སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༤ཉིན་སྤེལ། ༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། རང་ལོ་ ༥༩ བོད་ཤར་ཕྱོགས་ཁམས་ལི་ཐང༌། ད་ལྟའི་གནས་སྟངས། ཚེ་བཙོན། ལོ་གཉིས་སྲོག་ཐོག་ཆག་ཡངས།

 བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི། བཀུར་དུ་འོས་པའི་ཆོས་དཔོན་ཞིག་དང་བོད་ཀྱི་མ་འོངས་ཕུགས་འགྱངས་རིང་པོར་བོད་མིའི་ངོ་བོ་དང་རིག་གཞུང་བཅས་ལ་ཐུགས་བསམ་བཞེས་མཁན་དང་རྒྱུན་དུ་དེའི་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་ཞིག་ཡིན། ཁོང་ནི་ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ཁམས་ལི་ཐང་དུ་འཁྲུངས་པ་དང༌། དེའི་རྗེས་དགུང་ལོ་བདུན་ལ་ཕེབས་སྐབས་ལི་ཐང་དགོན་པར་ཆོས་ཞུགས་གནང༌།

 ཁོང་ནས་སྐུ་ཚེ་ཧྲིལ་པོར་འབྲོག་མི་ཚོའི་འཕྲོད་བསྟེན་དང༌། ཤེས་ཡོན། ཆོས་སྡེ། སྤྱི་ཚོགས་ཡར་རྒྱས་བཅས་ཀྱི་ཐད་ཕྱག་ལས་གནང༌། ཁོང་ནི་རྒྱུན་དུ་ཕོ་མོ་ཁྱད་མེད་ལ་ཆོས་ཞུགས་བྱ་རྒྱུའི་ཐོབ་ཐང་འདྲ་མཉམ་ཡོད་དགོས་པའི་དགོངས་གཞི་འཁྱེར་མཁན་ཞིག་ཡིན་པ་ལྟར་ཁོང་ནས་བཙུན་དགོན་ཞིག་ཀྱང་ཕྱག་བཏབ་གནང་ཡོད། དེ་བཞིན་ཁོང་ནི་རྒྱུན་དུ་རང་བྱུང་ཁོར་ཡུག་ཐད་དགོངས་པ་བཞེས་མཁན་ཞིག་ཡིན་པ་ལྟར་ཁོང་ནས་བོད་ཤར་ཕྱོགས་ཁུལ་དུ་ཤིང་སྣ་ཚོད་མེད་གཅོད་འདྲེག་དང་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་མང་དག་ཞིག་ལ་ངོ་རྒོལ་བཀག་སྡོམ་དགོས་པའི་ལས་གཞི་རྒྱ་ཆེན་སྤེལ་ཡོད།

 སྤྲུལ་སྐུ་ཁོང་ནི་བོད་རྒྱ་གཉིས་ཀའི་སྤྱི་ཚོགས་ནང་མཚན་སྙན་ཆེ་བ་དང༌། ལྷག་པར་ཁོང་ནས་རྒྱུན་དུ་བོད་མིའི་ངོ་བོ་མི་ཉམས་རྒྱུན་འཛིན་གནང་བ་བཅས་ལ་བརྟེན་རྒྱ་གཞུང་ནས་ཁོང་ལ་བརྟེན་ནས་ས་ཁུལ་དེའི་མངའ་དབང་ཤོར་སྲིད་པའི་དོགས་པ་བྱེད་བཞིན་ཡོད། དེར་བརྟེན་ཁོང་འཛིན་བཟུང་མ་བྱས་བར་གྱི་ལོ་བཅུ་ཙམ་རིང་ཁོང་ནི་རྟག་ཏུ་རྒྱ་གཞུང་ནས་སྐྱོན་འཛུགས་དང༌། འཇིགས་སྐུལ་སོགས་བྱ་ཡུལ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད།

ཁོང་བཙན་བྱོལ་དུ་ཆོས་ཞུགས་གནང་པའི་རིང་ྋགོང་ས་མཆོག་ནས་སྤྲུལ་སྐུའི་ངོས་འཛིན་གནང་བ་དང་མཚན་ཡང་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞེས་བསྩལ་གནང་བ་རེད། དེ་རྗེས་བཙན་བྱོལ་ནས་རང་ཡུལ་དུ་ཕྱིར་ཕེབས་མ་ཐག་རྒྱ་གཞུང་གི་མིག་སྣང་དུ་ཁོང་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ཁོང་ནས་ཕྱི་ལོ་ ༡༩༨༢ ནས་ ༡༩༨༧ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་གདན་ས་འབྲས་སྤུངས་ཆེན་མོར་ཆོས་ཞུགས་གནང་ཡོད། དེ་རྗེས་ཁོང་ཕྱིར་བོད་དུ་ལོག་སྐབས་ལི་ཐང་ཉག་ཆུ་རྫོང་དུ་འབྱོར་སྐབས་རྒྱ་གཞུང་ནས་ཁོང་གི་ཆོས་ཕྱོགས་དང་སྤྱི་ཚོགས་འཕྲོས་ཀྱི་མཛད་འཕྲིན་ཁག་ལ་འགོག་རྐྱེན་བཟོ་འགོ་བཙུགས་ཀྱང་ཁོང་གི་ཐུགས་བསམ་བཞེས་ཕྱོགས་ཐད་དོ་ཕོག་གང་ཡང་ཕྱིན་མེད།

ཁོང་ནས་རང་གི་ས་ཁུལ་དེར་འཇམ་དབྱངས་ཆོས་འཁོར་གླིང་དགོན་བཞེངས་སྐབས་རྒྱ་གཞུང་ནས་བཀག་འགོག་བྱས་པར་བརྟེན་ཁོང་པེ་ཅིན་དུ་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་མ་གཤེགས་པའི་ལོ་གཅིག་གོང་ཆེད་བཅར་ཞུས་ཏེ་གཞུང་འབྲེལ་བཀའ་ཁྲོལ་ཐོབ་པ་བྱུང་ཡོད། དེ་རྗེས་ ༡༩༩༡ ནས་ ༡༩༩༥ བར་རིན་པོ་ཆེ་མཆོག་ནས་དགོན་པ་བདུན་ཙམ་གསར་བཞེངས་གནང་ཡོད། དེ་བཞིན་དུ་རྒན་གསོ་ཁང་དང༌། ད་ཕྲུག་དང་ཉམས་ཐག་ཕྲུ་གུའི་ཆེད་སློབ་གྲྭའང་གསར་བཙུགས་གནང་ཡོད།

ཁོང་ནི་ཁོར་ཡུག་སྲུང་སྐྱོབ་ཐད་ལས་གཞི་སྤེལ་མཁན་གྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། ཁོང་ནི་བོད་ཀྱི་གུད་ཉེན་ཆེ་བའི་ཁོར་ཡུག་དེར་ཁོར་ཡུག་བཏང་སྙོམས་དགོས་པ་གལ་ཆེར་ཤེས་ཚོར་ཐུབ་མཁན་ཞིག་ཡིན།

 ཁོང་ནས་ས་ཆུར་གནོད་གཞིའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དང༌། ས་རུད་དང་ཆུ་བརློག་ཡོང་གཞིའི་ཤིང་སྣ་གཅོད་འདྲེག སྲོག་ཆགས་རྩ་སྟོང་འགྲོ་གཞྀའི་སེམས་ཅན་སྣ་ཚོགས་ཚད་མེད་གསོད་པ་བཅས་ལ་བཀག་སྡོམ་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་ཡོད། སྤྲུལ་སྐུ་ཁོང་གི་བཀའ་སློབ་དེ་དག་ལས་ས་གནས་དཔོན་རིགས་ཚོར་དོགས་ཟོན་བྱ་དགོས་བྱུང་བ་ནི་གཏེར་ཁ་སྔོག་འདོན་དང༌། ཤིང་སྣ་གཅོད་འདྲེག སེམས་ཅན་ཁྱི་རྭ་རྒྱག་པ་བཅས་ཀྱི་ལས་གཞིའི་བརྒྱུད་དཔོན་རིགས་ཚོས་སྒེར་གྱི་ཁེ་ཕན་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཡོད་འདུག། དེ་བཞིན་རིན་པོ་ཆེ་ངོས་ནས་ཤིང་སྣ་གཅོད་འདྲེག་བཀག་སྡོམ་གྱི་ལས་གཞིར་དམིགས་བསལ་གྱི་ཐུགས་འགན་རྐང་བཞེས་གནང་གི་ཡོད། ལྷག་པར་ཤིང་སྣ་རྩ་བཀོག་འགོག་རྒྱུའི་ལས་གཞི་ནི་ཕྱི་ལོ་ ༡༩༨༧ ནས་ ༡༩༨༨ ལོར་གནང་འགོ་བཙུགས་པ་དང་ཕྱི་ལོ་ ༡༩༩༣ ལོའི་ཕྱི་ཟླ་ ༡༡ ནང་ལས་གཞི་དེ་དངོས་སུ་གཞུང་དང་གདོང་ཐུག་བྱུང་སྟེ་གཞུང་གི་མི་སྣས་མང་ཚོགས་ལ་བདག་དབང་ཡོད་པའི་ས་ཤིང་རིགས་ས་བཅད་ཀྱིས་གཞུང་བཞེས་བྱས་པར་རིན་པོ་ཆེ་མཆོག་ནས་ས་གནས་མི་མང་དང་ཁྱིམ་གྱི་འཐུས་མི་འདུ་སྐོང་གནང་སྟེ་རིན་པོ་མཆོག་བཙོན་དུ་འགྲོ་དགོས་བྱུང་ཀྱང་མུ་མཐུད་དེ་གནས་དོན་དེ་འཐབ་རྩོད་གནང་རྒྱུ་ཡིན་སྐོར་གསུངས་འདུག གནས་ཚུལ་ཐོན་གསལ་ཞིག་ལ་རིན་པོ་ཆེ་ནས་གསུངས་དོན་དུ། ང་ཚོ་ཚང་མས་མཁྱེན་གསལ་ལ་ཤིང་ནགས་དེ་དག་ནི་སྤྱི་པའི་ཤིང་ནགས་ཡིན་ན་ཡང༌། གཞུང་གི་མི་སྣ་འགའ་རེས་ཤིང་ནགས་དེ་དག་ནང་འཛུལ་ཐབས་བྱེད་བཞིན་ཡོད་པ་དང༌། གལ་ཏེ་དེ་ལྟར་ཆགས་ཚེ་ཁོང་ཚོས་ཤིང་ནགས་རྣམས་རྩ་མེད་བཟོ་ངེས་ཡིན་པར་སོང་ང་ཚོ་ཚང་མས་དེའི་ཐོག་འབད་རྩོལ་གནང་གལ་དང༌། གལ་ཏེ་ང་ཚོས་སྣང་མེད་ཤོར་ཚེ་རང་བྱུང་ཁོར་ཡུག་ལ་གནོད་འཚེ་འགྲོ་རྒྱུ་དང༌། དེའི་རྐྱེན་གྱིས་ཆར་རླུང་དང་ཆུ་རློག་ཡོང་ངེས་རེད། ཞེས་གསུངས་སོ།

 དེ་ནས་ཉིན་ཤས་རྗེས་ཨོ་ཏོག་དགོན་པའི་དགེ་འདུན་གསུམ་ནས་ས་གནས་གཞུང་གི་མི་སྣ་དང་ཐད་ཀར་གདོང་ཐུག་བྱུང་འདུག སྐབས་དུས་ཡོད་པའི་དགེ་འདུན་པ་གཅིག་ནས་གསུངས་དོན། གལ་ཏེ་ང་ཚོ་བཙོན་དུ་འགྲོ་དགོས་བྱུང་ཀྱང་ཁོ་ཚོའི་བྱ་སྤྱོད་དེ་ཚོར་ང་ཚོས་ངོས་ལེན་མེད་ཞེས་བཤད་པ་ཡིན། འོན་ཀྱང་ཁོ་ཚོའི་རྩ་བ་ནས་ཉན་འཇོག་མི་བྱས་པར་མཐར་ཚུར་བཤད་དོན་དུ། ང་ཚོས་རྙོག་གླེང་འདི་བཟོ་མཁན་སུ་ཡིན་མིན་རྩད་ཞིབ་བྱས་དང་བྱེད་བཞིན་ཡོད་པས་ད་ཆ་ང་ཚོས་ཤེས་སོང༌། ད་ཁྱེད་རང་ཚོ་ཕར་རང་དགོན་དུ་ལོག་ན་འགྲིག རྗེས་སུ་ཁྱེད་ཚོར་འབྲེལ་བ་བྱས་ཆོག ཞེས་གསུངས། འོན་ཀྱང་ང་ཚོས་ཕྱིར་ལོག་བྱས་མེད་སྟབས་ཁོང་ཚོས་ཉེན་རྟོགས་པ་སྐད་བཏང་སྟེ་བརྡུང་འདེགས་དང་བཅས་ང་ཚོ་ཕྱིར་འབུད་བྱེད་ཤོག་ཞེས་མངགས་པ་ལྟར་ང་ཚོར་བརྡུང་འདེགས་བཏང་སྟེ་ཁང་པ་ནས་ཕྱིར་འབུད་བཏང༌། དེ་ནས་རྙོག་གླེང་དེ་དག་གི་བྱུང་རྐྱེན་སྤྲུལ་སྐུ་མཆོག་ལ་ཁ་གཡོག་བྱས་པ་མ་ཟད། གཞུང་གི་མི་སྣས་ཁོ་རང་ཚོས་གོ་གནས་བེད་སྤྱོད་ཀྱིས་མི་མང་རྣམས་ལྷིང་འཇགས་ཡོང་བ་བཟོས་ཡོད་ཞེས་བཤད་འདུག། དེ་ནས་མཐོ་རིམ་དཔོན་རིགས་ངོས་ནས་ཤིང་ནགས་ཀྱི་རྙོག་གླེང་ཐད་བསམ་ཞིབ་གནང་རྒྱུ་ཁས་ལེན་བྱས་འདུག་པ་ལྟར་རིན་པོ་ཆེ་ནས་ཀྱང་དེར་ངོས་ལེན་ཞུས་འདུག འོན་ཏེ་རིང་པོར་མ་འགོར་བར་མཐོ་རིམ་དཔོན་རིགས་ཚོས་མི་མང་ལ་བདག་དབང་ཡོད་པའི་ཤིང་ནགས་རྣམས་ཕྱིར་མི་མང་ལ་རྩིས་སྤྲོད་བྱ་རྒྱུར་དོན་དངོས་ཁས་ལེན་མེད་པ་གསལ་པོ་ཆགས་ཡོད། དེ་ནས་སྤྲུལ་མཆོག་དང་སྐྱ་སེར་འཐུས་མི་གཞན་ལྔ་ནས་ཞུ་སྙན་དང༌། དཔར། ཕྱག་བྲིས་བཅས་མནམ་སྟེ་ཟི་ཁྲོན་སྲིད་གཞུང་དུ་ཞུ་གཏུག་བྱས་པར་བཅར་བ་དང༌། སྐབས་དུས་དེ་ནས་ཡ་ལེན་གང་ཡང་མ་གནང་ཚེ་དབུས་གཞུང་དུ་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་གསུངས་འདུག དེ་ནས་ཟི་ཁྲོན་སྲིད་གཞུང་ནས་ཡ་ལེན་མ་བྱུང་བར་བརྟེན་ཁོང་རྣམས་པེ་ཅིན་དབུས་གཞུང་གི་མི་སྣར་ཞུ་གཏུག་གནང༌། མཐར་ས་གནས་སྲིད་གཞུང་ནས་ཁོ་རང་ཚོས་ཁས་ལེན་བྱས་པ་ལྟར་མི་མང་ལ་བདག་དབང་ཡོད་པའི་ས་ཤིང་རྣམས་མང་ཚོགས་ལ་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་གནང༌། སྤྱིར་གནས་དོན་དེ་ཞི་འཇམ་ངང་སེལ་ཐུབ་པ་བྱུང་ཡང་ཞུ་གཏུག་པ་གཅིག་བཙོན་འཇུག་བྱས་འདུག གནས་དོན་དེའི་འཐབ་རྩོད་ལ་རྒྱལ་ཁ་བྱུང་ཐུབ་པར་བརྟེན་སྤྲུལ་སྐུ་ཁོང་གི་མཚན་སྙན་ཡང་སྔར་ལས་རྒྱས་ཤིང་ཁོང་གི་ཆོས་སྡེའི་ཤུགས་རྐྱེན་ཡང་འཕེལ། དེ་རྗེས་ཡུལ་མི་རྣམས་ནས་རྙོག་གླེང་བར་འདུམ་གནང་རྒྱུར་རིན་པོ་ཆེ་ལ་བཅར་རྒྱུ་ཇེ་མང་དུ་ཕྱིན་པ་ལྟར་ས་གནས་དཔོན་རིགས་ཚོའི་མིག་སྔར་དུའང་རིན་པོ་ཆེ་མཆོག་ལ་སྡང་སེམས་སྔར་ལས་ཆེ་བར་སོང༌།

དེ་ནས་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཁག་ལ་རྒྱ་གཞུང་ནས་གསང་ཉུལ་རྟོགས་ཞིབ་མུ་མཐུད་བྱ་རྒྱུར་ཤུགས་ཆེ་བཏང་ཡོད། ཕྱི་ལོ་ ༢༠༠༠ ལོའི་ཟླ་བ་ ༦ ནང་རིན་པོ་ཆེ་མཆོག་ནས་གསུངས་དོན་དུ། ཉེ་ཆར་ངོས་རང་ཆོས་རིག་ལས་ཁུངས་དང་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་སུ་སྐད་བཏང་ནས་ཁོ་ཚོས་ང་ལ། ཁྱེད་ནས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང༌། པཎ་ཆེན་ཆུང་སྲིད། དེ་བཞིན་རང་ཉིད་ཀྱི་འདྲ་པར་བཅས་ཉར་མི་ཆོག་ཞེས་ལབ། གང་ལ་ཞེ་ན། འདྲ་པར་རྣམས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་པས་དེ་རིགས་མི་ཆོག་པ་དང༌། ཁྱེད་ནས་ཀྱང་བླ་མའི་མཚན་གནས་བཞེས་མི་ཆོག་ཞེས་ལབ། དེ་ནས་ངོས་ནས་ཕར་ལེན་འདེབས་སུ། ང་ལ་བླ་མའི་མཚན་གནས་དགོས་དོན་མེད་པ་མ་ཟད་དགེ་འདུན་པའི་མཚན་གནས་ཡང་དགོས་དོན་མེད། འོན་ཀྱང་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་དེ་དགོས་ཡོད། ཞེས་གསུངས།

ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་ཟི་ཁྲོན་རྒྱལ་ས་བྲིན་དྷུར་འབར་གས་བྱུང་རྗེས་རིན་པོ་ཆེ་མཆོག་གི་ཐག་རིང་གཉེན་ཚན་བློ་བཟང་དོན་གྲུབ་འཛིན་བཟུང་བྱས། དེ་ནས་ཉིན་བཞིའི་རྗེས་མཚན་མོ་ཞིག་ལ་ཉག་ཆུ་ཁར་ཡོད་པའི་འཇམ་དབྱངས་ཆོས་འཁོར་གླིང་དགོན་དུ་རྒྱ་མིའི་དམག་མི་སླེབས་ཏེ་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་ཉར་བྱས། སྐབས་དུས་ཁོང་གི་ཕྱག་རོགས་བཞི་ཡང་མཉམ་དུ་བཀག་ཉར་བྱས། དེ་རྗེས་ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༢༩ ཉིན་ཁོང་གཉིས་ལ་ཉེས་ཆད་བཏང་རྗེས་ཉིན་གསུམ་རིང་ཁོང་གཉིས་ལ་གསང་བའི་ཁྲིམས་བཅད་བྱུང་རྗེས་བློ་བཟང་དོན་གྲུབ་ཁོང་ལ་འབར་རྫས་གཏོར་མཁན་དང་རིན་པོ་མཆོག་ལ་དེའི་ཇུས་འགོད་པར་ངོས་འཛིན་གྱིས་ཐག་གཅོད་བྱས། རིན་པོ་ཆེ་མཆོག་ལ་ནག་ཉེས་འཕོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བློ་བཟང་དོན་གྲུབ་དཔང་པོར་བཀོད་པ་ཙམ་ལས་གཞན་ཁུངས་སྐྱེལ་ར་སྤྲོད་གང་ཡང་བྱུང་མེད། དེའང་རྗེས་སོར་བློ་བཟང་དོན་གྲུབ་ནས་ཁོང་ཉིད་ལ་ཉེས་བརྡུང་ཚད་མེད་བཏང་སྟེ་བཙན་དབང་ཐོག་ཁས་ལེན་ཞུ་བཅུག་སོང་ཞེས་གསུངས་ཡོད། དེ་མིན་གྱི་དཔང་རྟགས་ཁག་རྒྱ་གཞུང་ནས་བཤད་དོན་ནི་འབར་གས་བྱུང་སའི་ཉེ་འགྲམ་དུ་ཆབ་སྲིད་དྲིལ་བསྒྲགས་ཡིག་ཆ་ལག་སོན་བྱུང་ཡོད་པ་དེ་སྤྲུལ་སྐུ་མཆོག་ནས་འདོན་གནང་མཛད་པ་དང་བློ་བཟང་དོན་གྲུབ་ནས་འགྲེམས་སྤེལ་བྱས་པར་ཉེས་འཛུགས་བྱས་ཀྱི་ཡོད། འོན་ཀྱང་ཡིག་ཆ་དེ་དང་ཁོང་གཉིས་བར་འབྲེལ་བ་ཡོད་པའི་དཔང་རྟགས་ཤིག་གཏན་ནས་མེད། སྤྲུལ་སྐུ་མཆོག་ནས་ཀྱང་ཡིག་ཆ་དེ་ཁོང་ནས་ནམ་ཡང་འདོན་གནང་ཞུས་མེད་ཞེས་གསུངས། ཁྲིམས་ཐག་གཅོད་པའི་བརྒྱུད་རིམ་ནང་ཁོང་གཉིས་ལ་རང་དབང་ཐོག་སྒེར་གྱི་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་བྱུང་མེད། ཁྲིམས་གཅོད་སྐབས་ཁོང་ལ་མནར་གཅོད་བཏང་ཡང་ཁོང་ནས་མཐའ་གཅིག་ཏུ་ྋགོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པ་སྐད་ཤུགས་ཆེན་པོས་གསུངས་པ་རིན་པོ་ཆེ་རང་ཉིད་ནས་འགྲེལ་བརྗོད་གནང་པའི་གནས་ཚུལ་ཐོན་ཡོད། དེ་ནས་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ཁོང་གཉིས་ལ་སྲོག་ཐོག་གི་ཁྲིམས་བཅད་བཏང༌། འོན་ཀྱང་རིན་པོ་ཆེ་མཆོག་ལ་ལོ་གཉིས་སྲོག་ཐོག་དང་བློ་བཟང་དོན་གྲུབ་ལ་འཕྲལ་དུ་སྲོག་ཐོག་བཏང་རྒྱུའི་ཐག་གཅོད་བྱས། དེ་ནས་ཁོང་གཉིས་ཀྱི་གནས་དོན་ཐད་རྒྱལ་སྤྱིའི་ནང་ལས་འགུལ་སྣ་མང་སྤེལ་རྐྱེན་གྱིས་རྒྱ་གཞུང་ནས་ཁོང་རྣམ་གཉིས་ལ་ཐག་གཅོད་ཟིན་པའི་ཁྲིམས་བཅད་དེར་བསྐྱར་ཞིབ་ནན་པོ་བྱ་རྒྱུའི་ཁས་ལེན་བྱས། ཡིན་ནའང་ཕྱི་ལོ་ ༢༠༠༣ ཟླ་བ་ ༡ ཚེས་ ༢༦ ཟི་ཁྲོན་མི་མང་འབྲིང་རིམ་ཁྲིམས་ཁང་ནས་བློ་བཟང་དོན་གྲུབ་ཀྱི་ཁྲིམས་བཅད་དེ་རང་སོར་བཞག་པ་དང༌། རིན་པོ་ཆེ་མཆོག་ལ་ལོ་གཉིས་སྲོག་ཐོག་གི་ཐག་གཅོད་གཏན་འབེབ་བྱས་རྗེས་ཉིན་དེ་རང་ལ་བློ་བཟང་དོན་གྲུབ་སྲོག་ཐོག་བཏང༌། དེ་ནས་ལོ་གཉིས་ནང་ཁུལ་དུ་འཛམ་གླིང་ཡུལ་གྲུ་གང་སར་མི་མང་སྟོང་ཚོ་བརྒལ་བས་ལས་འགུལ་སྣ་མང་སྤེལ་བར་བརྟེན་ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༦ ཉིན་རིན་པོ་ཆེ་མཆོག་གི་ལོ་གཉིས་སྲོག་ཐོག་དེ་ཚེ་བཙོན་དུ་ཆག་ཡངས་གནང༌།

དེ་ནས་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ལས་ཁུངས་ནས་བརྗོད་དོན་དུ། སྤྲུལ་སྐུ་ཁོང་བཙོན་འཇུག་བྱས་དོན་ནི་རྒྱ་གཞུང་ནས་ལོ་ངོ་བཅུ་ཕྲག་རིང་བསགས་པའི་ཁོང་ནས་བོད་མིའི་ནང་བསྟན་ཁྱབ་བརྡལ་དང༌། ྋགོང་ས་མཆོག་ལ་ཆོས་ཀྱི་དབུ་ཁྲིད་ཡིན་པར་རྒྱབ་སྐྱོར། དེ་བཞིན་ཁོང་གི་སྤྱི་ཚོགས་དང་རིག་གཞུང་ཡར་རྒྱས་གཏོང་རྒྱུར་ཚོགས་པ་བཙུགས་པ་བཅས་ཀྱི་ལས་གཞིར་བརྡལ་བཤིག་གཏོང་ཕྱིར་ཡིན་པ་གསུངས་ཡོད།

 སྤྲུལ་སྐུ་མཆོག་གི་འབད་རྩོལ་རྣམས་རྒྱ་གཞུང་གི་དམ་དྲག་སྲིད་ཇུས་འོག་བོད་མིའི་ངོ་བོ་གསོན་གནས་ཀྱི་འཐབ་རྩོད་པ་དང༌། གཞན་ཡང་མུ་མཐུད་སྡུག་སྦྱོང་འོག་བོད་མིའི་སྤྱི་ཚོགས་དང་རིག་གཞུང་གི་སྨྲ་བརྗོད་ཚད་གཞིར་ཡིད་མི་རང་བར་རྒྱ་བསྐྱེད་གཏོང་རྒྱུར་འབད་བརྩོན་གནང་མཁན་གྱི་བྱེ་བྲག་པ་བཅས་ཀྱི་དམིགས་སར་གྱུར་ཡོད།

བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཆོན་གྲོང་བཙོན་ཁང་ནས་གནས་སྤོས་ཀྱིས་ད་ཆ་ཟི་ཁྲོན་ཞིང་ཆེན་གྱི་མིྷན་ཡངས་བཙོན་ཁང་དུ་གནས་ཡོད། ཁོང་ད་ལྟའི་ཆར་གཟུགས་གཞི་སྐྱོ་བོར་གནས་པའི་གནས་ཚུལ་ཐོན་ཡོད། དེ་ཡང་ཁོང་བཙོན་འཇུག་བྱས་རྗེས་སུ་མནར་བཅོས་དྲག་པོ་འཕོག་པའི་ཉེས་ལེན་གྱིས་ཕལ་ཆེར་ཡིན། ཁོང་ད་ལྟའི་ཆར་ཁྲག་ཤེད་མཐོ་བ་དང༌། སྙིང་གི་ནད། ཞབས་བདེ་མིན་བཅས་ཀྱི་མྱང་བཞིན་ཡོད། སྤྱིར་ཁོང་ལ་སྨན་བཅོས་མཐུན་འགྱུར་ཐོབ་བཞིན་ཡོད་ནའང་ཁོང་གི་འདོད་མོས་ལྟར་བོད་སྨན་བསྟེན་རྒྱུར་འགག་བྱ་བྱས་འདུག

 སྤྲུལ་སྐུ་མཆོག་ནས་ཁོང་ལ་ཁྲིམས་བཅད་བཏང་བའི་ནག་ཉེས་ཁག་ལ་ངོས་ལེན་ནམ་ཡང་ཞུས་མེད་ལ་ད་ལྟའང་ཁོང་ཉིད་ཉེས་མེད་ཡིན་པར་བརྗོད་བཞིན་ཡོད། རྒྱ་གཞུང་ནས་ཤོད་བཞིན་པའི་ཉེས་འཛུགས་དེ་དག་བདེན་པ་ཡིན་པའི་ར་སྤྲོད་ཁུངས་འཕེར་

ཞིག་ད་བར་སྟོན་ཐུབ་མེད། དེ་ནས་ཕྱི་ལོ་ ༢༠༠༣ ལོར་སྤྲུལ་སྐུ་མཆོག་ནས་རང་གི་ཞུ་གཏུགས་ལས་རིམ་ངང་སྒུག་བྱེད་བཞིན་ཡོད་སྐབས་གསུངས་དོན་དུ། ང་ནི་མཐའ་ཅིག་ཏུ་ཉེས་མེད་ཡིན། ངས་དུས་རྒྱུན་དུ་མི་གཞན་ལ་ལག་པ་བསྐྱག་རྒྱུ་མེད་སྐོར་བཤད་ཀྱི་ཡོད། དེ་ནི་སྡིག་པ་ཡིན། ངོས་ནས་ཡིག་རིགས་དང་སྒྲིལ་བསྒྲགས་ཡིག་ཆ་གང་ཡང་འགྲེམས་སྤེལ་བྱས་མེད་ལ་གསང་བའི་ཐོག་འབར་གས་ཡང་བཞག་མེད། ངས་དུས་ནམ་ཡང་དེ་འདྲའི་བསམ་བློ་ཞིག་འཁོར་མྱོང་མེད་ལ། གཞན་ལ་གནོད་རྒྱུའི་འདུན་པའང་མེད། ཅེས་གསུངས།

འཛམ་གླིང་ཁྱོན་ཡོངས་སུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བས་མུ་མཐུད་ཁོང་གློད་གྲོལ་ཡོང་རྒྱུར་ལས་འགུལ་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༨ཉིན་བོད་པའི་དགེ་འདུན་པ་ཞིག་ལ་ཁྲིམས་གཅོད་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལ་ཐུགས་རྗེ་ཆེ་ཞུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
རྣམ་ཐར་དང་ལོ་རྒྱུས་ནི་དོན་དངོས་དང་མཐུན་པ་དེ་གར་ཆེན་ནམ་རྩ་དོན་ཡིན།
རིན་པོ་ཆེའི་མཛད་རྣམ་ཤེས་འདོད་ཆེ་བས་ཕབ་ལེན་ཆོག་པ་ཞུ།

ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།