རྒྱ་ནག་གཞུང་གི་སྲིད་བྱུས།

བོད་ཀྱི་རིག་གནས་མཚོན་རྟཌ་ལ་དམའ་འབེབས་དང་རྡོག་བརྫིས་བྱས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༩ཚེས་༢༨ཉིན་སྤེལ། བོད་ཀྱི་རིག་གནས་ཀྱི་མཚོན་རྟགས་ལ་དམའ་འབེབས་དང་རྡོག་བརྫིས་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་ངོ་རྒོལ་ཐེབས། ཞེས་བོད་ལྗོངས་དྲ་བ་ཞེས་པར་བཀོད་འདུག

Tibet-Culture-Destruction-2014དེ་ཡང་གསར་འགྱུར་དེའི་ནང་དུ་གསལ་དོན། "ཉིན་བསྟུད་མའི་རིང་དུ། བོད་ཀྱི་རིག་གནས་སྡེ་ཁག་དང་འཕྲིན་ཕྲན་གྱི་ཚོགས། པོད་ཕྲན་སོགས་ཀྱི་སྟེང་ཏུ་གླུ་མ་སྭ་ཏེན་ཏེན་གཙོ་བྱས་པའི་གླུ་བ་དང༌། གཟུགས་མཛེས་མ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་དང་རྒྱུ་ཆ་སོགས་པར་བའི་ལྭ་བ་དང་ལྷམ་གྱོན་ཡོད་པ་རྒྱ་ཁྱབ་ངང་བརྒྱུད་བསྐུར་བྱས་པ་མ་ཟད། དེ་ལ་བརྟེན་ནས་བོད་ཀྱི་རིག་གནས་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་ཀྱིས་མི་མང་པོ་ཁོང་ཁྲོ་བསླངས་ཡོད། ཚང་མས་བྱ་སྤྱོད་དེ་ཡིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་བོད་བརྒྱུད་ནང་བསྟན་དད་ལྡན་མང་ཚོགས་ཀྱི་བརྩེ་བ་དང་ལ་རྒྱ་ལ་གནོད་འཚེ་བཏང་ཡོད་པར་འདོད་བཞིན་ཡོད།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་དང༌། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སྐུ་འདྲ། མཆོད་རྟེན་སོགས་ཀྱིས་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་ཉམས་པ་མེད་པའི་བསམ་པའི་འཚོལ་སྙེག་དེ་མཚོན་ཡོད་ལ། རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ལ་བསམ་བློ་དང་བརྩེ་བའི་ཐོན་ཁུངས་རྒྱ་ཆེན་པོ་མཁོ་འདོན་བྱས་ཡོད། དེ་ནི་མང་ཚོགས་ཀྱིས་མཆོད་བཀུར་བྱེད་གནས་ཡིན་པས་དགའ་ཞེན་དང་གུས་འདུད་ཆེན་པོ་བྱེད་པ་རེད།

དུས་རབས་གསར་བར། འཛམ་གླིང་གོང་བུ་གཅིག་གྱུར་ཅན་གྱི་འཕེལ་ཕྱོགས་ཁྲོད་དུ། ཕྱོགས་གཅིག་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཚོང་ར་ཅན་གྱི་འགྲན་རྩོད་འོག་ཏུ། ཁེ་ལས་དང་མི་སྒེར་འགའ་རེས་ཚོང་རྟགས་བཞེངས་བསྐྲུན་དང་ཐོན་ལས་གསར་སྤེལ་བྱེད་ཆེད་དང༌། དཔལ་འབྱོར་ཁེ་ཕན་ཆེན་པོ་སྙེག་པའི་ཆེད་དུ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་དང་རྒྱུ་ཆ་བཀོལ་བ་དང༌། ཐ་ན་ཤུལ་བཞག་ཐོན་རྫས་རྩ་ཆེན་དང་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་གུས་མཐོང་ཅི་ཡང་མེད་པར་གང་འདོད་དུ་གསར་སྤེལ་དང་འཁྲབ་སྟོན། ཚོང་སྐུལ་སོགས་བྱས་པས། རིམ་པ་བཞིན་རིག་གནས་སྒྱུ་རྩལ་གྱི་སྣང་བརྙན་མང་པོ་ཞིག་ཉམས་རྒུད་དང་རིག་གནས་རིན་ཐང་རྩ་མེད་དུ་འགྱུར་བཞིན་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས། རིག་གནས་མི་འདྲ་བ་སོ་སོའི་བར་གྱི་གཏམ་གླེང་དང་སྤེལ་རེས་ཉིན་རེ་བཞིན་ཇེ་མང་དུ་གྱུར་ཡོད་ནའང༌། རིག་གནས་སྣ་མང་ཅན་ལ་བརྩི་བཀུར་དང་རིག་གནས་གཞན་པར་བརྟག་བཤེར་རྒྱུས་ལོན་སྐོར་གྱིས་རྗེས་འབྲང་ཐུབ་མེད། དེ་མ་ཟད་བོད་ཁུལ་གྱི་ཡུལ་སྐོར་རྒྱབ་ལྗོངས་འོག་གི་ཧམ་སེམས་ཀྱིས། རང་འདོད་རང་མོས་ཅན་གྱི་མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་ལ་འགྲེལ་བཤད་དང་བཟོ་བཅོས་བྱས་ཏེ། རིག་གནས་ཕན་ཚུན་བར་གྱི་ཁྱད་པར་རང་བཞིན་སྣང་མེད་དུ་བཞག་ནས་འགྲེལ་བཤད་ལོག་པར་བརྗོད་པ་དེ་དག་གིས་ཚད་ངེས་ཅན་ནས་ཤུགས་རྐྱེན་ངན་པ་བཞག་ཡོད་པ་རེད།

ཤེས་ཡོན་པ་ལ་ལས་བཤད་རྒྱུར། དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས་རིག་གནས་ནི་ཐོན་ལས་ཅན་དང་ཚོང་ར་ཅན་ལ་སྤེལ་བའི་འགྲེལ་བཤད་ཚང་མ་ཡིས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་རིག་གནས་བསམ་བློར་དམའ་འབེབས་དང་གནོད་འཚེ་བྱས་པ་རེད། ལྷག་པར་དུ་དཔལ་འབྱོར་ཁེ་ཕན་འཚོལ་སྙེག་བྱས་ཏེ་རིག་གནས་སྒྱུ་རྩལ་ལ་གཏོར་བརླག་དང་དམའ་བརྗོད། ཚད་ལས་བརྒལ་བའི་ཚོང་ར་ཅན་འཚོལ་སྙེག་བྱེད་པ་སོགས་ཀྱིས། རྩ་བའི་ཆ་ནས་ང་ཚོའི་རིག་གནས་འཛུགས་སྐྱོང་བྱེད་ནུས་དང་དམིགས་འབེན་གྱི་ངོས་འཛིན་ཚད་གཞི་རྙོག་འཛིང་ཅན་དུ་གཏོང་བ་དང༌། མང་ཚོགས་ལ་རིག་གནས་ཐད་ཀྱི་ཁ་ཕྱོགས་བོར་དུ་བཅུག་པས། ནུས་ཤུགས་ཆེན་པོས་ ང་ཚོར་རིག་གནས་འཛུགས་སྐྱོང་གི་གྲུབ་འབྲས་ནི་དོན་དངོས་སུ་དགོས་མཁོ་ཆེ་བ་དེ་མིན་ཡང་སྲིད་ཅེས་བརྗོད་པ་རེད།

དེའི་སྟབས་ཀྱིས། ང་ཚོས་རིག་གནས་གླེང་བ་དང༌། དེ་ལ་བརྟེན་ནས་རིག་གནས་དེ་ཐོན་ལས་ཅན་དང་ཚོང་ར་ཅན་དུ་སྐུལ་འདེད་གཏོང་བའི་དུས་སུ། ངེས་པར་དུ་གཟབ་ནན་ཆེན་པོ་བྱེད་དགོས། རང་བསམ་གང་འདོད་ཀྱིས་ཕྱིའི་རྣམ་པ་ཁོ་ན་བཀོལ་སྤྱོད་དང་གསར་སྤེལ་བྱས་ཏེ། རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ཐད་ལ་ལོག་འགྲེལ་དང་གནོད་འཚེ་བཟོ་བ་དང༌། དེ་མ་ཟད་དཔལ་འབྱོར་ཁེ་ཕན་སྙེག་པའི་ཧམ་སེམས་ཀྱིས་རིག་གནས་སྒྱུ་རྩལ་ཕྱིའི་་རྣམ་པ་དང་ནང་སྙིང་སོ་སོར་དབྱེ་ནས། མཇུག་མཐར་ཕྱིའི་རྣམ་པ་སོར་འཇོག་དང་ནང་སྙིང་འདོར་བར་བྱེད་པའི་མཇུག་འབྲས་བྱུང་བ་རེད།"

ཡོང་ཁུངས། བོད་ལྗོངས་དྲ་བ། དཔལ་མགོན་སྐྱབས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།