རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་ལ་འཁྱོག་བཤད་ལ་ལན་འདེབས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༣༡ཉིན་སྤེལ། ཉེ་དུས་ལི་ཐང་ཉག་ཆུ་ཁ་ཁུལ་དུ་བོད་མི་བརྒྱ་ཕྲག་མང་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཉེས་མེད་ཡིན་པ་དང༌། ཁོང་ཉིད་མེད་ན་ང་ཚོའི་ལུང་པར་མི་ཤི་ན་ཚ་དང༌། ནང་འཁྲུག་སོགས་ཡོང་གི་འདུག་པས། ཁོང་ཉིད་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་ཞི་བའི་ངོ་རྒོལ་དང་ཟས་བཅད་ངོ་རྒོལ་གཞི་རྒྱ་ཆེ་བ་བྱས་པ་དང༌། རིང་པོ་མ་འགོར་བར་བོད་མི་༡༦༠ལྷག་འཛིན་བཟུང་དང༌། ༢༠ལྷག་རྨས་སྐྱོན་ཚབ་ཆེན་བཏང་ཡོད་པ་རེད། དེ་རྗེས་སྤྲུལ་སྐུ་བསྟནའཛིན་བདེ་ལེགས་རིན་པོ་ཆེ་འཛིན་བཟུང་ཁྲིམས་ཐག་བཅད་རིམ་སྐོར་རྒྱ་ནག་ཉེན་རྟོག་མི་སྣ་འགའ་ཤས་ནས་འཁྱོག་བཤད་བྱས་པར་ལན་འདེབས་ཀྱི་ཚུལ་དུ་རིན་པོ་ཆེ་ཁོང་གི་དངོས་སློབ་ད་ལྟ་རྒྱ་གར་བཞུགས་ཡོད་པ་དགེ་ཉི་མ་དབང་ཕྱུག་ལགས་ཀྱིས་འདི་གར་གསར་ཁང་དུ་འགྲེལ་བརྗོད་གནང་དོན།

ཐོག་མར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ། དར་རྩེ་མདོར་འབར་རྫས་ཐེངས་གསུམ་དང༌། ལི་ཐང་ཤོགས་དྲུག་སྐྱབས་མགོན་གྱི་བཞུགས་གནས། ད་དུང་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུང་དུ་ཡང་འབར་རྫས་བརྒྱབ་ཡོད་པ། གཞན་ཡང་ཁོང་ཚོས་རིན་པོ་ཆེའི་གཟིམས་ཤག་ནང་བུད་མེད་དང་འབྲེལ་བའི་ཅ་དངོས་མང་པོ་ཞིག་ཐོན་ཡོད་ཚུལ་སོགས་དཔང་རྟགས་དང་ཁུང་ལུང་གང་ཡང་མེད་པའི་ཐོག མང་ཚོགས་རྣམས་མགོ་བོ་རྨོང་དུ་བཅུག་པའི་ཉེས་འཛུགས་དེ་ལྟར་བྱས་ཡོད་པ་རེད། ཁོང་ཚོས་དེ་ལྟར་བྱེད་དགོས་པའི་རྒྱུན་མཚན་ནི་བོད་མི་རྣམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་དད་པ་དང་ཡིད་ཆེས་ཆེན་པོ་ཡོད་པའི་དབང་གིས། ཁོང་ཚོས་དད་པ་ཆེན་པོ་ཡོད་པའི་མི་སེར་དང་རིན་པོ་ཆེ་དབར་འགལ་བ་ཆེན་པོ་ཞིག་བཟོ་ཐབས་ཀྱི་ཇུས་ངན་ཞིག་ཡིན་པ་རེད། འོན་ཀྱང་མི་སེར་ཚོས་འབར་རྫས་ཀྱི་དོན་རྐྱེན་དེ་ནི་རིན་པོ་ཆེར་ཉེས་འཛུགས་ཆེད་རྒྱ་ནག་རང་གི་ལྐོག་ཇུས་བཤམས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན། འབར་རྫས་གས་ཐོར་བྱུང་ཡུལ་རྒྱ་ནག་ཁྲན་ཏུང་གྲོང་ཁྱེར་དུ་ཡོད་པའི་༼མི་མང་ཐོག་བརྩེགས་ཆེན་མོ་༽ཟེར་བ་དེར་རྒྱུན་དུ་དམག་མི་དང་ཉེན་རྟོག་པས་དམ་དྲག་ཆེན་པོ་འོག་མི་སེར་དཀྱུས་མ་ཞིག་བཅར་ཐབས་མེད་པ་ཞིག་རེད།

མ་ཚད་གང་ཉིད་ནི་རྒྱུན་དུ་མི་གསོད་ཁྲག་སྦྱོར་ཙམ་ཕར་ཞོགས། ཐ་ན་འབུ་གྲོ་མ་ཡན་ཆད་ལ་བྱམས་སྙིང་རྗེ་དང་སྲུང་སྐྱོབ་གནང་མཁན་ནང་པའི་དགེ་སློང་ཞིག་ཡིན་པས་རེད།

གཉིས་ནི་རྒྱུན་དུ་ལི་ཐང་ཤོགས་དྲུག་སྐྱབས་མགོན་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་དབར་ཐུགས་གཤིས་ཧ་ཅང་མཐུན་པས། རྒྱ་ནག་གཞུང་གིས་དེ་ལྟར་འབར་རྫས་བརྒྱབ་པ་རེད་ཟེར་བ་ནི། མི་མང་རྣམས་ཀྱི་བློའི་ཡུལ་དུ་མེད་པའི་རྫུན་གཏམ་ཞིག་དང༌། བོད་མི་ནང་ཁུལ་ཁ་བྲལ་གཏོང་བྱེད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གཞན་ཡང་རྒྱ་ནག་གཞུང་གིས་གང་ཉིད་ལ་བུད་མེད་དང་འབྲེལ་བའི་ཅ་དངོས་མང་པོ་ཞིག་འདུག་ཟེར་བ་ནི། བསམ་མེད་བྱིས་པའི་སྐད་ཆ་ཞིག་ཡིན་པས་དེ་ལ་ལན་འདེབས་བྱ་རྒྱུའི་དགོས་པ་ཆུང་ཞེས་འགྲེལ་བརྗོད་གནང་བྱུང༌།

 སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ཁམས་ལི་ཐང་དུ་འཁྲུངས་པ་དང༌། དགུང་ལོ་བདུན་ལ་ཕེབས་སྐབས་ལི་ཐང་དགོན་པར་ཆོས་ཞུགས་གནང༌། ད་ལྟ་དགུངས་ལོ་༥༩ལ་ཕེབས་པའི་གང་ཉིད་ལ་རྒྱ་ནག་གཞུང་གིས་ནག་མེད་ཉེས་འགེལ་གྱིས་དང་ཐོག་ལོ་གཉིས་སྲོག་ཐོག་དང༌། དེ་རྗེས་ཚེ་བཙོན་བཅས་ཀྱི་ཁྲིམས་ཆད་གཅོད་བཞིན་ཡོད་པ་རེད།

གང་ཉིད་ནི་བཀུར་དུ་འོས་པའི་ཆོས་དཔོན་ཞིག་དང་བོད་ཀྱི་མ་འོངས་ཕུགས་འགྱངས་རིང་པོར་བོད་མིའི་ངོ་བོ་དང་རིག་གཞུང་བཅས་ལ་ཐུགས་བསམ་བཞེས་མཁན་དང་རྒྱུན་དུ་དེའི་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་ཞིག་ཡིན། ཁོང་ནི་སྐུ་ཚེ་ཧྲིལ་པོར་འབྲོག་མི་ཚོའི་འཕྲོད་བསྟེན་དང༌། ཤེས་ཡོན། ཆོས་སྡེ། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཐད་ཕྱག་ལས་གནང༌། མ་ཚད་རྒྱུན་དུ་ཕོ་མོ་ཁྱད་མེད་ལ་ཆོས་ཞུགས་བྱ་རྒྱུའི་ཐོབ་ཐང་འདྲ་མཉམ་ཡོད་དགོས་པའི་དགོངས་གཞི་འཁྱེར་མཁན་ཞིག་ཡིན་པ་ལྟར་ཁོང་ནས་བཙུན་དགོན་ཞིག་ཀྱང་ཕྱག་བཏབ་གནང་ཡོད། དེ་བཞིན་གང་ཉིད་རྒྱུན་དུ་རང་བྱུང་ཁོར་ཡུག་ཐད་དགོངས་པ་བཞེས་མཁན་ཞིག་ཡིན་པ་ལྟར་ཁོང་ནས་བོད་ཤར་ཕྱོགས་ཁུལ་དུ་ཤིང་སྣ་ཚོད་མེད་གཅོད་འདྲེག་དང་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་མང་དག་ཞིག་ལ་ངོ་རྒོལ་བཀག་སྡོམ་དགོས་པའི་ལས་གཞི་རྒྱ་ཆེན་སྤེལ་ཡོད།

སྤྲུལ་སྐུ་ཁོང་ནི་བོད་རྒྱ་གཉིས་ཀའི་སྤྱི་ཚོགས་ནང་མཚན་སྙན་ཆེ་བ་དང༌། ལྷག་པར་ཁོང་ནས་རྒྱུན་དུ་བོད་མིའི་ངོ་བོ་མི་ཉམས་རྒྱུན་འཛིན་གནང་བ་བཅས་ལ་བརྟེན་རྒྱ་གཞུང་ནས་ཁོང་ལ་བརྟེན་ནས་ས་ཁུལ་དེའི་མངའ་དབང་ཤོར་སྲིད་པའི་དོགས་པ་བྱེད་བཞིན་ཡོད། དེར་བརྟེན་ཁོང་འཛིན་བཟུང་མ་བྱས་བར་གྱི་ལོ་བཅུ་ཙམ་རིང་ཁོང་ནི་རྟག་ཏུ་རྒྱ་གཞུང་ནས་སྐྱོན་འཛུགས་དང༌། འཇིགས་སྐུལ་སོགས་བྱ་ཡུལ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༥༢༠༡༡༢༣༥༡
དྲྭ་སྟེང་དུ་ཡིག་གེ་བྲིས་སྐབས་མ་ནོར་བྱེད་གལ་ཆེ།།
2 ༡༩༢༠༡༠༠༡༠༥
ཁྱེད་རྣམ་པའི་ལས་དོན་ལ་བཀྲ་ཤིས་བདེ་ལེགས་ཡོད།
གདོང་དམར་གྱི་རྒྱུད་ཤི་རྒྱུ་དུས་ནམ་ཡང་སྐྲག་ག་ལ་མྱོང་། བོད་ལོ་རྒྱུས་ཐོག་ང་ཚོ་བོད་པ་སྐེ་གཉའ་ནམ་ཡང་སྒུར་མ་མྱོང་། རྒྱ་དམར་གྱི་དཔོན་ངན་རྣམས་ལྐོག་བསད་གཏོང་དགོས། མྱོར་དུ་ལག་ལེན་བྱ་དགོས་བོད་པ་ཚོ།



བརྗོད་གཞི་གཞན་ཁག་ལ་གཟིགས།