མཐོ་སྒང་ཁ་བའི་སྟེང་གི་ཁྲག་རྗེས་རིང་མོ་ཞིག

ཁ་བའི་ལྗོངས་སུ་རྒྱ་ནག་གིས་ལོ་ཞེ་བདུན་རིང་བཅིངས་གྲོལ་ལམ་བཙན་འཛུལ་གྱི་བརྒྱུད་རིམ་དང་སྙན་ཐོ། མཐོ་སྒང་ཁ་བའི་སྟེང་གི་ཁྲག་རྗེས་རིང་མོ་ཞེས་པ་གུས་པས་མི་ལོ་༢༠ ལྷག་རིང་བཙན་བྱོལ་དུ་གྱར་ནས་རང་ཉིད་ཀྱི་དགའ་ཉེ་གྲོགས་པོ་དང་རྒྱ་གར་གྱིས་གཙོས་ཕྱི་རྒྱལ་སློབ་གྲོགས། སློབ་གྲྭ་ཁག་གི་སློབ་དགེ་དང་སློབ་མ། གཞན་ཡང་ཕྱི་ནང་གི་ངོ་ཤེས་མཁས་དབང་དང་ཉམས་ཞིབ་པ་བཅས་དང་གྲོགས་འདྲེས་ཉམས་མྱོང་སྤེལ་རེ། ཁོང་རྣམ་པར་བཅར་འདྲི་དང་བགྲོ་གླེང༌། སོ་སོས་ཀྱང་རང་ནུས་གང་ཡོད་ཀྱིས་ཉམས་ཞིབ་རིམ་པ་བརྒྱུད་རང་ཉིད་བོད་མི་ཞིག་དང་ལྷག་པར་དུ་བོད་ཀྱི་མཐུན་མོང་དང་མཐུན་མིན་གྱི་ཆོས་རིག་དང་སྐད་ཡིག་བཅས་ལ་དོ་ཁུར་དང་སེམས་ཤུགས་གང་འཚམ་ཡོད་ཁུལ་བྱས་པའི་ཆ་ནས་ཀྱང་འོས་འགན་ཆེ་ཙམ་མཐོང་ནས་དཔྱད་རྩོམ་གྱི་འགྲོས་སུ་བྲིས་པ་ཞིག་ཡིན་ལ།

རྩོམ་ཡིག་འདིར་ཚིག་སྐྱོན་དང་ནང་དོན་ཁ་གང་མ་གང་དེ་ལས་ཀྱང་ཡོད་ངེས་ན་དགོངས་སེལ་ཞུ་རྒྱུ་ཡིན། གངས་ཅན་བོད་ཀྱི་ཞིང་ཁམས་དེ་ཉིད་མི་ལོ་༤༩རིང་རྒྱ་ནག་གིས་བོད་བཅིངས་འགྲོལ་ལམ་བཙན་འཛུལ་གྱི་བརྒྱུད་རིམ་ལ་བརྟེན་ནས་ངན་འབྲས་དང༌། ཤར་ལྷོ་ཨེ་ཤ་ཡའི་གནས་བབས་བཅས་ལས་རྒྱ་དམར་གྱིས་བོད་ཐོག་འཛིན་པའི་གཅིག་གྱུར་དང་མཁྲེགས་འཛིན་གྱི་ལྟ་གྲུབ། བོད་དང་བོད་མི་ཚོའི་ཡ་ང་བའི་གནས་སྟངས། དེ་ལ་བརྟེན་ནས་བོད་ཀྱི་ཆོས་རིག་དང་འབྲེལ་བའི་གནའ་དེང་ཤེས་ཡོན་དང་ཡུལ་ལུགས་གོམས་གཤིས། བོད་ཀྱི་དཔལ་འབྱོར་གྱི་གནས་སྟངས་བཅས་ཀྱི་ཐོག་དྲང་བདེན་མིན་པའི་ཐག་གཅོད་ཇི་ལྟར་བྱས་མིན་གྱི་བརྒྱུད་རིམ་བཅས་ཀྱི་སྙན་ཐོ་ལྟ་བུ་དེ་རང་གི་ཡིད་དུ་གནག་པའི་མཐོ་སྒང་གི་ཁ་བའི་སྟེང་གི་ཁྲག་རྗེས་རིང་མོ་ཞིག་རེད་སྙམ།

དེའི་སྐོར་སྤྱིར་འཛམ་གླིང་གི་མཁས་དབང་སྤྱི་དང་བྱེ་བྲག་འཛམ་གླིང་ཡུལ་གྲུ་ཆེ་ཕྲ་ཆུང་གསུམ་གྱི་དབུ་ཁྲིད་རྣམས་ཀྱིས་གཙོས་ཁྲིམས་ལུགས་མཁས་པ་དང༌། སྲིད་དོན་དབྱེ་ཞིབ་པ། དེ་བཞིན་བོད་ཀྱི་དཔོན་རིགས་དང་མཁས་དབང༌། རྒྱ་ནག་དང་ཕྱི་རྒྱལ་གྱི་རྒྱ་རིགས་མཁས་པ་བཅས་ཀྱིས་འདས་པའི་མི་ལོ་༤༩རིང་ཉམས་མྱོང་དང་དཔྱད་ཞིབ་རིམ་བརྒྱུད་ཀྱི་མཐའ་བསྡོམས་སམ་མདོར་བསྡུས་ཀྱི་སྙན་ཐོ་ལྟ་བུ་ཡིད་ལ་འཛིན།  རྒྱ་ཆེ་བོད་མི་མང་གི་སྙན་ལམ་དུ་འགྲེལ་བརྗོད་ཞུ་རྒྱུའི་འོས་འགན་ཞིག་མཐོང་བས་དེ་ལྟར་ལགས།

དེ་ཡང་ལོ་ལྟར་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་བའི་དུས་དྲན་ཟེར་བ་སྲུང་བརྩི་བྱས་ཏེ་ཆབ་སྲིད་ཀྱི་ལག་ཆ་སྣ་ཚོགས་ཤིག་བེད་སྤྱོད་བཏང་བ་མ་ཟད། རྒྱ་དམར་གྱིས་བཅིངས་འགྲོལ་ཟེར་བའམ་བཙན་པོས་བདག་བཟུང་དེའི་འཇུག་འབྲས་ལས་༡༩༥༩ ལོའི་ཡས་མས་སུ་བོད་མི་༡༠༠༠༠༠ ལྷག་གི་ཚེ་སྲོག་ཤོར་བ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་དང༌། བོད་མི་༨༠༠༠༠ ལྷག་གིས་རང་གི་རྒྱལ་ཁབ་དང་བཅས་པ་དོར་ཏེ་བཙན་བྱོལ་དུ་ཕེབས་དགོས་བྱུང༌།ལྷག་པར་དུ་མི་ལོ་༤༩ རིང་རྒྱ་ནག་གི་གཉའ་གནོན་ལ་བརྟེན་ནས་བོད་མི་བཙན་བྱོལ་བ འི་རྒྱུན་ཆད་མེད་ལ། ཕྱི་ལོ་ ༢༠༠༠ ལོ་གཅིག་པུར་བོད་མི་ ༣༠༠༠ ལྷག་བཙན་བྱོལ་དུ་འབྱོར་ཡོད་པ་དང༌། ད་དུང་ཡང་བོད་ཕྲུག་བརྒྱ་ཁྲག་མང་པོ་འབྱོར་བཞིན་ཡོད། དེ་ཡང་ྋགོང་ས་མཆོག་ཞལ་མཇལ་ཐོབ་རེ། བོད་ཀྱི་ཆོས་རིག་དང་ཤེས་ཡོན། ཆབ་སྲིད་བཅས་ཀྱི་རང་དབང་ཏོག་ཙམ་ཐོབ་ཆེད་ལོ་རེར་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་གྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་འབྱོར་བཞིན་ཡོད། དེས་ཀྱང་ད་ལྟ་རྒྱ་གཞུང་གི་ཆབ་སྲིད་ཀྱི་གཡོ་བྱུས་དང༌། ཆེས་སྡུག་རྩུབ་ཆེ་བའི་གཉའ་གནོན་སོགས་མཚོན་ཐུབ་པ་ཞིག་མ་རེད་དམ་ཞེས་པའི་དྲི་བ་རང་བཞིན་གྱིས་སླེབས་ཐུབ་པ་ཞིག་རེད།

༢༠༠༤ ལོར་ཡང་རྒྱ་གར་དང་བལ་ཡུལ་དུ་བོད་མི་༤༣༠༠ ལྷག་འབྱོར་ཡོད་པ་དང་བལ་ཡུལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ནས་བདུན་རེར་བོད་མི་སྐྱབས་བཅོལ་བ་༧༠ ཙམ་ལ་ལག་འཁྱེར་གནང་གི་ཡོད་ལ། ཟླ་རེར་བོད་མི་༣༠༠ མ་ཟིན་ཙམ་རྒྱ་གར་དུ་སླེབས་ཡོད་པ་དང་བསྡོམས་རྩིས་བྱས་ན་ལོ་རེར་ཁྱབ་སྙོམ་༣༦༦༠ ལྷག་བཙན་བྱོལ་དུ་འབྱོར་གྱི་ཡོད་པ་བརྗོད་ཐུབ་པ་ཞིག་རེད།༢༠༠༤ ཟླ་༡༢ ནང་བོད་མི་སྐྱབས་བཅོལ་བ་དང་གནས་སྐོར་དུ་ཕེབས་མཁན་༩༠༠ ལྷག་རྒྱ་གར་དུ་འགྲོ་སྐྱོད་ཆོག་པའི་ཆོག་ཅན་མ་ཐོབ་པར་གསོག་འཇོག་གམ་ལུས་བསྡད་པ་རེད།

༢༠༠༥ དང་༢༠༠༦ སོ་སོར་བལ་སྲིད་གཞུང་གིས་བོད་མི་བཙན་བྱོལ་དུ་ཡོང་མཁན་དམིགས་བསལ་དམ་དྲག་ཆེན་པོ་བྱས་པར་བརྟེན་སྣེ་ལེན་ཁང་དུ་བོད་མི་སྐྱབས་བཅོལ་བས་མ་ཤོང་བའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ༢༠༠༧ ལོར་ཡང་བོད་སྐྱབས་བཅོལ་བ་ཚོས་གཅིགས་མཚུངས་ཀྱི་སྡུག་བསྔལ་མྱངས་ཡོད་ལ། གནས་སྟངས་དེ་མུ་མཐུད་འགྲོ་བཞིན་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།