རྒྱ་གཞུང་ལ་ཁུངས་སྐྱེལ་གྱི་བདེན་དཔང་ཅི་ཡང་ཡོད་པ་མ་རེད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡པའི་༡༦ཉིན། ད་ལྟའི་འཆར་བཞུགས་སྒར་དྷ་སར་གནས་སྡོད་བྱས་ཡོད་པའི་ཁམས་ཉག་ཆུ་ཁ་ཁུལ་གྱི་འོ་ཐོག་ཁམས་ནཱ་ལེནྡྲ་ཐེག་ཆེན་ཆོས་གླིང་གི་ཕྱག་མཛོད་ཟུར་པ་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་གྲྭ་ཚེ་རིང་རྡོ་རྗེ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་དང་ཁོང་གིས་ཕྱག་བཏབ་པའི་སློབ་གྲྭ དེ་བཞིན་གྲྭ་བ་ཁོ་རང་ཉིད་རྒྱ་གཞུང་གིས་ཇི་ལྟར་འཛིན་བཟུང་བཙོན་འཇུག་བྱས་ཚུལ་ཐད་འདི་ག་གསར་ཁང་གིས་བཅར་འདྲི་ཞུས་པ་འདི་གསལ།

དེ་ཡང་གྲྭ་ཚེ་རིང་རྡོ་རྗེའམ་མིང་གཞན་ལ་ཚེ་རྡོར་ཞེས་འབོད་པ་ཕྱི་ལོ་༡༩༦༥ལོར་ཁམས་ཉག་ཆུ་ཁ་ཁུལ་ཏུ་སྐྱེས་ཤིང༌། རང་ལོ་༡༨སྟེང་ཁམས་ནཱ་ལེནྡྲ་ཐེག་ཆེན་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ་འདོན་ཁ་ཁྲལ་དང༌། དེ་རྗེས་ཕར་ཕྱིན་དང་བསྡུས་གྲྭ་སོགས་ནང་བསྟན་རིག་པའི་ཤེས་བྱ་ཁག་བསླབ་པ་སློབ་གཉེར་གནང་བ་མ་ཟད། ཐ་སྙད་རིག་གནས་ལའང་སྦྱངས་བརྩོན་གནང་ཡོད་འདུག

གྲྭ་ཚེ་རྡོར་ཁོང་བོད་དུ་སྡོད་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་ཕྱག་བཏབ་པའི་སློབ་གྲྭ་ཞིག་གི་ནང་དགེ་རྒན་གྱི་ཕྱག་ལས་ལོ་༧ཙམ་ལ་གནང་མྱོང་ཁར། སྤྲུལ་སྐུ་ཁོང་དང་འབྲེལ་འདྲིས་ལྡན་སྟབས་རྒྱ་གཞུང་གིས་ཕྱི་ལོ་༡༩༩༦ལོའི་ཟླ་༦པའི་ནང་ཁོང་ལ་ཉེས་མེད་ཉེས་འགད་བྱས་ཏེ། ཟླ་དྲུག་གི་བཙོན་འཇུག་ཉེས་ཆད་བཅད་ཚུལ་ཁོང་གིས་འདི་ལྟར་འགྲེལ་བརྗོད་གནང་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་བཙོན་འཇུག་གི་སྔ་རྗེས་སུ། བོད་མི་༡༥༠ནས་༡༦༠ཙམ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། བཙོན་འཇུག་བྱ་དོན་ནི་རྒྱ་གཞུང་གིས་སྤྲུལ་སྐུ་ཁོང་ལ་མ་ཉེས་ཁ་གཡོག་གི་ཉེས་མིང་ཞིག་ཁོ་ཚོའི་ཁ་ནས་བཙན་གྱིས་ལེན་ཆེད་རེད། ང་རང་ཡང་ནག་ཉེས་ཅི་ཡང་མེད་པར་འཛིན་བཟུང་བཀག་བསྐྱིལ་བྱས་སོང་ལ། བཙན་ཁང་ནང་ད་གསོན་པ་ལས་ཤི་ན་བཟང་བསམ་པའི་མི་སྤྱོད་ལས་འདས་པའི་ཉེས་རྡུང་དང་སྡུག་སྦྱོང་བཏང་སོང༌། ཞེས་བརྗོད་སོང༌།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་ཁམས་ཉག་ཆུ་ཁུལ་དུ་གསར་འཛུགས་གནང་བའི་སློབ་གྲྭ་གཉིས་ཀྱི་སློབ་མ་མང་ཆེ་བ་ནི་དྭ་ཕྲུག་དང་ཁྱིམ་ཚང་དབུལ་བའི་ཕྲུག་གུ་དག་རེད་ལ། རྒྱའི་ཕྲུག་གུའང་འཛུལ་ཞུགས་བྱ་ཆོག་འདུག ཁོང་བཙོན་དུ་བཟུང་རྗེས་སློབ་གྲྭའི་འཛིན་སྐྱོང་དང་ཁ་ལག་སོགས་ཕྱོགས་གང་ཐད་ནས་སྡུག་ཏུ་སོང་སྟབས། སློབ་གྲྭ་གཅིག་འཐོར་བཤིག་ཏུ་ཕྱིན་ཡོད་པ་དང་གཞན་གཅིག་རྒྱ་གཞུང་གིས་གཞུང་བཞེས་བཏང་སྟེ་མཐར་བཤའ་རར་བསྒྱུར་ཡོད་འདུག

གྲྭ་ཚེ་རྡོར་ལགས་ཀྱིས་བརྗོད་གསལ་ལྟར་ན། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ནག་ཉེས་ཐད་ཀྱི་གློག་བརྙན་ཞིག་པར་རིས་དང་གནས་ཚུལ་རྫུན་མ་ཁག་ཅིག་ཕྱོགས་བསྒྲིགས་བྱས་ཏེ་བཟོ་བསྐྲུན་བྱས་ཡོད་ཅིང༌། གློག་བརྙན་དེའི་ནང་སྤྲུལ་སྐུ་ཁོང་གིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཚུལ་གྱི་བརྙན་རིས་ཚན་པ་ཞིག་ཀྱང་རྫུན་བཟོ་བྱས་ཡོད་པ་རེད། འོན་ཏེ་བོད་མི་མང་རྣམས་ཀྱིས་དེ་ལ་ཡིད་ཆེས་བྱེད་ཀྱིན་མེད་ཁར། ཁོང་གློད་བཀྲོལ་གཏོང་དགོས་ལུགས་ཀྱི་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། མདོར་ན་རྒྱ་གཞུང་ལ་ཁོང་གི་ནག་ཉེས་ཁུངས་སྐྱེལ་བྱེད་ཀྱི་བདེན་དཔང་ཅི་ཡང་ཡོད་པ་མ་རེད། ཅེས་དང༌། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས། ཡོ་རོབ་གྲོས་ཚོགས་སོགས་ཀྱིས་བོད་དོན་དང་སྤྲུལ་སྐུ་ཁོང་གི་གློད་བཀྲོལ་ཐད་ལ་གྲོས་ཆོད་བཞག་ཡོད་པ་དང༌། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དག་གིས་མུ་མཐུད་དུ་རྒྱབ་སྐྱོང་གནང་རོགས་ཞེས་ངས་འབོད་སྐུལ་ཞུས་པ་ཡིན། ཞེས་བརྗོད་བྱུང༌།

གཞན་ཡང་སྔར་ལོའི་ཕྱི་ཟླ་༡༢པའི་ནང་ལི་ཐང་ཉག་ཆུ་ཁ་ཁུལ་དུ་བོད་མི་བརྒྱ་ཕྲག་མང་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཉེས་མེད་ཡིན་པ་དང༌། ཁོང་ཉིད་མེད་ན་ང་ཚོའི་ལུང་པར་མི་ཤི་ན་ཚ་དང༌། ནང་འཁྲུག་སོགས་ཡོང་གི་འདུག་པས། ཁོང་ཉིད་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་ཞི་བའི་ངོ་རྒོལ་དང་ཟས་བཅད་ངོ་རྒོལ་གཞི་རྒྱ་ཆེ་བ་བྱས་ཡོད་པ་དང༌། རིང་པོ་མ་འགོར་བར་བོད་མི་༡༦༠ལྷག་འཛིན་བཟུང་དང༌། ༢༠ལྷག་རྨས་སྐྱོན་ཚབ་ཆེན་བཏང་ཡོད་པ་རེད། 

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ཁམས་ལི་ཐང་དུ་འཁྲུངས་པ་དང༌། དགུང་ལོ་བདུན་ལ་ཕེབས་སྐབས་ལི་ཐང་དགོན་པར་ཆོས་ཞུགས་གནང༌། ད་ལྟ་དགུངས་ལོ་༥༩ལ་ཕེབས་པའི་གང་ཉིད་ལ་རྒྱ་ནག་གཞུང་གིས་ནག་མེད་ཉེས་འགེལ་གྱིས་དང་ཐོག་ལོ་གཉིས་སྲོག་ཐོག་དང༌། དེ་རྗེས་ཚེ་བཙོན་བཅས་ཀྱི་ཁྲིམས་ཆད་བཅད་ཡོད་པ་རེད། ཁོན་ནི་བཀུར་དུ་འོས་པའི་ཆོས་དཔོན་ཞིག་དང་བོད་ཀྱི་མ་འོངས་ཕུགས་འགྱངས་རིང་པོར་བོད་མིའི་ངོ་བོ་དང་རིག་གཞུང་བཅས་ལ་ཐུགས་བསམ་བཞེས་མཁན་དང་རྒྱུན་དུ་དེའི་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་ཞིག་ཡིན་པ་མ་ཟད། ཁོང་གིས་འབྲོག་མི་ཚོའི་འཕྲོད་བསྟེན་དང༌། ཤེས་ཡོན། ཆོས་སྡེ། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཐད་ཕྱག་ལས་གནང༌འདུག་ལ། ཕོ་མོ་ཁྱད་མེད་ལ་ཆོས་ཞུགས་བྱ་རྒྱུའི་ཐོབ་ཐང་འདྲ་མཉམ་ཡོད་དགོས་པའི་དགོངས་གཞི་འཁྱེར་མཁན་ཞིག་ཡིན་པ་ལྟར་ཁོང་ནས་བཙུན་དགོན་ཞིག་ཀྱང་ཕྱག་བཏབ་གནང་ཡོད། དེ་བཞིན་ཁོང་གིས་རང་བྱུང་ཁོར་ཡུག་ཐད་དགོངས་པ་བཞེས་གནང་སྟེ། བོད་ཤར་ཕྱོགས་ཁུལ་དུ་ཤིང་སྣ་ཚོད་མེད་གཅོད་འདྲེག་དང་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་མང་དག་ཞིག་ལ་ངོ་རྒོལ་བཀག་སྡོམ་དགོས་པའི་ལས་གཞི་རྒྱ་ཆེན་སྤེལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།