ཉེས་རྡུང་དྲག་པོ་འོག་ཉིན་གསུམ་རིང་ཁ་ལག་སྤྲད་མ་བྱུང༌།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ༢༠༠༩ཟླ་༡༢ཚེས་༡༧ཉིན་སྤེལ། ཆབ་སྲིད་བཙོན་ཟུར་ཀུན་བཟང་བསོད་ནམ་ལགས་ནི་ན་ནིང་སུམ་ཅུ་དུས་དྲན་ལས་བདུན་ཕྲག་གཉིས་ཙམ་གྱི་རྗེས། སྤྱི་ལོ་༢༠༠༨ཟླ་༣ཚེས་༢༨ཉིན་རྒྱ་གར་ལ་བཙན་བྱོལ་ཡོང་བ་ཞིག་རེད། ཁོང་གིས་བརྗོད་པ་ལྟར་ན། ལྷ་ས་ནས་བལ་ཡུལ་ས་མཚམས་འགྲམ་བར་དུ་རོགས་པ་བྱེད་མཁན་གྲོགས་པོ་ཞིག་དང་མཉམ་དུ་རྒྱ་མིའི་རླངས་འཁོར་ཞིག་གླས་ནས་རྒྱ་སྒོར་༥༠༠༠ཐམ་པ་སྤྲད་ཡོད་འདུག་པ་དང༌། དེ་རྗེས་བལ་ཡུལ་ཉེན་རྟོག་པར་ལྐོག་རྔན་རྒྱ་སྒོར་༦༠༠༠ཙམ་སྤྲད་དགོས་བྱུང་ཡོད་འདུག

ཀུན་བཟང་བསོད་ནམ་ལགས་ནི་ད་ལྟ་ལོ་ན་༣༨ཙམ་རེད་འདུག ཁོང་ཉིད་བོད་དུ་བཞུགས་ཡོད་པའི་སྐབས་རྒྱ་མི་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་ཙམ་བྱས་ཡོད་འདུག ཐེངས་དང་པོ་དེ་སྤྱི་ལོ་༡༩༨༨ལོར་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་གིས་ཁོང་ཉིད་ཆུང་དུས་ནས་རྒྱ་བོད་དབར་འཁྲུག་རྩོད་དང་མི་མཐུན་པའི་འགལ་བ་སོགས་ཡོད་པ་ཅུང་ཙམ་ཤེས་ཀྱི་ཡོད་ཅེས་གསུངས་བྱུང༌།

ཁོང་ཉིད་དེ་སྔོན་སྤྱི་ལོ་༡༩༨༨ལོའི་སྤྱི་ཟླ་༣པའི་ནང་ལྷ་ས་རུ་གཞི་རྒྱ་ཆེ་བའི་ཞིལ་རྒོལ་ནང་ཞི་རྒོལ་བ་བརྒྱ་ཕྲག་ཁ་ཤས་དང་ལྷན་དུ་མཉམ་ཞུགས་བྱས་པའི་རྐྱེན་གྱིས། ལྷ་ས་རྒུ་ཚ་བཙོན་ཁང་དུ་ཟླ་བ་༧ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག བཙོན་ཁང་དེར་ཁང་མིག་རེའི་ནང་ས་ཕྱོགས་གང་ས་ནས་ཡིན་པའི་བཙོན་པ་༡༨ནས་༣༠བར་མཉམ་འཇུག་དང༌། ཡང་ནས་ཡང་དུ་འདྲི་བརྩད་དང་རྡུང་རྡེབ་སོགས་བཏང་གི་ཡོད་འདུག

ཡང་ཁོང་གིས་བརྗོད་དོན། ཐེངས་ཤིག་ཉེན་རྟོག་པས་ཁོང་གི་ལག་པ་གཡོན་མ་ཁང་པའི་ཐོག་སྤང་ལ་བཏགས་ནས་ཉིན་གསུམ་རིང་ཟ་རྒྱུ་དང་འཐུང་རྒྱུ་གང་ཡང་སྤྲད་ཡོད་མི་འདུག གཞན་ཡང་ཁོང་ལ་ཉིན་གསུམ་རིང་ཁ་ལག་གང་ཡང་མ་སྤྲད་པ་རྡུང་རྡེབ་མང་པོ་ཞིག་བཏང་ཡོད་པ་དེ་ནི། ཁོང་གིས་ནམ་ཡང་བརྗེད་པ་དཀའ་བའི་ལོ་རྒྱུས་ཤིག་ཡིན་གསུངས་བྱུང་།

ཡང་སྤྱི་ལོ་༡༩༩༩ལོའི་སྤྱི་ཟླ་༡༠པའི་ཚེས་༡ཉིན་ཁོང་གིས་བོད་ཤར་ཕྱོགས་དར་རྩེ་མདོ་རུ་བོད་པའི་རྒྱལ་དར་སྒྲེང་འཛུགས་བྱས་པའི་རྐྱེན་གྱིས། ཁོང་ཉིད་སླར་ཡང་བཙོན་འཇུག་ཐེངས་གཉིས་པ་དེ་བྱས་ཡོད་འདུག སྤྱིར་ཁོང་ཉིད་ཀྱིས་བཙོན་འཇུག་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་རུང༌། སྔོན་མ་རྒྱ་གཞུང་གིས་ཁོང་ལ་མནར་གཅོད་ཚད་མེད་བཏང་བ་དེས་སེམས་ཤུགས་མ་ཆགས་པར་སླར་ཡང་ལས་འགུལ་སྤེལ་ཡོད་འདུག དེའི་སྐབས་སུ་ཉེན་རྟོག་པས་ཁོང་ཉིད་འཛིན་བཟུང་གིས་ཉེན་རྟོག་ལས་ཁུངས་སུ་འཁྲིད་ནས་ཉིན་ལྔ་རིང་འདྲི་བརྩད་དང༌། ཉེས་རྡུང་མང་པོ་བཏང་ཡོད་འདུག་ལ། ལྷག་པར་བཙན་བྱོལ་བོད་གཞུང་དང་འབྲེལ་བ་ཡོད་ཚུལ་དང༌། སུས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་སྐུལ་སློང་བྱས་ཡོད་མེད་སྐོར་ཡང་ནས་ཡང་དུ་འདྲི་བརྩད་བྱས་ཡོད་འདུག

རྒྱུན་དུ་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་ནག་གཞུང་གིས་གློག་ཆས་བདེ་སྤྱོད་བཏང་ནས་རྡུང་རྡེབ་གཏོང་བཞིན་པ་ལྟར། ཁོང་ལ་ཡང་ཆུ་ནང་ལ་གློག་གཏོང་ནས་སྡུག་སྦྱོང་ཚད་མེད་བཏང་ཡོད་འདུག་པས་མ་ཚད། ལོ་གཅིག་དང་ཟླ་བ་བརྒྱད་རིང་ཁོང་ཉིད་གཅིག་པུ་དོ་དམ་བཙོན་འཇུག་བྱས་ཡོད་འདུག

ཁོང་ཉིད་ཀྱིས་ལས་འགུལ་དེ་ལྟར་སྤེལ་བའི་རྐྱེན་གྱིས་ཁོང་གི་ནང་མིར་ལ་ཡང་དཀའ་ངལ་འཕྲད་པ་དཔེར་ན། ཁོང་གི་བུ་ཕྲུག་སློབ་གྲྭར་ཡང་ཞུགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འཔྲད་ཡོད་འདུག ཁོང་ཉིད་ཐེངས་གཉིས་པ་འཛིན་བཟུང་བཙོན་འཇུག་སྐབས་ནང་མིའི་བདེ་སྡུག་ཆེད་ཁོང་ཉིད་སྐྱེས་དམན་དང་ཁ་བྲལ་དགོས་བྱུང་ཡོད་འདུག

མཇུག་མཐར་ཁོང་ལ་མནར་གཅོད་གཏོང་མཁན་གྱི་རྒྱ་མི་དེ་ཚོར་ཁོང་ཁྲོ་ལང་གི་ཡོད་མེད་སྐོར་སྐད་ཆ་དྲིས་དུས། ཁོང་གིས་རྒྱ་ནག་གཞུང་ཁོ་ན་ལ་ཁོང་ཁྲོ་ལང་གི་འདུག་པ་ལས་རྡུང་རྡེབ་གཏོང་མཁན་དེ་ཚོར་ཁོང་ཁྲོ་ལང་གི་མི་འདུག་ཞེས་འགྲེལ་བརྗོད་གནང་བྱུང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༦༢༠༡༡༠༠༠༠
དཔའ་བོ་ཁྱེད་བཙན་འོག་ཏུ་སྲོག་མ་ཤོར་བ་བཙན་བྱོར་དུ་བདེ་ཐང་ངང་འབྱོར་བར་བཀྲ་ཤིས་བདེ་ལེགས་ཡོད། རྗེས་སུ་ཁྱེད་སྐུ་གཟུགས་བདེ་ཐང་དང་བྱ་བ་རྣམས་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།