ནང་བསྟན་ལ་བཅངས་པའི་དུང་སེམས་ཟླ་བའི་འོད་སྣང་།

ནང་བསྟན་ལ་བཅངས་པའི་དུང་སེམས་ཟླ་བའི་འོད་སྣང་། སྙིགས་དུས་མུན་པའི་ཀློང་ཆེ་བརྡོལ་བའི་དུས།། སྐྱེ་རྒུ་འགྲོ་རྣམས་ཉེར་འཚེའི་སྨག་རུམ་དུ།། སྲིད་པའི་ཟུག་རྔུས་བྱིང་ནས་མནར་བ་ལ།། ཐུགས་རྗེའི་བདུད་རྩི་སྙིང་ལ་སིམ་བར་མཛོད།། རྩོམ་པ་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མི་ཉག་པ་དགེ་མིང་འཛིན་པ་བཀྲ་ཤིས་དོན་གྲུབ། དམ་པ་མངའ་བའི་རང་བཞིན་དཔལ་ཡོན་དེ།། དྲང་ཚུགས་བཟུང་ཞིང་བརྗོད་ལ་ཟློས་པའི་གར།། སྙན་འཇེབས་ཚིག་གི་མེེ་ཏོག་ཆུན་པོ་ཞིག ། ། གཟུར་གནས་རྣ་བའི་རྒྱན་དུ་ལོངས་ཤིག་ཨང་།། དེང་སང་ཧམ་རློམ་རང་མཚང་རྗེན་པར་ཕྱུང་བའི་ངང་ཚུལ་འཛིན་མཁན་མང་པོ་ཞིག་གིས། བོད་བརྒྱུད་ནང་བསྟན་ཟེར་བའི་དོན་གྱི་སྙིང་པོ་མ་གོ་བར་རང་སྣང་གང་དྲན་གྱིས་བོད་བརྒྱུད་ནང་བསྟན་ལ་རྨོངས་པའི་འཆར་སྣང་སྣ་ཚོགས་ཤིག་གྱ་ཚོམ་དུ་སྨྲ་བའི་འཆལ་གཏམ་ཐལ་རྡུལ་འཕྱུར་བའི་སྐབས་དེར། རྩོམ་པ་པོ་གྲགས་ཅན་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གི་སེམས་ལ་བདུད་ཀྱི་ཁ་རླངས་ཕོག་པ་ལྟར་སྨྱོ་གཏམ་རི་མོ་ཀྱག་ཀྱོག་འགའ་མིག་ལ་དབང་མེད་དུ་འཚང་འོང་། དེ་རིང་ཡང་རྩོམ་ཡིག་ཅིག་རླུང་ཁ་བརྒྱུད་ནས་ཟུར་མིག་གིས་བལྟས་ཙམ་བྱས་པས་སྲོག་མེད་བེམ་པོ་བཞིན་སྙིང་པོ་གང་ཡང་མེད་པར་མ་ཟད། གཞན་གྱི་དར་ཆ་རང་གི་མེས་པོའི་བླ་སྲོག་ཐོག་ཨུ་ཚུགས་ནན་གྱིས་འཛུགས་ཐབས་དང་། རང་མགོ་རང་གིས་གཅོག་པའི་སྐད་ཆ་ཡ་མ་ཟུང་ལ་འབད་འབུངས་བྱས་ཡོད་པའི་ཚོར་སྣང་སྟེར། གནས་ལུགས་གོ་ལྡོག་གི་སྐད་ཆར་བསམ་ཚུལ་ཅུང་ཟད་ཅིག་བཤད་ན་སྙམ་པའི་སྤྲོ་བས་བརྟས། བོད་བརྒྱུད་ནང་བསྟན་ཟེར་བ་ནི་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་ལས་བྱུང་བ་ལྟར། ཉན་པར་བྱ་བའི་དམ་པའི་ཆོས་ནི།སངས་རྒྱས་ཀྱིས་གསུངས། མཁས་པ་ལས་བརྒྱུད། གྲུབ་ཐོབ་ཀྱིས་བསྒོམས། པཎྚི་ཏས་བཤད། ལོ་ཙཱ་བས་བསྒྱུར།རྒྱ་གར་དང་བོད་ཀྱི་སྡེ་སྣོད་འཛིན་པའི་མཁས་པ་རྣམས་ལ་ལེགས་པར་གྲགས་པའི་ཆོས་སོ་ཞེས་གསུངས་པ་ལྟར།རྒྱ་གར་འཕགས་པའི་ཡུལ་དཔལ་ནཱ་ལེནྜའི་པཎྚི་ཏ་ཆེན་པོ་མཁན་ཆེན་ཞི་འཚོ་ཡབ་སྲས་དང་། མཚོ་སྐྱེས་པདྨ་སམ་བྷ་ཝ་སོགས་ནས་བརྒྱུད་དེ་འོངས་ཤིང་། བོད་ཀྱི་དམ་པ་གོང་མ་རྣམས་ཀྱིས་རྒྱུན་འཛིན་དང་ཉམས་ལེན་གྱི་མཐིལ་དུ་བཟུང་བའི་སྙིང་པོ། ཐུབ་པའི་དབང་པོའི་ཐུགས་ཡེ་ཤེས་ལས་འཁྲུངས་པའི་དྲི་མ་མེད་པའི་བཀའ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི། ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞི། སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་། མདོར་ན་ལྟ་སྒོམ་སྤྱོད་གསུམ་དེ་དག་ཡིན་པར་ཤེས་དགོས་པ་ཡིན། ལྟ་སྒོམ་སྤྱོད་གསུམ་ཡང་། རྗེ་གུང་ཐང་གི་གསུང་ལས། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ།།སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས།། སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་སྒྲུབ། ། ཅེས་གསུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་རང་རྣམ་ལས། གཞི་འཁོར་འདས་ཆོས་རྣམས་ཇི་སྙེད་པ།། རང་བློ་ལ་སྣང་ཙམ་མ་གཏོགས་པ།།དོན་ལོགས་སུ་གྲུབ་པ་མ་མཆིས་པས།།དབྱིངས་ཇི་བཞིན་ངེས་པ་ལྟ་བ་ཡིན།། སྔོན་ཐོག་མེད་དུས་ནས་རྗེས་འབྲེལ་བའི།། དགྲ་བདག་འཛིན་འགོང་པོ་སྲོག་བཅད་དེ།།ཆོས་ཀུན་གྱི་རང་བཞིན་སྟོང་ཉིད་ལ།། སེམས་རྩེ་གཅིག་འཇོག་པ་སྒོམ་པ་ཡིན།། ཐབས་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི།། རྗེས་སྒྱུ་མར་རྟོགས་པའི་རྣལ་འབྱོར་གྱིས།། དཔལ་སྡོམ་པ་གསུམ་དང་མི་འགལ་བ།།སྒོ་གསུམ་གྱི་ཉམས་ལེན་སྤྱོད་པའི་མཆོག །ཅེས་དང་། ཀརྨ་པ་རང་བྱུང་ཞབས་ཀྱི་ཕྱག་ཆེན་སྨོན་ལམ་ལས། གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས།། དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནས།། སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེངས་དང་ལྡན་པར་ཤོག། ཅེས་དང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མེ་ལའི་གསུང་མགུར་ལས་ཀྱང་། ལྟ་བ་སྟོང་པའི་ཡེ་ཤེས་ཡིན།། སྒོམ་པ་འོད་གསལ་འཛིན་མེད་ཡིན།། སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན།། འབྲས་བུ་དྲི་མེད་གཅེར་བུ་ཡིན།། ཞེས་གསུངས་པ་ལྟར། བོད་བརྒྱུད་ནང་བསྟན་མདོ་རྒྱུད་དྲི་མ་མེད་པ་དེ་དག་ལ་ཐོས་པ་ཙམ་ཡང་མ་བྱས་པར་མ་བརྟགས་གྲགས་པའི་རྗེས སུ་བསྙེགས་པའི་དེང་གི་མཁས་པར་རློམ་པ་ལ་ལས། བོད་ཀྱི་བླ་མ་ག་གེ་མོ་ཞིག་གིས་བཟོས་པའི་ཆོ་ག་ཕྱག་ལེན་དང་། བོད་ལ་དར་སྲོལ་ཆེ་བའི་ལྷ་གསོ་ཀླུ་གསོ་དང་མོ་རྩིས་པྲ་ཕབ། མདོས་བཞེངས་པ་དང་གླུད་གཏོང་བ། གཏོར་ཟོར་འཕེན་པ། བསང་གསོལ་གཏོང་བ་དང་རླུང་དར་སྒྲེང་འཛུགས་བྱེད་པ་སོགས། སྲོལ་རྒྱུན་རིག་གནས་དེ་དག་བོད་བརྒྱུད་ནང་བསྟན་ཀྱི་སྙིང་པོར་ངོས་འཛིན་བྱེད་བཞིན་པ་དེ། ལ་ལས་ཕྱི་ཚུལ་རྣམ་པར་འདྲ་པོ་ཡོད་པའི་རྒྱུ་མཚན་ལྟར་སྣང་གིས་དེ་དག་གདོད་མའི་བོན་ཆོས་དང་མུ་སྟེགས་པའི་ཆོས་ལུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བསྲེས་ལྷད་ཞུགས་ཚུལ་དང་།བོད་བརྒྱུད་ནང་བསྟན་ལ་ལྟ་གྲུབ་མེད་རབས་སོགས་བཤད་པ་ནི་མཁས་པ་བཞད་གད་ཤོར་བའི་གནས་ཡིན་ནོ། ། མ་ཟད་ཕྱག་འཚལ་བ་དང་བསྐོར་བ་བརྒྱག་པ། མ་ཎི་སོགས་གཟུངས་སྔགས་འདོན་རྒྱུ་དེ་དག་ཀྱང་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་ཤིག་ཡིན་པར་མདོ་རྒྱུད་རྣམས་ལས་གསུངས་པ་བདེན་མོད་ཀྱང་། ཡིན་ན་ཡང་ནང་བསྟན་གྱི་སྙིང་པོ་དེ་ཙམ་གྱིས་ཆོག་པར་འཛིན་པ་ཡང་ནོར་བ་སྟེ། དེ་དག་ཆོས་སུ་འགྲོ་མིན་ཡང་ཀུན་སློང་ལ་རག་ལས་སོ། བླ་མ་དང་སྤྲུལ་སྐུ། དགེ་བཤེས་དང་མཁན་པོ། གྲྭ་པ་སོགས་གང་ཟག་ག་གེ་མོ་ཞིག་གི་ཚུལ་འཆལ་གྱི་སྤྱོད་པ་དང་གསང་སྔགས་ཁྲོམ་བསྒྲགས་སོགས་གཡོ་སྒྱུ་ཟོལ་ཟོག་གི་སྤྱོད་པ་དེ་དག་ལ་བསྙད་ནས་བོད་རྒྱུད་ནང་བསྟན་ལ་ཞྭ་མོ་ནག་པོ་བསྐོན་ཐབས་དང་། བོད་རྒྱུད་ནང་བསྟན་ཟེར་བ་དེ་ཤོབ་གཏམ་དང་བླ་མའི་ཆོས་ལུགས་ཡིན་ཚུལ་སྨྲ་བ་ནི་བོད་བརྒྱུད་ནང་བསྟན་ཐོས་པའི་གོ་རྒྱ་ཆུང་བའི་རང་མཚང་ངོམ་པ་དང་། གཞན་ཕྱོགས་ནས་སྡིག་པ་མིག་བཙུམ་གྱིས་བོད་བརྒྱུད་ནང་བསྟན་ལ་སྒྲོ་སྐུར་གྱི་དམའ་འབེབས་བྱས་པ་དེ་ལ་རི་བོང་ཅལ་འདྲོགས་ཀྱིས་རྒྱབ་སྐྱོར་བྱས་པའི་ཅོལ་ཆུང་གི་ངང་ཚུལ་ཞིག་ལས་མ་འདས་སོ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་གསུངས་པ་ལྟར། བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གཏིང་ཕྱིན་པ་ཞིག་མ་སོང་བར་མི་ཤེས་པའི་རྨོངས་པའི་རེ་ལྡེ་ནག་པོས་མགོ་བོ་གཏུམས་བཞིན། བོད་བརྒྱུད་ནང་བསྟན་ལ་ཉེས་མེད་ཉེས་འཛུགས་བྱས་ཁུལ་བྱས་པ་ནི་བླུན་པོའི་རྟུལ་ཞུགས་བཟུང་བའི་རང་རྟགས་ཤིག་ཡིན། མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ།། དགེ་བ་ཕུན་གསུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུངས་པ་དང་།མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ནའོ། ཅེས་གསུངས་པའི་ནང་དོན་རྨད་དུ་བྱུང་བ་རྣམས་བོད་བརྒྱུད་ནང་བསྟན་ཡིན་པར་མ་ཤེས་པ་དང་།བོད་བརྒྱུད་ནང་བསྟན་ངོ་མ་དེ་རིང་དུ་བོར་བའི་འབྲས་རྟགས་རྗེན་པ་སྤྱོམ་པ་ཞིག་ཀྱང་ལོས་ཡིན། བོད་བརྒྱུད་ནང་བསྟན་ནི་བླ་མའི་ཆོས་ལུགས་དང་རྨོངས་དད་གྲགས་པའི་རྗེས་སུ་འབྲང་བའི་ལམ་ལུགས་ཤིག་མིན་པ་ནི། སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་གསུང་ལའང་མ་བརྟགས་མ་དཔྱད་ནས། བདེན་པར་མ་བཟུང་བར་རྣམ་དཔྱོད་ཀྱི་མིག་ཟུང་བགྲད་དེ་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཔྱད་པ་དགོས་གསུངས་པ་དང་། སངས་རྒྱས་འཚོ་ཞིང་བཞུགས་པའི་སྐབས་ནས། ཕྱོགས་ཡོངས་ནས་ཞིབ་འཇུག་གི་སྒོ་འཕར་ཡངས་པོ་ཕྱེས་ཡོད་པ་མ་ཟད། དཔྱད་དགོས་པ་དང་། དཔྱད་པའི་ཚུལ་དང་དཔྱད་པའི་ཐབས་བཅས་གསལ་གསལ་ཏིག་ཏིག་གསུངས་ཡོད་པ་ནི། དང་པོ། མདོ་ལས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་ཡང་ཚིག་ལ་མི་ལྟོས་དོན་ལ་རྟོན། དོན་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན།། ངེས་དོན་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། གཉིས་པ། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་གཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་དང་། གསུམ་པ།ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་བཅས་ལ་བརྟེན་ནས་དཔྱད་དགོས་པ་གསུངས་སོ།ནང་པ་སངས་རྒྱས་པའི་དེ་ལྟ་བུའི་ལྟ་གྲུབ་རྣམས་དང་།སེམས་ཁམས་ཀྱི་རྣམ་གཞག་བློ་རིག། རྒྱུ་མཚན་རིགས་ལམ་གྱི་རྣམ་གཞག་རྟགས་རིགས།རིགས་ལམ་དེ་ལ་བརྟེན་ནས་ཚད་མ་གསུམ་གྱི་རྣམ་གཞག་སྐོར་དང་། ཚད་མ་གསུམ་གྱིས་གཞལ་བྱའི་གནས་གསུམ་གཏན་ལ་འབེབས་སྟངས་སོགས་ལ་དེང་རབས་ཀྱི་ནུབ་ཕྱོགས་པའི་རིག་པ་སྨྲ་བ་ཚོ་ལ་ཡང། ཡིད་སེམས་དབང་མེད་དུ་འཕྲོག་ཅིང་དེ་དག་ནི་རྟོག་སེལ་རྨོངས་གྲོལ་གྱི་རིག་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། མདོར་ན་བོད་བརྒྱུད་ནང་བསྟན་བྱིངས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ངེས་ཤེས་གཏིང་ཚུགས་པ་འདྲོངས་པ་ལ་བརྟེན་ཅིང་དད་པ་སྐྱེས་ནས་ཉམས་སུ་ལེན་དགོས་པ་ཞིག་ཡིན་པ་ལས། རྨོངས་དད་དང་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་བླ་མ་དང་སྤྲུལ་སྐུ་དགེ་བཤེས་མཁན་པོ་མིང་ཡོད་ཚད་ཀྱིས་གསུངས་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་། གནང་བ་ཐམས་ཅད་སངས་རྒྱས་ཀྱི་བྱིན་རླབས། མཛད་པ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡང་དག་པར་ངོས་འཛིན་བྱེད་དགོས་པའི་བཙན་བཀའ་ཞིག་ཏུ་ཡིན་སྣང་ཤར་བ་ནི་སྡེ་སྣོད་དག་ལ་སློབ་སྦྱོང་མེད་སོང་བའི་ལན་པ་ཡིན། འདུལ་བའི་མདོ་ལས། ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ་ཞེས་དང་། བླ་མ་ལྔ་བཅུ་པ་ལས།རིགས་པ་ཡིས་ནི་མི་ནུས་ན། མི་ནུས་དེ་ལ་ཚིག་གིས་སྦྱང་།ཞེས་གསུངས་སོ། དེ་ལྟ་བུའི་རྒྱུ་མཚན་དང་རིགས་པ་དག་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ནི་རྨོངས་དད་དང་མཁྲེགས་འཛིན་གྱི་ལམ་ལུགས་ཤིག་མིན་པ་དང་བླ་མས་བཟོས་པ་ཞིག་དེ་བས་ཀྱང་མིན་པར་གསལ་པོར་མཚོན་ཡོད། ཡིན་ན་ཡང་རེ་ཞིག་སྤྱན་ལྡོངས་པའི་ཞར་བ་ཞིག་ཡིན་ན་ནི་ར་འཕྲོད་རྒྱུ་མེད་མོད། བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་གོ་ལ་ཟླུམ་གཟུགས་སྟེང་ཡར་ཐོན་ཅན་ཚན་རྩལ་རིག་པ་སྨྲ་བ་དང་སློབ་གསོ་བ་ཆེན་མོ། ཤེས་ཡོན་པ་དགེ་རྒན་ཆེན་མོ་སོགས་བློ་གཟུ་བོར་གནས་པ་དག་གིས་སློབ་སྦྱོང་གནང་སའི་བསླབ་གཞི་ཞིག་དང་། བློ་གྲོས་ཀྱི་རལ་གྲིར་རྣོ་དབལ་སྦྱིན་སའི་ཤེས་རིག་གི་བང་མཛོད་གསར་པ་ཞིག་ཏུ་གྱུར་ཡོད། ཉིན་རེ་ནས་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ལ་དོ་སྣང་དང་ཐོས་བསམ་གྱིས་བརྟུན་པ་སྐྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་དང་།བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་ཐོག་ཆོས་ལུགས་ཀྱི་ངོ་བོ་ཙམ་ལ་མི་སེམས་པར། སེམས་ཁམས་ཚན་རིག་ཚད་མཐོ་ཤོས་ཀྱི་གྲས་སུ་ཚུད་ཡོད་པས་ཚན་རྩལ་རིག་པའི་ལྟ་གྲུབ་སྨྲ་བའི་མཁས་པའི་དབང་པོ་རྣམས་ཀྱིས་བསྔགས་བརྗོད་དང་གཟེངས་བསྟོད་གསེར་གྱི་རྒྱལ་མཚན་དགུང་དུ་སྒྲེང་བཞིན་པ་ནི་དགའ་བའི་གནས་སུ་གྱུར་མོད། ད་དུང་ཨུ་ཚུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་འོལ་ཚོད་ཀྱིས་ཚོད་དཔག་བྱས་ནས་བྱུང་རྒྱལ་རིངས་སྟབས་སུ་སྨྲ་བའི་གཏམ་འཆལ་སྤེལ་བ་ནི་མི་རིགས་སོ་ཞེས་གདམས་པའོ།།མི་ཉག་པ་དགེ་མིང་འཛིན་པ་བཀྲ་ཤིས་དོན་གྲུབ་ཀྱིས་དྲང་གཏམ་བདེན་པའི་ཚངས་ཐིག་བོད་བརྒྱུད་ནང་བསྟན་ལ་བཅངས་པའི་དུང་སེམས་ཟླ་བའི་འོད་སྣང་འདི་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འདབས་ཀྱི་རི་རྩེར་རང་ཤག་ཏུ་༢༠༡༦/ ༨/ ཚེས་༢༠/ ཉིན་བྲིས་པའོ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི།"



བརྗོད་གཞི་གཞན་ཁག་ལ་གཟིགས།