རྒྱ་ནག་གཞུང་གི་སྲིད་བྱུས།

མི་མ་ཟད་དུད་འགྲོ་ལའང་མནར་གཅོད་འདི་འདྲ་གཏོང་གི་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༡༨ཉིན་སྤེལ། ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་ཉན་ཞིབ་གནང་སྐབས་གཞིས་བཞུགས་བོད་མིའི་དཀའ་སྡུག་གསལ་བཏོན་གནང་བ།

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བ་གཞིགས་ན། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚན་པ་ཞིག་ཏུ། ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་བོདའགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་འདུག

དེ་ཡང་ཕྱི་ཚེས་ ༡༥ ཉིན། བྷེལ་ཇམ་གྱི་རྒྱལ་ས་བྷར་སེལ་ Brussels དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚན་པ་ཞིག་ཏུ། གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བྷར་སེལ་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་མཐུན་འགྱུར་འོག བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་སྐབས། ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད་འདུག

altསྐབས་དེར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འབྲེལ་ཡོད་གཏམ་བཤད་གནང་དོན། ངའི་མིང་ལ་མགོ་ལོག་འཇིགས་མེད་ཟེར། ངའི་སྐྱེས་ཡུལ་ནི་བོད་ཆོལ་ཁ་གསུམ་གྱི་ནང་ནས་མདོ་སྨད་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟ་ཏོག་ཚ་སྡེ་བ་རེད། ང་ལ་མཚོན་ན་འཚེ་མེད་ཞི་བའི་ལམ་ནས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། སྲུང་སྐྱོབ་བྱེད་མཁན་དང་གློག་བརྙན་བཟོ་མཁན་ཞིག་ཡིན། ངས་༼འཇིགས་བྲལ།༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་པས་རྒྱ་ནག་གཞུང་གིས་ང་འཛིན་བཟུང་བཙོན་འཇུག་འོག་མནར་གཅོད་བཏང་བའི་སྐོར་འགྲེལ་བརྗོད་དང་།

དེ་ཡང་ཁོང་གིས་ཉན་ཞིབ་སྐབས་གསུང་དོན།  ཐེངས་གཅིག་ཉེན་རྟོག་པས་ང་རང་རྐུབ་ལྕོག་ཅིག་གི་ཐོག་ནས་ངའི་རྐང་ལག་བཞི་གར་ལྕགས་ཀྱི་གསེང་དུ་འཛེར་མ་ཤ་གསེང་ལ་ཟུག་འགྲོ་མཁན་བཞི་བརྒྱབས་རྗེས་རྐང་ལག་བཞི་རྒྱབ་ནས་དམ་པོ་བཅིངས་ཏེ། གནམ་བཏགས་བྱས་ནས། མནར་གཅོད་གཏོང་བ་དང་མཉམ་དུ་ངོ་གདོང་ལ་གློག་གི་འོད་མངག་ནས་གདོང་པ་བསྲེགས་པ་སོགས་ཁོང་ཚོ་ཉེན་རྟོག་པ་ ༡༦ གིས་ང་ལ་བཙོན་ལས་བྱས་ཏེ། དགོང་མོའི་ཆུ་ཚོད་ ༩ ནས་ཞོགས་པའི་ཆུ་ཚོད་ ༧ པ་ཙམ་བར་་ཙམ་ནས་གནམ་བཏགས་བྱས་སོང་།

དེ་ནི་ང་གནམ་བཏགས་བྱས་པའི་དུས་ཚོད་རིང་ཤོས་རེད། སྐབས་དེར་ང་ལ་རྒྱུན་ལྡན་མིན་པའི་ཚོར་བ་མ་འདྲ་བ་ཞིག་བྱུང་བ་ནི། ངའི་ཁོག་པའི་ཁ་རལ་ཏེ། ངའི་གློ་སྙིང་མཆིན་གསུམ་ཆ་ཚང་ས་ལ་འཐོར་སོང་བསམ་པ་དེ་འདྲ་ཡང་ཡང་འབྱུང་གི་འདུག་པ་དང་། དེ་མ་ཐག་ངས་གཟབ་གཟབ་བྱས་ནས་མིག་གིས་ས་ཐོག་ལ་བལྟས་པར་ངའི་གློ་སྙིང་སོགས་ནང་ཁྲོལ་གང་ཡང་ས་ལ་འཐོར་མི་འདུག

དེ་མཚུངས་གནམ་བཏགས་བྱེད་སྟངས་མ་འདྲ་བ་ཐེངས་མ་ ༧ ཙམ་བྱས་སོང་བ་དང་། གཅར་རྡུང་གཏོང་སྟངས་དེའི་རིགས་ཀྱི་ན་ཟུག་ནི་བསམ་ཡུལ་ལས་འདས། སྐབས་དེར་དྲན་པ་བརྒྱལ་སོང་ན་ཚོར་བ་ཡང་ཉམས་འགྲོ་བར་ངེས་ཀྱང་། མི་སོ་སོའི་རྩ་ཁམས་ཀྱི་ཁྱད་པར་ཞིག་ཡིན་ནམ་སྙམ། ང་ལ་དྲན་པ་འཐོར་ནས་བརྒྱལ་འགྲོ་རྒྱུ་གཏན་ནས་མི་འདུག

སྐབས་དེ་དག་ཏུ་ངའི་སྒལ་ཚིགས་དང་། རྐང་ལག མིག་བཅས་ལ་སྐྱོན་ཆེན་པོ་ཤོར་སོང་བར་མ་ཟད། རྩིབ་རུས་ཁ་ཤས་ཀྱང་བཅག་པ་དང་། རྐང་བའི་པུས་མོ་གཉིས་ཀའི་ཚིགས་ཕུད་སོང་བ་སོགས་གཟུགས་པོ་ལ་ཧ་ཅང་སྐྱོན་ཆེན་པོ་བྱས་སོང་བར་བརྟེན། ད་ལྟ་ཡང་གཟུགས་པོ་གྲང་མོ་ཆགས་སྐབས་དེ་སྔོན་བཅག་ཤུལ་གྱི་རྩིབ་རུས་རྣམས་ན་གིན་འདུག་པ་དང་། སྒལ་ཚིགས་ཀྱང་མཚམས་རེར་ན་གིན་འདུག མཚམས་རེར་པུས་མོའི་ཚིགས་བུད་འགྲོ་གི་འདུག་པ་སོགས་དཀའ་ངལ་མང་དག་ཅིག་ད་དུང་འབྱུང་བཞིན་འདུག

དེ་བཞིན་ཁོ་པ་ཚོས་ང་ལ་མནར་གཅོད་ཚད་མེད་པ་རེ་བཏང་རྗེས་སླར་ཡང་ང་འདྲི་གཅོད་ཁང་རེའི་ནང་ཁྲིད་ནས་བསམ་ཚུལ་དྲང་པོ་ཤོད་ཟེར། ངས་ཀྱང་ཁོ་པ་ཚོར་དྲང་པོ་དྲང་བཞག་གི་བསམ་ཚུལ་ཞུས་པ་ཡིན། དེ་ཡང་ངས་ཁོ་པ་ཚོར་དེ་སྔོན་ང་ཉེན་རྟོག་པའི་ལག་ནང་གཅར་རྡུང་གཏང་སར་འགྲོ་མྱོང་མེད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་མི་ལ་མནར་གཅོད་ཧ་ལས་དགོས་པ་གཏོང་བཞིན་ཡོད་པ་རེད་ཟེར་བ་གོ་ཐོས་བྱུང་། འོན་ཀྱང་ད་ཐེངས་ང་རང་གིས་དངོས་སུ་མནར་གཅོད་མྱང་བར་བརྟེན། ངས་ཀྱང་ཁྱེད་ཚོར་རང་ཉིད་ཀྱི་བསམ་ཚུལ་དྲང་པོ་ཞུས་ཆོག ང་ཚོ་བོད་ལ་མཚོན་ན་སེམས་ཅན་འབུ་སྲིན་གྲོག་པ་ཚུན་ཆད་ལ་བྱམས་སྐྱོང་བྱ་རྒྱུའི་གོམས་གཤིས་འཇགས་བསྡད་ཡོད་པ་རེད། དེར་བརྟེན་འགྲོ་བ་མི་ལ་ཁྱེད་ཚོ་ལྟར་མནར་གཅོད་གཏོང་མི་སྲིད་པ་མ་ཟད། སེམས་ཅན་དུད་འགྲོ་ལའང་ཁྱེད་ཚོས་བྱེད་སྟངས་ལྟར་མནར་གཅོད་གཏང་མི་སྲིད་མོད། དེ་འདྲའི་བོད་མི་རིགས་ཀྱི་བྱམས་བརྩེའི་བཟང་སྤྱོད་དེ་ནི་འགྲོ་བ་ཚང་མར་ཡོད་པའི་བཟང་སྤྱོད་ཅིག་ཡིན་པར་དྲན་པ་ལས། དེ་བོད་མིའི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡིན་པར་ངས་དྲན་མ་མྱོང་ཡང་།

ད་ཐེངས་ང་ཁྱེད་ཚོའི་ལག་འོག་ལ་བསླེབས་ནས་བློ་སྐྱེད་གསར་པ་ཞིག་བྱུང་བ་ནི། ང་ཚོ་བོད་མི་རིགས་ནི་གཞན་ལ་མི་སྤྱོད་ལས་འདས་པའི་གནོད་འཚེ་མི་བྱེད་པའི་བྱམས་བརྩེའི་བདག་ཉིད་ཅན་གྱི་མི་རིགས་རྩ་ཆེན་ཞིག་ཡིན་པར་ཤེས་སོང་ལ། བོད་མི་རིགས་ལ་བྱམས་བརྩེ་སོགས་གོམས་གཤིས་བཟང་པོ་འདི་འདྲ་ཞིག་ཡོད་པ་དེ་ནི་ཅིག་བྱས་ན་ང་ཚོ་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཡིན་ལ། བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། བོད་ཀྱི་མེས་པོ་གོང་མ་ཚོའི་བཀའ་དྲིན་ཡང་ཡིན་ངེས་རེད། དེ་བཞིན་ད་ནས་ངོ་མ་ང་ཁྱེད་ཚོ་རྒྱ་མི་གུང་ཁྲན་ཏང་ཟེར་བ་དེ་ལ་ཞེན་པ་རྩ་བ་ལོགས་སོང་། གང་ཡིན་ཞེ་ན། ཁྱེད་ཚོར་བྱམས་བརྩེ་དང་། དྲང་བདེན། ཡ་རབས་སྤྱོད་བཟང་སོགས་འཇིག་རྟེན་གྱི་མིའི་འགྲོ་སྟངས་རྩ་བ་ནས་མི་འདུག

དེའི་རྒྱུ་མཚན་ཅི་ཡིན་ངའི་ཤེས་མ་སོང་། དེ་རིང་ཁྱེད་ཚོས་ང་ལ་བསམ་ཚུལ་དྲང་པོ་ཤོད་གསུངས་དུས། ངས་ཀྱང་ང་རང་གི་སེམས་ལ་གང་དྲན་པ་དེ་དྲང་པོ་དྲང་བཞག་བྱས་ཏེ། ཁྱེད་ཚོར་བཤད་པ་ཡིན། ཞེས་སོགས་ཁོང་ཚོར་བཤད་པ་ཡིན། ཁོང་ཚོས་ང་ལ་ཉིན་གྲངས་ ༥༡ དང་། ཉིན་མཚན་བསྡོམས་ཉིན་ཞག་ ༡༠༢ ཙམ་རིང་རྡུང་རྡེག་མནར་གཅོད་ཚད་མེད་བཏང་མཐར་ཀྲུང་དབྱང་ནས་ཡོང་བ་ཡིན། ཟེར་བའི་ཚོགས་པ་ཞིག་སླེབས་སོང་ལ། ཁོང་ཚོས་བདག་ལ་འཇམ་པོའི་རྣམ་འགྱུར་གྱིས་བསླུ་འབྲིད་ཀྱི་སྐད་ཆ་གང་མང་བཤད་བྱུང་བར་བརྟེན། སླར་ཡང་ང་ཚོ་བསམ་ཚུལ་མ་མཐུན་པར་ཁ་རྩོད་གང་མང་ཤོར་སོང་།

ཕྱི་ལོ་ ༢༠༠༩ ལོའི་བོད་ཟླ་ ༢ ཚེས་ ༡༦ ཉིན་སླར་ཡང་བསང་ཆུ་རྫོང་གི་ཉེན་རྟོག་པས་ང་འཛིན་བཟུང་ཐེངས་གཉིས་པ་བྱས་ཏེ། ཟླ་ ༣ དང་ཉིན་ ༡༥ ཙམ་ལ་བཀག་ཉར་བྱས་པ་དང་། སྐབས་དེར་ཁོ་པ་ཚོས་ང་ལ་ཉེས་འཛུགས་གཙོ་བོ་ནི་རྒྱལ་ཁབ་ཀྱི་གསང་བ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཕྱིར་བསྒྲགས་བྱས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་གྱིས་གཙོས་བོད་ས་ཡོངས་རྫོགས་ན་ཕྱི་ལོ་ ༢༠༠༩ ལོར་ད་དུང་དྲག་གནོན་བྱེད་བཞིན་འདུག་ཅེས་བཤད་ཡོད་ཟེར། བདག་གིས་ཀྱང་དེ་ལྟར་ངས་བཤད་ཡོད། དེ་བདེན་པ་རེད། རྒྱལ་སྲུང་དམག་དཔུང་གིས་མེ་མདའ་བཟུང་། ལྕགས་ཁྲབ་འཁོར་ལོ་བསྐོར་ནས་འཇིགས་སྐུལ་བྱེད་བཞིན་པ་འདི་དག་དྲག་གནོན་མིན་ན་ཅི་རེད། ངས་བདེན་པ་བཤད་ཡོད་ཅེས་སོགས་བཤད་པ་ཡིན། འོན་ཀྱང་སྐབས་དེར་ཁོང་ཚོས་བདག་ལ་དབྱུག་པ་དང་། རྡོག་རྒྱག་མང་པོ་བཏང་སོང་བ་ལས། ལོ་སྔོན་མ་ལྟར་ཧ་ཅང་མནར་གཅོད་རྡུང་རྡེག་ཚབས་ཆེན་བཏང་མ་སོང་།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༢༢ ཉིན་སླར་ཡང་བསང་ཆུ་རྫོང་གི་ཉེན་རྟོག་པས་ང་འཛིན་བཟུང་བྱས་ཏེ། བསང་ཆུ་རྫོང་གི་ཐག་ཉེ་ན་༼བང་དཀར་ཐང་༽མངག་གཏོང་ཁང་ཟེར་བ་ཞིག་ཡོད་པ་དེར་ཁྲིད་སོང་བ་དང་། སྐབས་དེར་ང་ལ་ཉེས་འཛུགས་ཀྱི་གཙོ་བོ་ནི་བོད་ས་ཡོངས་རྫོགས་ལ་མེ་སྲེག་དོན་རྐྱེན་གྱི་བཀོད་འདོམས་པ་ཁྱོད་རེད་ཟེར་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་རབས་དང་། སླར་ཡང་དེའི་སྔོན་འཇིགས་བྲལ་གློག་བརྙན་བཟོས་པ་མ་འགྲིགས་རབས་སོགས་ཉེས་འཛུགས་གང་མང་ཞིག་བྱས་བྱུང་བ་དང་། བདག་གིས་ངས་རང་ཉིད་མེ་བསྲེགས་གཏོང་མི་ཐུབ་པར། མི་གཞན་ལ་ཁྱོད་མེ་བསྲེགས་ཐོངས་ཞེས་སྐུལ་སློང་ཇི་ལྟར་བྱེད་རྒྱུ་རེད་དམ། ཁྱོད་ཚོར་རྒྱུ་མཚན་མི་འདུག་ཅེས་སོགས་བཤད་ཀྱང་། ཁོ་པ་ཚོས་ང་ལ་རྡུང་རྡེག་རིགས་ཅི་ཡང་མ་བཏང་བ་མ་ཟད། ད་བར་ཀྲུང་གོ་རྒྱལ་ཁབ་ཁྱོད་ལ་བཀའ་དྲིན་ཆེ་ཡང་། ཁྱོད་ཀྱིས་བཀའ་དྲིན་ངོས་མ་ཟིན་རབས་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གཞུང་གི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། དེ་ཚར་རྗེས་ཁོང་ཚོས་ཁྱོད་ལན་ཀྲོས་ཕན་ཆོད་ཀྱི་དམག་མིའི་སྨན་ཁང་ཞིག་ལ་ཁྲིད་དེ། ཁྱོད་ཀྱི་གཟུགས་པོ་ལ་ན་ཚ་ཡོད་མེད་བརྟག་དཔྱད་ཆེད་ངེས་པར་འགྲོ་དགོས། གལ་ཏེ་ན་ཚ་ཡོད་ཚེ་ཁབ་རེ་རྒྱག་དགོས་སྲིད་པ་རེད་ཅེས་སོགས་ཟེར། བདག་གིས་ང་སྨན་ཁང་ལ་འགྲོ་དགོས་དོན་མེད་རབས་དང་། གལ་ཏེ་སོང་ཡང་དེ་འདྲའི་ས་ཆ་ཐག་རིང་གི་སྨན་ཁང་ནང་འགྲོ་དགོས་དོན་མེད་རབས་སོགས་བཤད་ཀྱང་། ཁོང་ཚོས་སྨན་ཁང་ལ་ངེས་པར་དུ་འགྲོ་དགོས་ཞེས་ཨུ་ཚུགས་བྱེད་སྟངས་དང་། ང་ཁོ་པ་ཚོའི་ལག་ནང་ཡོད་ཀྱང་རྡུང་རྡེག་སོགས་མེད་པར་འཇོག་སྟངས་དང་། ཁོ་པ་ཚོའི་ཚིག་ཟུར་སོགས་གང་ལ་བལྟས་ཀྱང་། ཁོ་ཚོས་དེའི་སྔོན་ནས་ང་གསད་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཟིན་ཡོད་པ་དང་། གསོད་སྟངས་ཀྱང་ང་ལ་སྨན་ལོག་སྤྲད་དེ། གསད་རྒྱུའི་འཆར་གཞི་ཡོད་པ་ཚང་མ་ངས་ཤེས་སོང་། གཞན་སྐབས་དེར་ཁོང་ཚོས་ཁྱོད་ལ་མི་བསད་ཀྱི་ནག་ཉེས་ཡོད་རབས་སོགས་ཚིག་ཟུར་ཙམ་ཡང་གླེང་མ་སོང་། ཞེས་སོགས་གསུངས་པ་དང་སྦྲགས།

ཐེངས་འདིར་ཡུ་རོབ་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མི་འབྲོག་པ་རྣམས་བཙན་དབང་འོག་གནས་སྤོ་བྱ་རྒྱུ་མཚམས་འཇོག་བྱས་ནས་བོད་ནང་དུ་གཞུང་ཚབ་མི་སྣ་དང་གྲོས་ཚོགས་འཐུས་མི། གསར་འགོད་པ་སོགས་འགག་བྱ་མེད་པར་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་འཇུག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་བོད་མི་ཆབ་སྲིད་བཙོན་པ་ད་ལྟ་བཙོན་འོག་ཏུ་མྱོང་བཞིན་པ་མི་གྲངས་ ༢༠༠༠ ལྷག་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་མ་ཟད། མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཡང་བཏོན་ཡོད། གཞན་ཡང་སྐབས་དེར་ཁོང་གི་གྲོགས་པོ་ཆབ་སྲིད་བཙོན་པ་ཞོགས་ལྗང་ཡང་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད། དེ་ཡང་ཞོགས་ལྗང་ནི་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད། ཁོང་གིས་དྲ་རྒྱའི་ཐོག་རེབ་གོང་ཁུལ་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཆེད་ཉེན་རྟོག་མི་སྣ་ཕོན་ཆེ་འགྲེམས་འཇོག་བྱས་པའི་སྐོར་རྩོམ་ཡིག་སྤེལ་ཡོད།

དེ་ཡང་ཉན་ཞིབ་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒན་གྲས་སྐུ་ཞབས་ལ་ས་ལོ་ Mr Tőkés László མཆོག་གིས་ཉན་ཞིབ་གཙོ་སྐྱོང་གནང་ཡོད་པ་དང་། སྐུ་ཞབས་ཧི་ཝོ་ནེ་ཏི་ Dr Joëlle Hivonnet མཆོག་གིས་གསུང་དོན། ཉན་ཞིབ་འདིས་ང་ཚོར་སེམས་འགུལ་ཧ་ཅང་ཐེབས་བྱུང་། ང་ཚོས་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་ཉན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་པ་མ་ཟད། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒན་གྲས་སྐུ་ཞབས་ལ་ས་ལོ་ Mr Tőkés László མཆོག་གིས་གསུང་དོན། རྒྱ་ནག་དམར་ཤོག་གི་ཁྲིམས་འོག་ཏུ་མི་ཚེ་གང་འདྲ་ཡིན་པ་ངས་ཤེས་ཀྱི་ཡོད། གང་ཡིན་བརྗོད་ན་ང་རང་ཡང་རོ་མེ་ནི་ཡའི་ནང་ཚར་ལོངས་བྱུང་ཡོད། ཅེས་གསུངས།

ཐེངས་འདིར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་འདྲ་མིན་གྱི་འབྲེལ་ཡོད་ལས་བྱེད་དང་འགན་འཛིན་སོགས་མང་དག་གཅིག་དང་མཇལ་རྒྱུའི་གོ་སྐབས་བྱུང་འདུག

གཞན་ཡང་མགོ་ལོག་འཇིགས་མེད་ལགས་ཀྱིས་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་མཐུན་ཚོགས་པ་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་དང་ཐུག་འཕྲད་ཀྱིས་བོད་མི་རྣམས་ཀྱི་དཀའ་སྡུག་སྐོར་ཞིབ་ཕྲ་གསལ་བཤད་གནང་འདུག
 དེ་མིན་ཉིན་ཕྱེད་ཡོལ་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་མིའི་དཀའ་སྡུག་སྐོར་གཏམ་བཤད་སྤེལ་བ་མ་ཟད། འཇིགས་བྲལ་དངོས་བྱུང་གློག་བརྙན་ཡང་བསྟན་འདུག སྤྱིར་མགོ་ལོག་འཇིགས་མེད་ལགས་ནི་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ནང་རྒྱ་གར་དུ་འབྱོར་རྗེས་ཕྱི་ལོ་ ༢༠༡༥་ལོར་སུད་སི་གཞུང་གིས་ཁོང་ལ་ཆབ་སྲིད་སྐྱབས་བཅོལ་གྱི་ཐོབ་ཐང་གནང་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།