས་འབྱུང་དཀའ་སྤྱད་བསམ་གཏན་ཏིང་འཛིན་གྱིས། །ཞི་བ་གྱ་ནོམ་བདུད་རྩིའི་སྙིང་པོ་གཟིགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟ་གྲིས་བརྡེགས་དང་ཙནྡན་དྲིས་བྱུགས་ལ། །བྱམས་སྡང་མི་དམིགས་རྡོ་རྗེའི་ཏིང་འཛིན་གྱིས། །བྱེ་བ་དུང་ཕྱུར་བདུད་དམག་མཚོན་ཆར་ཡང༌། །མེ་ཏོག་ཆར་ལྷུང་ཡིད་བསྲུབས་གཡུ་ལས་རྒྱལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བྱང་ཆུབ་སྙིང་པོར་མངོན་པར་སངས་རྒྱས་ཀྱི། །མཛད་པ་སྟོན་ཚེ་མཛད་པ་ཀུན་གྱི་མཆོག །ཆོས་འཁོར་བསྐུལ་བའི་རྟེན་བཅས་ཞབས་ཀྱི་དྲུང༌། །ཚངས་དབང་གཙུག་གི་ནོར་བུ་ལན་ཚར་བསྙིལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སློབ་པའི་ལམ་དུ་སྙིང་རྗེའི་རྒྱུས་བསྒྲུབས་པའི། །ཀུན་རྫོབ་སྒྱུ་ལས་སྟག་ལ་སྦྱིན་པའི་འབྲས། །དོན་དམ་ཆོས་སྦྱིན་ལྔ་སྡེ་བཟང་བོར་བསྩལ། །དེ་བཞིན་དམ་ཆོས་འཁོར་ལོ་བསྐོར་བར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷར་གཤེགས་ལྷ་ལས་བབས་པའི་མཛད་པ་དང༌། །མུ་སྟེགས་སྟོན་པ་དྲུག་དང་རྗེས་སྒྲོག་དྲུག །ཆོ་འཕྲུལ་བཅོ་ལྔས་ལེགས་པར་ཚར་བཅད་དེ། །ཟླ་མེད་རྣམ་པར་རྒྱལ་བའི་བ་དན་བསྒྲེངས༌། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཁོར་གྱི་བྱང་སེམས་ཕྱོགས་ཀྱི་ཞལ་ལན་དུ། །འདོམས་མཛད་དགོངས་པ་ངེས་པར་འགྲེལ་བ་སོགས། །གནའ་དུས་འཁོར་དུ་ཞུ་པོ་མཐའ་ཡས་ངོར། །གྲངས་མེད་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲས་བཞི་སྐྱེད་མཛད་ཤེས་རབ་ཕར་ཕྱིན་དང༌། །ཕྱི་ནང་གཞན་གསུམ་ཐབས་མཆོག་རྒྱུད་རྒྱལ་སོགས།

།ཟབ་དང་རྒྱ་ཆེ་གསང་བ་དམ་ཆོས་ཀྱི། །འཁོར་ལོ་ཁམས་ཀྱི་རྗེས་འགྲོ་བརྗོད་ལས་འདས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསེར་གྱི་མདོག་ཅན་འོད་དང་འོད་ཟེར་འབར། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །དུས་གཅིག་ཉིད་དུ་བགྲང་ཡས་སྤྲུལ་པའི་གར། །སྟོན་མཛད་ངོ་མཚར་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཙུག་ཏོར་མཐོ་ཚད་གསུང་གི་རྒྱང་ཚད་ལ། །རྫུ་འཕྲུལ་ཅན་མཆོག་གིས་ཀྱང་མི་དཔོག་པའི། །གསང་བ་བསམ་གྱིས་མི་ཁྱབ་ཡོན་ཏན་མཛོད། །སྟོན་པ་སངས་རྒྱས་རྣམ་ཐར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསུང་གཅིག་ཉིད་དུ་གསུངས་ཀྱང་ལྷ་ཀླུ་དང༌། །གནོད་སྦྱིན་དྲི་ཟ་གྲུལ་བུམ་མི་འམ་ཅི། །སྒྲ་སྐད་དུ་མ་སོ་སོར་གོ་མཛད་པའི། །སངས་རྒྱས་ཁོ་ནའི་ཁྱད་ཆོས་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྕང་ལོ་ཅན་དང་མ་དྲོས་མ་ག་དྷར། །རྒྱང་ནས་གསོལ་བཏབ་ཙམ་གྱིས་དེ་དང་དེར། །ཆོ་འཕྲུལ་མཆོག་གིས་མངོན་གཤེགས་མོས་དབང་དང༌། །འཚམས་པའི་དམ་ཆོས་རིམ་དང་ཅིག་ཅར་སྟོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྒྱུ་མའི་འཕྲུལ་གྱི་ཁེངས་ལྡན་རབ་བཟང་དང༌། །མུ་སྟེགས་ཀྱིས་བསླད་ཁྱིམ་བདག་ལ་སོགས་པས། །འཕྲུལ་དང་མེ་དུག་ངན་སྦྱོར་ཇི་སྙེད་ཀུན། །ཞིག་ཏེ་མི་ཕྱེད་དད་པའི་ས་ལ་བཀོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བསོད་ནམས་ལས་སྐྱེས་གསེར་ལྷ་གསེར་དབྱིག་དང༌། །བསོད་ནམས་མིན་ལས་ཨེལའི་འདབ་ཀླུ་སོགས། །ཞིབ་ཕྲ་ལས་ཀྱི་རྒྱུ་བ་ལུང་སྟོན་པ། །ཀུན་མཁྱེན་རྒྱལ་བ་མཆོག་གི་ཁྱད་པར་ཆོས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སེང་ལྡེང་ཚེར་མ་རྟ་ཆག་རུལ་བ་སོགས། །མཆོག་ཚེ་ན་ཡང་རྣམ་སྨིན་བདག་གིར་བཞེས། །ལས་འབྲས་ཆོས་ཉིད་བསླུ་བ་མེད་པའི་ཚུལ། །མངོན་སུམ་རྟོགས་མཛད་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འགག་མེད་ཚངས་དབྱངས་ངོ་མཚར་དྲུག་ཅུ་ཡིས། །འགྲོ་བའི་ཁམས་དང་མོས་པ་རྒྱ་མཚོ་བཞིན། །ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་དང༌། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །ཆ་མཉམ་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་བདུད་རྩིའི་ཆར། །ཆད་མེད་འཇོ་བའི་ངོ་མཚར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱོགས་བཅུའི་བྱང་སེམས་གྲངས་མེད་འདུས་པ་ཡི། །འཁོར་ལ་སྡེ་སྣོད་ཕལ་ཆེར་གསུངས་པའི་ཚེ། །ཉན་ཐོས་དག་གི་ཅི་ཡང་མ་འཚལ་བའི། །ཚུལ་གཉིས་ཐེག་ཆེན་ཐོས་དཀའི་བདུད་རྩིར་རྟོགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་ཁྱབ་བདག་རྡོ་རྗེ་འཆང་དབང་སྐུར། །བཞེངས་ཏེ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མཛོད། །རིགས་ངེས་དབང་རྣོན་ཁོ་ནར་བསྟན་པ་དེས། །ཤིན་ཏུ་ཐོས་དཀའ་གསང་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་པའི་མཚན་གཟུངས་མ་ཎི་ལན་གཅིག་ཙམ། །བཟླས་པས་བསྐལ་བ་བྱེ་བ་ཕྲག་བརྒྱད་ཁྲིའི། །སྡིག་སྒྲིབ་བྱང་བའི་བྱིན་རླབས་ཐུགས་བསྐྱེད་ཀྱི། །ངོ་མཚར་མཛད་པ་མཆོག་གི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྡུལ་གཅིག་རྡུལ་སྙེད་སྐད་ཅིག་བསྐལ་བ་དང༌། །སྐྲ་རྩེར་དོག་མེད་རབ་འབྱམས་རྒྱ་མཚོའི་ཞིང༌། །སྟེང་འོག་སྣྲེལ་ཞིར་ཆགས་གནས་འཇིག་སྟོང་ཚུལ། །གཟིགས་ཤིང་འདོམས་པ་རྒྱལ་བ་ཁོ་ནའི་ཆོས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི །མཁྱེན་པའི་ཡུལ་དུ་མ་འཚལ་ཤེས་བྱའི་ཆོས། །རབ་འབྱམས་སྲིད་ཞིའི་ཁམས་ན་རྡུལ་ཙམ་ཡང༌། །མ་དམིགས་ཀུན་མཁྱེན་རྒྱལ་པོ་ཁོ་ནའི་ཆོས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ལྟར་རྣམ་འདྲེན་མཆོག་དེས་རྒྱ་གར་དུ། །ཐེག་གསུམ་མདོ་སྔགས་ཆོས་འཁོར་བསྐོར་མཛད་དེ། །མ་འོངས་བྱང་ཕྱོགས་གངས་རིའི་ཞིང་ཁམས་འདིར། །སྤྱན་རས་གཟིགས་ཀྱི་བསྟན་པ་ལུང་དུ་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷ་མོ་དྲི་མེད་དཔལ་གྱིས་ཞུས་མདོ་དང༌། །འཇམ་དཔལ་རྩ་བའི་རྒྱུད་སོགས་མདོ་རྒྱུད་ནས། །ཕྱག་ན་པདྨོས་རྒྱལ་བསྟན་སྤེལ་བའི་ཕྱིར། །རྒྱལ་པོའི་རྣམ་པར་རོལ་པར་ལུང་དུ་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་བཞིན་འཕགས་བོད་བསྟན་པའི་ཤིང་རྟ་ཆེ། །རིམ་པར་འབྱོན་པའི་ཚུལ་དང་བསྟན་པ་ཡི། །འཕེལ་འགྲིབ་ཆོས་བྱེད་སྤྱོད་ཚུལ་ལ་སོགས་པ། །མཐའ་དག་སྒྲིབ་མེད་ལུང་གིས་གསལ་བར་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལུང་དོན་ཇི་བཞིན་སྤྱན་རས་གཟིགས་དབང་ཉིད། །ཆོས་ཀྱི་རྒྱལ་པོ་རིམ་པར་མཚར་དངར་བའི། །ངོ་མཚར་སྤྲུལ་བའི་བཀོད་པ་བགྲངས་ཡས་ཀྱིས། །ལྗོངས་འདིར་རྒྱལ་བསྟན་སྤེལ་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་བསྟན་འབྱུང་གནས་རྒྱ་གར་འཕགས་ཡུལ་ནས། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་རྣམས། །བོད་ཀྱི་སྐད་དང་ཡི་གེར་བསྒྱུར་པ་ཡི། །སྤྲུལ་བའི་ལོ་པཎ་གྲངས་མེད་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཞལ་ནས་གསུངས་དང་བྱིན་རླབས་རྗེས་གནང་བའི། །བཀའ་རྣམས་གཏད་རབས་བདུན་སོགས་བཀའ་བསྡུ་ཡིས། །ལེགས་སྦྱར་སྐད་ཡིག་ལུང་གི་ཆོས་མཛོད་རྣམས། །མཐའ་དག་བོད་དུ་བསྒྱུར་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བོད་དང་རྒྱ་གར་བར་གྱི་བཤུལ་རིང་ལམ། །ལོ་པཎ་འགྲོ་འོང་ཆད་མེད་ཆོས་ཀྱི་ཟམ། །གསེར་དང་སྲོག་གིས་བཙུགས་པའི་སྲོལ་བཏོད་ནས། །ཆོས་ཕྱིར་བཀའ་སྤྱད་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལུང་རྟོགས་ཡོན་ཏན་མཛོད་མངའ་པཎ་གྲུབ་ཀྱིས། །དད་རྩོན་ཤེས་རབ་མཛོད་འཛིན་སྐད་གཉིས་པར། །མདོ་རྒྱུད་དབང་ལུང་མན་ངག་ལག་ལེན་བཅས། །མ་ཉམས་བརྒྱུད་པའི་བཤད་སྲོལ་གཙང་མས་གདམས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་དབང་རྡོ་རྗེ་འཆང་ནས་གཏད་རབས་སོགས། །ཆོས་ཕུགས་ཆུ་མགོ་གངས་ཐུག་བྱིན་རླབས་ཀྱི། །བརྒྱུད་པ་མ་ཉམས་དྲི་མེད་གསེར་འདྲའི་བསྟན། །གངས་ལྗོངས་ཕན་བདེའི་དཔལ་དུ་ཉི་ལྟར་གསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བཀའ་རྣམས་ལེ་བམ་ཤོ་ལོཀ་མིང་ཚིག་དང༌། །ཡིག་འབྲུ་རེ་རེ་བཞིན་གྱི་སྒྲ་དོན་ལ། །དཔྱད་གསུམ་གསེར་བཞིན་དག་ཐེར་བསྒྱུར་ཞུས་ཀྱིས། །དྲི་མེད་རྒྱལ་བསྟན་སྤེལ་བའི་བཀའ་དྲིན་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་གར་སྐད་ཤན་སྦྱར་བའི་མཚན་འགྱུར་ཕྱག །ཐོས་པའི་དུས་གནས་ཏིང་འཛིན་ཞུ་པོ་འཁོར། །གླེགས་བམ་ཚིགས་གྲངས་རྫོགས་དང་འགྱུར་བྱང་སྟེ། །བཅུ་གསུམ་གྲངས་ཀྱི་གཏན་དབབ་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྤྱན་རས་གཟིགས་དབང་ཆོས་རྒྱལ་རྣམ་རོལ་གྱིས། །མི་ཕངས་རིན་ཆེན་གསེར་གྱི་མཛོད་ཕྱེ་སྟེ། །རྒྱ་གར་ཡུལ་ནས་པཎ་གྲུབ་རྣམ་མང་ཚོགས། །སྤྱན་དྲངས་དམ་ཆོས་རྒྱས་མཛད་བཀའ་དྲིན་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྩོད་དུས་དམ་ཆོས་འཛིན་པའི་སྨོན་ལམ་གྱིས། །མཐུ་ཆེན་གྲུབ་པའི་ལོ་ཙཱ་རྣམ་མང་གིས། །མི་ཕངས་རིན་ཆེན་སྲོག་གི་ཟོང་བྱས་ཏེ། །འཕགས་ཡུལ་དམ་ཆོས་མ་ལུས་བོད་དུ་བསྒྱུར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་ཀུན་ཀྱང་རང་ཅག་བོད་ལྗོངས་འདིའི། །རྗེས་འཇུག་གདུལ་བྱའི་དོན་དུ་བསྒྲུབས་པ་སྟེ། །བརྒྱ་ཕྲག་དཀའ་བས་ཉེར་བསྒྲུབས་དཀོན་པའི་ཆོས། །དར་རྒྱས་མཛད་འདིའི་བཀའ་དྲིན་ཇི་ལྟར་གཞལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སེམས་ཅན་རྣམས་ཀྱི་ཕན་བདེ་གཞི་གཅིག་བུ། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། །སྣག་སྨྱུག་བྱིན་པའང་ཡེ་ཤེས་ཚོགས་ཡིན་པར། །བློ་གྲོས་མི་ཟད་པ་ཡི་མདོ་ལས་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་དབང་ཞལ་གྱི་པདྨོའི་གེ་སར་ལས། །ཕྱི་དུས་ང་ཉིད་ཡི་གེའི་གཟུགས་སུ་འོང༌། །དེ་ཚེ་དེ་ལ་གུས་པ་སྐྱེད་ཅིག་ཅེས། །སླད་མའི་འགྲོ་ལ་བརྩེ་བས་འདོམས་པར་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ཕྱིར་དབྱངས་གསལ་ཡི་གེ་ཚོགས་པ་ནི། །ཇི་སྙེད་རྒྱལ་བའི་སྐུ་དང་གསུང་ཉིད་དེ། །ཀ་མད་སུམ་ཅུ་ཙམ་ཞིག་ཤེས་པ་དང༌། །དད་ལའང་ཐར་བའི་ས་བོན་གྲུང་པོར་བསྐྲུན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་སྐད་ནི། །དབྱངས་གསལ་ཡི་གེའི་གདངས་སུ་ཉེར་གསལ་བས། །ཐེག་གསུམ་དམ་ཆོས་མདོ་སྔགས་ཀུན་སྟོན་པ། །མི་ཤིག་ཡི་གེ་མཆོག་གི་རོལ་མོ་སྙན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ནས་བསླབ་བཞིའི་རིག་བྱེད་སྨྲ་བའི་རྒྱུ། །མིང་ཚིག་བརྗོད་པའི་གཞི་ཉིད་ཡི་གེ་ཞེས། །འཇམ་དབྱངས་ཐུ་མིའི་ལེགས་བཤད་བརྡ་སྤྲོད་དུ། །གསུངས་དེ་འཇིག་རྟེན་མིག་ཏུ་ལྷག་པར་གསལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྩ་བ་དབྱངས་གསལ་ཡི་གེ་སུམ་ཅུ་ཉིད། །འབྱུང་དང་འཇུག་གནས་བརྒྱད་བརྒྱད་སྔོན་རྗེས་མིང༌། །རྣམ་དབྱེ་ཚིག་ཕྲད་རྟགས་གསུམ་བདག་གཞན་དུས། །རྣམ་མང་ཚུལ་གྱིས་ཆོས་རྣམས་མ་འདྲེས་སྟོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་ཀུན་ཀྱང་མ་ནོར་ངེས་ཚིག་བཅས། །པཎ་ཊི་ཏས་བཤད་འཇིག་རྟེན་མིག་གིས་མཉན། །འཁྲུལ་མེད་རྒྱལ་བའི་དགོངས་དོན་གཏན་ལ་ཕབ། །སྐལ་བཟང་གདུལ་བྱའི་འཇུག་ངོགས་མཆོག་ཏུ་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚོགས་གསུམ་ཕྲེང་བའི་བརྗོད་ངག་ཇི་སྙེད་ཀྱིས། །ཐེག་གསུམ་དམ་ཆོས་ཟབ་རྒྱས་ཀུན་སྟོན་པས། །རིགས་གསུམ་གདུལ་བྱ་ལེགས་ལམ་ལ་བཀྲི་བའི། །གསང་གསུམ་མཛད་པའི་ཚུལ་ལ་ཡིད་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ལས། །ལས་བཞི་གྲུབ་བརྒྱད་བཀླགས་པས་འགྲུབ་པ་སོགས། །དབྱངས་གསལ་ཡི་གེའི་གཟུགས་སྒྲ་འབའ་ཞིག་ལས། །འབྱུར་ཕྱིར་བྱིན་རླབས་ཡི་གེ་རྣམ་པར་སྤྲུལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ཕྱིར་སྤྱན་རས་གཟིགས་དབང་སྙིང་པོ་མཆོག །གཟུངས་སྔགས་རྡོ་རྗེའི་སྙིང་པོ་འབྲུ་དྲུག་པ། །ལྟ་སྒོམ་གནད་ཀྱི་གདམས་པ་དྲུག་ལྡན་གྱིས། །བཟླས་པས་དངོས་གྲུབ་དྲུག་ཐོབ་དོན་རྣམས་གྲུབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡིག་དྲུག་བཟླས་པས་རིགས་དྲུག་སྐྱེ་སྒོ་གཅོད། །ཕར་ཕྱིན་དྲུག་ཐོབ་བདེ་ཆེན་ཞིང་དུ་སྐྱེ། །སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་མཛད་པ་ཐོབ་པར་འགྱུར་ཞེས་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡིག་དྲུག་བཟླས་པས་དུག་ལྔའི་སྒྲིབ་པ་དག །དམ་པ་དྲུག་གིས་ཟིན་པའི་བརྒྱ་རྩ་བརྒྱད། །བཏོན་པས་མདོ་སྡེ་འགྱུར་རོ་ཅོག་མ་ལུས། །བཀླགས་དང་བསོད་ནམས་མཉམ་ཞེས་ཞལ་བཞེས་གནང༌། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡིག་དྲུག་བཟླས་པས་ཚོགས་སྦྱོར་མཐོང་སྒོམ་དང༌། །མི་སློབ་རྣམ་མཁྱེན་ཡོན་ཏན་ཐོབ་པ་དང༌། །འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོའི་ཞིང༌། །པདྨར་བརྫུས་སྐྱེས་ཕྱིར་མི་ལྡོག་པར་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཞི་ལུས་རྩ་རྣམས་ཡི་གེའི་དཀྱིལ་འཁོར་ཏེ། །འབྲས་དུས་མཚན་དཔེའི་ངོ་བོའང་ཡི་གེ་ཉིད། །དེ་ཕྱིར་རིམ་གཉིས་ཟབ་ལམ་རྣལ་འབྱོར་གྱིས། །སྔགས་དང་ཡེ་ཤེས་སྐུ་ཡང་དེ་ལས་འགྲུབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་ཀུན་ཡེ་ཤེས་ཨཱ་ལི་ཀཱ་ལིའི་གདངས། །ཤར་ལས་རབ་འབྱམས་ཆོས་ཚུལ་ཀུན་སྟོན་པའི། །ཟག་མེད་རྣམ་བྱང་དོན་དམ་བདེན་པའི་དངོས། །ལུང་གི་པུ་ཏིར་ཤར་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་པའི་གསང་མཛོད་དམ་ཆོས་པུསྟ་ཀ། །རེ་རེའི་རིན་ཚད་རིན་ཆེན་འབུམ་སྙེད་ཀྱིས། །ཆ་ཙམ་གཞལ་མིན་དེ་འདྲ་གྲངས་མེད་ཀྱིས། །བོད་ལྗོངས་ས་ཆེན་གཏམས་པའི་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསུང་རབ་རིན་ཆེན་དམ་ཆོས་དཀོན་མཆོག་མཛོད། །བསམ་དུ་མེད་སོགས་ཡོན་ཏན་བརྒྱད་ལྡན་དང༌། །སྐྱེ་རྒུའི་དོན་གཉིས་སྟེར་སོགས་ཁྱད་ཆོས་གསུམ། །ཐོག་མཐའ་བར་དགེའི་ཆེ་བ་ཉི་ཤུ་ལྡན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཞི་བ་ཆགས་བྲལ་འགོག་ལམ་དམ་པའི་ཆོས། །བརྗོད་བྱེད་ལུང་གི་དབང་དུ་སྡེ་སྣོད་གསུམ། །བརྗོད་བྱ་རྟོགས་པའི་དབང་དུ་བསླབ་གསུམ་སྟེ། །བཤད་དང་སྒྲུབ་པའི་འཛིན་ཚུལ་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དག་གསལ་རྙོག་མེད་དམ་ཆོས་བདུད་རྩིའི་དབྱིངས། །གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་དང༌། །ཡན་ལག་དབྱེ་བའི་དབང་དུ་བཅུ་གཉིས་གྲངས། །གང་འདུལ་གསུང་གི་མཛད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་འབྱུང་མུན་སེལ་དམ་ཆོས་སྒྲོན་མེ་མཆོག །གདུལ་བྱའི་དབང་གིས་ཐེག་གསུམ་རིམ་པ་དགུ །རྒྱུ་དང་འབྲས་པའི་དབྱེ་བས་མདོ་སྔགས་ཏེ། །ཁམས་དང་མོས་པའི་རྗེས་འགྲོའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྔུག་བསྔལ་ནད་བརྒྱ་དྲུངས་འབྱིན་བདུད་རྩིའི་སྨན། །སྤོབས་པ་བཞི་ལྡན་ཐུབ་གསུང་དམ་པའི་ཆོས། །བསྟན་དང་སྟོན་པ་གཉིས་ཀ་ཉིད་འགྱུར་བའི། །འདུལ་བ་མདོ་སྡེ་མངོན་པའི་ཚུལ་གྱི་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐེག་དམན་ཉན་ཐོས་དབང་དུ་འདུལ་བའི་སྡེ། །སོ་ཐར་བསླབ་གཞི་ཚུལ་ཁྲིམས་ཕུང་པོ་ལས། །ལྷ་མིའི་རྟེན་བརྒྱུད་བྱང་ཆུབ་གསུམ་ཐོབ་པའི། །ཀུན་མཁྱེན་བསླབ་བཞི་རིན་ཆེན་སྣོད་མཆོག་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐེག་ཆེན་བྱང་སེམས་དབང་དུ་རྒྱུའི་ཐེག་པ། །རྒྱལ་སྲས་བསླབ་སྤྱོད་ས་དང་ཕ་རོལ་ཕྱིན། །གྲངས་མེད་གསུམ་གྱི་ཚོགས་གཉིས་ས་ལམ་གྱི། །སྤངས་རྟོགས་དོན་གཉིས་མཐར་ཕྱིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བྱང་སེམས་དབང་རྣོན་དབང་བྱས་འབྲས་བུའི་ཐེག །ཕྱི་དང་གསང་བ་བླ་མེད་ཟབ་ལམ་གྱི། །རྡོ་རྗེ་རྣལ་འབྱོར་མཆོག་གི་ཚེ་གཅིག་ལ། །སྐུ་གསུམ་གོ་འཕང་མཆོག་སྦྱིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐལ་དམན་བསོད་ནམས་ཆུང་བའི་བློ་ཡུལ་དུ། །འཆུན་དཀའ་རྒྱལ་བའི་བཀའ་ནི་རྒྱ་ཆེ་ཞིང༌། །ཤིན་ཏུ་ཟབ་དང་གསང་བའི་ཚུལ་འདི་འདྲར། །ཅི་དགར་སྤྱོད་པའི་སྐལ་བཟང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྣོད་མིན་རང་དགར་འཇུག་སོགས་དགག་སླད་དུ། །དྲི་མེད་བཀའ་རྒྱ་རིམ་པ་བཅུ་བདུན་གྱིས། །རྒྱས་བཏབ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །འདོད་དགུར་སྤྱོད་པའི་སྐལ་བཟང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྫོགས་སངས་རྒྱས་སུ་འགྲོ་ལ་དོན་གཅིག་ཀྱང༌། །མ་རྨོངས་ཐབས་མང་དཀའ་བ་མེད་པ་དང༌། །དབང་རྣོན་དབང་བྱས་སྔགས་ཀྱི་ཐེག་པ་ནི། །ཤིན་ཏུ་ཁྱད་པར་འཕགས་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཉུག་མའི་རང་བཞིན་ལྔ་ལྡན་སྒྱུ་འཕྲུལ་གྱི། །འཛུམ་སྒེག་བསྐལ་ཆེན་བྱེ་བས་རྙེད་མིན་པ། །ཚེ་གཅིག་བདེ་བླག་སྟེར་བའི་ཉེ་ལམ་མཆོག །འདི་འདྲ་བླ་མེད་ཐེག་ལས་མེད་ཅེས་གསུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ལྟར་རྒྱལ་བསྟན་རིན་ཆེན་སྤུངས་པའི་མཛོད། །གཅིག་ཏུ་གཏམས་པ་གངས་རིའི་ཁྲོད་འདི་ལས། །འཛམ་གླིང་ས་ཕྱོགས་གང་དུ་མ་མཆིས་པས། །མགོན་ཁྱོད་བཀའ་དྲིན་བོད་འདིས་ཇི་ལྟར་གཞལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བདེ་ཆེན་དག་པའི་ཞིང་སོགས་བྱང་སེམས་ཀྱང༌། །ཞིང་འདིར་ཆེད་དུ་མངལ་སྐྱེས་རྟེན་བཟུང་སྟེང༌། །གསང་ཆེན་ལམ་ལས་སྙིགས་དུས་ཚེ་གཅིག་གིས། །སངས་རྒྱས་བསྒྲུབ་པའི་རྣམ་ཐར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཨོ་རྒྱན་མཁའ་འགྲོ་གསང་བའི་ཆོས་མཛོད་དུའང༌། །འདི་བས་ལྷག་པའི་གསང་བ་མ་དམིགས་པས། །ཡེ་ཤེས་ཌཱཀི་རྒྱ་མཚོའི་ཞལ་རླངས་ཀྱི། །ངོ་མཚར་བདུད་རྩིའི་སྙིང་པོའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུའང༌། །འདི་བས་ལྷག་པའི་ཟབ་པ་མ་མཆིས་པས། །རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་རྡོ་རྗེའི་ཐེག །ངོ་མཚར་བསྟན་པའི་སྙིང་པོའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཇི་ལྟར་སེངྒེའི་འོ་མ་གསེར་སྣོད་ལས། །གཞན་པའི་སྣོད་ཀྱིས་བཟུང་བར་མི་ནུས་བཞིན། །ཆེད་དུ་བྱ་བའི་གདུལ་བྱ་རིགས་ངེས་ཀྱི། །རླབས་ཆེན་བསོད་ནམས་མཐུས་རྙེད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཨུ་དུམ་ཝ་རའི་མེ་ཏོག་བརྒྱ་ལམ་ན། །རེས་འགའ་འབྱུང་བས་མཚོན་མིན་གསང་ཆེན་བསྟན། །ཐེག་ཆེན་རིགས་ངེས་གདུལ་བྱ་གར་ཡོད་དེར། །འབྱུང་གི་གཞལ་དུ་མཚན་ཙམ་ཐོས་དཀའི་གནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བསྐལ་བ་བྱེ་བར་སོ་སོར་ཐར་བ་ཡང༌། །ཐོས་དང་བཟུང་ཞིང་འཛིན་པ་རྙེད་དཀའ་ན། །རྒྱལ་བའི་གསང་མཛོད་མྱུར་ལམ་རྡོ་རྗེའི་ཐེག །དེ་བས་ཐོས་དང་འཛིན་དཀའ་སྨོས་ཅི་འཚལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྡོ་རྗེ་ཕུང་ཁམས་ཁམས་དྲུག་དཀྱིལ་འཁོར་བཞི། །རྩ་གསུམ་འཁོར་ལྔ་གདན་གསུམ་ཚང་བ་དང༌། །བྱང་ཆུབ་སེམས་གཉིས་འབྱུངས་སོགས་སྔགས་འགྲུབ་པའི། །རྒྱུ་བཞི་ཚང་བའི་སྣོད་ལྡན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་སླད་གདུལ་བྱ་འདུལ་བྱེད་འཇུག་པ་ནི། །ཚོགས་ཤིང་དུས་ལ་བབས་ན་འབྲས་སྨིན་པ། །ཆོས་ཉིད་བདེན་མཐུ་མགོན་ཁྱོད་འཕྲིན་ལས་ཀྱི། །ངོ་མཚར་རྒྱ་མཚོའི་དུས་རླབས་ཡོལ་བ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བསྟན་བྱིན་རླབས་གསང་སྔགས་གང་ཟག་ལ། །འཇུག་པ་སྨོས་ཅི་བེམ་པོའི་ཁམས་ལ་ཡང༌། །འཇུག་སྟེ་དཔག་བསམ་ཤིང་དང་ནམ་མཁའ་ལས། །ཆོས་སྒྲ་འབྱུང་བས་འགྲོ་བའི་ཕན་བདེ་སྤེལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསང་སྔགས་བསྟན་པ་ས་དར་རྡོ་དར་ཞེས། །གྲགས་པ་དོན་མཐུན་ས་གསུམ་ཁྱོན་ཀུན་ཏུ། །དཔའ་བོ་མཁའ་འགྲོ་གྲངས་མེད་སྤྱོད་པའི་ཞིང༌། །ངོ་མཚར་གནས་ཡུལ་དུར་ཁྲོད་བསམ་ལས་འདས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁ་བ་ཅན་དང་དབུ་རུ་བྱང་ཕྱོགས་སོགས། །སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་འཁོར་ལོ་རུ། །བྱིན་རླབས་སྐུ་དང་ཡི་གེ་ཐིག་ལེ་ཚུལ། །ངོ་མཚར་སྒྱུ་འཕྲུལ་བཀོད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་དང་གང་དུ་གསང་ཆེན་བསྟན་དར་བ། །དེ་དང་དེ་རུ་ཡེ་ཤེས་ལྷའི་དཀྱིལ་འཁོར། །ཆོས་བདག་དཔའ་བོ་མཁའ་འགྲོ་འདུལ་བའི་གནས། །གཅིག་ལས་དུ་མ་ཆུ་ཟླའི་རོལ་བར་འཆར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིགས་གསུམ་གྲགས་པའི་མཚོ་བཞི་ལུང་ལྗོངས་སོགས། །གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་སྙེད་ནི། །གང་དང་གང་དུ་བྱིན་རླབས་བཀའ་བབས་དེར། །གྲུབ་ཆེན་དུ་མས་གནས་ཆེན་དུས་སུ་ཕྱེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་བཏགས་ཆུ་གཏེར་བྲག་རིའི་ཁང་བཟང་ན། །ཡོངས་གྲུབ་ཡེ་ཤེས་འཁོར་ལོའི་གནས་ཀྱི་ཞལ། །གཞན་དབང་ཤེས་བྱ་ཀུན་གཟིགས་ཡེ་ཤེས་ཀྱིས། །ཕྱེ་འདི་གསང་སྔགས་བསྟན་པའི་ཁྱད་ཆོས་ཉིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕུག་དང་བྲག་རི་མཚོ་ངོགས་ལ་སོགས་སུ། །སྐུ་དང་ཡིག་འབྲུ་རང་བྱུང་ཕྱག་ཞབས་རྗེས། །གཏེར་གྱི་རྟགས་སོགས་ངོ་མཚར་བགྲང་ཡས་ཚུལ། །བྱིན་རླབས་མཆོག་གི་བརྡ་མཚོན་གསལ་བ་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གནས་མཆོག་དེ་དག་ཀུན་ཏུ་མདོ་སྔགས་ཀྱི། །བཤད་སྒྲུབ་བསྟན་པ་སྤེལ་བའི་ཆོས་གྲྭ་ནི། །གྲངས་མེད་སྐྱེ་རྒུའི་བསོད་ནམས་མཆོག་གི་ཞིང༌། །བྱིན་རླབས་གཟི་འབར་རྟེན་གསུམ་གྲངས་མེད་བཞུགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་གནས་སུ་བསྟན་འཛིན་དགེ་འདུན་ནི། །བསླབ་གསུམ་འཕགས་ནོར་བདུན་དང་རིག་གྲོལ་བརྒྱད། །ཆེ་བའི་ཡོན་ཏན་བཅུ་ལྡན་འཕགས་ཚོགས་ཀྱིས། །བསྟན་པ་ཕྱོགས་བཅུར་སྤེལ་བའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་ཀུན་ཀྱང་མགོན་ཁྱོད་ཡེ་ཤེས་ཀྱི། །སྙིང་རྗེའི་སྒྱུ་འཕྲུལ་མཆོག་གི་རོལ་པ་སྟེ། །སྣ་ཚོགས་ཐབས་ཀྱིས་འགྲོ་ཀུན་སྒྲོལ་བ་ལ། །ལྷག་པའི་ངོ་མཚར་མཛད་བརྒྱའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྙིགས་ལས་ཆེར་སྙིགས་དུས་ཀྱི་མཐའ་འདིར་ཡང༌། །ཟབ་ལས་ཆེས་ཟབ་མདོ་སྔགས་བསྟན་པའི་མཛོད། །དར་ལས་ཆེས་དར་འདི་འདྲ་མགོན་ཁྱོད་ཀྱིས། །ཚད་མེད་ཐུགས་བསྐྱེད་འཕྲིན་ལས་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་རིའི་ཁྲོད། །སངས་རྒྱས་བསྟན་པ་ཉི་ལྟར་འབར་བའི་ལྗོངས། །ཕྱག་ན་པདྨོ་ཉིད་ཀྱིས་རྟག་སྐྱོང་བའི། །བཀའ་དྲིན་གཞལ་དུ་མེད་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་ལྡན་ཞིང་འདིར་དལ་འབྱོར་རྟེན་ཐོབ་ཀྱང༌། །བསྟན་པའི་དུས་འགྱུར་གླིང་ལོག་དུས་དང་ཐུག །སེམས་ནི་དགའ་སྡུག་རྣམ་རྟོག་ཅི་ཡང་འཆར། །དུས་རྣམས་ཀུན་ཏུ་མགོན་ཁྱོད་བཀའ་དྲིན་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མགོན་ཁྱོད་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས། །བདག་སོགས་འདི་རུ་ཀླ་ཀློའི་དམག་གིས་བཀབ། །བསད་བཟུང་རྡེག་འཚོག་ཁྲག་གི་སྡུག་བསྔལ་འོག །སྔོན་གྱི་ཆོས་སྲིད་རང་དབང་བཀའ་དྲིན་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཉིན་ཞག་ལོ་དང་ཟླ་བ་དུས་བཞིའི་ཁམས། །འདས་པས་ཟད་མེད་ཆུ་གཉེར་བཞིན་དུ་ལྷགས། །སྒྱུ་ལུས་འཕེལ་ཟད་སྙོམས་འཁྲུགས་འབྱུང་བཞིའི་ཁམས། །ཆུ་བུར་གཡོ་འདྲའི་ཚུལ་འདིས་ཡིད་བྱུང་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱོགས་ཀྱི་མུ་ཁྱུད་ཆུ་ལྷའི་ཕང་བར་གཞོལ། །རྣམ་བཀྲ་རྒྱུ་སྐར་འཁོར་ལོ་མཁའ་ལ་གསལ། །རགས་པའི་རླུང་ཐིམ་རིག་པ་གཉིད་དུ་ཡུར། །སྒྱུ་མའི་རྨི་ལམ་འཆར་བ་མཚན་མོའི་ཚེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུན་གསུམ་མཐའ་མས་སྐྱ་རེངས་གསར་པ་བསུས། །འོད་ཟེར་བརྒྱ་བ་བརྒྱ་བྱིན་ཕྱོགས་ནས་འབར། །ཟས་གོས་ཆོས་སྤྱོད་དགའ་སྟོན་འདོད་ཡོན་གྱི། །ཚོགས་དྲུག་ཉམས་སུ་མྱོང་བ་ཉིན་མོའི་དུས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚེས་བདག་ཚེས་པའི་འཕེལ་བ་བཅོ་ལྔའི་ཉ། །ཆ་གང་ཆ་ཤས་རིམ་འགྲིབ་སྟོང་པར་འཇུག །དགའ་བཟང་རྒྱལ་སྟོང་རྫོགས་ལྔ་ཕྱོགས་སྔ་ཕྱིར། །གསུམ་གསུམ་འཁོར་བའི་ཟླ་བ་ཚེས་པའི་ཚེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འབྱུང་ཁམས་རྒྱུ་བའི་དུས་བཞི་དུས་ཚིགས་དྲུག །ཞག་གསུམ་གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔའི། །རང་བཞིན་ཟླ་བ་བཅུ་གཉིས་ལོར་བཏགས་པའི། །གནམ་ལོ་རྙིང་འདས་གསར་པ་ཚེས་པའི་ཚེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྣང་ཚད་ལྷོར་བགྲོད་དྲོད་ཚད་རིམ་བཞིན་འགྲིབ། །གསེར་ལྡན་གྲང་བསིལ་ཁ་བའི་གོས་དཀར་བཀླུབས། །རེས་འགའ་རྡུལ་དམར་གཡོ་བའི་རླུང་ཆེན་ལྡང༌། །སྐྱེ་རྒུའི་ཁམས་འདུས་དགུན་གྱི་དུས་བྱུང་ཚེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྣང་བྱེད་རྒྱུ་བ་གནོད་སྦྱིན་ཕྱོགས་སུ་ཕྱོགས། །དྲོད་རླུང་ཆེར་ལྡང་ཆུ་ཁུར་ཕྲེང་བ་འཁྲིགས། །ཤིང་རྩེ་མེ་ཏོག་ཁ་འབུས་ཁུ་བྱུག་རྩེད། །སོ་ནམ་དཔྱིད་ཀྱི་དཔལ་ཡོན་བཞད་པའི་ཚེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྤྲིན་སྔོན་བ་གམ་གློག་དམར་དྲྭ་བས་མཛེས། །སྙན་པའི་འབྲུག་སྒྲ་ཡིད་འོང་ཆར་དང་འགྲོགས། །སྨན་འབྲས་ལྗོན་ཤིང་མེ་ཏོག་ཆུ་བོའི་གཞུང༌། །རབ་རྒྱས་དབྱར་གྱི་ལང་ཚོ་དར་བའི་དུས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གསེར་མདོག་ས་གཞིས་ཕྱི་ཡི་མི་རྟག་སྟོན། །སྔོ་བསང་ནམ་མཁས་ནང་གི་རྣལ་འབྱོར་བསྐུལ། །འབྲས་ལྡན་ལོ་ཏོག་ལེགས་སྨིན་ལོངས་སྤྱོད་ཀྱིས། །སྐྱེ་རྒུར་དགའ་སྟེར་སྟོན་གྱི་དུས་བྱུང་ཚེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མ་རྟོགས་ཕྱི་ནང་འབྱུང་བས་འཇིགས་ཆེན་སྐྱེད། །རྒ་ནད་རྒུད་པ་ཉེ་གདུང་སྡུག་བསྔལ་རྒྱུ། །ས་ཆུ་མེ་རླུང་ཉི་ཟླ་མ་བྲལ་བའི༌། །འཁོར་བའི་སྣང་ཚུལ་འདིས་ཀོ་ཡིད་བྱུང་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྟོགས་ན་རྡུལ་མུན་སྙིང་སྟོབས་ཟླ་ཉི་སྨག ། སྣང་གསུམ་འོད་གསལ་མཁའ་འདྲ་དྲི་མེད་དབྱིངས། །ཕྱི་ནང་གཞན་གསུམ་ཡན་ལག་དྲུག་ལམ་གྱིས། །ཚེ་གཅིག་སངས་རྒྱས་མྱུར་ལམ་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་བསྟན་ཁ་བའི་ས་འཛིན་རབ་དཀར་གྱི། །ཕྲེང་བ་རབ་མཛེས་རིན་ཆེན་ཆོས་ཀྱི་གླིང༌། །ཆོས་ཚིགས་ཡུལ་དབུས་སཱ་ལའི་སྨན་ལྗོངས་འདི། །ཆོས་བཞྀན་སྐྱོང་མཛད་མགོན་པོ་སྤྱན་རས་གཟིགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དཔལ་ངག་གི་དབང་ཕྱུག་བློ་གཏེར་གྱི། །དྲི་མེད་མཁྱེན་བཟང་ཡེ་ཤེས་རྒྱལ་བསྟན་མཛོད། །འཛིན་མཛད་འཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱོན། །ཡོངས་ཁྱབ་སྲིད་གསུམ་དབང་དུ་བསྒྱུར་བའི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇིགས་བྲལ་གདོང་ལྔའི་སྡེར་ཁྱིམ་ལ་གནས་པའི།

།མི་འགྱུར་གསེར་གྱི་ཁྲི་འཕང་ལ་དགྱེས་པའི། །གསང་གསུམ་འཕྲིན་ལས་མཚུངས་པ་མེད་པའི་སྡེ། །དཔལ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་ཐར་པ་བསམ་གྱི་མི་ཁྱབ་པའི་ཐུགས་རྗེ་དང་བཀའ་དྲིན་དྲན་པའི་ཚུལ་ལས། བསྟན་པ་མཆོག་གསུམ་གྱི་བྱུང་བ་མདོ་ཙམ་བརྗོད་པའི་སྐབས་ཏེ་གཉིས་པའོ།།    །།

གང་ལ་བརྟེན་ན་ནམ་ཡང་བསླུ་མེད་རྒྱལ་བ་རྒྱ་མཚོ་འདུས་པའི་དངོས། །གངས་ཅན་ལྷ་གཅིག་ཕྱག་ན་པདྨོས་ལྗོངས་འདིར་བསྟན་འགྲོ་སྐྱོང་བའི་ཚུལ། །གང་དེ་ཡང་ཡང་དྲན་པའི་ངང་ཚུལ་སླར་ཡང་གླེང་བ་ལ་འཇུག་གི །གངས་ཅན་པ་རྣམས་ལེགས་ཉེས་འབྱེད་པའི་བླང་དོར་བློ་མིག་ཡངས་པར་མཛོད། །མཁའ་མཉམ་མ་རྣམས་ལས་ཉོན་སྡུག་བསྔལ་གྱིས། །གཟིར་ལ་མ་བཟོད་སྲས་བཅས་རྒྱལ་ཀུན་གྱི། །སྙིང་རྗེའི་དཀར་བ་ཀུན་ཏུ་སྤུངས་པའི་གཟུགས། །སྤྱན་རས་གཟིགས་སུ་སྤྲུལ་པའི་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རབ་འབྱམས་འཇིག་རྟེན་སྤྱི་དང་མི་མཇེད་ཞིང༌། །བྱེ་བ་ཕྲག་བརྒྱ་སྤྱི་དང་གླིང་བཞི་པའི། །འཛམ་གླིང་སྤྱི་དང་བྱེ་བྲག་གངས་རིའི་ཁྲོད། །སྐྱོང་མཛད་མགོན་ཁྱོད་རྣམ་ཐར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་དང༌། །དྲི་མེད་བླ་མའི་ལུང་བསྟན་དྲི་མེད་ལས།

དེ་ཡང་བཀའ་གདམས་སྤྲུལ་པའི་གླེགས་བམ་ལས། །བོད་ནི་རྒྱལ་པོ་དག་ལ་ཚད་མར་བྱེད། །མི་དབང་མཛད་ཅིང་བོད་ཁམས་བདེ་ལ་བཀོད། །གསུང་བཞིན་སྤྲུལ་པའི་ཆོས་རྒྱལ་རིམ་པས་བསྐྱངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རི་མཐོ་གནམ་གྱི་ཀ་བ་ལྟ་བུ་དང༌། །མཚོ་དམའ་གཡུ་ཡི་མཌཎལ་ལྟ་བུ་ཡོད། །དེ་རུ་ཕེབས་ལ་འགྲོ་བའི་བདེ་སྐྱིད་སྤེལ། །གསུང་བཞིན་ངོ་མཚར་མཛད་བརྒྱའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བོད་རྗེ་གཉའ་ཁྲི་བཙན་ནས་མེས་དབོན་སོགས། །ཆོས་རྒྱལ་རིམ་པས་ལུགས་གཉིས་གཙང་མའི་སྲོལ། །ཆོས་བཞིན་བསྐྱངས་པའི་སྡེ་བཞི་དཔལ་གྱི་གླིང༌། །ཆོས་ལྡན་ཞིང་འདིའི་ཁྱད་ཆོས་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཙན་ལ་བརྗིད། །ཟུང་འབྲེལ་ཁྲིམས་གཉིས་ཉི་ཟླའི་འོད་སྣང་གིས། །མཐའ་འཁོབ་མུན་སེལ་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷ་གཅིག་ཕྱག་ན་པདྨོའི་འདུལ་ཞིང་མཆོག །ལྷ་ཡི་ཡང་ལྷའི་བསྟན་པ་དར་བའི་ལྗོངས། །ལྷ་མིའི་རྟེན་མཆོག་ཇོ་བོ་བཞུགས་པའི་གནས། །ལྷ་ལྡན་ཡུལ་དབུས་ཁྱད་ཆོས་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷ་གཅིག་ཇོ་བོ་དཔལ་ལྡན་ཨ་ཏི་ཤས། །ལྷ་སར་ལྷ་ཡི་རོལ་མོ་འཁྲོལ་ལོ་གསུངས། །ལྷ་ཡི་སྙན་གྱིས་གསན་ཏེ་ཕྱག་སྐོར་མཛད། །ལྷ་ལྡན་ལྗོངས་འདིའི་ངོ་མཚར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁ་བའི་ལྷུན་པོའི་མུ་ཁྱུད་མཐའ་ནས་མཛེས། །ཁ་བ་མེ་ཏོག་དབྱིབས་ཅན་དུས་སུ་འབབ། །ཁ་བ་རི་པ་བ་ཞེས་རྣམ་གྲགས་པའི། །ཁ་བའི་ལྗོངས་འདིའི་ཁྱད་ཆོས་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁ་བ་ལྟར་དཀར་དམ་ཆོས་དར་བའི་ས། །ཁ་ས་པ་ཎིས་ཐུགས་རྗེས་སྐྱོང་བའི་མགོན། །ཁ་ནས་ཡིག་དྲུག་མ་བསླབ་འདོན་པའི་འབངས། །ཁ་བའི་ལྗོངས་འདིའི་དགེ་མཚན་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གནམ་ས་འཁོར་ལོ་པདྨ་འདབ་བརྒྱད་དབྱིབས། །ལོགས་ཀུན་བཀྲ་ཤིས་རྟགས་མཛེས་ས་འཛིན་མཐོ། །ཡུལ་གྱི་དགེ་བཅུ་ཀུན་ཚང་དགེ་བཅུས་འཚོ། །ལྗོངས་འདིའི་གདུལ་བྱའི་བསོད་ནམས་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིན་ཆེན་བྱེ་མ་འདྲེན་པའི་ཆུ་ཀླུང་ནི། །ཡན་ལག་བརྒྱད་ལྡན་འཆི་མེད་ཆབ་བཞིན་འབབ། །སྨན་འབྲས་ལྗོན་ཤིང་ཀུན་དགའི་སྐྱེད་མོས་ཚལ། །རྣམ་མཛེས་བྷོ་ཊའི་ལྗོངས་འདིའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིན་ཆེན་མཆོད་སྡོང་བརྩེགས་འདྲའི་རི་བོ་དང༌། །དེ་བཞིན་དུང་ཕོར་མཛཉིས་བཏེག་འདྲའི་རི། །དྲི་མེད་པདྨ་ཁ་ཕྱེ་འདྲ་བའི་ལུང༌། །ས་དཔྱད་ཕུན་ཚོགས་ལྗོངས་འདིའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀློག་པ་ཐོས་བསམ་འཆད་ཉན་ཆོས་གྲྭ་དང༌། །སྤོང་བ་བསམ་གཏན་རི་ཁྲོད་སྒོམ་གྲྭ་ཡིས། །ཁོར་ཡུག་ལྷུན་པོའི་ངོས་འདབ་ཀུན་མཛེས་པའི། །ངོ་མཚར་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ར་ས་འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང༌། གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལ། །ནོར་གླིང་སྐལ་བཟང་དགའ་བའི་སྐྱེད་མོས་ཚལ། །ཆོས་ལྡན་རྒྱལ་པོའི་ཁབ་ཀྱི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་ཇོ་བོ་རྣམ་གཉིས་བཞུགས་པའི་གནས། །རྒྱས་བཏབ་ར་མོ་ཆེ་ཡི་ལྷ་ཁང་དང༌། །འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་བཟང་ནི། །ངོ་མཚར་མིག་གི་བདུད་རྩིའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དབུ་ཐོག་རྒྱ་ཕིབས་གསེར་འཕྲུ་མཐོང་བས་ཀྱང༌། །རྣམ་པར་མི་རྟོག་ཡེ་ཤེས་སྐྱེ་ཞེས་བསྔགས། །དད་པ་ཅན་ལ་དག་སྣང་ཅི་ཡང་འཆར། །བསོད་ནམས་མཆོག་གི་ཞིང་ས་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྔོན་ཚེ་ཚངས་དབང་ཁྱབ་འཇུག་ལ་སོགས་ཀྱིས། །མ་འོངས་སྐྱེ་དགུའི་བསོད་ནམས་རྟེན་མཆོག་ཏུ། །ལྷ་མིའི་རིན་ཆེན་རྣམ་བཅུ་གཞུ་ལུགས་སུ། །བཞེངས་པའི་ཐུབ་དབང་དངོས་མཚུངས་ངོ་མཚར་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན།

།ཐུབ་པས་བྱིན་བརླབས་སྤྲུལ་པའི་བཟོ་བོས་བཞེངས། །རྒྱ་གར་རྒྱལ་པོས་ལོ་མང་རྟེན་མཛད་མཐར། །རྒྱ་བལ་ཡུལ་གྲུར་བསོད་ནམས་ཞིང་དུ་བྱོན། །བགྲང་ཡས་གདུལ་བྱའི་དོན་མཛད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་ཆེ་ཕྱག་ན་པདྨོ་སྲོང་བཙན་རྗེའི། །འཕྲིན་ལས་སྒྲོལ་མའི་སྤྲུལ་པ་ཡུམ་ཟུང་གིས། །སྤྱན་དྲངས་བོད་ཀྱི་བསོད་ནམས་ཞིང་དུ་བཞུགས། །འཛམ་གླིང་ཡོངས་སུ་གྲགས་པའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ངོ་མཚར་བྱིན་རླབས་རྟེན་མཆོག་འདི་འདྲ་བ། །འཛམ་གླིང་ས་སྟེང་གང་དུའང་མ་མཆིས་ཏེ། །མཚན་ཐོས་ཙམ་གྱིས་མངོན་མཐོའི་དཔལ་སྟེར་ན། །མཇལ་དང་ཕྱག་བསྐོར་མཆོད་པས་སྨོས་ཅི་འཚལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་དབང་ཞལ་གྱི་ལྗགས་ཡངས་པདྨོ་ལས། །ད་ལྟ་ང་ལ་དངོས་སུ་མཆོད་པ་དང༌། །མ་འོངས་སྐུ་གཟུགས་ཕྱག་མཆོད་བགྱིས་པ་ཡི། །བསོད་ནམས་རྣམ་སྨིན་མཉམ་ཞེས་ཞལ་བཞེས་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང༌། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །ཞེས་གསུངས་དྲི་མེད་བཀའ་ལུང་ལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ནང་གི་ཁོར་ཡུག་ལྷ་ཁང་ཕྲེང་བས་མཛེས། །འོད་ཟེར་འཕྲོས་པའི་ལྷ་བརྒྱད་ལ་སོགས་པའི། །བྲིས་འབུར་སྐུ་བརྙན་གྲངས་མེད་སྤྱན་སྔ་ན། །མཆོད་པའི་བྱེ་བྲག་ཚར་དངར་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་འོག་གདེངས་ཅན་ཀླུ་ཡིས་རྟག་ཏུ་མཆོད། །ས་སྟེང་མི་རྣམས་དུས་གསུམ་མཆོད་དང་མཇལ། །ས་བླའི་ལྷ་ཡིས་མཆོད་པའི་ཡུལ་གྱུར་པའི། །ས་གསུམ་འགྲོ་བའི་རྟེན་མཆོག་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བར་གྱི་ཁོར་ཡུག་ཚོང་ཟོང་ཁང་ཕྲེང་མཛེས། །ཉོ་ཚོང་རང་དབང་འདོད་དགུའི་འབྱོར་པས་ཕྱུག །ཆོས་ཀྱི་པོ་ཏིའི་ཆོས་ཁྲིམ་ཐང་མར་བརྡལ། །ཆོས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱི་རོལ་ཁོར་ཡུག་དད་ལྷན་ཕྱག་སྐོར་ལམ། །ཁ་ནས་ཡིག་དྲུག་གསོལ་འདེབས་གསང་མཐོར་སྒྲོག །ལག་པའི་པདྨོ་འཁོར་ལོ་ཕྲེང་བས་མཛེས། །ངོ་མཚར་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕས་རྒོལ་སྒྱོགས་ཀྱིས་གཞིག་པར་མ་ནུས་པའི། །སྲ་བརྟན་ལྷུན་སྟུག་རྡོ་རྗེའི་རྩིག་པ་ནི། །བ་གམ་མངོན་མཐོ་བཅུ་གསུམ་རིམ་པར་བརྩེགས། །གྲུ་འཛིན་གཞལ་མེད་ཁང་ཆེན་དེ་མཐོང་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཕྱིར་གསལ་སྐར་ཁུང་ཤེལ་འོད་སྟེང་དུ་འཚེར། །ནང་དུ་བརྟན་པའི་ཀ་བ་ཁྲི་ཕྲག་གྲངས། །སྣ་ཚོགས་ཚོན་བརྒྱའི་མཛེས་རིས་རྣམ་བཀྲ་བས། །འཕགས་པའི་རྣམ་ཐར་རྒྱ་མཚོ་གསལ་བར་འཆར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་དང༌། །ལོ་ཀེ་ཤྭ་ར་ལ་སོགས་གཟུགས་སྐུའི་རྟེན། །ཆོས་སྐུའི་མཆོད་སྡོང་རྣམ་མང་རིན་ཆེན་གྱི། །ཕྲ་ཚོམ་མཛེས་པའི་རྟེན་མང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྟོན་པའི་གསུང་རབ་དགོངས་འགྲེལ་བཀའ་བསྟན་གྱི། །དམ་ཆོས་གླེགས་བམ་གསེར་དང་དངུལ་བྲིས་སོགས། །རིམ་པ་བདུན་གྱི་རྒྱས་བཏབ་གྲངས་མེད་རྟེན། །ལུང་གི་བསྟན་མཛོད་བྲག་རི་ལྟ་བུར་བརྩེགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་ཀྱང་བྱིན་རླབས་གཟི་འབར་ཆོས་གཟུགས་སྐུ། །རིང་བསྲེལ་རྣམ་བཞིས་བྱུར་གཏམས་འཛམ་གླིང་དུ། །གྲགས་པའི་རྟེན་གསུམ་བཞུགས་གནས་གན་ངྷོ་ལ། །ཡིད་འཕྲོག་དྲི་གཙང་ཁང་བཟང་རྣམ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་སྟེང་དུ་གསེར་སྦྱངས་རྒྱ་ཕིབས་དང༌། །ཕྱོགས་ལས་རྣམ་རྒྱལ་རིགས་ལྔའི་རང་རྟགས་ཀྱི། །གཛཉི་རས་མཛེས་དྲིལ་སྒྲ་རླུང་གིས་འཁྲོལ། །ཁ་བད་རྒྱན་མཛེས་ཁང་བཟང་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གྲོང་ཁྱེར་མི་རྣམས་རང་ཁྱིམ་རྟེན་གསུམ་ལ། ནང་ནུབ་ཕྱག་མཆོད་དགེ་སྦྱོར་བཟླས་མརྗོད་བརྩོན། །མཆོག་གསུམ་ལས་འབྲས་ལ་དད་བཀའ་འབངས་ཀྱི། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཛད་མེད་བསོད་ནམས་ནོར་གྱི་བང་མཛོད་སྒོ། །བརྒྱ་ཕྲག་མཆོད་སྦྱིན་གཏོང་བའི་ཕྱོགས་སུ་ཕྱེ། །བསྟན་པའི་སྦྱིན་བདག་ཚོང་དཔོན་ཁྱིམ་བདག་གི །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆུང་ནས་ཕ་མེས་གནའ་སྲོལ་དགེ་ལ་གོམས། །ཐུ་མིའི་གཞུང་བཟང་བརྡ་སྤྲོད་ཡིག་རྩིས་སོགས། །རིགས་ལམ་སློབ་གྲྭའི་བློ་གསར་གཞོན་ནུ་ཡིས། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིན་ཆེན་རྒྱན་འཆང་འཆི་མེད་སྒེག་མོའི་ཚུལ། །བསྟན་ལ་ཉེར་གུས་ལྔ་སྤོངས་བརྒྱད་ལྡན་གྱི། །ལས་རིགས་སྔགས་ལས་སྐྱེས་པ་རིགས་ལྡན་མའི། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དབང་ཐོབ་དམ་ལྡན་བསྙེན་བསྒྲུབ་ལྷའི་རྣལ་འབྱོར། །གཡོ་ཐོབ་གོམས་བརྟན་སྲོག་སྡོམ་གཟེར་བཞིའི་གནད། །རིམ་གཉིས་གདེངས་ལྡན་སྔགས་འཆང་རིག་འཛིན་གྱི། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་ལྡན་རྒྱལ་པོའི་བཀའ་སྲོལ་ལུགས་གཉིས་ཀྱི། །རྒྱལ་ཐབས་དྲི་མེད་ཁྱད་ཆོས་ལྔ་ལྡན་གྱིས། །གཙང་མར་སྐྱོང་ལ་མཛད་པའི་བཀའ་བློན་གྱི། །ཚོགས་ལྷན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མཁས་མཆོག་བྱེ་བའི་འབྱུང་གནས་གདན་ས་གསུམ། །གྲུབ་གཉིས་གཏེར་མཛོད་གསང་ཆེན་རྒྱུད་གྲྭ་སོགས། །མདོ་སྔགས་བཤད་སྒྲུབ་ཆོས་གྲྭ་རྣམ་མང་གིས། །མངོན་མཛེས་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བསླབ་གསུམ་ལུང་རྟོགས་འཕགས་ནོར་བདུན་གྱིས་ཕྱུག །འགྲོ་བ་བཞི་བྲལ་དགེ་སྦྱོང་ཆོས་བཞིས་བརྒྱན། །བཤད་སྒྲུབ་ཆོས་སྤྱོད་སྐྱོང་བའི་དགེ་འདུན་གྱི། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུན་མོང་བྱང་ཆུབ་ལམ་གྱི་རིམ་པ་དང༌།

།ཐུན་མིན་གསང་ཆེན་སྨིན་གྲོལ་ཟབ་ཁྲིད་ཀྱི། །ཟབ་རྒྱས་ཆོས་འཁོར་བསྐོར་མཛད་བསྟན་འཛིན་གྱི། །ཚོགས་ལྡན་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་ཀྱི་རྔ་ཆེན་དུང་སྒྲ་རོལ་མོ་སྙན། །ཆོས་ཀྱི་འདུ་བ་རྣམ་མང་རྒྱུན་ཆད་མེད། །ཆོས་སྒྲ་ཉིན་མཚན་ཆད་མེད་ངོ་མཚར་གྱི། །ཆོས་གླིང་སྔོན་གྱི་ལྷ་ས་དེ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྷག་པར་དགེ་འདུན་གྲུབ་ནས་གང་གི་བར། །གསེར་མདོག་ཅོད་པར་འཆང་བ་རིམ་བྱོན་གྱིས། །གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་བཤད་སྒྲུབ་ཀྱིས། །འཛིན་སྐྱོང་སྤེལ་བའི་རྣམ་ཐར་ལ་དད་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་རྒྱལ་མཆོག་གོང་མ་བཅུ་གསུམ་པས། །བསྟན་འགྲོའི་དོན་དུ་རྒྱ་སོག་རྒྱ་གར་སོགས། །བྱོན་ཏེ་ཆོས་སྲིད་རང་དབང་དགའ་བདེའི་དཔལ། །ལྷུན་གྲུབ་མཛད་པའི་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་དེས་གངས་ལྗོངས་བསྟན་འགྲོ་ཆོས་བཞིན་དུ། །བསྐྱངས་པའི་རླབས་ཆེན་མཛད་བརྒྱ་བསྒྲུབས་ལས་སླར། །སྒྱུ་འཕྲུལ་སྲིད་གསུམ་སྣང་བྱེད་ལེགས་མཛད་ཀྱི། །འོད་བརྒྱ་བཀྱེ་བའི་སྐྱ་རེངས་གསལ་ལ་ཕྱོགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྐུ་འབུམ་དགེ་བའི་ཕྱོགས་སུ་སྐུ་བལྟམས་ཤིང༌། །ལྷ་མིའི་རྣམ་འདྲེན་དགྱེས་ཞིང་ལྷ་ལྡན་དུ། །ཆོས་སྲིད་གསེར་གྱི་ཁྲི་འཕང་ཆོས་འཁོར་གྱིས། །སྐྱོང་ལ་ངོ་མཚར་དགེ་མཚན་བྱེ་བས་བསུས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གངས་ལྗོངས་ཆོས་དང་ཆབ་སྲིད་མཆོག་སྤྲུལ་བཅས། །ཐུབ་བསྟན་རྒྱ་མཚོས་གང་ལ་གཏད་པའི་མགོན། །རྒྱལ་བའི་རྒྱལ་ཚབ་ར་སྒྲེང་རྡོ་རྗེ་འཆང༌། །རིགས་ཀྱི་ཅོད་པན་དབང་བསྒྱུར་དགེ་མཚན་གྱིས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དཔལ་དཔའ་བོའི་ངག་ལ་དབང་བསྒྱུར་ཞིང༌། །བློ་བཟང་ཡེ་ཤེས་རྒྱལ་བསྟན་འཛིན་པ་ལ། །རྒྱ་མཚོ་ལྟར་ཟབ་སྲིད་གསུམ་དབང་བསྒྱུར་མགོན། །མཚུངས་པ་མེད་པའི་སྡེ་ཞེས་མཚན་སྙན་གསོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གདོད་ནས་སྤངས་རྟོགས་མཆོག་བརྙེས་དམ་པའི་ཆོས། །སྟོན་པ་པོ་ལས་སློབ་པ་པོ་མིན་ཡང༌། །གདུལ་བྱའི་སྣང་ངོར་གྲུབ་ཟིན་སྒྲུབ་པའི་ཚུལ། །ངོ་མཚར་འདི་ཀོ་འཕགས་པའི་རྣམ་ཐར་ཉིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཙུག་ལག་སྒྲ་སྦྱོར་སྙན་རྩིས་བཟོ་གསོ་ནས། །རབ་འབྱམས་སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་བར། །སྒྲིབ་བྲལ་མཁྱེན་རབཡེ་ཤེས་མེ་ལོང་ངོས། །གསལ་རྫོགས་སྲིད་ཞིའི་རྣམ་འདྲེན་ཐམས་ཅད་མཁྱེན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཕགས་བོད་ཤིང་རྟ་ཆེ་གཞུང་མདོ་སྔགས་མཛོད། །གསན་བསམ་འཆད་རྩོད་རྩོམ་ལ་ཟླ་མེད་པའི། །མཁྱེན་རབ་སྨྲ་བའི་སེང་གེ་གངས་རིའི་ཁྲོད། །སྐྱོང་བའི་འཇིགས་བྲལ་ང་རོས་སྲིད་གསུམ་ཁྱབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བོད་རྗེ་ཕྱག་ན་པདྨོ་རིམ་བྱོན་གྱི། །ཡོངས་རྫོགས་རྣམ་ཐར་གཙང་མའི་ཆོས་སྲིད་སྲོལ། །བདག་གིར་སྐྱོང་ལ་ལྷག་པའི་ཐུགས་བསྐྱེད་སྟོབས། །ཟླ་བྲལ་སྲིད་གསུམ་དབང་དུ་བསྒྱུར་བའི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་མིན་འཚོ་བར་སེམས་ཅན་གསོད་ཟ་བ། །ཆོས་ལྡན་རྒྱལ་པོའི་ལུགས་ལས་འདས་པའི་ཕྱིར། །མང་མང་རི་ཀླུང་སྐམ་གཤེས་སྲོག་ཆགས་ལ། །ཡང་ཡང་མི་འཇིགས་སྲོག་གི་སྐྱབས་སྦྱིན་མཛད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རིས་མེད་ཆོས་སྡེར་བསླབ་ཁྲིམས་བཤད་སྒྲུབ་དང༌། །ཕྱི་ནང་ཚོགས་ལ་ལུགས་གཉིས་སྐྱོང་བའི་ཚུལ། །འབངས་ལ་བསླབ་གསུམ་ལས་འབྲས་བླང་དོར་སོགས། །ཁྱོད་ཐུགས་བརྩེ་བའི་བདུད་རྩི་ཡང་ཡང་བསྩལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེའི་མཐུས་བསྟན་སྲིད་བསྟན་པ་དར་རྒྱས་ཀྱི། །བདེ་དགའ་རྫོགས་ལྡན་གསར་པའི་ལང་ཚོ་ལ། །སྤྱོད་པའི་བོད་འབངས་བསོད་ནམས་ལྡན་ཕལ་ཆེར། །བཀའ་བཞིན་སྒྲུབ་པའི་དགེ་ལེགས་ཅི་ཡང་དར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ལྟའི་སྐལ་བཟང་འབུམ་ཕྲག་དུས་ཀྱི་ཆར། །ནོར་གླིང་སྐལ་བཟང་དགའ་བའི་ཕོ་བྲང་དུ། །ལས་ལྡན་སྐལ་བཟང་ཁྲི་ཕྲག་ཚོགས་མང་ལ། །ཁྱོད་གསུང་དམ་ཆོས་བདུད་རྩིའི་ཆར་ཆེན་བསྙིལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་གསུམ་སྒྲོན་མེ་བྱང་ཆུབ་ལམ་རིམ་གྱིས། །ཐུན་མོང་ལམ་སྦྱངས་ཐེག་ཆེན་གདུལ་བྱའི་ཚོགས། །རྣམ་མང་དཔག་བསམ་སྙེ་མ་གཡུར་ཟ་བའི། །རྒྱལ་བསྟན་ཉིན་མོར་མཛད་པའི་བཀའ་དྲིན་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ངོ་མཚར་ཆོ་འཕྲུལ་དུས་ཀྱི་མཆོད་པ་དང༌། །ཕྱག་ན་པདྨོའི་གསུང་ཆོས་བྱིན་རླབས་དང༌། དགྱེས་རྒུར་སྩོལ་བའི་ཆོས་ཀྱི་འཚོ་བ་ལ། ། སྤྱོད་པའི་སྐལ་བཟང་ཚུལ་དེ་ཡང་ཡང་བསམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱད་པར་ནག་པ་ཟླ་བའི་དུས་ཆེན་ལ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ། །བདག་སོགས་སྐལ་བཟང་གདུལ་བྱ་སྨིན་གྲོལ་གྱི། །ལམ་བཟང་སྩོལ་བའི་བཀའ་དྲིན་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དབང་ཐོབ་མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བདུན་ནམ་བཅུ་དྲུག་དག་ན་འགྲུབ། །གསུངས་དེ་གསང་ཆེན་བསྟན་པའི་ཁྱད་ཆོས་ཏེ། །བསྒོམས་པས་ཚེ་འདིར་མཆོག་འགྲུབ་སྨོས་ཅི་འཚལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་ཕྱིར་དངོས་གྲུབ་རྩ་བ་དམ་ཚིག་དང༌། །སྡོམ་པ་ཚུལ་བཞིན་སྲུང་ལ་རག་ལུས་པས། །རྩལྟུང་བཅུ་བཞི་བརྟུལ་ཞུགས་ཉེར་ལྔ་སོགས། །འགལ་རྣམས་སྟོབས་བཞིས་བཤགས་པའི་ཐབས་ཀྱང་བསྟན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེང་དུས་གངས་རིའི་ཁྲོད་སོགས་འཛམ་གླིང་ན། །དུས་ཀྱི་འཁོར་ལོའི་བསྟན་པ་སྤེལ་བ་ལ། །མགོན་ཁྱོད་ཆོས་རྒྱལ་ཟླ་བ་བཟང་པོ་དང༌། །རིགས་ལྡན་པད་དཀར་ལ་སོགས་དངོས་དང་མཚུངས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཆེས། །ཀླ་ཀློའི་དཔུང་བཅོམ་དུམ་བུ་བཅུ་གཉིས་གཞིར། །དབང་སྒྱུར་དུས་ཀྱི་འཁོར་ལོའི་ཆོས་སྟོན་ཚེ། །བདག་སོགས་རྗེས་སུ་འཛིན་སྙམ་ཡིད་དགའ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མེ་དང་དུས་ཀྱི་རིམ་གཉིས་ཉེ་ལམ་ནས། །སེམས་ཆོས་ཟབ་པའི་སྟོང་གཟུགས་ཕྱག་རྒྱ་ཆེ། །འོག་མིན་རྒྱལ་བ་ཡན་ལག་བདུན་ལྡན་འཁོར། །བདག་སོགས་རྗེས་སུ་འཛིན་སྙམ་ཡིད་དགའ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཞན་ཡང་གཙུག་ལག་ཆོས་ཀྱི་ཀུན་དགའ་རར། །འཕགས་མཆོག་ཕྱག་སྟོང་སྤྱན་སྟོང་དཀྱིལ་འཁོར་དུ། །གྲངས་མེད་སྐལ་ལྡན་གདུལ་བྱར་དབང་ཁྲིད་ཀྱི། །ཟབ་གསང་གསུང་གི་བདུད་རྩི་ཡང་ཡང་སྩོལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་གང་གི་དུས་སུའང་མགོན་ཁྱོད་ཀྱིས། །བོད་འབངས་ཡོངས་ཀྱིས་ལས་འབྲས་བླང་དོར་དང༌། །རབ་བྱུང་རིག་འཛིན་བསླབ་སྡོམ་སྲུང་ཚུལ་སོགས། །ཡང་ཡང་བརྩེ་བའི་གདམས་པ་སྩོལ་བ་མཛོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འོན་དེ་རབ་བྱུང་དཔོན་རིག་བློན་འབངས་ནང༌། །ཆོས་ལྡན་རྒྱལ་པོའི་བཀའ་སྲོལ་ཆོས་མིན་གྱིས། །ཉེར་བསླད་ལྷ་མིན་འབོད་པའི་གཡབ་མོ་ཅན། །དུ་མས་དུས་འགྱུར་ཉེར་ལེན་ལ་སྐྱོ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ལྗོངས་འདིའི་སྐྱེ་རྒུའི་གདུལ་བྱའི་བསོད་ནམས་ནི། །དཀར་མིན་ལས་ཀྱི་འབྲས་བུ་བདོ་བ་ལ། །གླགས་ལྟའི་སྐབས་འཚོལ་ཆུ་སྲིན་རྒྱལ་མཚན་ཅན། །བདེ་འཕྲོག་མདའ་ཆར་འབེབས་ལ་རིངས་པར་ལྷགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྔ་དུས་ཕྱག་ན་པདྨོ་རིམ་བྱོན་གྱི། །འཕྲིན་ལས་གསེར་གྱི་འཁོར་ལོ་མུ་ཁྱུད་ནི། །འཇམ་དབྱངས་རལ་བའི་ཟུར་ཕུད་རྩེ་མོས་འཛིན། །དེང་དུས་དེ་དག་ལོ་རྒྱུས་རི་མོ་ཙམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་ནག་ནང་ཆོས་ཕལ་ཆེར་བོད་ནས་དར། །མི་དབང་བསྟན་འཛིན་གཙུག་རྒྱན་མཚར་དུ་དངར། །དེང་དུས་ཚུལ་དེའི་ལོ་རྒྱུས་དེབ་ཐེར་རྣམས། །གསུབ་པའི་གཙང་གསུམ་ཚུལ་ལ་ཡིད་སྐྱོ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བསྟན་སྦྲང་རྩིའི་རྒྱལ་མཚན་བུར་བཅས་པ། །ངམ་ནག་སྤྲིན་རུས་དྲག་པོས་ཉེར་བརླག་ཀྱང༌། །གང་གི་གསང་གསུམ་སྣང་གཏེར་བདུད་མུན་ལས། །རྣམ་རྒྱལ་འབར་བའི་གཟི་བྱིན་སྒྲིབ་དུ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སླུ་བྲིད་ཟློས་གར་ལྟད་མོའི་མཚང་གཟིགས་ཤིང༌། །དྲག་སྦྱོར་གཡུལ་གྱི་གཡོ་ཐབས་རྨོངས་པའི་སྐབས། །དུས་ཀྱི་ཚོད་རིག་བདེར་བགྲོད་ཞི་ཐབས་ལ། །མཁས་དེ་ཐམས་ཅད་མཁྱེན་པ་མ་ལགས་སམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ས་མཚམས་ས་སྲུང་མེལ་ཚེའི་མུ་ཁྱུད་ཀྱིས། །བསྐོར་ཡང་བསྐོར་ཞིབ་གང་གིའང་ཡུལ་མིན་པར། །འཕགས་པ་འཕགས་པའི་ཡུལ་དུ་འཁོར་དང་བཅས། །ཅི་བདེར་སྤྱོད་དེ་སྤྲུལ་པ་མ་ལགས་སམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་གར་ཆོས་རྒྱལ་ནེ་རོ་པཌཎི་ཏས། །མགོན་ཁྱོད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི། །བདག་པོར་མངའ་གསོལ་བསྔགས་འོས་བསྔགས་པས་བཀུར། །འཕགས་བོད་མཆོད་ཡོན་ཉི་ཟླས་འཛམ་གླིང་མཛེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་བཞིན་འཛམ་གླིང་རྒྱལ་ཁབ་ཆེས་མང་ནས། །མཛངས་པའི་བློ་ཅན་ཆེ་དགུ་དུ་མ་ཡིས། །གསེར་སོགས་འདོད་དགུའི་འབྱོར་པ་ནམ་མཁའི་མཛོད། །གང་གི་ཚོགས་གཉིས་མངའ་ཐང་དཔལ་དུ་བསྟབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲིད་འབྱོར་སྲིན་མོའི་སླུ་བྲིད་ལས་རྒྱལ་ཕྱིར། །སྒྱུ་མའི་ནོར་ལ་སྒྱུ་མ་ཉིད་གཟིགས་ཀྱང༌། །ཉེར་བསགས་བསོད་ནམས་ཕུང་པོ་མཆོག་བརྙེས་པའི། །ཕུན་ཚོགས་འབྲས་བུའི་དཔལ་ནི་འཕགས་པའི་ཆོས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཀུན་ཀྱང་ཚོགས་གཉིས་བསོད་ནམས་སྙིང་པོའི་གཏེར། །རྒྱ་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བའི་རྒྱུ། །མདོར་ན་འཕྲལ་ཡུན་དངོས་བརྒྱུད་གཞན་ཕྱིར་ལས། །གཞན་པའི་བསྒྲུབ་བྱ་མེད་མཛད་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མགོན་ཁྱོད་ཟླ་མེད་འཕྲིན་ལས་ཉི་མའི་གཟིས། །འཛམ་གླིང་མུན་སེལ་སྔོན་མེད་སྣང་བའི་དཔལ། །འབར་བའི་ཞབས་སྐྱེས་འཁོར་ལོར་ཆེ་དགུ་ཡིས། །གཏུགས་ལ་ཕྲག་དོག་ཅན་འགའ་གཤེ་ཞིང་གཤུང༌། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱ་གར་འཕགས་པའི་ཡུལ་དུ་མགོན་ཁྱོད་ཀྱིས། །རྒྱལ་བསྟན་ཉི་མོར་མཛད་ལ་ཡིད་དགའ་ཡང༌། །བདག་སོགས་འདི་ན་བྱིའུ་ཕྲུག་ཐང་ལུས་འདྲ། །གཙིར་གནོན་བྱ་ཁྲས་ཁྱེར་བའི་དངས་སྐྲག་གིས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཛམ་གླིང་གླིང་ཆེན་གཞན་དང་གཞན་དག་ཏུ། །སྔོན་མེད་བསྟན་་་་་་་་འོན་ཏེ་གསར་རྙིང་ཀུན་ལ་ཚ་བྲོ་ལྟར། །མྱང་ལས་གོ་མྱོང་རྟོགས་པ་གང་དང་གང༌། །མ་ཐོབ་མི་ཚེ་ཚེ་འདི་ཁོ་ནར་ཟད། །ཕྱི་མའི་དོན་ཆེན་མ་འགྲུབ་ཡིད་སྐྱོ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེང་དུས་ཀླ་ཀློའི་གསར་བརྗེའི་དུས་འགྱུར་སྐབས། །བསྟན་དང་དེ་འཛིན་ལྷག་པར་མགོན་ཁྱོད་ལ། །མི་ཕྱེད་དད་པའི་བློ་མཚོ་ཉིན་བཞིན་དུ། །འཕེལ་ལས་བྲི་བའི་ཉེ་ལྟུང་མེད་འདིས་སྐྱིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བོད་འབངས་ཕལ་ཆེར་བདེ་སྡུག་གོ་རྟོགས་ཆུང༌། །མགོན་ཁྱོད་དད་པ་འགྱུར་མེད་སྔར་མུས་བཞིན། །སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་ཞེས། །གུས་པས་གསོལ་འདེབས་དད་པས་མཆི་མ་འཁྲུག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཚུལ་དེར་དོགས་པའི་མི་བསྲུན་ཀླ་ཀློ་ཡིས། །སློབ་གྲྭ་ཁག་མང་མི་དམངས་བཅས་པ་ལ། །སྔོན་གྱི་ཆོས་སྲིད་དེ་འཛིན་མགོན་བཅས་པར། །ངོ་རྒོལ་ཁས་ལེན་སློབ་གསོ་བྱེད་པས་སྐྱོ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཆོས་ཀྱི་གླིང་མཆོག་འཕགས་པའི་ཞིང་ཁམས་འདིར། །བར་སྐབས་ཀླ་ཀློའི་སྨག་གིས་བཀབ་གྱུར་ཀྱང༌། །གང་གི་ཐུགས་རྗེ་ཉི་ཟླ་སྒྲ་གཅན་ལས། །གྲོལ་འདྲ་སྣང་བའི་དགའ་སྟོན་སྤྱོད་སྙམ་སྐྱིད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མགོན་ཁྱོད་མཛད་པས་འཛམ་གླིང་བསྟན་འགྲོ་སྐྱོང༌། །ཐུགས་ཀྱི་དགོངས་པ་གངས་ཅན་བོད་ལ་གཏད། །ཆོས་ཀྱི་དགྱེས་ཞིང་སླར་སྐྱོང་བསྐལ་བཟང་ནི། །ལྗོངས་འདིའི་གདུལ་བྱའི་བསོད་ནམས་ལ་ཡང་རག །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དངོས་དོན་བདེན་དོན་མ་དཔོག་ཚོད་ཧམ་གྱིས། །ཆེ་བས་ཆུང་ལ་བརྙས་པ་རིགས་མིན་ཏེ། །སྟོབས་ལྡན་མི་ཐུང་གོམས་པས་ཕམ་བྱས་ན། །ཁྲོ་གཉེར་སྙིང་རྗེའི་འཛུམ་གྱིས་ཅིས་མི་གཞིལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མི་མང་དུང་ཕྱུར་གསུམ་ཙམ་རྡུལ་ཕྲན་མེར། །སྲེག་འདོད་ཡ་ང་སྤངས་པ་སྡིག་པའི་མེ། །གང་ཐུགས་སྙིང་རྗེའི་ཆར་གྱིས་ཡོངས་གཞིལ་ནས། །ཡིད་འོང་ཞི་བདེ་བསིལ་བའི་པད་མཚོར་བསྒྱུར། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གང་གི་འཕྲིན་ལས་འཁོར་ལོའི་རང་དབང་ལ། །འཛམ་གླིང་གསེར་ལྡན་སྐྱོང་བའི་རྒྱལ་པོའི་ཁབ། །མང་པོ་བཀུར་བའི་བཀའ་རྟགས་གསེར་གྱི་ཤིང༌། །མི་བསྲུན་རེངས་པའི་གཉའ་བར་བརྟན་བརྗིད་ཆགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྒྱལ་བའི་ལུང་བསྟན་མི་རིགས་སྐྱོང་བའི་མགོན། །སྐད་ཡིག་འཚོ་སྲིད་སངས་རྒྱས་བསྟན་པ་སྟེ། །ཐུན་མིན་ཁྱད་ཆོས་བརྒྱད་ལྡན་ཆོས་ལྡན་གྱི། །ཞིང་ཁམས་རང་དབང་སྐྱོང་བའི་བཀའ་དྲིན་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཛམ་གླིང་བསྟན་པའི་བདག་པོ་མགོན་ཁྱོད་ཀྱི། །རྒྱ་ཆེན་བསྟན་འགྲོའི་མཛད་རླབས་གསལ་བཞིན་དུ། །གང་གི་དགྱེས་ཞིང་གྲུ་འཛིན་ཕོ་བྲང་ཆེར། །རིང་མིན་དགྱེས་ཞལ་སྟོན་སྙམ་ཡིད་དགའ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དཔལ་ངག་གི་དབང་ཕྱུག་མཁྱེན་རབ་ཀྱི། །གློ་གྲོས་སྤྱན་བཟང་དཀྱུས་རིང་དྲི་མ་མེད། །སྟོང་ཕྲག་ཡངས་པའི་ཡེ་ཤེས་གཟིགས་པ་ཡིས། །ཐུབ་བསྟན་འཛིན་ལ་འཇིགས་བྲལ་མཐུ་ཆེན་ཐོབ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རབ་འབྱམས་སྲས་བཅས་རྒྱལ་བ་རྒྱ་མཚོ་ཡིས། །མཛད་པའི་ཁུར་ཆེན་ཁྱེར་ལ་ཟླ་བྲལ་ཞིང༌། །འཕྲིན་ལས་སྟོབས་ཀྱིས་སྲིད་གསུམ་དབང་བསྒྱུར་བའི། །ངོ་མཚར་སྙན་གྲགས་མཚུངས་པ་མེད་པའི་སྡེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇམ་དཔལ་སྨྲ་བའི་སེངྒེ་ངག་གི་དབང༌། །བློ་གྲོས་བཟང་པོའི་ཡེ་ཤེས་སྤྱན་སྟོང་གིས། །ཐུབ་བསྟན་འཛིན་ལ་འཇིགས་བྲལ་མཐུ་སྟོབས་ཀྱི། །འཕྲིན་ལས་རྒྱ་མཚོའི་གཏིང་མཐའ་གཞལ་དུ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མི་ཤིགས་རྣམ་གནོན་དཔུང་པས་བསྟེན་འོས་ཁྲི། །ཆོས་ཀྱིས་མངོན་མཐོར་འཚོལ་གཞེས་མཚན་དཔེའི་དཔྱིད། །སྲིད་གསུམ་བླ་ན་དབང་མཛད་འཁོར་ལོས་སྒྱུར། །ངོ་མཚར་ཚོགས་གཉིས་མཚུངས་པ་མེད་པའི་སྡེ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དགའ་ལྡན་ཁྲི་ཆེན་ཡོངས་འཛིན་རྣམ་གཉིས་དང༌། །ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དྲན། །ས་སྐྱ་ཁྲི་ཆེན་རྒྱལ་དབང་ཀརྨ་པ། །མཁས་བཙུན་བཟང་གྲུབ་བསྟན་འཛིན་ཚོགས་རྣམས་དྲན། །མདོ་སྔགས་ཁྲིམས་ལྡན་དགེ་འདུན་ཚོགས་རྣམས་དང༌། །ཆོས་ལྡན་རྒྱལ་གཅེས་འབངས་ཀྱི་ཚོགས་ཀྱང་དྲན། །རིང་མིན་སྐལ་བཟང་དགའ་བ་བརྒྱ་ཕྲག་དང༌། །ལྡན་པའི་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དུ། །སྟོན་འཁོར་ཞབས་དགྱེས་བསྟན་སྲིད་ཉིན་བྱེད་ཀྱི། །སྣང་བའི་དགའ་སྟོན་ཅི་དགར་སྤྱོད་གྱུར་ཅིག །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་དྲན་པའི་ཚུལ་ལས། དེང་དུས་བསྟན་པ་འཕེལ་འགྱུར་གྱི་སྐོར་གླེང་བའི་སྐབས་ཏེ་གསུམ་པའོ།།     །།

གང་གི་བརྩེ་བ་དམིགས་པའི་མཐའ་བྲལ་ཀུན་ཁྱབ་ཡེ་ཤེས་ཀློང་ཡངས་སུ། །གང་ཞིག་མ་རྣམས་མ་ལུས་བཟུང་ལ་ངལ་བའི་ཁུར་ཆེན་ཡོངས་སྤངས་པའི། །གངས་ཅན་མགོན་པོའི་ཐུགས་རྗེ་བཀའ་དྲིན་གཞལ་མཐའ་མེད་པའི་ཚུལ་བསམ་ནས། །གངས་ཅན་པ་རྣམས་གང་གི་བཀའ་བཞིན་སྒྲུབ་ལ་ལ་འུར་འཇུག་པར་མཛོད། །རྒྱལ་ཀུན་སྙིང་རྗེ་ཆུ་གཏེར་ཡིད་འོང་རླབས། །གཡོ་ལས་ལེགས་འཁྲུངས་སྙིང་རྗེ་རྒྱལ་བའི་ལྷ། །སྤྱན་རས་གཟིགས་དབང་རིན་ཆེན་ལྷུན་པོའི་དཔལ། །སྲིད་ཞིའི་ཁམས་སུ་མཚུངས་མེད་མངོན་པར་འཕགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །རྨད་བྱུང་བསྐལ་བ་འཛིན་པར་སངས་རྒྱས་ཀྱང༌། །སྣང་མཐའི་སྲས་སུ་བདེ་ཅན་སེམས་དཔའི་ཚུལ། །ལྔ་བདོའི་འགྲོ་འདྲེན་སྣ་ཚོགས་སྐུར་སྟོན་པ། །འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་བའི་ངོར། །མངོན་པར་བྱང་ཆུབ་མཆོག་གི་དཔལ་བརྙེས་ཀྱང༌། །རྒྱལ་སྲས་ཚུལ་གྱི་རབ་འབྱམས་ཞིང་ཀུན་ཏུ། །རྒྱལ་བའི་མཛད་པ་སྒྲུབ་མཛད་ཐུགས་རྗེ་ཅན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མགོན་ཁྱོད་འགྲོ་ལ་སྙིང་རྗེ་སྤྲུལ་བའི་གར། །འཕགས་ཡུལ་བསྟན་པའི་གསལ་བྱེད་སོ་དྲུག་དང༌། །གངས་ལྗོངས་ཆོས་རྒྱལ་བཅུ་དང་པཎ་གྲུབ་བདུན། །ངུར་སྨྲིག་འཆང་བ་བཅུ་བཞིའི་བར་དུ་བྱོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་གཙོ་བོའི་དབང་སྟེ་གཞན་དུ་ནི། །སྤྲུལ་བའི་ཟློས་གར་གྲངས་མེད་བརྗོད་ལས་འདས། །མདོ་རྒྱུད་སྤྲུལ་བའི་གླེགས་བམ་ལ་སོགས་ལས། །ལུང་བསྟན་རྣམ་ཐར་རྒྱ་མཚོའི་ཚུལ་བསམ་ནས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །པཎ་གྲུབ་ཁྲིམས་བརྟན་མཁན་པོའི་སྐུར་སྟོན་དང༌། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས་སུ་སྤྲུལ། །བུ་མེད་བུར་སྤྲུལ་མྱ་ངམ་ཐང་ལ་ཆུ། །སྨན་ནོར་གཟིངས་ཟམ་འགྲོ་བའི་ཕན་བདེར་སྤྲུལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱོད་ནི་མ་འདྲིས་འགྲོ་ལ་མཛའ་བའི་བཤེས། །སྲིད་ཞིའི་འཁོར་ལོ་ཀུན་ཁྱབ་འཕྲིན་ལས་ཀྱིས། །ཁམས་གསུམ་འཁོར་བའི་འགྲོ་རྣམས་སྒྲོལ་བ་ལ། །བརྩོན་འགྲུས་ཁུར་གྱི་མི་ངལ་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མི་བཟད་སྲིད་པའི་སྡུག་བསྔལ་བཟོད་དཀའི་མུན། །འཇོམས་མཛད་སྙིང་རྗེའི་ཉི་མ་འབར་བའི་གཟིས། །གདུལ་བྱའི་མཁའ་དབྱིངས་མཛེས་པའི་སྣང་འགྲོས་ཅན། །ས་གསུམ་བསྟན་འགྲོའི་མགོན་པོ་ཐམས་ཅད་མཁྱེན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དངོས་ཀུན་མཁའ་ལྟར་སྒྲིབ་མེད་གཟིགས་པ་ཡི། །མཁྱེན་རབ་ཡེ་ཤེས་གཙང་མའི་མེ་ལོང་ངོས། །རྣམ་པ་ཐམས་ཅད་འཆར་བའི་ངོ་མཚར་རིས། །གསལ་རྫོགས་སྲིད་ཞིའི་རྣམ་འདྲེན་མཚུངས་པ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །མེ་གསུམ་ལྷུང་བའི་འཇིག་རྟེན་དུཿཁ་ལ། །བརྩེ་ཆེན་ཆུ་ཁུར་སྟུག་པོ་གཏིབས་པ་ལས། །དམ་ཆོས་སྤྲིན་གྱི་མེ་ཏོག་ཡོངས་ལྷུང་རྒྱུན། །འཇོ་མཛད་འཇིག་རྟེན་གསུམ་མགོན་སྙིང་རྗེའི་ལྷ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཤེས་བྱའི་གཞོལ་འགྲོ་ཀུན་འབབ་གངྒཱའི་ཀླུང༌། །གང་མཁྱེན་རལ་བའི་གདེངས་ཀར་ཡོངས་བཟུང་བའི། །གྲགས་པའི་བ་དན་ཡིད་འཕྲོག་གཡོ་བ་དེ། །ལྷ་ཡི་བླ་མ་མ་ལགས་ཁམས་གསུམ་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གྲངས་མེད་སྐལ་བཟང་རྐང་དྲུག་རོལ་བའི་གནས། །ངོ་མཚར་བསྔགས་འོས་པདྨོ་མངར་བ་འཛིན། །བྱེ་བ་འབུམ་གྱི་ཚལ་འདྲ་ཐུབ་བསྟན་མཛོད། །འཛིན་མཁས་ཉི་མའི་གཉེན་འདྲ་ཉིན་མོའི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དུཿཁས་རབ་མནར་བསྟིར་མེད་གནས་སོགས་སུའང༌། །འགྲོ་སྒྲོལ་སྙིང་རྗེའི་འཇུག་པ་མཆོག་བརྩོན་ནི། །ངང་ངུར་པདྨོའི་ཆུ་གཏེར་འཇུག་ངོགས་སུ། །བརྩེ་དགར་རོལ་བའི་མཚོན་མིན་ངོ་མཚར་དེས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཁྱོད་གསུང་བདུད་རྩིའི་ཆ་ཙམ་སུས་ཐོབ་པ། །གཏན་བདེའི་འབྲས་བཟང་སྨིན་པ་ཆོས་ཉིད་དེ། །ཡིད་འཕྲོག་སྤྲིན་སྒྲའི་རོལ་མོ་སྙན་པ་ལས། །མདོངས་ལྡན་དགའ་བའི་མངལ་ཁུར་ལྕི་མྀན་ནམ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འཇིག་རྟེན་འདས་དང་མ་འདས་ཕྱི་ནང་གི །རིག་གཞུང་ལུས་མངོན་མདོ་རྒྱུད་རྒྱ་མཚོའི་བར། །ཤེས་བྱའི་གངྒཱ་མཁྱེན་རབ་ཧུབ་བཞེས་སླར། །འཇོ་ལ་ཟླ་མེད་ངོ་མཚར་ཛ་ཧ་ནུ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཟབ་མོའི་ཆོས་ཉིད་འཁྲུལ་བ་མེད་གཟིགས་པས། །རྟེན་འབྱུང་གསུང་གི་སྒྲ་དབྱངས་འཛམ་གླིང་འདིར། །སྨྲ་ལ་ཟླ་མེད་སྨྲ་བའི་སེངྒེ་ཞེས། །གྲགས་པ་རབ་གསལ་སྲིད་པའི་སྒྲོན་མེ་བཞིན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྲིད་ཞིའི་རྒུད་མུན་མཐའ་དག་མཐར་བྱེད་སླད། །དམིགས་མེད་སྙིང་རྗེའི་དཀྱིལ་འཁོར་ལས་སྤྲོས་པའི། །བསམ་ཡས་མཛད་བརྒྱའི་སྣང་གཏེར་གཟི་བྱིན་ལ། །ཡིད་དགའི་ཆུ་སྐྱེས་དད་པའི་གེ་སར་རྒོད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཤེས་བྱ་མ་ལུས་མཁྱེན་པའི་འཇམ་དཔལ་དབྱངས། །འགྲོ་ལ་རྟག་པར་བརྩེ་བས་སྤྱན་རས་གཟིགས། །ཕྱི་ནང་བདུད་འཇོམས་ནུས་པས་མཐུ་ཆེན་ཐོབ། །རིགས་གསུམ་གཅིག་བསྡུས་གངས་ཅན་བོད་ཀྱི་མགོན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །འགྲོ་ལ་ཞི་བསིལ་དམ་ཆོས་བདུད་རྩིའི་དཔྱིད། །ཐུབ་བསྟན་ཡོངས་རྫོགས་སྟོན་ལ་ཟླ་བྲལ་བའི། །མཚན་སྙན་བ་དན་དཀར་པོ་མཛེས་པའི་འཛུམ། །ཁོར་ཡུར་ཡངས་པའི་མུ་རན་མཐའ་ལ་བཅས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །ཐུབ་དབང་འོད་གསལ་ཆོས་ཀྱི་དབྱིངས་སུ་གཟིམས། །མཚོ་སྐྱེས་རྡོ་རྗེ་རྔ་ཡབ་གླིང་དུ་ཕེབས། །འཇམ་དཔལ་སྙིང་པོ་དགའ་ལྡན་གནས་སུ་བྱོན། །ཀུན་གྱི་གདུང་ཚབ་མགོན་པོ་ཁྱོད་གཅིག་བཞུགས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དེ་དག་ཀུན་གྱི་མཛད་པ་སྐྱོང་བ་ཡི། །རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་སྨོན་ཁུར། །གཅིག་ཏུ་འཁྱེར་བའི་ངོ་མཚར་འཕྲིན་ལས་འབུམ། །སྤྲོ་མཛད་མགོན་ཁྱོད་རྣམ་ཐར་མཚུངས་པ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །དུས་མཐར་ཀླ་ཀློའི་མུན་པས་ཕྱོགས་སླད་ཚེ། །འཛམ་གླིང་སངས་རྒྱས་བསྟན་པའི་སྒྲོན་མེ་སྤར། །སླད་དར་བསྟན་པའི་བདག་པོ་ཐམས་ཅད་མཁྱེན། །བསྟན་འཛིན་རྒྱ་མཚོའི་བཀའ་དྲིན་ཇི་ལྟར་གཞལ། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །བསིལ་རིའི་ར་བ་དཀར་པོ་ལས་སྤྲོས་པའི། །ཐུབ་བསྟན་ཡོངས་རྫོགས་སྣང་བའི་འཛམ་གླིང་ཀུན། །གསལ་མཛད་སངས་རྒྱས་བསྟན་པའི་བདག་པོ་མཆོག །སྔོན་མེད་ངོ་མཚར་གངས་ལྗོངས་ཉི་མའི་གཉེན། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །སྙིང་རྗེ་ཉེར་འབབ་ཆོས་ཚུལ་ཆུ་བོ་བཞི། །ཤུགས་དྲག་གདུལ་བྱའི་རྒྱ་མཚོར་གཞོལ་བ་ཡི། །འཕྲིན་ལས་རིན་ཆེན་འབྱུང་གནས་ཞི་བའི་རླབས། །ངོ་མཚར་འཇུག་པ་དུས་ལས་གཡོ་བ་མེད། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །གཙུག་ལག་སྤྱི་དང་ཁྱད་པར་ནང་རིག་དོན། །མདོ་རྒྱུ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི། །བླ་མེད་སྤྱི་དང་ཁྱད་པར་དུས་འཁོར་ལ། །སྔོན་མེད་ངོ་མཚར་ཆོས་རྒྱལ་ཟླ་བཟང་ཞབས། །གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང༌། །ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་དྲན། །

མཚུངས་མེད་མི་ཤིག་རྡོ་རྗེའི་སྐུ་ནི་མཚན་དཔེའི་སྙིང་པོ་ལང་ཚོས་བརྗིད། །འགག་མེད་ཚངས་དབྱངས་རྡོ་རྗེའི་གསུང་ནི་བརྒྱད་ཁྲི་བཞི་སྟོང་ཆོས་འཁོར་བསྐོར། །འགྱུར་མེད་བདེ་ཆེན་རྡོ་རྗེའི་ཐུགས་ནི་ཆོས་ཀུན་མཁའ་འདྲའི་དབྱིངས་སུ་གཟིགས། །གསང་གསུམ་ཆོས་བདུན་རྡོ་རྗེའི་རང་བཞིན་གཡོ་བ་མེད་ལ་གུས་ཕྱག་འཚལ། །འཛམ་གླིང་བསྐལ་བཟང་སངས་རྒྱས་སྟོང་གི་བསྟན། །སྤྱི་དང་ཁྱད་པར་རྣམ་འདྲེན་བཞི་བའི་བསྟན། །ལྷག་པར་སྙིགས་འགྲོ་མྱུར་ལམ་གསང་སྔགས་བསྟན། །སྤེལ་ལ་མཚུངས་མེད་མགོན་པོ་སྤྱན་རས་གཟིགས། །མགོན་ཁྱོད་བཀའ་དྲིན་ཁམས་གསུམ་ཡིད་ཅན་དང༌། །ཁྱད་པར་གངས་ལྗོངས་གདུལ་བྱ་བདག་སོགས་ཀྱིས། །སྟོང་གསུམ་གསེར་གྱིས་བཀང་སྟེ་བསྐལ་བ་བརྒྱར། །ཕུལ་ཀྱང་གཞལ་བར་མི་སྤྱོད་ཐུགས་རྗེའི་གཏེར། །བློ་གྲོས་བླང་དོར་ཤེས་རབ་མིག་ལྡན་ན། །བཀའ་དྲིན་མཆོག་འདིའི་ཁྱད་པར་མི་ཤེས་སུ། །དེས་ན་བཀའ་དྲིན་མཆོག་དེ་གསབ་དགོས་པས། །དེ་ནི་བཀའ་བཞིན་སྒྲུབ་ལས་ལྷག་པ་ཅི། །རྣམ་འདྲེན་ཐུབ་དབང་ཉི་མའི་གཉེན་མཆོག་གིས། །ཕྱི་དུས་ང་ཉིད་བཤེས་གཉེན་གཟུགས་ཀྱིས་འོང༌། །གསུང་བཞིན་བླ་མ་སྤྱན་རས་གཟིགས་དབང་སོགས། །ཆོས་འབྲེལ་དངོས་ཐོབ་དགེ་བའི་བཤེས་གཉེན་རྣམས། །བསམ་དང་སྦྱོར་བའི་བསྟེན་ཚུལ་རྣམ་དག་ནི། །འདི་ཕྱིའི་ལེགས་ཚོགས་རྩ་བ་མ་ནོར་ལམ། །རྟེན་འབྲེལ་འགོ་ནས་སྒྲིག་པ་སྐལ་བཟང་ལུགས། །དེ་ཕྱིར་དད་པས་ཚུལ་བཞིན་ལེགས་བསྟེན་ན། །བསྐལ་པ་སྟོང་དུ་ཕ་རོལ་ཕྱིན་པའི་ཚོགས། །མགོ་དང་རྐང་ལག་བདོག་པ་གཏོང་པའི་ཚུལ། །བླ་མའི་ལམ་གྱིས་སྐད་ཅིག་གཅིག་ལ་རྫོགས། །རིམ་གྲོ་བགྱིད་ལ་དགའ་བར་གྱིས་ཤིག་ཨང༌། །ཞེས་དང་བླ་མའི་བྱིན་རླབས་ཆེ་དང་ཆུང༌། །དངོས་ལ་མ་ཡིན་རང་ལ་རག་ལས་སོགས། །གསུང་བཞིན་ཡིད་ཆེས་གུས་པས་ལེགས་བསྟེན་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སངས་རྒྱས་དངོས་མཚུངས་དགེ་བའི་བཤེས་གཉེན་རྣམས། །བསྟེན་དུ་ཡོད་ཅིང་བསྟེན་པའི་ཚུལ་ཤེས་པ། །འདི་འདྲ་མགོན་ཁྱོད་ཐུགས་རྗེ་བྱིན་རླབས་གཏེར། །བཀའ་དྲིན་བསམ་ནས་གུས་པས་བསྟེན་པར་བགྱི། །དལ་འབྱོར་ཐེག་མཆོག་འཁོར་ལོ་མཐོ་རིས་ཀྱི། །ཡོན་ཏན་རྣམ་སྨིན་ཕུན་ཚོགས་རྟེན་ཐོབ་ཅིང༌། །རྒྱལ་བསྟན་གསང་སྔགས་ཉིན་སྐར་དང་མཚུངས་དང༌། །མཇལ་བའི་སྐལ་བཟང་ད་ལན་ལན་གཅིག་ཙམ། །ཚུལ་འདི་ཤེས་ནས་ཐར་འདོད་མཁས་པ་ཡིས། །རིན་ཆེན་གླིང་ནས་དེད་དཔོན་ནོར་ལེན་ལྟར། །རང་གཞན་འཚོ་བའི་དོན་གཉིས་སྙིང་པོའི་ནོར། །ལེན་དུ་ཡོད་འདི་མགོན་ཁྱོད་བཀའ་དྲིན་ཉིད། །གློ་བུར་འཆི་བ་ནམ་འོང་ཆ་མེད་པ། །ནམ་མཁའི་ཐོག་འདྲ་བྱུང་ཚེ་མི་འགྱོད་པར། །ད་ལྟ་ཉིད་ནས་གཏན་བདེ་དམ་པའི་ཆོས། །ཉིན་བཞིན་སྒྲུབ་ཏུ་ཡོད་འདི་མགོན་ཁྱོད་དྲིན། །ཆོས་ལྡན་མི་ལུས་ཐེག་མཆོག་དགེ་བའི་བཤེས། །སངས་རྒྱས་བསྟན་པ་ཁྱད་པར་གསང་སྔགས་བསྟན། །འདི་འདྲ་རྙེད་དཀའ་ཐོབ་དཀའ་མཇལ་དཀའ་རྣམས། ། འཛོམས་པའི་དུས་འདིར་དམ་ཆོས་མི་སྒྲུབ་ན། །གསེར་གླིང་ཕྱིན་ནས་ལག་སྟོང་ལོག་པས་ཕངས། །དེ་ཕྱིར་མི་ཚེ་ཆུད་ཟོས་མི་གཏོང་བར། །སྙིང་པོ་དམ་ཆོས་སྐལ་བཟང་བགོ་སྐལ་ལེན། །མི་ཚེ་ཧྲིལ་པོ་ལྟ་ཅི་ཉིན་ཞག་དང༌། །ཆུ་ཚོད་ཆུ་སྲང་ཙམ་ཡང་ཆུད་ཟོས་ཚེ། །ཤིན་ཏུ་ཕངས་པས་དེ་རིང་ཉིད་ནས་ཆོས། །སྒྲུབ་ཏུ་ཡོད་ཅིང་སྒྲུབ་པའི་ཐབས་ཤེས་པ། །མགོན་ཁྱོད་བཀའ་དྲིན་མཆོག་འདི་གསབ་བར་བགྱི། །ཚེ་འདི་ཡུན་ཐུང་འཆི་རྐྱེན་རྣམ་གྲངས་མང༌། །གློ་བུར་འཆི་བདག་གཤིན་རྗེའི་ཕོ་ཉ་ཡིས། །ཟིན་ཡང་འགྱོད་མེད་གདེང་ཐོབ་དམ་པའི་ཆོས། །ད་ལྟ་ཉིད་ནས་སྒྲུབ་པ་ཞེ་བློ་བདེ། །འཁོར་བའི་སྡུག་བསྔལ་མེ་འོབས་འབར་བའི་ཀློང༌། །ལྷག་པར་ངན་སོང་སྡུག་བསྔལ་མུན་པའི་ལམ། །དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལས། །གཞན་དུ་མེད་ཕྱིར་གུས་པས་སྐྱབས་སུ་བསྟེན། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ནི། །ཐར་བར་འདོད་པ་རྣམས་ཀྱི་སྐྱབས་མཆོག་སྟེ། །རེ་རེའི་ཡོན་ཏན་ཚད་ལ་མཐའ་མེད་ཚུལ། །ཤེས་ནས་ཡིད་ཆེས་གུས་པས་སྐྱབས་སུ་བསྟེན། །སྐྱབས་འགྲོའི་རྒྱུ་གསུམ་བསླབ་བྱ་ཉི་ཤུ་དང༌། །ཕན་ཡོན་བཅུ་དྲུག་ལ་སོགས་ལེགས་བསམ་ནས། །རྒྱུ་དང་འབྲས་སྐྱབས་ཚིག་དང་བལྟོས་པ་བློའི། །ཁྱད་པར་ཤེས་ནས་དོན་གྱི་སྐྱབས་འགྲོར་འབད། །ཐེག་གསུམ་མདོ་སྔགས་ཡོངས་རྫོགས་ལམ་གྱི་ལུས། །མཐའ་ཡས་སྐྱབས་འགྲོའི་ཁོངས་སུ་གནས་པའི་ཕྱིར། །ཐོག་མར་སྐྱབས་འགྲོ་རྣམ་དག་རང་རྒྱུད་ལ། །སྐྱེ་བའི་ཐབས་འདི་བསྟན་པའི་འཇུག་སྒོ་དངོས། །ཐོག་མེད་ནས་བསགས་ལས་འབྲས་མྱོང་འགྱུར་ནི། །ཤིན་ཏུ་རྒྱ་ཆེ་གྲངས་མང་མི་སླུ་བར། །ཤེས་ནས་དགེ་སྡིག་བླང་དོར་འཇུག་ལྡོག་ལ། །རྟག་ཏུ་འབད་པས་སྒྲུབ་པ་ཤིན་ཏུུ་གཅེས། །དེས་ན་དགེ་སྡིག་བླང་དོར་མ་མཛོལ་ཞིང༌། །ལྷག་པར་ནོངས་པའི་ལས་རྣམས་འགྱོད་སེམས་ཀྱིས། །བཤགས་ཤིང་སྡོམ་པའི་ཚུལ་འདི་གལ་ཆེ་བས། །སྙིང་ནས་བཤགས་སོ་ཐུགས་རྗེས་སྦྱང་དུ་གསོལ། །རང་རེ་བོད་ཀྱི་ཆོས་བྱེད་ཕལ་མོ་ཆེ། །སྡོམ་གསུམ་ནོད་པའི་གང་ཟག་ཤ་སྟག་སྟེ།

།དེ་ཕྱིར་སོ་ཐར་བྱང་སེམས་གསང་སྔགས་ཀྱི། །བཅས་མཚམས་འགལ་མིན་རང་གིས་རང་ཉིད་བརྟག །ཁྱིམ་པས་མི་དགེ་བཅུ་སྤོངས་ཚུལ་ཁྲིམས་དང༌། །རབ་བྱུང་བཙུན་པའི་སོ་ཐོར་བསླབ་པའི་ཁྲིམས། །སྔགས་པས་གསང་སྔགས་དམ་ཚིག་སྔོམ་པ་རྣམས། །ཚུལ་བཞིན་བྱུང་ངམ་རང་གི་རྒྱུད་ལ་བརྟག །ཕྱི་དུས་དགེ་སློང་ལུག་ལྟར་ལྐུགས་པ་དག །མ་བརྟག་དངོས་པོ་བརྒྱད་འཆང་དགེ་སྦྱོང་གི །དྲི་མ་དྲུག་ཅུས་བསླད་པ་འབྱུང་ངོ་ཞེས། །མདོ་ལས་གསུངས་པ་རང་ལ་འདུག་གམ་བརྟག །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང༌། །བཞོན་དང་ཤིང་རྟ་བ་གླང་དོན་གཉེར་བ། །དེ་དག་གིས་ནི་ཅིའི་ཕྱིར་མགོ་བོ་བྲེགས། །གསུང་དེ་རང་ཉིད་ཡིན་ནམ་མ་ཡིན་བརྟག །ང་ཡི་བསྟན་པ་སེངྒེའི་རོ་ལྟ་བུ། །ཞེས་སོགས་ལུང་བསྟན་ཇི་བཞིན་ཕྱི་དུས་འདིར། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ་མང༌། །དེས་ན་འཇམ་མགོན་རྒྱལ་བ་གཉིས་པས་ཀྱང༌། །རྣམ་དག་བསླབ་པ་ཁྲེལ་མེད་སེམས་ཀྱིས་དྲལ། །དམ་པས་སྨད་པའི་ལས་ལ་འཇིགས་མི་བྱེད། །ཁྲིམས་འཆལ་དགེ་སྦྱོང་ཤ་ཚུགས་ཅན་རྣམས་ཀྱང༌། །བདག་གིས་སྐྱོན་མེད་ཁྲིམས་ལ་སྦྱོར་བར་ཤོག །གསུངས་དེ་རང་ཉིད་རེད་དམ་མ་རེད་བརྟག །རབ་བྱུང་གཟུགས་བརྙན་ཁྱིམ་པའི་ལས་བྱེད་ཅིང༌། །ཚོང་དང་ཞིང་ལས་བུ་ལོན་སྐྱེད་འཕེལ་གཏོང༌། །ཁ་རུ་ཆོས་ཁྱེར་ལག་ཏུ་གྲི་ཁྱེར་ནས། །མི་བསད་རྒྱུ་འཕྲོག་ཧོར་འདྲ་ཇག་ཆོམ་གྱིས། །ཁྱིམ་པ་སུན་འབྱིན་བསྟན་ལ་རྨ་འབྱིན་འགས། །རང་རྒྱུད་བསྟན་པ་ཉམས་པ་ལྟ་ཞོག་གི །རྒྱལ་བསྟན་ཡོངས་ལ་གནོད་པའི་ལས་ཀྱང་བསགས། །དེ་འདྲའི་སྤྱོད་ངན་རྐྱེན་གྱིས་གཞན་སྡེ་ཡིས། །བསྟན་ལ་སྡང་ཞུགས་བཤིག་རས་རྩ་བར་ཐུག །སྦལ་བ་རྨ་ཅན་གཅིག་གིས་ཀུན་ལ་བཞིན། །བསྟན་ལ་གནོད་ཚབ་ཆེ་བའི་ལས་བགྱིས་པ། །ནོངས་པའི་ཚོགས་རྣམས་བཤགས་ཤིང་སྡོམ་དགོས་ཏེ། །མགོན་པོ་སྤྱན་རས་གཟིགས་ཀྱིས་རང་ཅག་ལ། །དགེ་བཅུའི་བསླབ་ཁྲིམས་སྲུང་ཚུལ་ཡང་ཡང་གསུངས། །ལྷག་པར་གྲྭ་བ་དམག་ལ་མ་འགྲོ་ཞེས། །གྲྭ་པས་ཁྱིམ་པའི་ལས་སྤྱོད་སྤོངས་ཤིག་གསུངས། །ལས་འབྲས་སྡོམ་པ་སྲུང་ཚུལ་བཀའ་སློབ་རྣམས། །འགལ་ལམ་མ་འགལ་རང་གིས་རང་ཉིད་བརྟག །བསྲུང་བྱའི་སྡོམ་པ་གང་ཡིན་ཤེས་པར་བྱ། །སངས་རྒྱས་བསྟན་པ་རང་རྒྱུད་ལ་ཡོད་དམ། །ཡང་ན་ཕྱི་རོལ་ཡུལ་ལ་ཡོད་དམ་སྙམ། །འགའ་ཞིག་དབྱེ་བ་མ་ཤེས་ངོས་མ་ཟིན། །དེས་ན་བསྟན་པའི་ཁྱད་ཆོས་ཤེས་པ་དགོས། །སྤྱིར་ན་སངས་རྒྱས་བསྟན་པ་རིན་པོ་ཆེ། །འཇིག་རྟེན་ཁམས་སུ་འབྱུང་བ་ཆེས་དཀོན་ཞིང༌། །ཀུན་ལས་མཆོག་ཏུ་ཁྱབ་པར་འཕགས་པའི་ཆོས། །སྐྱབས་གསུམ་རྣམ་དག་ལས་འབྲས་བླང་དོར་དང༌། །ལྟ་བ་བཀར་བཏགས་ཕྱག་རྒྱ་བཞིས་ཆེ་བའི། །ཐེག་གསུམ་གྲུབ་མཐའ་གོང་འོག་མདོ་སྔགས་སོགས། །ངོ་བོ་དབྱེ་བ་བཀའ་བབས་བརྒྱུད་པའི་སྲོལ། །རྣམ་མང་ཚུལ་ལྡན་དེ་དག་མདོར་བསྡུས་ན། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་ཤོག །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ལུང་འདིས་བརྗོད་བྱེད་སྡེ་སྣོད་གསུམ། །བརྗོད་བྱ་བསླབ་གསུམ་རྟོགས་པའི་བསྟན་པ་བསྟན། །སོ་སོའི་རྒྱུད་ལ་ལུང་རྟོགས་བསྟན་པ་དེ། །འདུག་གམ་མི་འདུག་རང་གིས་རང་ལ་བརྟག །སྤྱིར་གྱི་བསྟན་པ་འུ་ཅག་ཁག་མེད་ཀྱི། །རང་རྒྱུད་བསྟན་པ་སྒོས་ནུབ་མ་སོང་བ། །གྱིས་ཞེས་གསུངས་དེ་རང་ལ་མ་ཡིན་ནམ། །དེ་ཕྱིར་བསྟན་པ་ཞེས་བྱ་གང་ཡིན་དང༌། །དེ་ཉིད་རང་གི་རྒྱུད་ལ་ཡོད་མེད་དང༌། །བསྟན་པའི་འཇུག་སྒོར་རང་ཉིད་ཞུགས་མ་ཞུགས། །ཤེས་པར་བྱས་ནས་བསྟན་པ་སྲུང་ཚུལ་དང༌། །ཐོས་བསམ་སྒོམ་པས་འཛིན་ཚུལ་མཛོད་ལས་ཀྱང༌། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་རྒྱལ་བའི་ལུང་རྟོགས་བསྟན་པ་གཉིས། །བཤད་སྒྲུབ་གཉིས་ཀྱིས་འཛིན་ཚུལ་དང་བཅས་པ། །གསལ་བར་གསུངས་བཞིན་དེ་དོན་རང་རྒྱུད་ལ། །འབད་པས་བསྒྲུབ་ཏེ་བསྟན་པ་འཛིན་པར་བྱ། །ལྟོ་ཕྱིར་རབ་བྱུང་གྲལ་ཕྱིར་བསྙེན་རྫོགས་རྣམས། །གཟུགས་བརྙན་ཙམ་ལས་སྡོམ་པ་དངོས་ཡོད་དམ། །དེ་ཕྱིར་ལ་ལའི་ཚུལ་ཁྲིམས་བདེ་བ་དང༌། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་གསུངས་མིན་ནམ། །ཀྱེ་མ་དུས་མཐའི་དགེ་སྦྱོང་བདག་འདྲ་རྣམས། །གཞན་ལ་སྐྱོན་འདོགས་ཆགས་སྡང་ཕར་བཞག་ནས། །ཐོག་མར་རང་གི་རྒྱུད་ལ་ལེགས་བརྟག་སྟེ། །བསླབ་ཁྲིམས་འགལ་ལམ་བཤགས་སྡོམ་གལ་ཆེ་སྙམ། །མདོ་སྔགས་ས་ལམ་མཐོན་པོའི་རྩད་གཅོད་དང༌། །གྲུབ་མཐའི་འདོད་ཚུལ་བཤར་ཀྱང་ལེགས་མོད་ཀྱི། །རང་དང་རྒྱུན་དུ་འགྲོགས་པ་འཇིག་རྟེན་གྱི། །ཆོས་བརྒྱད་སྤོང་ཐབས་འབད་པ་གལ་ཆེ་སྙམ། །ཆོས་ཀྱི་བསམ་སྒོམ་འབད་ཀྱང་བཅོས་མ་ཙམ། །ཆོས་མིན་འཇིག་རྟེན་བསམ་སྦྱོར་བཅོས་མིན་འཆར། །འཇིག་རྟེན་ཆོས་བརྒྱད་དགྲ་བོའི་ཐབས་ཚུལ་གྱིས། །ཚོགས་གཉིས་དགེ་ནོར་འཕྲོག་ལ་རྟག་ཏུ་རྔམ། །རང་དང་སྐད་ཅིག་ཙམ་ཡང་མི་བྲལ་བར། །འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་འདི། །གྲོགས་སུ་བསྟེན་ནམ་ཡང་ན་གཉེན་པོས་འདུལ། །གནད་འདི་གལ་ཆེ་རྗེ་བཙུན་མི་ལས་ཀྱང༌། །སྔོན་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །དེང་སང་དུས་ཀྱི་སྟོན་ཆེན་ཚོས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །ཞེས་གསུངས་དེ་ན་ཆོས་དང་འཇིག་རྟེན་གཉིས། །དབྱེ་བ་ཕྱེ་ནས་སྤོང་གཉེན་སྦྱོར་དགོས་ཀྱང༌། །ཕལ་ཆེར་ཆོས་དང་འཇིག་རྟེན་མཉམ་བསྲེས་ཀྱི། །ཆོས་ལུགས་ཁར་ཁྱེར་འཇིག་རྟེན་སྙིང་ལ་ཞེན། །ཁ་བཤད་ལག་ལེན་མི་མཚུངས་ངོ་ལྐོག་ཅན། །དེ་འདྲས་དམ་ཆོས་རྣམ་དག་འགྲུབ་ལགས་སམ། །ཆོས་ནི་ཚེ་འདི་བློས་བཏང་ཕྱི་མའི་དོན། །འཇིག་རྟེན་པ་ནི་ཚེ་འདི་ཁོ་ན་སྒྲུབ། །ཆོས་ནི་གནོད་ལན་ཕན་པ་སྒྲུབ་པའི་ལུགས། །འཇིག་རྟེན་པ་ནི་གནོད་ལན་གནོད་འཇལ་བྱེད། །ཆོས་ནི་མཚོན་ཆ་སྤངས་པ་ཞི་བདེའི་ལུགས། །འཇིག་རྟེན་པ་ནི་མཚོན་ཆ་འཛིན་པའི་ལུགས། །ཆོས་ནི་གཞན་དོན་སྒྲུབ་པ་ཉིད་ཡིན་ལ། །འཇིག་རྟེན་པ་ནི་རང་དོན་ཁོ་ན་སྒྲུབ། །ཆོས་ནི་སངས་རྒྱས་གོ་འཕང་བསྒྲུབ་པའི་ཐབས། །འཇིག་རྟེན་པ་ནི་འཁོར་བའི་སྡུག་བསྔལ་བསྒྲུབ། །ཆོས་ནི་འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ། །འཇིག་རྟེན་དགྲ་འདུལ་གཉེན་སྐྱོང་གསོག་སྲུང་སྤེལ། །ཆོས་ནི་རང་རྒྱུད་ཉོན་མོངས་དགྲ་བོ་འདུལ། །འཇིག་རྟེན་པ་ནི་ཕྱི་རོལ་དགྲ་བོ་འདུལ། །དེ་ཕྱིར་དེ་གཉིད་མཐུན་པའི་ཐབས་མེད་པས། །སྤང་བྱ་དང་ནི་གཉེན་པོ་ཉིད་ཀྱི་ཚུལ། །ཤེས་ནས་སྤོང་བ་ཆོས་པའི་ཚད་དོ་སྟེ། །དེ་ཕྱིར་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས། །འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམ་མཛོད། །གསུངས་བཞིན་ཆོས་བརྒྱད་སྤོང་དང་མི་སྤོང་ནི། །དམ་ཆོས་རྣམ་དག་འགྲུབ་དང་མི་འགྲུབ་ཀྱི། །ས་མཚམས་ཉིད་དུ་སྤོང་ནས་དེ་སྤོང་བ། །བཀའ་བཞིན་སྒྲུབ་པའི་མཆོག་པ་ཉིད་དུ་ངེས། །དེང་དུས་སྡིག་སྤྱོད་ཀླ་ཀློས་བཀབ་གྱུར་ཀྱང༌། །རང་རྒྱུད་བསྟན་པ་སྲུང་དང་མི་སྲུང་ནི། །རང་གི་བསམ་པའི་འདུ་ཤེས་ཉིད་ལ་ཐུག །འདི་ཕྱི་བརྗེ་འམ་མི་བརྗེ་རང་ལ་རག །སྲོག་ཆགས་གསོད་སོགས་གནོད་གཡེམས་སྐུལ་འདེད་ཀྱིས། །སོ་ཐར་བསླབ་པ་ནོད་པའི་གང་ཟག་ལ། །ཚུལ་ཁྲིམས་བརྟུལ་ཞུགས་ཅི་འདུག་བལྟ་བ་འདྲ། །དེ་དུས་སངས་རྒྱས་བསླབ་གཞི་དྲན་ལགས་བསམ། །མ་ཉེས་ཁ་ཡོག་རྡུང་རྡེག་འཐབ་རྩོད་ཀྱིས། །བྱང་སེམས་བསླབ་པ་ནོད་པའི་གང་ཟག་ལ། །བཟོད་པའི་གོ་ཆ་ཇི་འདུག་ལྟ་བ་འདྲ། །དེ་དུས་རྒྱལ་སྲས་ཉམས་ལེན་བྱུང་ཡོད་དམ། །ཡུལ་གྱི་སྣང་གྲགས་འགྱུར་བ་སྣ་ཚོགས་ཀྱིས། །གསང་སྔགས་སྨིན་གྲོལ་ནོད་པའི་གང་ཟག་ལ། །རིམ་གཉིས་གདེང་ཚད་ཅི་འདུག་ལྟ་བ་འདྲ། །དེ་ཚེ་འབྲས་དུས་ཉམས་ལེན་བྱུང་ཡོད་དམ། །རྐྱེན་དང་འཕྲད་དུས་ལམ་དུ་ཁྱེར་བ་དང༌། །ཉོན་མོངས་སྐྱེས་ཚེ་གཉེན་པོ་སླེབས་པ་སོགས། །གང་ཐུགས་སྒོམ་ལ་སྦྱོར་བའི་ཉམས་ལེན་རྣམས། །སྤྱན་རས་གཟིགས་ཀྱི་ཞལ་ལུང་མ་ལགས་སམ། །བྱས་ཚད་དམ་པའི་ཆོས་སུ་འགྲོ་བ་དང༌། །བསམ་ཚད་དགེ་བའི་ལས་སུ་གསོག་པ་དང༌། །ཟོས་ཚད་ཚོགས་གཉིས་རྒྱུ་རུ་འགྱུར་བ་སོགས། །འབྲེལ་ཚད་དོན་ལྡན་དམ་པའི་རྣམ་ཐར་ལགས། །བྱས་ཚད་སྡིག་པའི་བྱ་བར་འགྱུར་བ་དང༌། །བསམ་ཚད་མི་དགེའི་ལས་སུ་གསོག་པ་དང༌། །ཟོས་ཚད་ཆུད་ཟོས་སྒྲིབ་གཉིས་རྒྱུར་འགྲོ་བ། །དེ་དག་འབྲེལ་ཚད་ངན་འགྲོར་འཁྲིད་ལ་དོགས། །དེས་ན་སྡོམ་གསུམ་ནོད་པའི་གང་ཟག་གིས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །དགེ་སྦྱོར་ཆུ་བོའི་རྒྱུན་བཞིན་ཆད་མེད་དུ། །ཉམས་ལེན་ཉིན་ཚད་དུས་དྲུག་རྟག་ཏུ་བརྩོན། །དཔེར་ན་འབྲེལ་ཆེ་འབྱུང་ཉེ་ཁ་ཟས་ལ། །སྤྱོད་ཚེ་ཉམས་ལེན་འབྲལ་མེད་བྱེད་དགོས་ཏེ། །སྡོམ་གསུམ་མདོ་སྔགས་ཡོངས་རྫོགས་ལ་ཞུགས་ནས། །ཟས་ཀྱི་རྣལ་འབྱོར་ཙམ་ཡང་མི་ལྡན་ན། །དེ་ལས་གཞན་པའི་ཉམས་ལེན་ཡོད་མདོག་གི །སྨིན་མ་ཟིང་ཟིང་བྱེད་པ་བདེན་ལགས་སམ། །ཟས་ལ་སྨན་སོགས་འདུ་ཤེས་རྣམ་བཞག་ནས། །སྤྱོད་ཚུལ་འདུལ་བའི་བཅས་མཚམས་མི་འདའ་ཞིང༌། །གཞན་དོན་བསམ་པས་ཟིན་པས་ལོངས་སྤྱོད་པའི། །ཐེག་ཆེན་བྱང་སེམས་བསླབ་པ་སྲུང་བ་དང༌། །བདུད་རྩིར་བྱིན་རླབས་ཚོགས་མཆོད་རོལ་བའི་ཚུལ། །གསང་སྔགས་དམ་ཚིགས་སྲུང་རྣམས་མཁས་པའི་ལུགས།ས྄།དེས་ན་རྟག་ཏུ་ཟས་ལ་ལོངས་སྤྱོད་ཚེ། །དགེ་བར་འགྱུར་རམ་ཡང་ན་སྡིག་པར་འགྱུར། །རང་གི་བསམ་པའི་ཉམས་ལེན་ཡོད་མེད་ཉིད། །མདོ་སྔགས་ཡོངས་རྫོགས་ཞུས་པའི་གང་ཟག་གིས། །ཟས་ལ་ཅི་བསམ་མེད་པར་དུད་འགྲོ་ལྟར། །ཟ་ན་ཕྱུགས་དང་བྱེ་བྲག་ཇི་ལྟར་འབྱེད། །ཟས་ལ་སྤྱོད་ཚེ་སྟོན་ཐོག་གཅིག་ཉིད་དུ། །སྡོམ་གསུམ་བཅས་མཚམས་ཅིག་ཅར་སྲུང་བ་ཡི། །ཚོགས་གཉིས་གསོག་གམ་ཡང་ན་སྟན་གཅིག་སྟེང༌། །སྡོམ་གསུམ་གཅིག་ཅར་འགལ་བའི་ཉེས་སྟུང་རྒྱུ། །གང་བྱེད་རང་སེམས་དྲན་ཤེས་བག་ཡོད་ཀྱིས། །ཉམས་ལེན་རྟག་ཏུ་ཡོད་མེད་ཉིད་ལ་རག །རང་བློ་རང་ལ་མངོན་སུམ་ཉིད་ཀྱི་ཕྱིར། །སྔོན་ཆད་ཉམས་ལེན་གང་འདྲ་བྱུང་ཡོད་མེད། །ད་ལྟ་གང་བྱེད་རང་གིས་ལེགས་བརྟག་ནས། །རྟག་ཏུ་འགྲོ་འདུག་སྐོར་བར་ཤེས་པ་དང༌། །ཉལ་གཉིད་དགེ་བར་བསྒྱུར་བའི་རྣལ་འབྱོར་དང༌། །ཁ་ཟས་ཚོགས་འཁོར་ཤེས་པའི་གདམས་པ་སོགས། །རྗེ་བཙུན་མི་ལ་གྲུབ་ཆེན་གླིང་རས་ཀྱི། །གསུང་མགུར་སོགས་ལས་ཟས་ཀྱི་རྣལ་འབྱོར་ཚུལ། །ཉམས་ལེན་ཅན་ལ་གསལ་འདེབས་མེ་ལོང་འདྲ། །དེ་བཞིན་སྒོ་མང་མཁན་ཆེན་ཡབ་སྲས་ཀྱིས། །ཟས་ཀྱི་རྣལ་འབྱོར་གསུང་རྒྱུན་མན་ངག་ནི། །ཉམས་ལེན་ཅན་ལ་སྐུལ་མ་ལྕག་དང་འདྲ། །དེ་ཕྱིར་མགོན་པོ་སྤྱན་རས་གཟིགས་དབང་གིས། །ཡོངས་རྫོགས་ལམ་བཟང་ཟས་ཀྱི་རྣལ་འབྱོར་ཚུན། །དགེ་སྦྱོར་བྱེད་ལུགས་གསུང་ཆོས་རིམ་པར་སྩལ། །བཀའ་དྲིན་ཚུལ་དེ་སྙིང་ལ་རྟག་བཅངས་ནས། །བཀའ་བཞིན་སྒྲུབ་ལ་ལ་འུར་འཇུག་པར་རིགས། །དེ་བཞིན་རྟག་ཏུ་འབྲེལ་ཆེ་འབྱུང་ངེས་པའི། །ཟག་པའི་སྒོ་དྲུག་ཆད་མེད་སྦྱིན་པའི་ཐབས། །འཁོར་གསུམ་དག་པའི་རྣལ་འབྱོར་ཚོགས་གཉིས་ལམ། །རྒྱུན་དུ་འབྲལ་མེད་ཉམས་ལེན་བྱེད་པ་སོགས། །ཚེགས་ཆུང་དོན་ཆེ་དགེ་སྦྱོར་རྣམ་དག་དང༌། །མངོན་ཚད་ཆུང་ལ་ས་ཆོད་ཆེ་བའི་ཆོས། །རྒྱུན་དུ་འབྲལ་མེད་རྣལ་འབྱོར་བ་ཡི་ལུགས། །ནང་གི་རྣལ་འབྱོར་ཉམས་ལེན་དང་འབྲེལ་བའི། །ཕྱི་རོལ་སྤྲོས་ཚོགས་མཆོད་གཏོར་བཅས་བཤམས་ཀྱི། །གཞན་ངོར་ངོམས་ཆོས་མིན་པའི་ཉམས་ལེན་ལ། །བརྩོན་པ་དེ་དག་མཆོག་ཏུ་ཡི་རང་གནས། །རང་ལུས་ཡིད་བཞིན་ནོར་བུར་བསྒྱུར་བ་དང༌། །དེ་བཞིན་ཕུང་སོགས་ཞིང་ཁམས་བཀོད་པའི་ཚུལ། །ལུས་ལོངས་དགེ་ཚོགས་ཀུན་བཟང་མཆོད་སྤྲིན་དུ། །སྤྲོས་ཏེ་སྒྲུབ་པ་མཉེས་མཆོག་རྟག་ཏུ་འབུལ། །བྱ་སླ་ཚེགས་ཆུང་དོན་ཆེ་དམ་པའི་ཆོས། །འགྲུབ་སླ་མངོན་ཆུང་ས་ཆོད་ཆེ་བའི་ཆོས། །གནས་ལུགས་ལོངས་སྤྱོད་སྒོ་གསུམ་བྱ་བ་ཀུན། །གསེར་འགྱུར་རྩི་བཞིན་དགེ་ལ་སྒྱུར་བའི་ཚུལ། །འདི་འདྲ་བླ་མ་སྤྱན་རས་གཟིགས་དབང་གིས། །ཞལ་ལུང་མན་ངག་བདུད་རྩིའི་སྙིང་པོའི་བཅུད། །བརྩེ་བའི་ཐུགས་ཀྱིས་ཡང་ཡང་རང་ཅག་ལ། །གདམས་པར་མཛད་བཞིན་སྒྲུབ་པའི་མཆོད་པར་སྤྲོ། །སོ་ནམ་སྟོན་འབྲས་འབྲུ་རིགས་ཤིང་ཏོག་དང༌། །འོ་ཞོ་དཀར་མངར་ཇ་ཆང་གླུ་གར་སོགས། །ཀུན་ཀྱང་ཉམས་ལེན་མན་ངག་གིས་ཟིན་ན། །མཆོད་པའི་རྣམ་རོལ་མ་གྱུར་གང་ཡང་མེད། །དེ་ཕྱིར་སེམས་ཀྱི་ཉམས་ལེན་གནད་ཤེས་ན། །ཕྱི་ནང་མཆོད་པའི་རྫས་ཀྱིས་ལག་མི་ཐོགས། །དེས་ན་འཇམ་མགོན་རྒྱལ་བ་གཉིས་པས་ཀྱང༌། །རབ་འབྱམས་ཞིང་གི་ཡུལ་ལྔ་འདོད་ཡོན་གྱི། །མཆོད་པར་སྤྲོ་བའི་མན་ངག་ངག་འདོན་དུ། །རང་རེའི་ཁ་ནས་རྒྱུན་དུ་འདོན་མོད་ཀྱི། །དོན་དམ་ཉམས་ལེན་དངོས་སུ་ཡོད་མེད་ལས། །ཚིག་བཤར་ཆོ་ག་ཙམ་གྱིས་འགྲིགས་ལགས་སམ། །ཐ་ན་རྡོ་དང་གསེག་མ་ཆུ་འཇིམ་ལས། །བྱེད་ཚེའང་ཉམས་ལེན་ཉིད་དུ་འཁྱེར་དགོས་པ། །འཇམ་མགོན་བླ་མས་རྡོ་ཡི་མཎ་ཌལ་དང༌། །ཇོ་བོས་བོད་ཀྱི་ཆུ་ལ་བསྔགས་པས་རྟོགས། །མན་ངག་འདི་དག་སྙིང་པོའི་ཉམས་ལེན་ཏེ། །བྱ་སླ་ཚེགས་ཆུང་དོན་ཆེ་དམ་པའི་ཆོས། །འགྲུབ་ལ་ངོ་ཆུང་ས་ཆོད་ཆེ་བའི་ཆོས། །སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར་བའི་ཚུལ། །ཤ་སོགས་བཟའ་བཏུང་གསང་སྔགས་རྣལ་འབྱོར་གྱིས། །ཚིམ་པ་དྲུག་ལྡན་ཕྱི་ནང་ཚོགས་འཁོར་དང༌། །ཟབ་མོ་ནང་གི་སྦྱིན་སྲེག་ཚུལ་ལ་སོགས། །ཟས་ལ་བརྟེན་ནས་བསོད་ནམས་རླབས་པོ་ཆེ། །གསོག་ཏུ་ཡོད་ཅིང་གསོག་པའི་ཐབས་ཤེས་པ། །འདི་འདྲ་མགོན་ཁྱོད་ཐུགས་རྗེ་ལས་གཞན་གང༌། །དེས་ན་བཀའ་བཞིན་སྒྲུབ་པའི་མཆོད་པ་མཆོག །རྟག་ཏུ་འབུལ་བའི་དམ་བཅས་བརྟན་པར་བགྱི། །མདོར་ན་ལས་དང་བྱ་བ་གང་བྱེད་ཀྱང༌། །ཐབས་ཅད་བསམ་པ་བཟང་པོའི་རྩིས་ཟིན་པའི། །གཞན་ལ་ཕན་པ་འབའ་ཞིག་བསྒྲུབ་པ་ནི། །ཐེག་ཆེན་གང་ཟག་ཉམས་ལེན་བྱེད་ཚུལ་གསུངས། །ཇོ་བོ་རྗེ་ལ་གདམས་པ་ཞུས་པའི་དུས། །བསམ་པ་བཟང་པོ་གྱིས་ཞེས་རྟག་ཏུ་གསུངས། །དེ་བཞིན་མན་ངག་གནང་རོགས་ཞུས་པའི་ཚེ། །མན་ངག་བྱ་བ་དད་པ་དད་པ་གསུངས། །དེས་ན་སེམས་བཟང་དགེ་ལེགས་ཀུན་གྱི་གཞི། །དད་པ་དཀར་ཆོས་ཀུན་གྱི་རྩ་བར་བརྟེན། །མཆོག་གསུམ་ལས་འབྲས་ལ་དད་ནང་པ་ཡིན། །ལྟ་བ་འདི་ནི་ཐར་བའི་ལམ་སྟེགས་ཉིད། །ལས་འབྲས་དགེ་སྡིག་སྐྱེ་བ་སྔ་ཕྱི་སོགས། །མེད་ཅེས་སྨྲ་བ་བླུན་པོ་ཀླ་ཀློ་དང༌། །མུ་སྟེགས་རྒྱང་འཕེན་ནག་པོ་མ་གཏོགས་པ། །གཞན་དུ་འཛམ་གླིང་ཐོག་ཏུ་སུ་ཞིག་ཡོད། །དེང་དུས་ལས་མེད་སྨྲ་བའི་ལོག་སྤྱོད་པས། །བློ་ཆུང་ལོག་པའི་ལམ་དུ་འཁྲིད་པར་བྱེད། །ཐ་སྙད་དོན་དམ་བདེན་གཉིས་དམ་ཆོས་ལ། །སྦྱངས་པའི་མཁས་རྣམས་སླུ་བར་མི་ནུས་ཀྱང༌། །མ་སྦྱངས་སྐྱེ་བོ་རེ་ཞིག་མགོ་བོ་རྨོངས། །ལེགས་པར་བརྟག་ན་བསླུ་བའི་གནས་མེད་དེ། །རྒྱལ་བའི་གསུང་རབ་ལས་འབྲས་རྣམ་བཞག་གི །མདོ་སྡེ་དྲན་པ་ཉེར་བཞག་ལས་བརྒྱ་པ། །རྟོགས་བརྗོད་བརྒྱ་པ་འཛངས་བླུན་ལ་སོགས་དང༌། །དགེ་འདུན་སྲུང་དང་རྣ་བ་བྱེ་བ་རིའི། །རྟོགས་བརྗོད་སོགས་ལས་གསལ་བར་འབྱུང་བ་བཞིན། །མི་ནས་མིར་སྐྱེས་སྐྱེ་བ་དྲན་པའང་ཡོད། །སྐྱེ་རྒ་ན་འཆི་འབྱོར་རྒུད་བདེ་སྡུག་སོགས། །ཐམས་ཅད་ལས་ཀྱི་རང་བཞིན་འབའ་ཞིག་ཡིན། །འོན་ཏེ་ཁྱེད་ལ་ལས་འབྲས་མེད་གྱུར་ན། །ཁྱེད་ལ་རྒས་དང་འཆི་བ་མེད་ལགས་སམ། །སངས་རྒྱས་དཀོན་མཆོག་ཞིང་ཁམས་དམྱལ་བ་སོགས། །ཡོད་ན་ད་ལྟ་སྟོན་རྒྱུ་ཡོད་དགོས་ཟེར། །དངོས་གཙོ་འམ་དེ་སྨྲ་བའི་ཁ་ཁྱེར་ནས། །སེམས་གཙོ་མེད་པར་དགག་པའི་ཚུལ་བྱེད་ཀྱང༌། །འོ་ན་མ་ཁེ་སི་དང་ཨེན་ཀེ་སི། །ཡོད་ན་སྟོན་དང་མེད་ན་མེད་པ་ཡིན། །སྨྲས་ན་ཁྱོད་ཀྱིས་ལན་དུ་ཇི་ལྟར་སྨྲ། །དེ་འདྲའི་མགོ་མཚུངས་རིགས་པ་མཐའ་ཡས་ཀྱང༌། །བརྗོད་ལ་དོན་མེད་རྣམ་རྟོག་འཕེལ་བའི་རྒྱུ། །འཇིག་རྟེན་པ་དང་ལྷན་ཅིག་མི་རྩོད་ཅེས། །རྒྱལ་བའི་གསུང་གི་དོན་ལ་མཉམ་པར་འཇོག །གལ་ཏེ་གཞན་ལ་ཕན་པའི་དོན་འགྱུར་ན། །བཤད་རིན་ཆོག་གི་བཤད་བྱ་མཐའ་ཡས་ཏེ། །བཀའ་དང་བསྟན་བཅོས་གསུང་རབ་རྣམས་སུ་གསལ། །འོན་ཀྱང་གསུང་རབ་དེ་དག་ཕལ་མོ་ཆེ། །མེར་བསྲེག་བཏང་བས་དེང་དུས་དཀོན་པར་གྱུར།

།ལ་ལ་བལྟ་འདོད་ཡོད་ཀྱང་བལྟ་རྒྱུ་མེད། །འགའ་ཞིག་བལྟ་རྒྱུ་ཡོད་ཀྱང་བལྟ་མི་ཕོད། །ཀྱེ་མ་བདུད་ཀྱི་གྲིབ་མ་འདི་རེ་ནག །སྔོན་གྱི་དམ་པ་གོང་མའི་གསུང་རྒྱུན་དུ། །ཆོས་ཟབ་བདུད་ཟབ་གསུངས་པ་བདེན་པར་གདའ། །སྔོན་ཆད་ཆོས་ཟབ་བསྟན་པ་ཉི་ལྟར་གསལ། །དེ་དུས་ཉམས་ལེན་བྱེད་པའི་མཁས་པ་དང༌། །གྲུབ་པའི་གོ་འཕང་ཐོབ་རྣམས་སྐལ་བ་བཟང༌། །དེང་དུས་བདུད་ཟབ་མུན་ནག་འཐིབ་པའི་དུས། །སྐྱེ་བོ་ཕལ་ཆེར་ལོག་པའི་ལམ་དུ་འཕྱན། །དཀོན་མཆོག་ལས་འབྲས་ཡོད་མེད་ཐེ་ཚོམ་གྱུར། །སྔོན་ཆད་སྡིག་ཅན་དམྱལ་བ་འབུམ་པ་ཡིས། །ཡར་ནི་གནམ་ཡིན་མར་ནི་ས་ཡིན་པས། །ཞིང་ཁམས་དམྱལ་བ་ཟེར་བ་གར་ཡོད་ཅེས། །ལས་འབྲས་ཁྱད་བསད་སྡིག་མང་བསགས་པའི་མཐར། །ཤི་ནས་དམྱལ་བར་ལྷུང་བའི་ལོ་རྒྱུས་ནི། །འདས་ལོག་རྣམ་ཐར་མངོན་གསུམ་གསལ་ན་ཡང༌། །ལོག་ལྟས་ངན་སོང་གཡང་མཆོངས་བྱེད་པ་མང༌། །ཀྱེ་མ་སྨྲ་ཤེས་དོན་གོ་མི་ལུས་འདི། །ཆུད་ཟོས་མ་གཏོང་འདི་ཕྱིའི་ཁེ་ཉེན་བསམ། །སྐྱེ་རྒ་ན་འཆི་འབྱོར་རྒུད་བདེ་སྡུག་རྣམས། །ཐམས་ཅད་ལས་ཀྱི་རང་བཞིན་འབའ་ཞིག་ཀྱང༌། །དེང་དུས་ལས་འབྲས་བསོད་ནམས་མེད་སྨྲ་བ། །ཀླ་ཀློ་མུ་སྟེགས་རྒྱང་འཕེན་ནག་པོ་བཞིན། །ཁྱོད་ལ་རྒས་དང་འཆི་འདོད་ཡོད་དམ་མེད། །མེད་ན་མི་འཆི་སྡོད་དབང་འདུག་མི་འདུག །འདུག་ན་དེས་ཆོག་ཁྱོད་ཟེར་བདེ་བར་མཆི། །སྡོད་དབང་མེད་ན་དེ་ཡི་རྒྱུ་མཚན་གང༌། །རྒྱུ་མཚན་མ་ཤེས་གཞན་ཟེར་རྗེས་འབྲང་གི །ཧོལ་རྒྱུག་བྱེད་པ་བླུན་པོའི་ལུགས་ཡིན་གྱི། །དེ་ལ་མཁས་པའི་དྲི་མ་ཙམ་ཡང་མེད། །བླུན་པོས་བླུན་པོ་མགོ་བསྐོར་གཏོང་བ་ནི། །ལོང་བས་ལོང་བ་ཁྲིད་འདྲ་སྙིང་རྗེའི་གནས། །ཐམས་ཅད་ལས་ཀྱི་གཞན་དབང་ཁོ་ན་ལས། །རང་གི་འདོད་པ་ཇི་བཞིན་བྱར་མེད་པ། །དངོས་སུ་གསལ་ཡང་མ་རིག་མུན་པས་བསྒྲིབས། །ལས་འབྲས་རགས་པ་རང་རེར་མངོན་སུམ་སྣང༌། །ཕྲ་བ་སངས་རྒྱས་ཁོ་ནའི་མཁྱེན་ཡུལ་ཏེ། །དེས་ན་ལས་འབྲས་ཤིན་ཏུ་རྒྱ་ཆེ་ཞིང༌། །གྲངས་མང་ཕྲ་ཞིབ་རྟོགས་དཀའ་བསླུ་མེད་དོན། །ཡིད་ཆེས་དགེ་སྡིག་བླང་དོར་བྱེད་པ་ནི། །ནང་པ་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན། །སྔོན་ཆད་མཁས་གྲུབ་མང་པོའི་རྣམ་ཐར་དུ། །དག་པའི་ཞིང་ཁམས་སངས་རྒྱས་བྱང་སེམས་ཀྱི། །ཞལ་གཟིགས་ལུང་བསྟན་མངོན་སུམ་ཆེར་མང་ཡང༌། །དེ་དག་མི་ཤེས་བླུན་པོ་ཀླ་ཀློ་རྣམས། །སྙིང་རྗེའི་ཡུལ་ཡིན་སྡང་སེམས་བྱ་མི་རུང༌། །གལ་ཏེ་སྡང་སེམས་བྱས་ན་རང་རྒྱུད་ཀྱི། །བསྟན་པ་ཉམས་པའི་འགལ་ཚབས་ཅན་དུ་འགྱུར། །དེ་བས་སྙིང་རྗེ་བྱང་སེམས་ཀྱིས་བཟུང་ནས། །ཕྱིན་ཆད་བླང་དོར་ཤེས་རབ་མིག་བྱིན་ནས། །རིམ་གྱིས་བསྟན་ལ་བཀྲི་བའི་ཐབས་འདི་མཆོག །སྐྱེ་འཕགས་དང་ནི་ཐེག་དམན་ཐེག་ཆེན་བར། །དག་དང་མ་དག་སྣང་བ་ཐ་དད་དེ། །ཤཱ་རིའི་བུ་དང་ཚངས་པ་རལ་ཅན་གཉིས། །སྣང་བ་མ་མཐུན་ཐུབ་ལ་ཞུས་པ་བཞིན། །ཡུལ་གྱི་སྣང་བ་ལས་ཀྱི་བདག་འབྲས་ཏེ། །ད་ལྟ་རང་རེའི་ཐུན་མོང་སྣང་བ་འདིར། །གསེར་གྱི་ཁང་མཆོག་འབར་བ་མི་སྣང་ཡང༌། །ལྕགས་སྲེག་ས་གཞི་མི་སྣང་དགའ་ཚོར་ཆེ། །ད་ནི་ལ་འུར་དག་པའི་ཞིང་སྦྱངས་ནས། །རྫོགས་སྨིན་སྤྱོད་པ་རྒྱ་མཚོར་སློབ་པ་ལ། །ཉིན་ཞག་སྐད་ཅིག་ཙམ་ཡང་མི་ལྷོད་པར། །དོན་ཆེན་སྙིང་པོའི་དམ་ཆོས་མྱུར་དུ་སྒྲུབས། །བསོད་ནམས་ཞིང་མཆོག་སྤྱན་རས་གཟིགས་ཀྱི་ཞིང༌། །ཇོ་བོ་ཡིད་བཞིན་ནོར་བུ་བཞུགས་པའི་གནས། །འདི་འདྲ་འཕགས་ཡུལ་རྡོ་རྗེ་གདན་མཆོག་དང༌། །ཨོ་རྒྱན་མཁའ་འགྲོའི་གནས་དང་ཁྱད་མེད་ཅེས། །ཕྱག་ན་པདྨོ་སྲོང་བཙན་སྒམ་པོ་ཡིས། །གསུངས་ཕྱིར་དད་པས་ཕྱག་བསྐོར་མཆོད་འབུལ་གྱི། །གནའ་སྲོལ་གཙང་མར་འཛིན་པ་བསོད་ནམས་གནས། །མཆོག་ཏུ་བསྔགས་ཏེ་ཐུབ་པའི་དབང་པོ་ཡིས། །གང་ཞིག་སངས་རྒྱས་ལ་ནི་མཆོད་བྱེད་པའི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །འཛམ་བུ་ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་ནི་མཉམ་པ་མིན། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང༌། །དེ་དག་རིམ་བཞིན་སངས་རྒྱས་བྱེ་བ་མཐོང༌། །གསུང་བཞིན་དེ་བཞིན་སྲོང་བཙན་སྒམ་པོ་ཡིས། །བདེ་གཤེགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་སྙེད་ལྷ་ཡུལ་དང་ནི་མི་རྣམས་ཀྱི། །མཐོ་རིས་བདེ་བ་ཉམས་སུ་མྱོང་བར་གྱུར། །རྡོ་དང་གསེག་མ་འཇིམ་པ་བྱི་སྒོང་ཙམ། །གང་ཞིག་དེ་ཡི་ཕྱོགས་སུ་སྤུངས་བྱེད་པ། །སངས་རྒྱས་རྣམས་ལ་སྨན་པར་བྱས་པས་ན། །དེ་ཡང་བདེ་བའི་ལམ་དུ་ཆུད་པ་ཡིན། །ཞེས་གསུངས་དོན་རྣམས་སྒྲུབ་པའི་མཆོད་པ་མཆོག །ས་རྡོ་ཙམ་ལའང་བསོད་ནམས་ཆེ་འབྱུང་ན། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་ཚོགས། །ཕུལ་བའི་བསོད་ནམས་ཕ་མཐའ་གཞལ་མི་སྤྱོད། །ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ནི། །ཀུན་གཟིགས་ལྔ་པའི་ཤེལ་དཀར་མེ་ལོང་དང༌། །ཐུབ་བསྟན་རྒྱ་མཚོའི་དད་སྣང་འབུམ་འཆར་ལ། །གཟིགས་དང་དད་པའི་བློ་གྲོས་རྒྱས་པར་ངེས། །དེ་ལྟར་ཟང་ཟིང་དངོས་པོའི་མཆོད་པ་དང༌། །ལུས་ཀྱི་ཕྱག་སྐོར་སྙིང་པོ་ལེན་པ་དང༌། །ངག་འཁྱལ་ངག་གི་མི་དགེ་མི་གསོག་པར། །ངག་ལ་ལྷ་འགོ་གསང་སྔགས་རྒྱུན་དུ་བཟླ། །ཁྱད་པར་སྤྱན་རས་གཟིགས་དབང་སྙིང་པོ་མཆོག །གཟུངས་མཆོག་དམ་ཆོས་ཡི་གེ་དྲུག་མ་ནི། །བཟླས་པའི་བསོད་ནམས་དཔག་ཏུ་མེད་པ་སྟེ། །མདོ་རྒྱུད་རྣམས་དང་མཁས་པའི་གསུང་ལས་ཀྱང༌།ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་ཡི་གེ་ཀུན་འདུས་ཡི་གེ་དྲུག །ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་བགྲངས། །ཞེས་གསུངས་དེ་བཞིན་པདྨ་དཀར་པོ་སོགས། །སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམ་མང་དང༌། །གསུང་རབ་རྣམས་སུ་ཕན་ཡོན་རྒྱ་ཆེར་གསུང༌། །དེ་བཞིན་ཕྱག་ན་པདྨོའི་བཀའ་འབུམ་ལས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ། །ཐིག་པས་བགྲངས་ན་གྲངས་ཀྱིས་ཆོད། །མ་ཎིའི་ཡོན་ཏན་གྲངས་མི་ཆོད། །སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས། །གངྒཱའི་བྱེ་མ་མུ་ཏྲ་ལ། །ཏི་ཏོའི་མཆུ་ཡིས་གཏོར་ཀྱང་འཛད། །མ་ཎིའི་ཡོན་ཏན་ཟད་པ་མེད། །སྐལ་ལྡན་ཀུན་མ་ཎི་པདྨེ་བགྲངས། །ཞེས་སོགས་ཕན་ཡོན་མཐའ་ཡས་གསུངས་པ་བཞིན། །ཡིད་ཆེས་གུས་པས་རྟག་ཏུ་བཟླ་བ་ནི། །ངག་ལ་བརྟེན་ནས་སྙིང་པོ་ལེན་པའི་མཆོག །སྒྲུབ་པའི་མཆོད་པ་འབུལ་འདི་སྐལ་བ་བཟང༌། །དེ་ལྟར་སྒོ་གསུམ་བྱ་བ་གང་དང་གང༌། །རྒྱུན་དུ་བག་ཡོད་ཆོས་མཐུན་རྣམ་དཀར་ལས། །འཇིག་རྟེན་ཡ་རབས་སྤྱོད་པ་གཙང་མའི་ལུགས། །སྤྱན་རས་གཟིགས་དབང་བཀའ་སྲོལ་འཛིན་པ་གཅེས། །དེ་ཕྱིར་མི་ཆོས་གཙང་མ་བཅུ་དྲུག་ནི། །རང་ཅག་ཆོས་ལྡན་ཞིང་གི་ཁྱད་ཆོས་ཏེ། །དཀོན་མཆོག་ལ་དད་དམ་ཆོས་སྒྲུབ་པ་དང༌། །ཕ་མ་ལ་གུས་ཡོན་ཏན་ཅན་གོང་བཀུར། །རིགས་མཐོ་རྒན་ལ་ཕུ་དུད་མཛའ་བཤེས་གཞུང༌། །ཡུལ་མི་ཕན་འདོགས་ཡིད་དྲང་ཡ་རབས་བལྟ། །ཟས་ནོར་སྤྱོད་ཤེས་དྲིན་ཅན་ཕན་ལན་འཇལ། །བྲེ་སྲང་གཡོ་མེད་སྤྱི་སྙོམས་ཕྲག་དོག་སྤང༌། །བུད་མེད་ཁ་ལ་མ་ཉན་ངག་འཇམ་སྨྲ། །ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ། །ཆོས་ལྡན་རྒྱལ་པོའི་ཕྱག་རྒྱས་བཏབ་པའི་སྲོལ། །མ་ཉམས་ལག་ལེན་གཙང་མས་བཀའ་བཞིན་སྒྲུབ། །འཇིག་རྟེན་ཡ་རབས་སྤྱོད་པ་གཙང་མ་ཡིས། །ཆོས་མཐུན་དགེ་བའི་བྱ་བ་ཀུན་སྒྲུབ་སྟེ། །ཆུ་ལ་གསེར་ཟམ་བྲག་ལ་རྡོ་བརྐོས་དང༌། །རི་རྩེར་ཅོད་པན་རྡོ་མཆོད་མཎ་ཌལ་འབུལ། །ལྷག་པར་མགོན་མེད་དུད་འགྲོ་རི་དྭགས་ཕྱུགས། །སྐམ་གཤེར་སྲོག་ཆགས་གྲངས་མེད་མཐོང་རྣམས་ལ། །མར་ཤེས་སྙིང་རྗེས་གཟུངས་ཆུ་དམ་རྫས་དང༌། །གཟུངས་སྔགས་ཕུས་འདེབས་རྗེས་འཛིན་སྨོན་ལམ་གདབ། །བྲམ་ཟེའི་ཁྱེའུ་དྲ་མ་ཆུ་འབེབས་ཀྱིས། །མཚེའུ་སྐམ་པའི་ཉ་ཁྲིར་ཆུ་བྱིན་ནས། །རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བརྗོད་པས། །ཚེ་འཕོས་ལྷར་སྐྱེས་དྲིན་ལན་མེ་ཏོག་འཐོར། །དངོས་སུ་ཕན་བཏགས་བསོད་ནམས་དེ་དྲ་སྟེ། །ཕན་སེམས་ཙམ་ལའང་ཕན་ཡོན་མཐའ་ཡས་གསུངས། །དེས་ན་གཞན་ཕྱིར་བྱང་ཆུབ་སེམས་མཆོག་གིས། །བསླབ་གསུམ་ལུང་རྟོགས་བསྟན་པ་ཉམས་ལེན་ཞིང༌། །ཡི་གེ་འབྲི་མཆོད་སྦྱིན་སོགས་ཆོས་སྤྱོད་བཅུ། །སྐུ་གཟུགས་རྟེན་སོགས་སྒྲུབ་པའི་མཆོད་པ་བཅུ། །མདོར་ན་འདུས་བྱས་དགེ་བ་ནུས་ཚད་བྱ། །གསུངས་བཞིན་སྲོག་བླུ་ཉེའུ་འདོན་པ་དང༌། །ཟས་ལས་འཕྲི་ནས་སྦྱིན་པ་གཏོང་བ་དང༌། །གཉིད་ལས་འཕྲི་ནས་དགེ་སྦྱོར་བྱེད་པ་ཡི། །ཚེ་གཅིག་ཉམས་ལེན་ཉིན་ཞག་ཕྲུགས་གཅིག་ལ། །དྲིལ་ཞིང་དེ་ཡང་ཐུན་དྲུག་ལ་དྲིལ་ནས། །འགྲོ་འདུག་ཉལ་གཉིད་ལྡང་དང་ཁྲུས་དང་ཟས། །སྤྱོད་ལམ་མཐའ་དང་དགེ་སྦྱོར་དང་བསྲེས་ན། །རླབས་ཆེན་བསོད་ནམས་ཚོགས་སུ་བསྡུས་པའི་ཆོས། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཞེས་སུ་གསུངས། །ཕན་སེམས་ཙམ་ལའང་དགེ་བ་མཐའ་ཡས་ན། །དངོས་སུ་ཕན་བཏགས་བསོད་ནམས་གཞལ་མི་ལང༌། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པས། །བསླབ་གསུམ་ལུང་རྟོགས་བསྟན་པ་ཉམས་སུ་ལེན། །འདི་དག་སྤྱན་རས་གཟིགས་དབང་སྙིང་རྗེའི་ལྷའི། །འགྲོ་བ་འདྲེན་པའི་རྣམ་ཐར་འཕྲིན་ལས་ཏེ། །དེ་ལྟར་རྒྱུན་དུ་ཉམས་ལེན་བྱེད་པ་ཡི། །བཀའ་བཞིན་སྒྲུབ་པའི་མཉེས་མཆོད་འབུལ་བར་བགྱི། །མདོར་ན་རང་ཅག་ནང་པ་སངས་རྒྱས་པའི་པའི། །ཆོས་སྒོརཞུགས་པའི་ཆོས་ཞུས་གང་ཟག་ཞིག །ཡིན་ཕྱིན་ཆོས་ལུགས་རང་གཞུང་གཙང་མ་ཞིག །དམ་ཆོག་ཉིན་མཚན་ཀུན་ཏུ་ཉམས་ལེན་དགོས། །མཆོག་གསུམ་ལས་འབྲས་ལ་དད་འཇིག་རྟེན་པའི། །ལྟ་བ་ཡང་དག་ཉིད་ཡིན་དེ་ཡོད་ན། །མི་དགེ་བཅུ་སྤོངས་སྤྱོད་པ་གཙང་མར་འོང༌། །ལྟ་བ་མེད་ན་སྤྱོད་ངན་ངང་གིས་འབྱུང༌། །མ་རབ་མི་གསོད་གཡེམས་འཕྲོག་རྐུ་རྫུན་ནི། །འཇིག་རྟེན་ཡ་རབས་ཚུལ་དང་མི་མཐུན་ན། །དམ་པའི་ཆོས་དང་འགལ་བ་སྨོས་ཅི་དགོས། །དེས་ན་ཆོས་དང་འཇིག་རྟེན་གང་ཡང་རུང༌། །གཞན་ཕན་ལྷག་བསམ་འབའ་ཞིག་ལྷུར་བླངས་ཏེ། །མི་ལྟ་སྨོས་ཅི་སྲོག་ཆགས་ཕྲ་མོར་ཡང༌། །གནོད་འཚེ་སྤངས་ཏེ་ཆོས་དང་ཟང་ཟིང་གིས། །ཕན་འདོགས་མ་འོང་གདུལ་བྱར་སྨོན་ལམ་བྱ། །སྡུག་ཀུན་བདེན་པ་ཤེས་དང་སྤོང་བའི་ཕྱིར། །འགོག་ལམ་བདེན་པ་སྒོམ་དང་མངོན་བྱེད་པའི། །རྟེན་འབྲེལ་བདེན་བཞི་མི་རྟག་སོགས་བཅུ་དྲུག །ཉམས་ལེན་དབང་པོའི་རྗེས་འགྲོ་ལེགས་པར་གསུངས། །འཁོར་བ་སྤྱི་དང་བྱེ་བྲག་སྡུག་བསྔལ་རྣམས། །ཤེས་ནས་དེ་ལས་ཐར་བའི་ཐབས་ཀྱི་མཆོག །བསླབ་གསུམ་འཕགས་པའི་ནོར་གྱི་མཛོད་བཟུང་ནས། །སྤྱན་རས་གཟིགས་དབང་བཀའ་བཞིན་སྒྲུབ་པས་མཆོད། །ལྷག་པར་ཐེག་ཆེན་ལམ་གྱི་གཞུང་ཤིང་མཆོག །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕྱིན་དྲུག་བསྡུ་བ་བཞི་སོགས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་ཚུལ་ཁྲིམས་གསུམ་ལ་བསླབ། །ཁྱད་པར་དེང་དུས་ཀླ་ཀློའི་དབང་གྱུར་ཏེ། །མི་འདོད་སྡུག་བསྔལ་ཆར་ལྟར་བབས་དུས་འདིར། །ཉམས་ལེན་བགྱིད་པ་ལྷག་པར་སྟོབས་ཆེ་སྟེ། །དྲི་མེད་སངས་རྒྱས་བཀའ་ལས་འདི་སྐད་གསུངས། །གང་གི་བསྐལ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱི་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མཆོད་པ་ལས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་ཀུན་ཏུ་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་ཇི་བཞིན་ཉམས་ལེན་ལ་འབད་ན། །བསྐལ་ཆེན་ཚོགས་ཀྱང་སྐད་ཅིག་ཉིད་བཟླུམས་པ། །འདི་འདྲ་ད་ལྟར་བསྒྲུབ་དུ་ཡོད་པ་དང༌། །སྒྲུབ་པའི་ཐབས་ཤེས་མགོན་ཁྱོད་བཀའ་དྲིན་བསམ། །ལོག་སྤྱོད་ཀླ་ཀློའི་གཙིར་གནོན་ཁྲིམས་གཅོད་ནི། །བཟོད་པ་སྒོམ་པའི་རྟེན་དུ་ཤེས་དགོས་པ། །སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གི །གདུལ་བྱའི་ཉམས་ལེན་ཉིད་དུ་གསུངས་པ་ལྟར། །ཐུབ་དབང་མཆོག་དེས་སློབ་པའི་ལམ་གྱི་སྐབས། །གཞན་གྱི་ལོག་སྒྲུབ་དཀའ་ཐུབ་བཟོད་པའི་ཚུལ། །དཔག་བསམ་ཁྲི་ཤིང་བཟོད་པའི་ཡལ་འདབ་ཏུ། །དགེ་དབང་སྙན་པའི་གསུང་གིས་གསལ་ལ་གཟིགས། །རྗེ་བཙུན་མི་ལར་ཨ་ཁུ་ཨ་ནེ་ཡིས། །སྡུག་རྒུ་བཏང་ལ་དྲིན་གྱི་ཕུལ་བྱུང་དུ། །དགོངས་ཏེ་མངོན་སྤྱོད་ལས་སྦྱངས་བཟོད་སྒོམ་གྱིས། །ཚེ་གཅིག་སངས་རྒྱས་གོ་འཕང་གཤེགས་མིན་ནམ། །བདག་ལ་བརྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས། །མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི །ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག །ཞེས་གསུངས་འཇམ་མགོན་བླ་མའི་གདམས་པ་བཞིན། །ལག་ལེན་ཚུལ་འབྲེལ་རླབས་ཆེན་སྨོན་ལམ་གདབ། །དེ་བཞིན་དངུལ་ཆུ་ཐོག་མེད་བཟང་པོ་ཡིས། །བྱང་སེམས་ལག་ལེན་བཟོད་པ་སྒོམ་པའི་ཚུལ། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་ཞིས། །མཚང་ནས་བྲུས་ཞིང་ཚིག་ངན་སྨྲ་ན་ཡང༌། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པས་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །གསུངས་པའི་དུས་ནི་ད་སྐབས་མ་ཡིན་ནམ། །དེ་ཕྱིར་རྒྱུ་འབྲས་མན་ངག་བདུན་རྣམས་དང༌། །བདག་གཞན་བརྗེ་བའི་བློ་སྦྱོང་གདམས་ངག་རྣམས། །ཐོས་བསམ་བསྒོམ་པའི་ཚུལ་དེ་སྐལ་བ་བཟང༌། །ཕལ་བོ་ཆེ་སོགས་བྱང་སེམས་སྡེ་སྣོད་དང༌། །སྤྱོད་འཇུག་བློ་སྦྱོང་དོན་བདུན་ལག་ལེན་དང༌། །རྨ་བྱ་དུག་འཇོམས་ཚིག་བརྒྱད་མ་ལ་སོགས། །དེང་དུས་ནད་ལ་གཉེན་པོའི་སྨན་མཆོག་བཞིན། །དེ་ལྟར་བྱང་སེམས་ཉམས་ལེན་བྱེད་པ་ནི། །སྤྱན་རས་གཟིགས་ཀྱི་དགོངས་པ་མཐར་ཐུག་སྟེ།

།འདི་མེད་ཆོས་བརྒྱད་ཁྲ་བོའང་མི་སྤོང་ན། །ཐར་དང་ཐམས་ཅད་མཁྱེན་པ་སྨོས་ཅི་དགོས། །ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་བྱང་ཆུབ་སེམས། །སྙིང་རྗེ་ཆེ་འདི་དམ་ཆོས་རྩ་བ་སྟེ། །ཀླ་ཀློ་གུང་ཁྲན་བསྟན་པའི་དགྲ་ཡིན་ཀྱང༌། །དགྲ་ལ་སྙི་རྗེ་བསྒོམ་པ་ཆོས་ཀྱི་ལུགས། །དེ་ཕྱིར་མགོན་ཁྱོད་བདེན་ཚིག་ཞལ་ལུང་ལས། །རང་གཞན་གཉིས་ཕུང་བགྱིད་པ་སྙིང་རྗེའི་ཡུལ། །ཞེས་དང་སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་ཞེས། །གསུངས་པའི་ཚུལ་འདིས་དད་པའི་སྤུ་ལོང་གཡོ། །གསུང་འདི་ཁོ་ནས་མགོན་ཁྱོད་བརྩེ་བ་དང༌། །སངས་རྒྱས་བསྟན་པའི་ཁྱད་ཆོས་གཉིས་ཀའི་དོན། །གསལ་བར་མཚོན་པའི་ངོ་མཚར་ཞལ་ལུང་ལ། །རྣམ་དཔྱོད་བློ་གྲོས་ཡངས་རྣམས་ཅིས་མི་དད། །སྙིང་རྗེ་རབ་ཏུ་ཕྱེ་བ་སངས་རྒྱས་ཀྱི། །བསྟན་པའི་ཁྱད་ཆོས་ངོ་མཚར་འཇིག་རྟེན་ན། །ཉི་མ་ལྟ་བུར་གྲགས་ཀྱང་སྐལ་དམན་རྣམས། །འབྱུང་པོའི་བྱ་བཞིན་གཡོལ་བ་སྙིང་རྗེའི་གནས། །ད་ལྟ་རང་རེ་གཞན་སྡེའི་དབང་སྒྱུར་འོག །མི་འདོད་སྡུག་བསྔལ་མྱོང་བའང་ལས་ཡིན་ཏེ། །བྱས་བསགས་ལས་ཀྱི་རྣམ་པར་སྨིན་ཟིན་ལ། །ལྡོག་པའི་ཐབས་འགའ་རྒྱལ་བས་ཀྱང་མ་གསུངས། །འཁོར་བ་སྒྱུ་མ་མཁན་གྱི་རྡེའུ་ཤིང་ལས། །རྒྱུ་འབྲས་རྟ་གླང་མངོན་སུམ་སྣང་བ་འདི། །རྣལ་འབྱོར་ཅན་ལ་ཉམས་ལེན་ལམ་གྱི་གྲོགས། །འཇིག་རྟེན་པ་རྣམས་ཆགས་སྡང་སྐྱེད་པའི་དགྲ། །དམྱལ་སོགས་ངན་འགྲོའི་སྡུག་བསྔལ་ལ་བསམ་ན། །འདི་ནི་བདེ་འགྲོའི་རྟེན་གྱི་སྡུག་བསྔལ་ཙམ། །གཏོང་ལེན་བྱང་ཆུབ་ལམ་དུ་སྒྱུར་མཁས་ན། །བསད་འོས་ལག་བཅད་ཐར་འདྲ་ཅིས་མ་ལེགས། །གང་ཞིག་སངས་རྒྱས་དང་ནི་སེམས་ཅན་ལས། །སངས་རྒྱས་ཆོས་འགྲུབ་འདྲ་ཡང་རྒྱལ་བ་ལ། །གུས་བཞིན་སེམས་ཅན་ལ་མིན་ཅིའི་ཚུལ་ཞེས། །གསུངས་བཞིན་གཉིས་ཀ་བཀའ་དྲིན་ཆེ་བར་མཉམ། །ཕྱི་ནས་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང༌། །ནང་གི་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ལ། །སླེབས་ཚེ་བདེ་བ་རྒྱུན་ཆད་མེད་པའི་ཉམས། །འདི་འདྲ་དམ་པའི་ཆོས་ལུགས་ལས་གཞན་གང༌། །ལུས་འདི་རྒྱལ་བ་རྣམས་ལ་ཕུལ་ཟིན་ཅིང༌། །དེ་བཞིན་སེམས་ཅན་རྣམས་ལའང་བྱིན་ཟིན་པས། །ད་ལྟ་འབྲེལ་ཡོད་འགྲོ་འདིས་གར་བཀོད་ཀྱང༌། །བདག་པོའི་རྫས་བཞིན་ཅི་བཞིན་སྤྱོད་ལ་བཟོད། །དངོས་སམ་ཡང་ནི་རྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །དེ་ལྟར་གྱུར་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །གསུངས་བཞིན་ད་ལྟ་བསྒྲུབ་ཏུ་ཡོད་པ་ནི། །སྤྱན་རས་གཟིགས་དབང་ཐུགས་རྗེ་མཐུ་ལས་བྱུང༌། །འདི་ལྟའི་སྐབས་སུ་ཉམས་ལེན་མ་བྱས་ན། །རིན་ཆེན་གླིང་ནས་ལག་སྟོང་ལོག་པས་ཕངས། །དེ་ལྟར་སྙིང་རྗེ་བྱང་སེམས་བསྒོམ་པ་ཡི། །མན་ངག་བྱང་ཆུབ་ལམ་གྱི་རིམ་པ་སོགས། །གསར་རྙིང་ཆོས་ལུགས་ཀུན་ལ་ཆེས་ཟབ་པ། །ཡོད་བཞིན་སོ་སོའི་གཞུང་ལྟར་ཉམས་སུ་ལེན། །བོད་འདིར་བཀའ་བབས་ཆོས་བརྒྱུད་རྣམ་མང་ནི། །གང་འདོད་ཟས་དང་འདོད་རྒུའི་ཚོང་ཟོང་བཞིན། །ཐང་མར་བརྡལ་འདི་མགོན་པོ་སྤྱན་རས་གཟིགས། །ཁྱོད་ཀྱི་ཐུགས་རྗེའི་འཕྲིན་ལས་འབའ་ཞིག་ཉིད། །འོན་ཏེ་ཚུལ་འདི་མ་རྟོགས་འགའ་ཞིག་གིས། །རང་ལུགས་མི་ཤཻས་གཞན་ལུགས་དགག་ལ་རིངས། །ཉམས་ལེན་མི་བྱེད་ཕྱོགས་རིས་བྱེད་ལ་དགའ། །བསྟན་སེལ་སྡེ་འཁྲུག་སློང་འདིས་སྣང་བ་སྐྱོ། །སྔ་དུས་བོད་ཀྱི་བཀའ་བློན་མདོ་མཁར་བ། །ཞབས་དྲུང་ཚེ་རིང་དབང་རྒྱལ་ཞལ་སྔ་ནས། །ཕྱོགས་ལྷུང་མུན་པ་སེལ་བའི་གཏམ་ཞེས་པའི། །ལེགས་བཤད་དེས་ཀོ་ཡིད་དབང་དབང་མེད་འཕྲོགས། །དེང་ཚེའང་མཁས་མཆོད་དེ་འདྲ་ཡོད་ངེས་པས། །སྤྱན་རས་གཟིགས་དབང་འཕྲིན་ལས་སྤེལ་ཕྱིར་དང༌། །ཕལ་རྣམས་ཆོས་སྤོངས་ལས་སྒྲིབ་མི་འབྱུང་ཆེད། །ལེགས་བཤད་སྨྲ་བའི་ལྗགས་འདབ་གཡོ་བར་གསོལ། །རིས་མེད་ཐུབ་བསྟན་སྙིང་པོ་དོན་གཅིག་ཏུ། །གདམས་པར་ཤར་བའི་ཉམས་ལེན་ཉིན་མཚན་དུ། །བརྩོན་ནས་འགྲོ་སྒྲོལ་དྲི་མེད་ལྷག་བསམ་ཁུར། །འཁྱེར་འདི་སྤྱན་རས་གཟིགས་དབང་དགོངས་པའི་བཅུད། །དེ་ནི་རྒྱལ་རྣམས་མཉེས་བའི་མཆོད་པ་སྟེ།

།རྒྱལ་བའི་མཛད་པ་འགྲོ་བའི་དོན་ལས་མེད། །དེ་ཕྱིར་དེ་སྒྲུབ་དེ་མཉེས་མཆོད་པའི་མཆོག །ཉིན་བཞིན་འབུལ་བའི་བསོད་ནམས་བསམ་པའི་འཕྲུལ། །མགོན་ཁྱོད་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཏེ། །དེས་ན་ཁྱོད་མཉེས་འབའ་ཞིག་སྒྲུབ་པ་ནི། །དོན་གཉིས་ཕུན་ཚོགས་བྱང་ཆུབ་མཆོག་གི་རྒྱུར། །ཤེས་ནས་སྒྲུབ་པའི་མཆོད་པ་འབུལ་ལ་སྤྲོ། །གདུག་རྩུབ་ཀླ་ཀློ་བསྟན་པའི་དགྲ་ཡིན་ཀྱང༌། །བདག་ལ་སྒོས་སུ་བཀའ་དྲིན་ཆེ་བ་སྟེ། །ལྡན་གྲོལ་གཉིས་མེད་དཀོར་ལ་སྤྱད་པ་ཡི། །ཆོས་འབག་ལོག་འཚོའི་སྡིག་དང་ཁ་བྲལ་ནས། །ལོ་མང་བཙོན་དུ་བཅུག་པའི་འཇིགས་བསྐུལ་གྱིས། །ལོ་མང་མཚམས་ལ་བསྡད་འདྲ་དགེ་སྦྱོར་འཕེལ། །ཉམས་ལེན་བྱིན་རླབས་གྲུབ་འབྲས་གང་འཚམས་ཐོབ། །དེ་ཕྱིར་ཆོས་ལ་དད་པ་ལྷག་པར་འཕེལ། །ཆོས་ནས་གསུངས་པའི་ལས་འབྲས་ལུང་བསྟན་སོགས། །མང་ཙམ་སླུ་མེད་ལུང་བསྟན་ཐོག་ཏུ་བབས། །དེས་ན་སངས་རྒྱས་བཀའ་ལ་ལྷག་པར་དུ། །ཡིད་ཆེས་དད་པ་སྔར་ལས་བརྟན་པར་གྱུར། །དཀོན་མཆོག་ཐུགས་རྗེ་ལས་འབྲས་སླུ་མེད་ལ། །ཡིད་ཆེས་དད་པ་གོང་དུ་འཕེལ་བ་དང༌། །སྤྱན་རས་གཟིགས་དབང་ཏཱ་ལའི་བླ་མ་ཡི། །བཀའ་དྲིན་ཡང་ཡང་དྲན་ཞེས་བཤད་ན་ཡང༌། །ཁྲིམས་གཅོད་མ་བྱས་ངང་རིང་སློབ་གསོ་བཏང༌། །ཟས་གོས་གང་ལའང་དཀའ་ངལ་མ་བྱུང་ཞིང༌། །ཕྱི་ཚུལ་ཆོས་བརྒྱད་འདྲེས་ཐབས་མེད་པའི་ཆོས། །སྒྲུབ་པའི་རྐྱེན་ངན་གྲོགས་ཤར་བཀའ་དྲིན་ཆེ། །འདི་དག་རྐྱེན་ངན་དགེ་བསྐུལ་ལས་བྱུང་སྟེ། །རྐྱེན་ངན་དགེ་བའི་བཤེས་སུ་བལྟ་དགོས་པའི། །མན་ངག་འདི་ཀཽ་ལྷག་པར་སྙིང་ལ་སིམ། །བཀའ་དྲིན་ཆེའོ་བླ་མ་སྤྱན་རས་གཟིགས། །བླ་བའི་ཐུགས་རྗེ་ཅི་ཡང་བརྫུ་བའི་ཕྱིར། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ་པ་དང༌། །ལེ་ལན་ཐམས་ཅད་གཅིག་ལ་བདའ་བ་ཡི། །ཉམས་ལེན་ཚུལ་འདིས་སྒྲུབ་པའི་མཆོད་པ་འབུལ། །ཐེག་ཆེན་བློ་སྦྱོང་གདམས་པ་དང་འབྲེལ་བའི། །སྦྱིན་སོགས་རྒྱལ་སྲས་སྤྱོད་པ་རླབས་པོ་ཆེ། །རེ་རེའང་ཕར་ཕྱིན་དམ་པ་དྲུག་དྲུག་གིས། །ཚུལ་ལྡན་མན་ངག་ཟབ་མོས་ཉམས་སུ་ལེན། །ཐབས་ཀྱི་ཆ་རྣམས་འཁོར་གསུམ་མི་རྟོག་པའི༌། །ཤེས་རབ་མཆོག་གིས་ཡོངས་དག་མི་གཡོ་བའི། །ཞི་ལྷག་ཟུང་འབྲེལ་རྣལ་འབྱོར་ཏིང་འཛིན་གྱིས། །ཉོན་མོངས་ནད་འཇོམས་བདུད་རྩིའི་སྨན་མཆོག་བསྟེན། །སྨྲ་བའི་སེངྒེའི་ཟབ་མོའི་སྨྲ་བ་ལ། །དྲི་མ་མེད་པར་གྲགས་པའི་དྲིས་ལན་གྱིས། །བསྟན་པའི་རྟེན་འབྱུང་ཆོས་ཉིད་ཟབ་མོའི་དོན། །སྨྲ་བསམ་བརྗོད་བྲལ་ཚུལ་འདིས་སྲིད་པ་འཁྲུལ། །ཚོགས་རྣམས་མཐའ་དག་ཚོགས་གསུམ་ཐ་སྙད་བརྡས། །བཏགས་པའི་དངོས་ལས་དངོས་མེད་དོན་དམ་དབྱིངས། །ཅི་ཡང་མ་ཡིན་ཅི་ཡང་འཆར་བའི་ཚུལ། །རྟེན་འབྱུང་མཆོག་འདི་བསྟན་པའི་སྙིང་པོ་ཉིད། །འདི་ནི་ཐེག་ཆེན་རྒྱུ་དང་འབྲས་བུ་ཡི། །ལམ་མཆོག་གཉིས་ཀའི་ཟབ་པ་མཐར་ཐུག་སྟེ། །འདི་མེད་མདོ་སྔགས་ཉམས་ལེན་བྱེད་ལོ་ཡང༌། །ཆོས་བརྒྱད་དཀར་པོ་ཙམ་ཡང་སྤོང་ནུས་སམ། །ཆོས་རྣམས་རང་བཞིན་གནས་ལུགས་མཐའ་བྲལ་དབྱིངས། །སྲས་བཞི་སྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན། །ཇི་བཞིན་གཏན་ལ་འབེབས་པའི་གཞུང་ལམ་ལས། །ཐོས་བསམ་སྒོམ་པས་སྒྲུབ་པའི་མཆོད་པ་འབུལ། །དེ་ལྟར་དུས་དྲུག་ཟས་སྤྱོད་གང་དང་གང༌། །འབྲེལ་ཆེ་འབྱུང་ཉེ་གང་ཐུག་སྒོམ་སྦྱར་ཚུལ། །ཅུང་ཟད་འདི་ནི་བློ་དམན་གཞན་དག་དང༌། །རང་གི་ཡིད་ལ་གོམས་པ་བརྟན་ཕྱིར་བྱས། །གསང་ཆེན་རྒྱུད་སྡེ་ཁྱད་ཆོས་ལྷའི་དཀྱིལ་འཁོར། །རིམ་གཉིས་ལམ་མཆོག་གོ་རིམ་གྲངས་ངེས་སོགས། །འདི་ན་ཆ་ཙམ་སྨྲ་བར་མ་ནུས་ཏེ། །རང་ལ་དེ་འདྲའི་མྱོང་གོམས་མེད་ཕྱིར་དང༌། །ཤིན་ཏུ་ཟབ་ཅིང་གསང་བ་རྒྱ་ཆེའི་དོན། །དར་ཡུག་ཁབ་ཀྱི་བུ་གར་མི་འཚམ་ཞིང༌། །གསེར་རྒྱན་མགྲིན་བཟང་རྣ་བས་མི་འཛིན་པ། །ནན་གྱིས་གདགས་པ་དོན་ཡོད་མིན་པར་སེམས། །གལ་ཏེ་ལས་ལྡན་སྐལ་བཟང་དོན་གཉེར་ན། །ཆོས་ལ་དབང་གི་འཆོལ་སྤྱོད་མ་ལགས་པར། །འཇུག་སྒོ་རྣམ་བཞི་གཙང་མར་བསྒྲུབ་པ་ལས། །བླ་མ་མཉེས་པའི་ཞལ་ལས་ཤེས་དགོས་ཏེ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁང་པས། །འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཚུལ་དེ་བསམ་ཞིང་འདུན་མ་ལེགས་ནས་གདའ། །ཞེས་གསུངས་འདི་དག་རང་རེའི་རྗེས་འཇུག་གི །གདུལ་བྱ་སྐལ་བཟང་དབང་རྣོན་ལ་གདམས་པར། །ཤེས་ནས་མགོན་པོ་སྤྱན་རས་གཟིགས་དབང་གི །བཀའ་བཞིན་སྒྲུབ་བའི་མཆོད་པ་འབུལ་བར་བགྱི། །མདོ་རྒྱུད་གཟིགས་པ་བྱེ་བའི་སྤྱན་སྔ་ནས། །བརྟན་པ་འབྱུང་བ་སྨྲ་བ་ར་རིའི་གཟུགས། །མཛེས་པ་མི་ཡང་གང་གི་རྣམ་ཐར་ལ། །ཤུགས་འབྱུང་དད་པས་སྨྲ་ལ་འགོག་ཏུ་ཅི། །ལྗོངས་འདིར་སངས་རྒྱས་བསྟན་པ་དར་ཆེ་བས། །བདག་འདྲ་བྱང་འབྲོག་ཕྱུགས་རྫི་རྒན་པོས་ཀྱང༌། །འཆད་རྩོམ་བསྟན་པའི་བྱ་བར་འཇུག་ནུས་པ། །འདི་འདྲ་མགོན་ཁྱོད་འཕྲིན་ལས་ལས་གཞན་གང༌། །སྙན་ངག་སྨྲ་བ་ཀུན་གྱི་སྙན་དབང་དུ། །ཚངས་སྲས་རོལ་མོ་འཁྲོལ་བའི་ཚངས་དབྱངས་གླུ། །ལེན་བའི་སྤོབས་པ་ཉེར་བར་ལེན་པའི་བློ། །མ་མཆིས་མོད་ཀྱི་མ་སྨད་དད་ལས་སྐྱེས། །རྒྱལ་ཀུན་སྤྱི་གཟུགས་སྤྱན་རས་གཟིགས་དབང་གི །རྣམ་ཐར་ནམ་མཁའི་སྣོད་ཀྱི་འཇིག་རྟེན་ལས། །འདིར་ནི་ཆ་ཙམ་འདི་བས་རྒྱ་ཆེའི་དོན། །མཁས་རྣམས་སྨྲ་བའི་མཁས་ཚུལ་གསལ་བར་གསོལ། །བདག་ནི་ཐོས་ཆུང་ཐོས་པའི་དོན་རྣམས་བརྗེད། །དྲི་བའི་ཡུལ་དང་ལྟ་བའི་དཔེ་ཡང་དཀོན། །ཁྲིམས་ཀྱི་བཙིར་གནོན་འོག་ཏུ་བརྐུས་ནོར་ལྟར། །སྦས་ཤིང་བྲིས་ལ་ནོངས་རྣམས་སྦྱང་དུ་གསོལ། །སྟོན་བསྟན་དེ་འཛིན་ཆེ་བ་ཆེ་ལོང་ཙམ། །བརྗོད་པ་འདིར་ཡང་གསང་བའི་གནད་མང་བས། །ལོག་ལྟ་ཅན་ལ་བྱུང་རྒྱལ་མི་སྟོན་པར། །བཀའ་རྒྱས་གདབ་བོ་དམ་ཅན་སྲུང་མ་ཀྱེ། །བརྗོད་བྱེད་ཚིག་ཚོགས་རྙོག་པའི་རང་བཞིན་ཡང༌། །བརྗོད་བྱ་གཞུང་བཟང་མན་ངག་ཡང་དག་ཕྱིར། །ཉམས་ལེན་ཅན་ལའང་ཕན་པ་འབྱུང་སྲིད་པས། །ཀློག་སྤོང་འཁོར་ལོ་འཛིན་རྣམས་གཟིགས་མོར་སྤྱོན༌། །བསྟན་འགྲོར་ཕན་འདོད་ལྷག་བསམ་ཟླ་བ་ལྟར། །དཀར་ཡང་ནུས་པ་སྐར་ཕྲན་བཞིན་དུ་ཕྲ། །ཤེད་མ་བྱེ་བའི་བྱིས་པ་བདག་ལྟ་བུར། །ལྷག་པར་ཐུགས་རྗེས་དགོངས་མཛོད་ཐུགས་རྗེ་ཅན། །སྐད་ཅིག་འཇིག་པའི་རྒྱུན་འབབ་གཞོལ་འགྲོའི་གདོང༌། །དབྱུག་གུས་རི་མོ་བྲིས་འདྲ་འདུས་བྱས་ཆོས། །སླུ་བའི་རང་བཞིན་འདི་ཀོས་ཡིད་འབྱུང་ནས། །ཁྱོད་གསུངས་སྙིང་པོའི་དམ་ཆོས་སྒྲུབ་ལ་རིངས། །རེས་འགའ་རི་ཁྲོད་དབེན་པའི་ཡོན་ཏན་བསམ། །རེས་འགའ་ཚོགས་སུ་འཆད་ཉན་ཐོས་བསམ་དྲན། །དུས་ཀུན་ཁྱོད་གསུངས་བདུད་རྩི་མྱོང་བ་ལ། །རིངས་པའི་ཡིད་ནི་དད་པའི་པདྨོ་རྒྱས། །འཇམ་དཔལ་རྡོ་རྗེ་རྣོན་པོ་ངག་ལ་དབང༌། །བློ་ཆེན་སྐལ་བཟང་རྒྱལ་ཀུན་བརྩེ་ཆེན་གྱིས། །དྲི་མེད་ཡེ་ཤེས་སྙིང་པོའི་བསྟན་འཛིན་པའི། །ཟླ་བྲལ་འཕྲིན་ལས་རྒྱ་མཚོས་འཛམ་གླིང་མཛེས། །ས་སྙིང་སེངྒེའི་ཁ་ལྔ་འབར་བའི་ཁྲིར། །དགྱེས་བརྩོན་རྒྱལ་ཀུན་བརྩེ་གཏེར་སྤྱན་རས་ཀྱིས། །སྲིད་གསུམ་གསལ་གཟིགས་འགྲོ་ལ་དམ་ཆོས་ཀྱི། །འཁོར་ལོས་དབང་སྒྱུར་མཚུངས་པ་མེད་པའི་སྡེ། །ཞིང་རབ་རྒྱ་མཚོའི་རྡུལ་སྙེད་དུས་གསུམ་གྱི། །རྒྱལ་བ་རྒྱ་མཚོ་འདུས་སྐུར་རབ་བསྔགས་དབྱངས། །ཡན་ལག་རྒྱ་མཚོའི་རོལ་མོ་དེ་སྙེད་ལུས། །དད་པ་རྒྱ་མཚོ་རྒྱས་པས་གུས་ཕྱག་འཚལ། །ལུས་ལོངས་བསགས་དང་ཡོད་པའི་དགེ་ལེགས་ཚོགས།

།བླ་མེད་ཚངས་པ་གསུམ་དང་བཀའ་ཇི་བཞིན། །སྒྲུབ་པའི་དད་མོས་ཏིང་འཛིན་སྨོན་པ་ལས། །ཀུན་བཟང་རྣམ་ཐར་རྒྱ་མཚོའི་སྤྲིན་དུ་སྤྲོ། །བདག་ནི་བདག་ཉིད་གཅེས་པ་འབའ་ཞིག་ལས། །གཞན་ཕྱིར་གཞན་ཕན་ལྷག་བསམ་ཕྲ་མོ་ཡང༌། །བཅོས་མ་ཙམ་ལས་བཅོས་མིན་མེད་མིན་ཞེས། །སྨྲ་བར་མི་ནུས་སྨྲ་བའི་མཆོག་ལ་འཆགས། །རབ་འབྱམས་སྲས་བཅས་རྒྱལ་བ་རྒྱ་མཚོ་ཡི། །རྒྱ་ཆེན་མཛད་སྨོན་འཛིན་པའི་རྣམ་ཐར་གྱིས། །སྙིགས་ལྔའི་མུན་འཇོམས་འོད་སྟོང་ལེགས་མཛད་ལ། །ཡི་རངས་པདྨོའི་འདབ་སྟོང་གེ་སར་རྒོད། །གང་འདུལ་ཁམས་དང་མོས་པ་རྒྱ་མཚོ་ཡི། །རྗེས་འགྲོ་འགྲོ་བའི་སྒྲོན་མེ་ཐུབ་ཀུན་གྱི། །གསུང་མཆོག་མཆོག་ཏུ་ཞི་བ་དམ་ཆོས་ཀྱི། །འཁོར་ལོ་མཁའ་ཁྱབ་འགྲོ་ལ་བསྐོར་བར་བསྐུལ། །འདུས་མ་བྱས་དབྱིངས་དམིགས་མེད་སྙིང་རྗེའི་གཏེར། །ཤེས་དང་ཤེས་བྱ་དབྱེར་མེད་བྱང་ཆུབ་སེམས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་རྟག་བརྟན་པའི། །འགྱུར་མེད་ཆོས་བདུན་རང་བཞིན་གཞེས་པར་གསོལ། །འདིས་མཚོན་དུས་གསུམ་ལེགས་བྱས་དགེ་ཚོགས་ཀྱིས། །ཚེ་རབས་ཕྲེང་བར་ཕྱག་ན་པདྨོ་ཡིས། །རྗེས་བཟུང་གསུང་གི་བདུད་རྩི་བསྐྱངས་པ་ཡིས། །དོན་གཉིས་ལྷུན་གྲུབ་བླ་ན་མེད་པར་བསྔོ༌། །མགོན་ཁྱོད་གངས་ཅན་བོད་ཀྱི་ལྷ་གཅིག་སྟེ། །ཁམས་གསུམ་ཡིད་ཅན་ཡོངས་ཀྱི་རྣམ་འདྲེན་མཆོག །འཁོར་བ་པ་རྣམས་སྲིད་ཞིའི་འཇིགས་ལས་སྒྲོལ། །དེ་ཕྱིར་འཇིག་རྟེན་གསུམ་གྱི་མགོན་པོར་གྲགས། །མཆོད་སྦྱིན་བརྒྱ་བའི་མིག་དང་མེས་པོའི་བློ། །ཚངས་པའི་གསུང་འདྲ་ཡིད་འོང་སྙན་ངག་དབྱངས། །ལྷ་ཡི་བླ་མའི་རྗེས་འགྲོ་དྲན་དབང་འགའ། །སྲིད་པ་དག་ན་སྲིད་ལ་མཐའ་མ་བཀག །དེ་འདྲ་བྱེ་བས་གང་ལ་ཆ་ཙམ་ཡང༌། །དཔེར་འོས་མིན་ཏེ་སྲིད་ལས་འདས་པའི་ལམ། །སྟོབས་བཅུའི་མཆོག་བརྙེས་ཕྱིར་རོ་དེ་ཕྱིར་བདག །མཆོག་དེ་མ་ཐོབ་དེ་སྲིད་གང་ལ་བསྙེན། །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང༌། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པའི་ལེགས་ལམ་ལ། །མི་ཕྱེད་དད་པའི་ཆུ་གཏེར་ཉིན་བཞིན་འཕེལ། །མཚོ་ཡི་རྩེ་མོར་མཚོ་མོའི་དབྱངས་འཇུག་གི །ཝརྞའི་སྒྲ་ལྡན་ལྗོངས་ཀྱི་ཆོས་སྨྲ་བ། །མཚོ་ཡི་རྩེ་མོར་མཚོ་མོའི་དབྱངས་འདོག་དག །འདུས་ལ་བཟང་པོའི་ཟླ་ལྡན་ཨི་ཤྭ་རས། །འཕགས་པའི་རྣམ་ཐར་རིན་ཆེན་འབྱུང་གནས་འཇིང༌། །མི་འགྱུར་དད་པའི་ས་འཛིན་བསྲུབས་རླབས་ལས། །རྗེ་རྒྱན་གཏན་གྱི་ཟླ་བ་འདི་བསྐྱེད་པའི། །དགེ་ཚོགས་ཐུབ་བསྟན་ཀུན་ད་རྒྱས་ཕྱིར་བསྔོ༌། །བསམ་ཡས་བསོད་ནམས་བློ་གྲོས་རྒྱ་མཚོའི་དཀྱིལ་འཁོར་འཁོར་ལོ་བཞིའི་རླབས་ཀྱི། །འཛུམ་དཀར་མཛེས་པའི་འཇིང་ཟབ་ལ་གནས་དགེ་ཚོགས་ཚོགས་གཉིས་ནོར་བུའི་མཛོད། །ཡིད་ཅན་ཡིད་ཀྱི་རེ་བ་ཀུན་སྐོང་དགོས་འདོད་འདོད་འཇོ་བསམ་འཕེལ་དབང༌། །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་རྩེ་ན་མཛེས་གྱུར་ཅིག །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་དྲན་པའི་ཚུལ་ལས། བཀའ་དྲིན་གསབ་ཕྱིར་རང་གཞན་རྣམ་དཀར་དགེ་ལས་བསྟན་པ་དམ་པའི་ཆོས་ལ་བསྐུལ་བའི་སྐབས་ཏེ་བཞི་པའོ།།   །།

དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡིས། །དགེ་བ་ཅུང་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གི་ཟིན་གྱུར་ན། །འབྲས་བུ་དམན་པའང་ཕུལ་དུ་འབྱུང་གྱུར་ཞིང༌། །མྱུར་དུ་མཛད་པའང་ནམ་ཡང་མི་ཟད་པར། །གསུངས་ཕྱིར་དུས་གསུམ་དགེ་བ་ཅི་བསགས་པ། །རླབས་ཆེན་སྨོན་ལམ་རྣམས་ཀྱིས་བསྒྱུར་བ་ལ། །མཁས་པ་སུ་ཞིག་རབ་ཏུ་བརྩོན་མི་བྱེད། །ཅེས་གསུངས་དེས་ན་འདིར་འབད་རྣམ་དཀར་གྱིས། །མཚོན་པའི་རང་གཞན་དུས་གསུམ་དགེ་ཚོགས་རྣམས། །འཁོར་གསུམ་དག་དང་ཁྱད་པར་དྲུག་ལྡན་གྱིས། །ཡོངས་བསྔོ་རྒྱལ་བ་གཉིས་པའི་གསུང་བཞིན་བྱ། །སྟོན་པ་བླ་ན་མེད་པའི་བསྟན་པ་དང༌། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ༌། །ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། །སྟོན་པའི་ངང་ཚུལ་ཤེས་ནས་བསྟན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །རྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པའི། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོ་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་དུ། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ལྷག་བསམ་དག་པའི་ཚུལ་འདིར་བརྩོན་པ་ན། །ཚངས་དང་དབང་པོས་འཇིག་རྟེན་སྐྱོང་བ་ལྟར། །མྱུར་མཛད་མགོན་པོ་ལ་སོགས་སྲུང་མས་ཀྱང༌། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག།     །།

གོང་གསལ་ཚིག་རྐང་ཁ་ཤས་མ་ཚང་བ་ནི་རྩོམ་ཟིན་ཕྱག་བྲིས་རང་ལ་གསལ་མི་འདུག་པ། མ་དཔེ་ལྟར་ཞལ་བཤུས་བགྱིས་པ་ལས་དཔེ་བསྡུར་ཞུ་ས་གཞན་མ་རྙེད་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་པར་འཚལ། དེ་ལྟར་བོད་མི་རིགས་ཀྱི་དཔའ་བོ་མཁས་མཆོག་སུ་མ་ཏིའ་ཤྭ་ར་གང་ཉིད་བོད་ལྗོངས་རང་དབང་གཙང་མའི་བདེ་སྐྱིད་ཀྱི་ཆེད་དུ་སྐུ་ལུས་ཁྲི་མུན་དུ་ཆུད་ནས་དོས་དྲག་ཡུན་རིང་གི་མནར་གཅོད་བཟོད་པར་དཀའ་བ་མྱོང་བཞིན་པའི་ངང་འདི་ལྟ་བུའི་རླབས་ཆེན་གྱི་གསུང་རྩོམ་སྤེལ་བ་ནི་སྟོན་པ་མཚུངས་པ་མེད་པའི་རྗེས་འཇུག་ཏུ་ངོ་གནོང་མི་དགོས་པའི་རྒྱལ་སྲས་སེམས་དཔའི་ཆེན་པོའི་སྙིང་སྟོབས་དང་མཛད་སྤྱོད་དངོས་སུ་མཚོན་པར་བྱས་པ་སྟེ་གཟུར་གནས་དཔྱོད་ལྡན་ཡོངས་ཀྱི་ཡི་རངས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་ངེས་སོ།།

འདི་ནི་ཡིག་ཆ་བཤུ་བྲིས་བྱེད་པོའི་གསལ་བཤད་ལགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།