མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སོང་།
ད་ལྟའི་ཆར་རྔ་པ་དང་བྲག་མགོ་སོགས་བོད་ནང་དུ་ཛ་དྲག་གི་གནས་སྟངས་བཅས་ལ་བརྟེན་ཁ་སང་དགོང་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག དྷ་རམ་ས་ལར་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་གཅིག་ལྕོག་གི་ལས་འགུལ་ཞིག་གོ་སྒྲིག་བྱས་འདུག
མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་ཐོག་བོད་མི་མང་པོ་ཞིག་མཉམ་ཞུགས་གནང་ནས་༼བོད་ནང་དམར་གསོད་འཚམས་འཇོག་བྱོས་༽ཞེས་ངོ་རྒོལ་སྐད་འབོད་བྱས་སོང་ལ། སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས། ད་ལྟ་དུས་རབས་༢༡གི་དུས་ཚོད་འདི་ལའང་རྒྱ་ནག་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་བོད་མི་མང་པོ་འཛིན་བཟུང་དང༌། མར་གཅོད། དམར་གསོད་སོགས་བཏང་དང་གཏོང་བཞིན་པ་རེད་ཅེས་གསུངས་སོང༌།
དེ་རྗེས་ཁམས་བྲག་མགོ་ནས་ཡིན་པའི་སྐུ་ཞབས་དཔལ་ལྡན་ལགས་ཀྱིས། ད་ལྟའི་ཆར་ཁམས་བྲག་མགོ་ཁུལ་དུ་ཛ་དྲག་གི་གནས་སྟངས་སོགས་མི་མང་ལ་ངོ་སྤྲོད་འགྲེལ་བརྗོད་གནང་སོང༌། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༦ཉིན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།