ཞི་བའི་བཅིངས་གྲོལ་ཟེར་བ་དང་བཙན་འཛུལ་གྱི་མཇུག་འབྲས།

རྒྱ་ནག་གིས་༡༩༥༡ ལོར་བོད་དེ་བཙན་རྒྱལ་རིང་ལུགས་དང་མྱལ་བ་འདྲ་བའི་ཆེས་སྡུག་རྩུབ་ཆེ་བའི་བཀས་བཀོད་བརྒྱུད་འཛིན་རིང་ལུགས་གཉིས་ལས་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལྷ་ཡུལ་འདྲ་བའི་སྤྱི་ཚོགས་རིང་ལུགས་སུ་རྒྱུད་བཀོད་དམ་གསར་བརྗེས་བྱས་ལུགས་དྲིལ་བསྒྲགས་རིམ་པ་བྱས་ཡོད། དོན་དངོས་སུ་དེ་ནི་གནའ་དུས་སུ་ནུབ་ཕྱོགས་པའི་མི་སེར་སྤེལ་བའི་རིང་ལུགས་དང་ཁྱད་པར་མེད་པའི་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་ཡིན་པ་འཛམ་གླིང་མི་མང་པོར་འཁོར་ཡོད། དྲང་བདེན་དང་ཕན་ཐོགས་གཞིར་བཅོལ་ན།

བཙན་བཟུང་ལ་བརྟེན་ནས་རིམ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་འགྲོ་ངེས་ལ། ལྷག་པར་དུ་རྒྱ་ནག་གི་བཅའ་ཁྲིམས་གཞིར་བཅོལ་ན་གྲངས་ཉུང་མི་རིགས་ཁག་ལ་ཐོབ་ཐང་རྩི་སྲུང་གིས་རྒྱལ་ཁབ་བརྟན་ལྷིང་ཡོང་ཐུབ་པ་ཞིག་བསྒྱུར་ཐུབ།

ཡིན་ཡང་རྒྱ་ནག་གིས་བོད་དུ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་རྒྱུ་ལྟ་ཅི་རིང་ནས་རང་ཉིད་ཀྱིས་དགྲ་ཡ་དང་ཐ་ཤལ་རིང་ལུགས་ཤིག་ཏུ་བརྩིས་པའི་བཙན་རྒྱལ་རིང་ལུགས་ཀྱི་སྲིད་བྱུས་དེ་བོད་དུ་ལག་བསྟར་བྱས་པ་དང༌། ལྷག་པར་དུ་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་རྒྱ་ནག་དང་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་བདག་བཟུང་བྱས་རིང་གི་སྲིད་བྱུས་བརྗེན་པ་དེ་ལག་བསྟར་བྱས་པའི་མཇུག་འབྲས་སུ་བོད་མི་ཚོས་ཀྱང་ལས་གུལ་འདྲ་མིན་བརྒྱུད་རྒྱལ་སྤྱིའི་ཐོག་རྒྱ་བོད་ཀྱི་རྒྱལ་ཁབ་དང་མི་རིགས། སོ་སོའི་མཐུན་མིན་གྱི་ཆོས་རིག་དང་སྐད་ཡིག་སོགས་རྒྱུ་མཚན་གང་ཐད་ཀྱང་དངོས་སུ་ཐ་དད་དུ་བསྟན་པ་རེད།

གལ་ཏེ་བོད་བཙན་བཟུང་ངམ་བོད་དུ་བཙན་འཛུལ་བྱས་པ་དེ་དྲང་བདེན་གྱི་ཐག་གཅོད་ཅིག་ཡིན་ན་ཉི་ཧོང་གིས་ཤར་ཨེ་ཤ་ཡ་ཡུལ་གྲུ་ཁག་བདག་བཟུང་བྱས་པ་དེ་ཡང་རྒྱུ་མཚན་ཡང་དག་ཅིག་ཏུ་བགྲང་ན་འཐུས། ད་དུང་ཉི་ཧོང་གིས་བཙནའཛུལ་བྱས་པའི་རྒྱ་ནག་དང༌། ཧོང་ཀོང་དབྱིན་ཇིས་ཇི་ལྟར་མི་སེར་སྤེལ་བའི་སྐོར་གྱི་ལོ་རྒྱུས་སོགས་ཀྱང་རྒྱ་ནག་ངོས་ནས་བཤད་ཚོད་དཀའ་བ་ཞིག་དང༌། དེ་ལྟ་བུའི་རྒྱུ་མཚན་མང་པོ་ཞིག་བགྲང་རྒྱུ་ཡོད་པ་ནི་ལོ་རྒྱུས་ཙམ་མིན་པར་དེང་དུས་ཆབ་སྲིད་ཐོག་ནས་ཀྱང་དྲང་བདེན་ཞིག་གཏན་ནས་མིན་པ་རེད། སྐབས་འདིར་སེམས་ནང་རང་བཞིན་གྱི་དོགས་པ་ཞིག་ཡོང་གི་ཡོད་པ་དེ་ནི། གང་ཞིག་གིས་བོད་དེ་བཀས་བཀོད་རྒྱུད་འཛིན་གྱི་སྲིད་གཞུང་ལས་བཅིངས་གྲོལ་བཏང་མེད་དམ་ཞེས་པའི་དྲི་བ་དེ་ཡོང་སྲིད། གལ་ཏེ་བོད་དེ་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལས་མཐར་སྐྲོད་བཏང་བའི་རྒྱུ་མཚན་གྱིས་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་དང་བདག་བཟུང་བྱས་ཆོག་པ་ཡིན་ན། རིག་གནས་གསར་བརྗེའི་སྐབས་རྒྱ་ནག་གཞུང་དང་གཏུམ་དྲག་ཆེ་བའི་སྲིད་བྱུས་ནི། དེ་ལས་ཆེས་ཞན་པ་དང་མི་མང་གིས་ཆེས་མ་རན་པ་མཐོང་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཨུ་རུ་སུ་དང་ཨ་རི་གཉིས་ལ་རྒྱ་ནག་བདག་བཟུང་དང་བཙན་འཛུལ་བྱེད་ཆོག་པའི་དབང་ཆ་ཡོད་ཅེས་ཤོད་མཁན་མང་པོ་ཡོད་ལ། དེ་ལ་རྒྱུ་མཚན་མེད་པ་ལར་ནས་མིན།

རྒྱ་ནག་གི་བྱེད་སྟངས་ངོ་མར་ཞིབ་ལྟ་ཞིག་བྱེད་ཚེ་གནད་དོན་གང་གི་ཆ་ནས་ཀྱང་བོད་ཞི་བའི་བཅིངས་གྲོལ་བཏང་ལུགས་འགྲེལ་བརྗོད་བྱེད་མི་ཐུབ་པ་དང༌། ད་དུང་འཕྲལ་མར་དེ་ལ་བརྟེན་ནས་རྒྱ་མིས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེར་རྒྱ་ཆེའི་བོད་མིས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་ཕྱི་ལོ་༡༩༥༩ ཟླ་༣ ནས་ཟླ་༡༠ བར་གཅིག་པུར་བོད་མི་༨༧༠༠༠ ལྷག་གིས་རང་དབང་སྒེར་ལངས་བྱས་ཡོད་པ་དང༌། ཕྱི་ལོ་༡༩༥༠ ནས་༡༩༥༩ བར་མདོ་ཁམས་བོད་རིགས་དཔའ་བོ་བརྒྱ་ཁྲག་མང་པོའི་རང་སྲོག་ཤོར་ཡོད་པས་ད་ལྟ་ང་ཚོས་དཔའ་བོ་དུས་དྲན་སྲུང་བརྩི་དང་ཁོང་རྣམ་པའི་བྱས་རྗེས་རྣམས་ངེས་པར་དུ་རྡོ་རིང་ཐོག་འགོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།

རྒྱ་ནག་གི་བཙན་འཛུལ་ལ་བརྟེན་ནས་བོད་མི་ས་ཡ་གཅིག་དང་གྲངས་ཆུང་གཉིས་ལྷག་གི་ཚེ་སྲོག་ཤོར་ཡོད་པ་ཕྱི་ལོ་༡༩༨༠ ནང་བཙན་བྱོལ་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་ལ། དེ་ནི་བོད་མི་ས་ཡ་དྲུག་གི་མི་འབོར་ལ་གཞིགས་ན་ཚད་གཞི་མཐོ་པོ་ཞིག་ཡིན། ཕྱི་ལོ་༡༩༥༨ ནས་༡༩༦༡ ནང་བོད་དེ་ཆེས་གནས་སྟངས་སྐྱོ་བའི་ལོ་རྒྱུས་སུ་ལྷུངས་ཡོད་པ་དང༌། ཡང་སྒོས་ཕྱི་ལོ་༡༩༦༦ ནས་༡༩༧༦ བར་རིག་གནས་གསར་བརྗེས་བྱུང་སྟེ་དེ་སྔ་བྱུང་མ་མྱོང་བའི་སྡུག་བསྔལ་དང༌། གནས་སྟངས་ཐབས་སྡུག་ནང་ལྷུངས་ཡོད་པ་བཅས་ལ་བརྟེན་ནས་བོད་མི་ཚོའི་སེམས་ནང་ཞི་བའི་བཅིངས་གྲོལ་བཏང་བའི་ཚོར་སྣང་ཞིག་གཏན་ནས་སླེབས་མེད་པ་དང་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད།

ཕྱི་ལོ་༡༩༨༠ ནང་རྒྱ་ནག་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཧུ་ཡའོ་བྷན་བོད་དུ་སླེབས་ཏེ་བློ་ཐག་ཆོད་པོས་བརྗོད་དོན། རྒྱ་གཞུང་གིས་སྒོར་ཐེར་འབུམ་མང་པོ་བོད་དུ་བཏང་བ་དེ་དག་ཡར་ཀླུང་གཙང་པོར་གཡུག་པ་ཡིན་ནམ། བོད་ཞི་བའི་བཅིངས་འགྲོལ་བཏང་བའི་དགོས་དོན་བསྒྲུབས་ཐུབ་མེད་ལུགས་སོགས་འགྲེལ་བརྗོད་གསལ་པོ་བྱས་ཡོད། དེའི་སྐབས་བོད་ཀྱི་ས་ཁུལ་མང་པོའི་གནས་སྟངས་༡༩༥༠ ནང་གི་གནས་སྟངས་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། འོན་ཀྱང་ད་དུང་རྒྱ་ནག་གིས་རྟག་ཏུ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དང༌། ནམ་ཡང་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་ལུགས་བསྐྱར་བཤད་དང་ཡང་བཤད་མུ་མཐུད་བྱས་པ་རེད། གལ་ཏེ་དེ་ལྟར་ཡིན་རང་གི་གཅིག་མཚུངས་ཀྱི་ཡར་རྒྱས་དང་གཅིག་མཚུངས་ཀྱི་འདུ་ཤེས་ཡོང་དགོས་ཀྱང་དེ་ནི་ནམ་ཡང་བྱུང་མེད་པ་རེད།

ཕྱི་ལོ་༡༩༥༡ ལོར་རྒྱ་ནག་གིས་བཙན་དབང་གིས་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གྲོས་མཐུན་ནམ་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་བཙན་དབང་གྱིས་བཞག་ཏུ་བཅུགས་པའི་མཇུག་འབྲས་ལ་བརྟེན་ནས་བོད་ཀྱིས་རྒྱ་ནག་ལ་མགོ་སྒུར་བ་རྒྱ་བོད་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད། བོད་ནི་ས་མཐོ་དབེན་པའི་རྒྱལ་ཁབ་གཅིག་ཡིན་སྟབས་ཕྱི་ལོ་༡༩༡༣ ནས་ཕྱི་ལོ་༡༩༥༡ བར་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་མིན་སྐོར་གྱི་ལོ་རྒྱུས་ཤེས་རྟོགས་ཡོད་མཁན་ཉུང་ནའང་བོད་རྒྱའི་མཁས་པ་ཚོས་དེའི་ཐད་ཀྱི་གནས་ཚུལ་གསལ་པོ་མཁྱེན་རྟོགས་ཡོད་པ་ཞིག་རེད་ལ། སྒོས་སུ་དེང་དུས་སྙན་གྲགས་ཆེ་བའི་ཨ་རིའི་དུས་དེབ་སྒྱཎྤདྲརྣཎརྡ གྟྣཐྲཔྱཎསྣྲདཕྲཅིག་བོད་དེ་རང་བཙན་གྱི་ཡུལ་ཞིག་ཏུ་ངོས་འཛིན་གྱིས་བོད་ཀྱི་རྒྱལ་དར་རྙིང་ཤོས་ཀྱི་པར་རིས་༡༩༣༠ ཡས་མས་སུ་འཛམ་གླིང་ཡོངས་པར་འགྲེམས་བྱས་ཡོད་པ་ནི་བསུབ་དུ་མེད་པའི་ལོ་རྒྱུས་ཀྱི་བྱུང་བ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: